logo

ལོ་ཙཱའི་སྒྲ་སྒྱུར་དེ་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་པ།

རྩོམ་པ་པོ།:དབང་ཕྱུག ཡོང་ཁུངས།:སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་། དུས་ཚོད།:2024-02-13 ཀློག་གྲངས།:
ལོ་ཙཱའི་སྒྲ་སྒྱུར་དེ་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་པ་དགོས་རྒྱུའི་སྐོར་གྱི་གཏམ་འོལ་པ་རྒས་པོའི་འཛེར་སྐད།
དབང་ཕྱུག
 
འཛམ་གླིང་སྔོན་ཐོན་སྐད་ཡིག་ལྡུམ་རའི་ནང་།།
སྒྲ་དང་རི་མོའི་གེ་སར་རབ་ངོམས་པའི།།
བརྡ་སྤྲོད་ཀུན་ནུས་ཡིད་དགའི་མེ་ཏོག་བཞིན།།
བོད་ཡིག་འདི་ཉིད་མཛེས་སྡུག་རབ་ཏུ་ལྡན།།
གང་ཞིག་སྐད་ལུགས་ཡིག་སྲོལ་དང་མཐུན་པའི།།
གནའ་བོའི་བརྡ་དང་ཕྱིས་ཀྱི་ཐ་སྙད་ལས།།
གྲུབ་པའི་ངག་གི་བརྗོད་པ་མ་ལུས་ཀུན།།
འདི་ཡིས་སྨྲ་ཤེས་དོན་རྟོགས་མི་ཐུབ་ཅི།།
       དེའང་འཛམ་གླིང་ཐོག་གི་སྐད་ཡིག་སྤྱི་དང་འདྲ་བར་རང་རྒྱལ་གྱི་རྒྱ་བོད་མི་རིགས་ཀྱི་སྐད་ཡིག་ལའང་རང་གི་སྐད་ལུགས་ཡིག་སྲོལ་ཆ་ཚང་རེ་ཡོད་ཅིང་། རྒྱ་བོད་སྐད་ཡིག་སྒྲ་སྒྱུར་བྱེད་མི་ཞིག་ལ་ཆ་མཚོན་ན། དེ་རང་རིགས་ཀྱི་སྐད་ལུགས་དང་བརྡ་སྤྲོད་རིག་པར་བྱང་ཆུབ་པ་ཞིག་ཡོད་ཐོག་རང་གི་བསྒྱུར་རྩོམ་སྤེལ་ཡུལ་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་རིག་གནས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཟབ་ཙམ་ཡོད་ཚེ། དེས་ཀློག་པ་པོའི་ཡིད་དབང་འཕྲོག་ཅིང་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་པའི་བསྒྱུར་རྩོམ་གང་དང་གང་ཡང་མི་རྣམས་ཀྱི་ལྟ་བྱེད་ལམ་དུ་འདྲེན་པར་བྱེད་ཐུབ།
       སྒྲ་བསྒྱུར་གྱི་ལས་ཀ་ཞེས་པ་དེ་ཡང་སྐད་ཡིག་རིགས་གཉིས་དབར་སྟབས་བདེའི་བརྗེ་བསྒྱུར་བྱེད་པ་ཙམ་ཞིག་གཏན་ནས་མིན་པར་དོན་དངོས་ཐོག་འདི་ནི་ཕན་ཚུན་རིག་གནས་སྤེལ་རེས་བྱེད་པ་ཞིག་རང་ཡིན། རིག་གནས་ཞེས་པ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་བསམ་པའི་འདུ་ཤེས་འཛིན་སྟངས་ལ་ཟེར་གྱི་ཡོད་ཅིང་། དེ་ཡང་རྒྱ་ཆེ་ས་ནས་བཤད་ན་རིག་གནས་ནང་མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཁྱབ་ཁོངས་ཀྱི་ཤེས་བྱའི་རིགས་མཐའ་དག་ཚུད་ཡོད་པས་འདི་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་བྱ་ཀུན་བཏུས་ལྟ་བུ་ཞིག་ཡིན་ཟེར་ཆོག རིག་གནས་ལ་གཏན་དུ་གནས་པའམ་རྒྱུད་འཛིན་གྱི་རང་བཞིན་ལྡན་ཡོད་པ་དེ་ལས་མི་རིགས་ཤིག་གི་སྲོལ་རྒྱུན་ཆགས་ཀྱི་ཡོད། དེ་ལྟར་འགྲོ་བ་མིའི་རིགས་ཀྱི་ཤིན་ཏུ་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་གྱི་རིག་གནས་དེ་རྣམས་ཕན་ཚུན་སྤེལ་རེས་བྱ་བྱེད་ཀྱི་ཟམ་པ་ལྟ་བུ་ནི་སྒྲ་སྒྱུར་གྱི་ལས་ཀ་དེ་ཡིན། སྒྲ་སྒྱུར་གྱི་ལས་ཀ་ཕེབས། ཕུགས་འཕེར་ཐུབ་པ་ཞིག་བྱེད་དགོས་ན་སྐད་ཡིག་རིགས་གཉིས་ཀྱི་ཆུ་ཚད་དང་། ལྷག་པར་དུ་སྒྱུར་བྱེད་སྐད་ཡིག་གི་ཆུ་ཚད་མཐོ་ཙམ་དགོས་པ་མ་ཟད་སྐད་ཡིག་འདི་རིགས་སྤྱོད་མཁན་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་། ཡུལ་གོམས་གཤིས་ལུགས། རང་བྱུང་ཁོར་ཡུག་སོགས་ལ་རྒྱུས་མངའ་ཟབ་ཙམ་དགོས་ཀྱི་ཡོད། གལ་ཏེ་དེ་དག་ལ་རྒྱུས་མངའ་ཟབ་མོ་མེད་ཚེ་བསྒྱུར་ཡིག་རྣམས་སྤྱོད་མཁན་གྱི་སྐད་ལུགས་ཡིག་སྲོལ་དང་མཐུན་པ་ཞིག་མི་ཡོང་བས་མ་ཟད་འགའ་ཞིག་གི་སར་བཞད་གད་སློང་སྲིད་པ་ཡོང་སྲིད། དཔེར་ན། རང་རྒྱལ་དུ་རྒྱ་བོད་མི་རིགས་གཉིས་ཁ་དོག་གི་རིགས་ལ་འཛིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ལྟ་བ་མི་འདྲ་ཞིང་། རྒྱ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལྟ་བའི་ནང་ཁ་དོག་དམར་པོ་ནི་དགའ་སྟོན་རྟེན་འབྲེལ་དང་ཡིད་འོང་མཛེས་སྡུག་སོགས་ལེགས་པའི་ཆ་མཚོན་བྱེད་ཡིན་པ་དང་། ཁ་དོག་དཀར་པོ་ནི་མི་ལ་རྐྱེན་འཆི་བྱུང་བ་སོགས་སེམས་སྡུག་པའི་ཆ་མཚོན་བྱེད་ཡིན། དེ་ལས་ལྡོག་སྟེ་བོད་རིགས་ཀྱི་རིག་གནས་ལྟ་བའི་ནང་ཁ་དོག་དམར་པོའི་རིགས་མང་ཆེ་བ་ནི་དམར་གཅོད་་ཀྱི་བྱ་བར་གོ་ཞིང་དཔེར་ན། དམར་གསོད་དང་། དམར་འཛིང་། དམར་མཆོད། ལག་དམར་བ་སོགས་ལྟ་བུའོ། ཁ་དོག་དཀར་པོ་ནི་སྤྱིར་བཏང་ལྷད་མེད་པ་དང་སེམས་བཟང་བ།བཀྲ་ཤིས་པ་སོགས་ལེགས་པའི་ཆར་གོ་ཞིང་། དཔེར་ན་ཁ་བཏགས་དཀར་གཙང་དང་བློ་དཀར་སེམས་དཀར་སོགས་ལྟ་བུའོ། དེས་ན་རྒྱ་ཡིག་གི“红白喜事”ལྟ་བུ་བོད་ཡིག་ནང་ཐད་ཀར“བཀྲ་ཤིས་པའི་བྱ་བ་དམར་པོ” “བཀྲ་ཤིས་པའི་བྱ་བ་དཀར་པོ”ཞེས་བསྒྱུར་ན་དེའི་གོ་དོན་སྟོན་མི་ཐུབ་པས་མ་ཚད་ད་དུང་བཞད་གད་ཀྱང་སློང་སྲིད་པས། ངེས་པར་དུ་དེ་བོད་རིགས་ཀྱི་རིག་གནས་ལྟ་བ་དང་སྐད་ལུགས་ཡིག་སྲོལ་དང་མཐུན་པ་དཔེར་ན། “མཉེན་སྒྲིག་གི་རྟེན་འབྲེལ”དང“གཤིན་པོའི་འདས་འཇུག”ལྟ་བུར་སྒྱུར་དགོས་ཀྱི་ཡོད། གཞན་ཡང་དཔེར་ན་མའོ་ཀྲུའུ་ཞིའི་སྙན་ཚིག“不爱经装爱武装”ལྟ་བུ་བོད་ཡིག་ནང་“གྱོན་ཆས་དམར་པོར་མི་དགའ་གོ་ཆར་དགའ་”ཞེས་བསྒྱུར་ན་དེའི་གོ་དོན་ཇི་བཞིན་སྟོན་མི་ཐུབ་པས་དེ་ལས་“མཛེས་པའི་རྒྱན་ཆར་མི་དགའ་གོ་ཆར་དགའ་”ཞེས་བསྒྱུར་ན་གོ་དོན་གསལ་ལ་ཚིག་སྦྱོར་ཡང་སྙན་པ་ཡོད། དེ་མིན་ད་དུང་དེང་སྐབས་སྐབས་རེ་གསར་འགྱུར་གྱི་རྩོམ་ཡིག་འགའི་ནང་“举行遗体告别仪式”ལ་སྐུ་གདུང་ཞལ་གྱེས་ཀྱི་མཛད་སྒོ་བྱས་པ་ཞེས་བསྒྱུར་འདུག་པ་དེ་ཡང་བོད་རིགས་ཀྱི་རིག་གནས་ལྟ་བ་དང་མི་མཐུན་པ་ཞིག་ཡིན། གང་ལགས་ཤེ་ན། བོད་རིགས་ཀྱིས་མཛད་སྒོ་ཞེས་པ་དེ་བཀྲ་ཤིས་པ་དང་དཔལ་དང་གཟི་བརྗིད་ལྡན་པའི་བྱེད་སྒོ་གཟབ་རྒྱས་ཐོག་ལ་མ་གཏོགས་རྣམ་རྟོག་དང་ཡིད་སྐྱོ་བའི་བྱེད་སྒོའི་རིགས་ལ་མི་སྤྱོད། བོད་རིགས་ཀྱི་རིག་གནས་ལྟ་བ་བྱས་ན་“གདུང་མཇལ་ཞུ་བ་”དང་ཡང་ན་“སྐུ་ཕུང་དང་ཞལ་གྱེས་ཞུ་བ་”“པུར་དར་སྒྲོན་པ་”ཞེས་པ་སོགས་ལ་སྒྱུར་དགོས་ཀྱི་ཡོད།
       རྒྱལ་ཁབ་དབུ་བརྙེས་ཚུན་ཆད་དུ་རྒྱ་ཡིག་ནས་བསྒྱུར་ཏེ་པར་དུ་བསྐྲུན་པའི་བོད་ཡིག་གི་དཔེ་དེབ་ཁག་ལ་བལྟས་ཚེ། ཀློག་པ་པོའི་ཡིད་དབང་འཕྲོག་ཅིང་དགའ་བསུ་ཐོབ་པའི་བརྩམ་བྱ་དང་ལྷག་པར་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱ་ཡིན་ཕྱིན་དེ་ནི་སྒྱུར་པ་པོས་བརྩམ་བྱ་དེའི་བརྗོད་བྱར་གོ་བ་གང་ཟབ་ལེན་ཡོད་པ་དང་། དེའི་རིག་གནས་ཀྱི་གནས་བབས་རྒྱུས་མངའ་ཟབ་པ། དེའི་རྩོམ་གྱི་ཉམས་འགྱུར་ལ་ཉམས་ཞིབ་བྱས་ཡོད་པ་བཅས་ཀྱི་རྨང་གཞིའི་ཐོག་བོད་ཡིག་གི་ཚིགས་བཅད་དང་། ཚིག་ལྷུག བཅད་ལྷུག་སྤེལ་མ་སོགས་ཀྱི་རྩོམ་ལུས་ཀྱི་ལམ་ནས་བསྒྱུར་ཡོད་པས་བསྒྱུར་ཡིག་དེ་རྣམས་སྙན་ཞིང་རྣ་བར་འཇེབས་པ་དང་། གོ་དོན་ལའང་འཕྲུལ་བ་མེད་པ། བོད་མིའི་རྩོམ་གྱི་འགྲོ་ལུགས་དང་མཐུན་པ་བཅས་བྱུང་བ་ལ་བརྟེན་ནས་བོད་རིགས་ཀློག་པ་པོ་རྣམས་ཀྱིས་ཤིན་ཏུ་དགའ་པོ་བྱེད་ཀྱི་ཡོད། དེའི་ཐད་རང་རེ་རྣམས་ཀྱིས་དེང་དུས་རྒྱ་བོད་སྒྲ་སྒྱུར་གྱི་ཚད་གཞི་ལྟ་བུར་བརྩིས་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་འོས་པ་དཔེར་ན་ལོ་རབས་ལྔ་བཅུ་པར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་བསྒྱུར་ཏེ་པར་སྐྲུན་བྱས་པའི་སྔོན་གཤེགས་དཔའ་བོ་ཧྥང་ཀྲི་མིན་གྱི་གསུང་རྩོམ«གཅེས་སུ་འོས་པའི་མེས་རྒྱལ»ཞེས་པ་དང་། མུ་འབྲེལ་རི་མོ«སྦྲུལ་མགོ་བྲག་ཏུ་གྱུར་པ»ཞེས་པ། «བློ་ནོར་གྱི་གཏམ་རྒྱུད»ཅེས་པ། རིག་གནས་གསར་བརྗེའི་ནང་བསྒྱུར་ཏེ་པར་སྐུན་བྱས་པའི་གནའ་བོའི་སྒྱུང་དེབ«ཆུ་ངོགས་གཏམ་རྒྱུད»ཅེས་པ། དེ་རྗེས་བསྒྱུར་ཏེ་པར་སྐྲུན་བྱས་པའི«གནམ་བདེ་སྒོ་མོ་ཆེའི་སྙན་ཚིག་འདྲ་བཤུས»ཞེས་པ་སོགས་ནི་ཕུལ་བྱུང་བསྒྱུར་ཡིག་གི་དཔེ་མཚོན་ལྟ་བུ་ཡིན་གཤིས། བསྒྱུར་རྩོམ་དེ་དག་ནི་བོད་ཡིག་རང་གི་ཐོག་ནས་བྲིས་པ་བཞིན་ཚིག་སྦྱོར་སྙན་ལ་གོ་བདེ་ཞིང་ཀློག་པ་པོའི་ཡིད་དབང་རབ་ཏུ་འཕྲོག་ཐུབ་པ་ཞེ་ཅིག་ཡིན། དཔེར་ན«གཅེས་སུ་འོས་པའི་མེས་རྒྱལ»ཞེས་པའི་ནང་གི་བརྗོད་བྱ་དུམ་བུ་ཞིག་བོད་ཀྱི་རྩོམ་རིག་གི་ཚིག་བཅད་དང་། བཅད་ལྷུག་སྤེལ་མའི་ལམ་ནས་བསྒྱུར་ཡོད་པ་ནི་འདི་ལྟ་སྟེ། “ཀྱེ་མ། བདུད་ངན་གཟུགས་ཆུང་གདུག་རྩུབ་ཅན་དེ་ཡིས།རབ་རྔམས་མཆེ་བ་གཙིགས་པའི་ཁ་གདངས་ཏེ། ཡིད་འོང་གཟུགས་བཟང་སྐྱེས་མའི་ལུས་པོ་ལ། ཁ་གང་འཁྱུར་མིད་བཏང་བས་མ་ཚིམས་པར། བཀྲེས་པའི་སྟག་གིས་ར་ལུག་རྔམས་པ་བཞིན། ད་དུང་བཟའ་འདོད་ཧུར་ཧུར་ལྟ་བཞིན་འདུག བལྟ་བས་མི་ངོམས་དྲིན་ཅན་སྐྱེས་མ་ཡི། རང་ལུས་གཟུངས་ཁྲག་ཡོངས་རྫོགས་ཟད་ནས་མེད། ཚང་མས་བློ་རྩེ་གཅིག་གིས་བདུད་བཟུང་ནས། ལྕགས་ལྟར་མཁྲེགས་པའི་ཁུ་ཚུར་ཡར་བསྒྲེངས་ཏེ། སྐྱེས་མའི་སྐུ་ལུས་ཧྲིལ་པོ་ལེན་ཐབས་ལ། སྙིང་རུས་གཏིང་ནས་གྱིས་ཤིག་སྤུན་ཟླ་ཚོ།”ཞེས་དང་། “ཕའེ། མི་དེ་དག་སུ་ཡིན་ནམ། ཁོ་ཚོའང་ཀྲུང་གོ་བ་དང་སྐྱེས་མའི་བུ་ཕྲུག་ཡིན་ནམ། འོ་ན་ཁོ་ཚོས་ཅི་ཕྱིར་བདུད་ངན་ལ་རོགས་བྱས་ཏེ་རང་གི་སྐྱེས་མ་གསོད་པ་རེད་དམ། ཁྱེད་ཚོ་གཟིགས་དང་། བདུད་ངན་དེ་དག་གིས་གྲི་གཡུགས་ནས་སྐྱེས་མའི་ལུས་པོ་གཅོད་སྐབས་ཁོ་ཚོས་གང་མགྱོགས་ཅི་མགྱོགས་ཀྱིས་སྐྱེས་མའི་ལུས་ནས་བཅད་པའི་ཤ་དུམ་བུ་ལག་གཉིས་ཀྱིས་སྐྱོར་ཏེ་བདུད་ངན་གྱི་ཁྲག་བགོས་པའི་ཁ་ནང་ཕུལ་ནས་ལག་པས་མགྲིན་པར་བྱིལ་བྱིལ་བྱས་ཏེ་མྱུར་བར་འཁྱུར་མིད་གཏོང་ཐུབ་ཐབས་བྱས་པར་མ་ཟད། ད་ལྟ་ཡང་བདུད་ངན་གྱི་གྲོད་པར་ཕུར་ཕུར་བྱས་ཏེ་ཕོ་དྲོད་སྐྱེས་སུ་བཅུག་ནས་མྱུར་བར་བཞུ་ཐབས་བྱེད་ཀྱི་འདུག དེ་ལྟར་བྱེད་པོ་ནི་ཀྲུང་གོའི་ནང་གི་མི་དྲག་དེ་ཚོ་ཡིན།”ཞེས་དེ་ལྟར་རང་ཉིད་ཀྱི་གཅེས་སུ་འོས་པའི་མེས་རྒྱལ་ལ་ཤ་ཞེན་ཚད་མེད་དང་བཙན་འཛུལ་པར་འཁོན་འཛིན་ཆེན་པོ་གནང་སྟེ་ཀྲུང་གོ་བ་རྣམས་ཀྱི་ངར་སེམས་སློང་པའི་རྩོམ་བཟང་པོ་དེ་ལྟ་བུ་ཤོག་ངོས་སུ་ཇི་མ་ཇི་བཞིན་འབེབས་ཐུབ་པའི་རྒྱུ་མཚན་ནི་ལོ་ཙཱ་བ་རྒན་རབས་དེ་རྣམས་རྒྱ་བོད་སྐད་ཡིག་སྤྱི་དང་ལྷག་པར་དུ་བོད་ཡིག་གི་གནས་ཚད་མཐོ་བའི་ཁར་བོད་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་ལ་རྒྱུས་མངའ་ཆེ་བ་དང་། རང་རིགས་ཀྱི་འཚོ་བའི་སྲེད་གོམས་ལྡན་པ། ཉམས་མྱོང་ཕུན་སུམ་ཚོགས་པ།རང་གི་སྐད་ལུགས་ཡིག་སྲོལ་དང་ཡུལ་གོམས་གཤིས་ལུགས་ཡིད་ལ་གཏིང་ཟབ་འཇགས་ཡོད་པ་མ་ཟད་དེ་རྣམས་བསྒྱུར་རྩོམ་གྱི་ནང་མཚོན་པར་བྱེད་ཐུབ་པས་ཡིན།
       དེང་སྐབས་རང་རེའི་བོད་ཀྱི་སྒྲ་སྒྱུར་ལས་དོན་དངོས་ལ་བལྟས་ཚེ་མང་ཆེ་བ་ནི་རྒྱ་ཡིག་དག་བོད་ཡིག་ཏུ་སྒྱུར་རྒྱུ་དེ་ཡིན་འདུག་ཅིང་། དེའི་ཐད་ལབ་གླེང་ངམ་བསམ་འཆར་མང་ཤོས་ཤིག་ནི་བུ་ཡིག་ནང་བསྒྱུར་གྱི་ཤན་ཤུགས་ཆེས་དྲགས་ནས་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་པོ་མི་འདུག་ཟེར་བ་དང་བསྒྱུར་ཡིག་ནང་ཡིག་སྐད་དམ་བརྡ་རྙིང་མང་དྲགས་ནས་མང་ཚོགས་ཀྱིས་གོ་ཐུབ་ཀྱི་མི་འདུག་ཟེར་བ་དེ་ཡིན་འདུག་ཅིང་། ཁོ་བོས་བལྟས་ན་དེ་ནི་ཞིབ་ཕྲའི་དབྱེ་ཞིབ་བྱེད་དགོས་པའི་གནད་དོན་གཉིས་རེད་འདུག དོན་དངོས་ཐོག་སྒྲ་སྒྱུར་ནང་བོད་ཀྱི་ཡུལ་གྲུ་གང་སར་གོ་ཤེས་ཐུབ་པའི་སྤྱི་སྐད་དམ་ཕལ་སྐད་མ་སྤྱད་པའི་རྐྱེན་གྱིས་མང་ཚོགས་ཁག་གཅིག་གིས་བསྒྱུར་གྱི་ནང་དོན་གོ་ཤེས་མི་ཐུབ་པའི་གནད་དོན་དེ་རིགས་ཡོད་ལ་སྒྲ་སྒྱུར་སྐབས་སྐད་བརྡའི་གནས་སྐབས་ལ་མི་ལྟ་བ་དང་། རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་ལ་མ་བསྟུན་པར་མིང་ཚིག་དང་མིང་ཚིག་གཏུགས་སྟབས་སྐད་ཆ་མཁྲེགས་ལ་གོ་དོན་མི་གསལ་བ་མང་ཚོགས་ཀྱིས་ཉན་ཀྱང་ཧ་གོ་དོན་རྟོགས་མི་ཐུབ་པ་དེ་རིགས་ཀྱང་ཡོད་འདུག་པ་མ་ཟད་རེ་འགའི་སར་སྒྲ་སྒྱུར་གྱི་དགོས་པར་མ་བལྟས་པར་བརྡ་རྙིང་ངམ་ཚིག་རྒྱན་མངོན་བརྗོད་ལ་སོགས་གང་བྱུང་ཅི་དགར་སྤྱོད་པའི་སྐྱོན་ཡང་ཡོད་བཟོ་འདུག འོན་ཏེ་འདིར་མ་བཏོན་ཀ་མེད་ཅིག་ལ་མི་འགའ་ཞིག་གིས་རང་ཉིད་ཀྱིས་མ་ཤེས་པའི་མིང་ཚིག་ཞིག་ཐུག་ཚེ་དེ་བརྡ་རྙིང་ཡིན་ཤག་རང་བྱེད་ཀྱི་འདུག་པས། དང་ཐོག་ང་ཚོས་འདིར་གང་ཞིག་ལ་བརྡ་རྙིང་ཟེར་བ་དེ་ངེས་པར་དུ་ཤེས་པ་བྱེད་དགོས་ཀྱི་འདུག བོད་ཡིག་གི་བརྡ་རྙིང་ཞེས་པ་ནི་སྤྱིར་བཏང་སྤྱི་ལོའི་དུས་རབས་བཅུ་པའི་གོང་གི་བོད་ཡིག་ལ་ཟེར་མོ་ཡོད། དེའང་གཙོ་བོ་བོད་བཙན་པོའི་དུས་རབས་སྐབས་ཀྱི་བརྡ་རྙིང་སྟེ་ཏུན་ཧོང་གི་གཏེར་ཡིག་དང་གནའ་བོའི་བྲག་བརྐོས་ཡི་གེ་འམ་ཅོང་ངོས་ཀྱི་ཡི་གེ་དག་ལ་ཟེར་ཞིང་། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པའི«བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང»ཞེས་པའི་ནང་བཀད་བཅད་ཐེངས་དང་པོ་དང་གཉིས་པའི་སྐབས་གཏན་ལ་ཕབ་པའི་བརྡ་རྙིང་མིང་ཚིག་ཆིག་སྟོང་ལྷག་ཙམ་བསྡུས་འདུག་པ་དཔེར་ན། མྱི།(མི་) བཀུམ་པ།(བསད་པ) གུམ་པ།(ཤི་བ) བསྒོ་བ་རྣར་གཟོན་པ།(བཤད་པ་ལ་མ་ཉན་པ་) ཉེ་ཞོ་མེད་པ།(ལེགས་པའམ་སྐྱོན་མེད་པའམ་བཀྲ་ཤིས་པ་ལ་སོགས་པ་) གཏམས་པ། (བཤད་པའམ་བསྟན་པ། ཁེངས་པའམ་བཅོལ་བ་)གོར་མ་ཆག (ཐེ་ཚོམ་མེད་པ་)ལྟ་བུའོ། །རང་རེས། དག་ཡིག་དེ་ཆ་ཚང་བཀླགས་ཚེ་དེའི་ནང་གི་བརྡ་རྙིང་པ་མང་ཆེ་བ་ད་ཆ་མེད་པར་གྱུར་ཟིན་པ་དང་། འགའ་ཞིག་ནི་དེང་སྐབས་ཀྱང་བེད་སྤྱོད་གཏོང་བཞིན་མ་ཟད་བོད་སྐད་ཡིག་གི་གལ་ཚེའི་གྲུབ་ཆར་གྱུར་ཟིན་པ་མཐོང་ཐུབ། དཔེར་ན་གོར་མ་ཆག གདོན་མི་ཟ་ལྟ་བུ་ད་དུའང་སྐབས་རེ་དེང་དུས་ཀྱི་ཡིག་རིགས་ནང་མཐོང་རྒྱུ་ཡོད། དེ་ཐོག་ནས་ང་ཚོས་ལོ་རྒྱུས་ཐོག་སྐད་བཅད་ཐེངས་གསུམ་བྱས་པ་བརྒྱུད་བོད་ཡོངས་ལ་གཅིག་གྱུར་ཡིན་ལ་ཚད་དང་ཡང་མཐུན་པའི་བོད་ཀྱི་སྤྱི་སྐད་ཅིག་རྩ་བའི་ཆ་ནས་ཆགས་ཟིན་ཡོད་ཅེས་བཤད་ཆོག
       ལྷག་པར་དུས་རབས་བཅོ་ལྔ་པ་ནས་བཟུང་། བོད་ཡིག་དཔར་འདེབས་ཀྱི་ལས་ཀར་གོང་འཕེལ་ཆེན་པོ་བྱུང་སྟེ་བོད་ཡིག་འབྲི་སྟངས་དང་བོད་ཡིག་གི་བརྡ་དག་གཞུང་ལུགས་དེ་རྩ་བའི་ཆ་ནས་ཚད་གཞི་གཅིག་གི་ཐོག་ལགནས་པ་དང་། བོད་ཡིག་རྩོམ་པ་པོ་རྣམས་ཀྱིས་སྤྱོད་པའི་སྐད་བརྡ་ཡང་སྔར་བས་ཚད་ལྡན་དང་གཅིག་གྱུར་བྱུང་ཡོད། དེར་བརྟེན། བོད་ཡིག་གི་ཁུངས་གཏུག་ས་ཡོད་པའི་སྤྱི་སྐད་དམ་ཕལ་སྐད་ཀྱི་ཐོག་ནས་བྲིས་པའི་ཡིག་རིགས་ཞིག་ཡིན་ཕྱིན་དེའི་གོ་དོན་སྤྱིར་བཏང་རྟོགས་མི་ཐུབ་པ་མེད་ལ་ཡོང་ཡང་མི་སྲིད། ཁོ་བོསབལྟས་ན་གོང་གསལ་མང་ཚོགས་ཁག་གཅིག་གིས་བསྒྱུར་ཡིག་གི་གོ་དོན་མི་རྟོགས་པའི་རྒྱུ་མཚན་ནི་སྤྱིར་བཏང་འདི་འདྲ་མིན་ནམ་སྙམ། དེ་ཡང་གཅིག་ནི་བསྒྱུར་ཡིག་འགའ་ཞིག་གི་ནང་དོན་རྣམས་རིགས་པའི་གཞུང་ལུགས་དང་ཆེད་ལས་ཀྱི་རང་བཞིན་ལྡན་དྲགས་པས་མ་ཚད་དེའི་ནང་དེང་དུས་ཀྱི་མིང་ཚིག་གསར་པའང་མང་པོ་ཡོད་པས་མང་ཚོགས་ཁ་ཅིག་རིག་གནས་ཆུ་ཚད་དམའ་བའི་སྟབས་ཀྱིས་དེའི་གོ་དོན་རྟོགས་མི་ཐུབ་པ་དང་། གཉིས་ནི་བསྒྱུར་ཡིག་ཀློག་མཁན་གྱི་ཡུལ་སྐད་ཀྱི་སྒྲ་ཤུགས་ཆེ་བའི་རྐྱེན་གྱིས་ཉན་པ་པོས་དེས་བཀླགས་པ་རྣམས་ཀྱི་ནང་དོན་གསལ་པོ་ཤེས་ཀྱི་མེད་པ།གསུམ་ནི་ལོ་ཙཱྰ་བ་རེ་འགས་སྒྲ་སྒྱུར་བྱེད་སྐབས་མི་ཕལ་མོ་ཆེས་གོ་ཤེས་ཐུབ་པའི་སྤྱི་སྐད་དམ་ཕལ་སྐད་སྤྱོད་རྒྱུར་དོ་སྣང་མི་བྱེད་པ་དང་། སྒྲ་སྒྱུར་བྱེད་སྐབས་སྐད་བབས་ལ་མི་ལྟ་བ་དང་སྐད་ལུགས་ཡིག་སྲོལ་ལ་བསྟུན་རྒྱུར་དོ་སྣང་མ་བྱས་པར་མིང་ཚིག་དང་མིང་ཚིག་གཏུགས་ཏེ་བསྒྱུར་སྟབས་སྐད་ཆ་མཁྲེགས་ལ་གོ་མ་བདེ་སུས་ཀྱང་གོ་དོན་གསལ་རྟོགས་མི་ཐུབ་པ་དེ་འདྲ་ཆགས་ཀྱི་ཡོད། ལོ་ཙཱ་བ་རེ་ཟུང་གིས་ནི་རང་ངོམས་ལས་དགོས་པར་མི་ལྟ་བར་ཚིག་རྒྱན་དང་མངོན་བརྗོད་དམ་ཡང་ན་ཡུལ་སྐད་དམ་སྐད་ཆ་དཔེ་གསར་ཅན་འགའ་ཞིག་རང་དགར་སྤྱད་སྟབས་མང་ཚོགས་ཀྱིས་དེའི་གོ་དོན་གང་ཡིན་ཤེས་ཀྱི་མེད་པ། བཞི་ནི་མང་ཚོགས་ཀྱི་བོད་སྐད་ཡིག་གི་ཆུ་ཚད་དེ་ཙམ་མཐོ་པོ་མེད་པ་ནི་རྒྱུ་མཚན་གཙོ་བོ་མིན་ནམ་སྙམ། འདི་པ་སྨྱུག་འཛིན་པས་ཤེས་རྟོགས་བྱུང་བར་གཞིགས་ན། དེང་སྐབས་བོད་ཡིག་གི་སྒྲ་སྒྱུར་ལས་ཀའི་ནང་བོད་ཀྱི་སྐད་ལུགས་ཡིག་སྲོལ་དང་མི་མཐུན་སྟབས་བོད་ཡིག་ཁོ་ན་ལས་མི་ཤེས་པའི་མང་ཚོགས་ཚོས་བསྒྱུར་ཡིག་གི་གོ་དོན་གསལ་པོ་མི་ཤེས་པའི་སྣང་ཚུལ་གང་སར་མཐོང་རྒྱུ་འདུག་པ་དཔེར་ན། རང་རེའི་དམག་སྒར་རམ་སློབ་གྲྭའི་རྒྱལ་སྒོའི་གཡས་གཡོན་གྱི་གྱང་ལྡེབས་སུ་ཡིག་འབྲུ་ཆེན་པོས་བྲིས་པའི“མཐུན་སྒྲིལ། ཛ་དྲག སྒམ་བརླིང་། འཁྲུག་པོ”ཞེས་པ་ལྟ་བུ་རེད། དེ་ནི་སྒྱུར་གྱི་ཤན་ཤུགས་ཆེ་ཞིང་བོད་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་མི་མཐུན་པའི་དཔེ་མཚོན་གྱི་གྲས་ཞིག་ཡིན། བོད་ཀྱི་སྐད་ལུགས་ཡིག་སྲོལ་ལྟར་ན་དང་ཐོག་དེ་རྣམས་ལ་མཚམས་སྦྱོར་བར་བྱེད་པའི་བྱ་ཚིག་དང་ཕྲད་རྣམ་དབྱེ་ལ་སོགས་ཞུགས་མེད་སྟབས་དེ་ནི་མིང་ཚིག་ཙམ་ལས་གོ་དོན་གསལ་བར་སྟོན་པའི་ཚིག་གྲུབ་ཞིག་མ་ཡིན། དཔེར་ན་དེའི་ནང་གི་“ཛ་དྲག”ཞེས་པར་ཆ་བཞག་ན་ཡང་སྙིང་གནས་ཚུལ་ཛ་དྲག་པོ་འདུག“ཟེར་བ་ཡིན་ནམ་ཡང་ན་ལས་སམ་བྱ་བ་གང་ཞིག་ཛ་དྲག་ངང་བྱ་དགོས་”ཟེར་བ་ཡིན་གསལ་པོ་གཏན་ནས་མེད། སྐབས་འདིར་“ཛ་དྲག་”ཅེས་པའི་དོན་ནི་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཞིག་ལ་ཆ་མཚོན་ན་ལས་སམ་བྱ་བ་གང་ཞིག་བྱེད་ཀྱང་སྒྱིད་ལུག་དང་ཉབ་ཉོབ་སོགས་མེད་པར་དེ་འཕྲལ་འཕྲལ་དུ་སྒྲུབ་པའི་བྲེལ་བརྩོན་གྱི་རྣམ་པ་ཞིག་ལྡན་དགོས་པར་ཟེར། དེ་ནི་དམག་མི་ཞིག་ལ་ཆ་བཞག་ན་ངེས་པར་དུ་ལྡན་དགོས་པའི་གཤིས་སྤྱོད་ཅིག་ཡིན། དེ་བཞིན་“འཁྲུག་པོ་”ཞེས་པ་དེའང་རྒྱ་ཡིག་གི་གོ་དོན་དང་ཡོངས་སུ་མཐུན་པ་ཞིག་བྱུང་མེད། དཔེར་ན་རང་སྐད་དུ་མི་དེ་འཁྲུག་པོ་ཡོད་པ་རེད་ཟེར་ན་སྐབས་རེ་མི་དེ་དེ་ཙམ་ཚུལ་ལྡན་ཞིག་མིན་པ་ལའང་གོ་རྒྱུ་ཡོད། སྐབས་འདིར་འཁྲུག་པོ་ཞེས་པའི་དོན་ནི་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཞིག་ལ་ཆ་མཚོན་ན་བབ་བརླིང་ལྡན་དགོས་ལ་ལུས་རྩལ་དང་གླུ་གར་སོགས་ལའང་དགའ་བའི་སྤྱང་ཞིང་གྲུང་བའི་རྣམ་པ་ཞིག་ལྡན་དགོས་ལུགས་ལ་ཟེར། ངོས་རང་གི་ལྟ་བར་རྒྱ་ཡིག་གི་གོ་དོན་དང་བོད་སྐད་ཡིག་གི་འགྲོ་ལུགས་ལྟར་ན་མཐུན་སྒྲིལ་དང་། བྲེལ་བརྩོན། བབ་བརླང་། སྤྱང་གྲུང་བཅས་ལྡན་པ་དགོས་རྒྱུ་ཞེས་བསྒྱུར་ན་ཅུང་ལེགས་པར་མཐོང་།
       འཛམ་གླིང་ཐོག་སྔར་ནས་ད་བར་སྒྲ་སྒྱུར་བྱས་པའི་ལོ་རྒྱུས་དངོས་ལ་བལྟས་ཚེ་བསྒྱུར་གྱི་ནང་མ་ཡིག་གི་ཤན་ཤུགས་གཏན་ནས་མེད་པ་ཧ་ལམ་མེད་ལ་ཡོང་ཡང་མི་སྲིད་ཅིང་། དེའི་རྒྱུ་མཚན་ནི་སྒྲ་སྒྱུར་ཞེས་པ་དེ་སྐད་ཡིག་ཅིག་གི་ནང་དོན་རྣམས་སྐད་ཡིག་མི་འདྲ་བ་གཞན་ཞིག་ཏུ་འབེབས་རྒྱུ་དེ་ཡིན་པས་སྐད་ཡིག་སོ་སོའི་སྤྱི་ཚོགས་ཀྱི་རིག་གནས་ཆགས་ཚུལ་དང་། སྒྲ་དང་། བརྡ་སྤྲོད་རིག་པ། མིང་ཚིག་གྲུབ་ཚུལ་སོགས་མི་འདྲ་བའི་རྐྱེན་གྱིས་གང་ལྟར་ནའང་བསྒྱུར་ཡིག་ནང་གཞན་སྐད་ཀྱི་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པ་ནི་ག་ལ་འོང་སྲིད།དཔེར་ན་མི་ལོ་སྟོང་ཕྲག་གི་སྔོན་དུ་རྒྱ་དཔེ་མང་པོ་བོད་ཡིག་ཏུ་སྒྱུར་སྐབས་ཀྱང་སམ་ཀྲི་ཏའི་སྐད་དང་དེ་མིན་སྐད་རིགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ནས་བོད་སྐད་ཀྱི་འགྲོ་ལུགས་དང་མི་མཐུན་པ་མང་པོ་ཞིག་བྱུང་ཡོད་པ་དེ་དག་བོད་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་པ་ཞིག་བཟོ་དགོས་སྟབས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་འཕགས་བོད་ལོ་ཙཱ་བ་རྣམས་ཀྱིས་སྔ་བསྒྱུར་གསུང་རབ་རྣམས་ལ་དག་ཞུས་གནང་བ་མ་ཟད་བཙན་པོའི་བཀའ་ལྟར་སྒྲ་རིག་པའི་བསྟན་བཅོས་«སྒྲ་སྦྱོར་བམ་གཉིས»བརྩམས་ཏེ་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང་། ཐབས་རྣམ་པ་བཞི། དོ་སྣང་བྱེད་དགོས་པ་བཞི་བཅས་གཏན་ལ་ཕབ་ནས་བོད་ཡིག་སྡེབ་སྦྱོར་བྱེད་སྟངས་དང་། སྒྲ་འདོན་སྟངས། ཚིག་བསྡུས་བྱེད་སྟངས་སོགས་བོད་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་གང་ཐུབ་བྱས་ཡོད། «སྒྲ་སྦྱོར་བམ་གཉིས»འགྲེམས་བསྒྲགས་ལག་ལེན་བྱས་པ་ནས་བཟུང་བོད་ཡིག་སྒྲ་སྒྱུར་གྱི་བྱ་བར་གོ་རིམ་ལྡན་ཅིང་ཆ་ཚང་བའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་བྱུང་བས་དེ་རྗེས་ཀྱི་བོད་ཡིག་སྒྲ་སྒྱུར་བྱ་གཞག་དེ་སྐྱོན་བྲལ་ངང་གོང་དུ་འཕེལ་རྒྱུར་གལ་ཆེའི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད།
       ལར་ནས་སྐད་ཡིག་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་སྟབས། དེར་འགྱུར་མེད་གཏན་འཇགས་སུ་གནས་པའི་ཕྱོགས་གཅིག་ཡོད་ལ་སྤྱི་ཚོགས་གོང་དུ་འཕེལ་བ་དང་བསྟུན་ནས་འགྱུར་ལྡོག་ཡོང་བའི་ཕྱོགས་གཅིག་ཀྱང་ཡོད། དཔེར་ན་དེང་སྐབས་རྒྱ་བོད་སྐད་ཡིག་གི་སྒྲ་བསྒྱུར་ནང་དྲ་རྒྱའི་སྐད་བརྡ་ལ་སོགས་མིང་ཚིག་གསར་པ་ཧ་ཅང་མང་པོ་ཐོན་བཞིན་ཡོད་པ་མ་ཟད། དེ་དག་བོད་ཡིག་ཏུ་བསྒྱུར་ནས་བཀས་བཅད་གཏན་འཁེལ་ཡང་བྱེད་དགོས་ཤིང་། འདིར་ཤིན་ཏུ་གལ་ཆེ་བ་ནི་དེ་དག་སྒྲ་སྒྱུར་སྐབས་ང་ཚོས་སྔར་ཡོད་བསྔོག་འདོན་དང་སྔར་མེད་གསར་སྒྱུར་རམ་ཡང་ན་སྒྲ་སོར་བཞག་བྱེད་པའི་རྩ་དོན་གཞིར་བཟུང་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་ལ་བསྟུན་གང་ཐུབ་བྱ་དགོས་པ་དེ་ཡིན། དེ་ཡང་མིང་ཚིག་གང་རུང་ཞིག་བོད་སྐད་ཡིག་ཏུ་སྒྱུར་རྒྱུར་ཆ་བཞག་ན་གཙོ་བོ་ནི་ང་ཚོས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སུམ་རྟགས་རྩ་བར་བཟུང་སྟེ་དེའི་བསྟན་བྱའི་དོན་ལ་ནོར་འཁྲུལ་མེད་པ་དང་དེ་བོད་མིའི་སྐད་ལུགས་ཡིག་སྲོལ་དང་མཐུན་ཞིང་བོད་ཡིག་ཀློག་པ་པོ་རྣམས་ཀྱིས་ཉན་སྤྲོ་ཞིང་གོ་བདེ་བ་ཞིག་ཡོང་གང་ཐུབ་བྱ་རྒྱུ་དེ་ཡིན། དེ་འདྲ་བྱུང་ན་ད་ལྟ་མིང་ཚིག་དང་བཤད་ཚུལ་འགའ་ཞིག་ལ་གཞན་སྐད་ཀྱི་ཤན་ཤུགས་ཕྲན་བུ་ཡོད་ནའང་དུས་དང་བསྟུན་ནས་རང་རིགས་སྐད་ཡིག་གི་གོམས་གཤིས་སུ་འཇགས་ཏེ་བོད་སྐད་རང་དུ་རིམ་པས་འགྱུར་སྲིད། དཔེར་ན་དེང་སྐབས་རང་རེའི་བོད་བོད་སྐད་ནང་གི་པད་ཚལ་ལ་ཕུག་དང་། ལྒེ་ལ་སི། ཅི་ནི་ལ་སོགས་པའི་མིང་ཚིག་རྣམས་དེ་འདྲ་མ་ཡིན་ནམ།
       གཞན་ཡང་བསྒྱུར་ཡིག་ནང་ཡིག་སྐད་མང་དྲགས་ནས་མང་ཚོགས་རྣམས་ཀྱིས་དེའི་གོ་དོན་རྟོགས་ཐུབ་ཀྱི་མི་འདུག་ཟེར་བ་དེ་ཡང་ཞིབ་ཕྲའི་དབྱེ་ཞིབ་བྱེད་དགོས་པའི་གནད་དོན་ཞིག་ཡིན། དོན་དངོས་ཐོག་དེའང་རང་རེའི་བསྒྱུར་ཡིག་རྣམས་བོད་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་མིན་དང་དེ་དག་ནང་བོད་ཀྱི་སྤྱི་སྐད་དམ་ཕལ་སྐད་སྤྱད་ཡོད་མེད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་རེད། བསྒྱུར་ཡིག་ཅིག་གམ་བསྒྱུར་སྐད་ཅིག་མང་ཚོགས་ཀྱིས་གོ་ཤེས་ཐུབ་དང་མི་ཐུབ་ནི་གཙོ་བོ་དེའི་ནང་བོད་ཀྱི་སྤྱི་སྐད་དམ་ཕལ་སྐད་སྤྱད་ཡོད་མེད་དང་། དེ་བོད་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་མིན་ལ་ཐུག་ཡོད། ང་ཚོས་སྔ་བར་ཕྱིས་གསུམ་དུ་སྒྲ་སྒྱུར་ནང་མང་ཚོགས་ཀྱི་ཕལ་སྐད་གང་མང་མང་སྤྱོད་དགོས་ཞེས་ནན་བཤད་བྱེད་ཀྱི་ཡོད། གང་ལགས་ཤེ་ན། མང་ཚོགས་ཀྱི་སྐད་ཆ་མང་པོ་ཞིག་ནི་གསོན་ཉམས་ལྡན་ལ་གོ་བདེ་བ་དང་། ཚིག་བསྡུས་ལ་དོན་གསལ་བ། སྐད་ཆའི་ཟུར་རྣོ་ལ་ངེས་བདེ་བ་སོགས་ལེགས་ཆ་དུ་མས་བརྒྱན་པ་ཞིག་ཡིན། དེར་བརྟེན་དུས་རྒྱུན་དུ་ང་ཚོས་མང་ཚོགས་ཀྱི་གསོན་ཉམས་ལྡན་པའི་སྐད་ཆ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས། འོན་ཏེ་འདིར་ཤེས་དགོས་པ་ནི་ཡིག་སྒྱུར་ནང་སྤྱོད་བྱེད་ཀྱི་མང་ཚོགས་ཀྱི་སྐད་ཆ་ཞེས་པར་ཚད་གཞི་ངེས་ཅན་ཞིག་དགོས་ཤིང་། མང་ཚོགས་ཀྱིས་བཤད་ཚད་ཚང་མ་མང་ཚོགས་ཀྱི་སྐད་ཆ་ཞེས་པར་བརྩིས་ནས་ཡིག་སྒྱུར་ནང་བེད་སྤྱོད་བྱེད་རྒྱུ་མེད། བོད་ཀྱི་གཏམ་དཔེ་ལ་“ལུང་པ་རེ་ལ་སྐད་ལུགས་རེ། བླ་མ་རེ་ལ་ཆོས་ལུགས་རེ”ཟེར་བ་ལྟར་ཡུལ་ལུང་སོ་སོའི་མང་ཚོགས་ཀྱི་སྐད་ཆར་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད། གལ་ཏེ་ང་ཚོས་དེ་རྣམས་ཚང་མ་མང་ཚོགས་ཀྱི་སྐད་ཆར་བརྩིས་ནས་ཡིག་སྒྱུར་ནང་བེད་སྤྱོད་བཏང་ཚེ་རང་རེའི་སྐད་ལུགས་ཡིག་སྲོལ་རྣམས་འཁྲུག་ནས་ཟང་ཟིང་ཆགས་སྲིད། ང་ཚོས་ཟེར་བའི་མང་ཚོགས་ཀྱི་སྐད་ཆ་ནི་བོད་མི་མང་ཆེ་བས་གོ་ཐུབ་པ་དང་། བོད་ཡིག་གི་ཁུངས་གཏུག་ས་ཡོད་པའི་སྤྱི་སྐད་ཡིན་པ་ལས་ལུང་ཁུག་ལུང་རྐྱང་གི་སྐད་དང་མི་ཉུང་ཤས་ཤིག་གིས་མ་གཏོགས་མི་གོ་བའི་དཔེ་གསར་ཅན་གྱི་སྐད་ཆ་དེ་རིགས་མ་ཡིན། དཔེར་ན་དེང་དུས་མང་ཚོགས་ཀྱི་ཁྲོད་དུ་འགའ་ཞིག་གིས་“ཡག་པ་ལ་ཡག་ཚོད་མི་འདུག”ཟེར་རྒྱུར“ཡག་པ་ལ་ཞེད་སྣང་སློང་མཁན་ཞིག་འདུག”ཟེར་བ་རང་རེའི་བསྒྱུར་ཡིག་ནང་བེད་སྤྱོད་བྱས་ན་འགྲིག་གམ། དེས་ན་མང་ཚོགས་ཀྱི་སྐད་ཆ་ཞེས་པ་ཞིག་རང་རེའི་ཡིག་སྒྱུར་ནང་བེད་སྤྱོད་བྱེད་དགོས་མིན་ནི་གཙོ་བོ་སྐད་བརྡ་དེ་རིགས་བོད་ཀྱི་སྐད་ལུགས་ཡིག་སྲོལ་དང་མཐུན་མིན་དང་། བོད་མི་མང་ཆེ་བས་གོ་ཤེས་ཐུབ་པའི་ཕལ་སྐད་དམ་སྤྱི་སྐད་ཡིན་མིན་ལ་ལྟ་དགོས་ཀྱི་ཡོད། དེང་སྐབས་རང་ལྗོངས་སུ་ཁྲིམས་ལུགས་ཐོག་ནས་གཏན་ལ་འཁེལ་བའི་སྤྱི་སྐད་ཅེས་པ་མེད་ནའང་བོད་རིགས་མང་ཆེ་བས་བློ་མོས་བྱེད་པས་མ་ཚད་དོན་དངོས་ཐོག་བེད་སྤྱོད་བྱས་དང་བྱེད་བཞིན་པའི་སྤྱི་སྐད་ནི་བོད་ཡིག་གི་བརྡ་སྤྲོད་གཞུང་ལུགས་གཞི་འཛིན་ས་བྱས་པ་དང་། དབུས་གཙང་ཁུལ་གྱི་ཡུལ་སྐད་ཀྱིས་རྨང་གཞི་བྱས་པ། ལྷ་སའི་སྐད་ཀྱི་སྒྲ་གདངས་ཚད་གཞིར་བཟུང་བའི་བོད་སྐད་ལ་ཟེར་བ་ཡིན། དེང་སྐབས་བོད་སྐད་ཡིག་གི་སྒྲ་སྒྱུར་ལས་ཀའི་ནང་བོད་མི་མང་ཆེ་བས་གོ་ཤེས་ཐུབ་པའི་ཕལ་སྐད་དམ་སྤྱི་སྐད་དེ་རིགས་སྤྱོད་གང་ཐུབ་བྱ་དགོས་པའི་ཕྱོགས་གཅིག་ཡོད་ལ་བོད་ཀྱི་སྐད་ལུགས་
ཡིག་སྲོལ་དང་མི་མཐུན་པའི་རིགས་ལ་ལེགས་བཅོས་ཡོ་བསྲང་བྱེད་དགོས་པའི་ཕྱོགས་གཅིག་ཀྱང་ཡོད། སྐད་ཡིག་གང་འདྲ་ཞིག་ཡིན་ཡང་དེའི་ཡིག་ཐོག་གི་མིང་ཚིག་བརྗོད་པ་ཐམས་ཅད་མང་ཚོགས་ཀྱིས་ཉན་པ་ཙམ་གྱིས་གཅིག་ཀྱང་མ་ལུས་པ་རྟོགས་ཐུབ་པ་ནི་ཧ་ལམ་མེད་ཅིང་། སྐད་ཆ་འགའ་རེ་ཡི་གེ་མི་ཤེས་པས་ལྟ་ཅི། ཡི་གེ་ཤེས་པས་ཀྱང་ཡི་གེར་དངོས་སུ་བལྟས་ན་མ་གཏོགས་དེའི་གོ་དོན་ལམ་སེང་རྟོགས་ཐུབ་ཀྱི་མེད། ལྷག་པར་དེང་སྐབས་ཚན་རིག་ལག་རྩལ་ལ་སོགས་པའི་ཐ་སྙད་མང་པོ་ཞིག་ནི་སྔར་མེད་གསར་སྒྱུར་བྱས་པ་ཞེ་གཅིག་ཡིན་སྟབས་དེ་རྣམས་སྤྱིར་བཏང་མང་ཚོགས་ཚོས་ཉན་པ་ཙམ་གྱིས་གོ་དོན་ཤེས་རྟོགས་ཐུབ་པ་ནི་ཧ་ལམ་ཁག་པོ་རེད། དེས་ན་མང་ཚོགས་ཀྱིས་བསྒྱུར་ཡིག་གི་གོ་དོན་རྟོགས་ཐུབ་དང་མི་ཐུབ་ཅེས་པ་དེའང་མཚན་ཉིད་རིག་པ་ནས་བཤད་ན་བལྟོས་བཅས་ཙམ་ལས་བལྟོས་མེད་ཅིག་མ་ཡིན། དོན་དངོས་ཐོག་དེང་སྐབས་ཚགས་པར་དང་དུས་དེབ་གཞུང་ཡིག་སོགས་ཀྱི་ནང་ཕལ་སྐད་དམ་མང་ཚོགས་ཀྱི་སྐད་ཆ་སྤྱོད་ཤུགས་སྔར་དང་མི་འདྲ་བའི་ཤུགས་ཆེ་རུ་ཕྱིན་ཡོད། དཔེར་ན་སྔ་མོ་བོད་ཡིག་གི་བྱ་ཚིག་ལ་ཚིག་གྲོགས་མང་པོ་འབྲི་སྲོལ་མེད་པར་ལས་སམ་བྱ་བ་གང་ཞིག་བསྒྲུབས་ཚར་ཡོད་མེད་དེ་བྱ་ཚིག་དེ་རང་གི་དུས་གསུམ་དབྱེ་བའི་ཐོག་ནས་མཚོན་པར་བྱེད་པས་ཚིག་གྲུབ་ཧ་ཅང་བསྡུས་པོ་ཡོད། འོན་ཀྱང་དེང་སྐབས་ཕལ་སྐད་དམ་མང་ཚོགས་ཀྱི་བཤད་སྲོལ་ལ་བསྟུན་ནས་བྱ་ཚིག་ལ་ཚིག་གྲོགས་མང་པོ་སྦྱོར་གྱི་ཡོད། དཔེར་ན“འབད་བརྩོན་བྱས”ཞེས་པ་ལྟ་བུར“འབད་བརྩོན་བྱས་པ་རེད” “འབད་བརྩོན་བྱས་པ་ཡིན”ཞེས་ཚེག་ཁྱིམ་ཐོལ་པ་གཉིས་ཙམ་འབྲི་སྲོལ་ཡོད། དེས་རྐྱེན་པས་མང་ཚོགས་གོ་བདེ་རུ་ཕྱིན་ཡོད་ནའང་ཚགས་པར་པར་ངོས་གཅིག་གི་སྟེང་དུ་རྒྱ་ཡིག་ཡིག་འབྲུ་ཁྲི་གཅིག་ཙམ་ཤོང་ཐུབ་སར་བོད་ཡིག་ཡིག་འབྲུ་ཆ་སྙོམས་ལྔ་སྟོང་ཙམ་ལས་ཤོང་གི་མེད་པས་ཚགས་པར་པར་ངོས་གཅིག་གི་ཐོག་དུ་བོད་ཡིག་གི་ཆ་འཕྲིན་ཤོང་ཚད་ཀྱང་རྒྱ་ཡིག་ལས་ཧ་ཅང་ཉུང་བ་ཡོད། དེ་ཐོག་ནས་སྐད་ཡིག་བསྡུས་པོ་མེད་ཚེ་དེའི་ནང་ཆ་འཕྲིན་ཀྱང་འགྲོ་ཆུང་བ་ཡོད་པ་གསལ་པོ་ཤེས་ཐུབ། དེས་ན་གོང་གསལ་མང་ཚོགས་ཀྱིས་བསྒྱུར་ཡིག་གི་ནང་དོན་གསལ་པོ་ཤེས་ཀྱི་མི་འདུག་ཟེར་བ་དེ་ཐག་གཅོད་བྱེད་དགོས་ན་ང་ཚོས་སྐད་ཡིག་སྐོར་གྱི་ཞིབ་འཇུག་བརྟག་དཔྱད་ནན་ཏན་བྱས་ཐོག་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་ཚུལ་དེ་ཆ་ཚང་བ་ཤེས་པ་དང་། དེང་སྐབས་སྒྲ་སྒྱུར་གྱི་ལས་ཀའི་ནང་ལྷག་བསྡད་པའི་གནད་དོན་ལ་དབྱེ་ཞིབ་འོས་ཤིང་འཚམས་པ་ཞིག་བྱས་ནས་དེ་ལེགས་བཅོས་བྱེད་ཐབས་གནད་དུ་འཁེལ་བ་ཞིག་འདོན་ཐུབ་པ་བྱ་དགོས།
       དེ་ལྟར་མི་རིགས་སོ་སོའི་སྤྱི་ཚོགས་རིག་གནས་ཀྱི་གནས་སྟངས་དང་ཁྱད་ཆོས་གསལ་རྟོགས་བྱ་རྒྱུ་ནི་སྒྲ་སྒྱུར་གྱི་ལས་དོན་དེ་མི་རིགས་སོ་སོའི་སྐད་ལུགས་ཡིག་སྲོལ་དང་མཐུན་པ་བྱ་རྒྱའི་རྩ་བའི་ཤེས་བྱ་ལྟ་བུ་ཡིན།གཞི་རྩའི་མཐུན་རྐྱེན་དེ་འདྲ་ཞིག་ཀྱང་ཚང་མེད་པའི་ལོ་ཙཱ་བ་ཞིག་གིས་སྒྲ་སྒྱུར་སྤུས་དག་ཅིག་བྱེད་མི་ཐུབ་པ་ནི་ཚོད་དཔག་ཐུབ་པ་ཞིག་ཡིན། འོ་ན་མི་རིགས་སོ་སོའི་སྤྱི་ཚོགས་རིག་གནས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་ཙམ་གྱིས་སྒྲ་སྒྱུར་ལེགས་པོ་བྱེད་ཐུབ་བམ་ཞེ་ན། དེ་ཡང་མིན་ཏེ། རྒྱ་བོད་སྐད་ཡིག་སྒྲ་སྒྱུར་བྱེད་མཁན་ཞིག་ལ་ཆ་བཞག་ན། དང་ཐོག་རང་ཉིད་ལ་རྒྱ་བོད་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་པ་ནི་མ་མཐར་དགོས་པའི་ཆ་རྐྱེན་ནམ་བླང་བྱ་ཞིག་ཡིན། དེའང་རྒྱ་ཡིག་གི་ཐོག་ནས་བཤད་ན། དེང་རབས་ཀྱི་རྒྱ་ཡིག་རྒྱ་སྐད(现代汉语)མཐར་ཕྱིན་པ་ཤེས་དགོས་པས་མ་ཚད་ད་དུང་རྒྱ་ཡིག་ཡིག་རྙིང་ངམ་བརྡ་རྙིང(古文)ཡང་ངེས་ཅན་ཞིག་ཁོང་དུ་ཆུད་པ་བྱེད་དགོས།
       གང་ལགས་ཤེ་ན། དེང་དུས་ཀྱི་རྒྱ་ཡིག་ནི་གནའ་རབས་ཀྱི་རྒྱ་ཡིག་ནས་རིམ་འགྱུར་བྱུང་བ་ཞིག་ཡིན་པས་གནའ་རབས་ཀྱི་རྒྱ་ཡིག་ཡག་པོ་ཤེས་ན་སྒྲ་སྒྱུར་སྐབས་འཕྲད་སྲིད་པའི་རྒྱ་ཡིག་བརྡ་རྙིང་ལ་གོ་བ་ལེན་ཤེས་པས་མ་ཚད་དེང་རབས་ཀྱི་རྒྱ་ཡིག་ལ་གོ་བ་ལེན་རྒྱུ་ཡང་དེ་བས་ཡག་པ་ཡོང་རྒྱུར་ཕན་པ་ཤིན་ཏུ་ཆེ། རྒྱ་ཡིག་བོད་ཡིག་ཏུ་སྒྱུར་མཁན་ལ་བོད་ཡིག་གི་ཆུ་ཚད་དེ་བས་མཐོ་བ་ལྡན་དགོས་ཞེས་པའི་ནང་དོན་ནི་རྒྱ་ཚེ་ཙམ་ཡིན། དེའང་དེས་བོད་ཡིག་གི་དཔེ་ཆ་མང་པོ་བལྟས་ནས་ཆོས་ཚིག་དང་། གྲོང་ཚིག རྩོམ་རིག་སྒྱུ་རྩལ་གྱི་མིང་ཚིག ཚན་རིག་ཤེས་བྱའི་མིང་ཚིག རྒྱུན་སྤྱོད་ཡི་གེའི་མིང་ཚིག་ལ་སོགས་ཤེས་དགོས་པས་མ་ཚད་ད་དུང་ཆོས་ལུགས་ཀྱི་མིང་ཚིག་ཀྱང་གང་ཙམ་ཤེས་དགོས། ལྷག་པར་དུ་བོད་ཡིག་གི་བརྡ་སྤྲོད་རིག་པ་སྦྱངས་ནས་སུམ་རྟགས་ཀྱི་རྩ་བའི་ཤེས་བྱ་ཁོང་དུ་ཆུད་པ་བྱ་རྒྱུ་ནི་བོད་ཡིག་སྒྲ་སྒྱུར་གྱི་སྤུས་ཚད་འགན་སྲུང་ཐུབ་པའི་གལ་ཆེའི་ཆ་རྐྱེན་ཞིག་ཡིན་པས་དང་ཐོག་ངེས་པར་དུ་ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་སློབ་སྦྱོང་བྱེད་དགོས།སུམ་རྟགས་ཞེས་རྩ་འཛིན་གྱི་ངོ་བོ་ལྡན་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་འདི་གཉིས་ནི་མཁས་མཆོག་ཐོན་མིས་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་སྔ་རོལ་དུ་བརྩམས་གནང་བ་ཞིག་ཡིན་པ་དང་། དེ་རྗེས་བོད་ཡིག་གི་བརྡ་སྤྲོད་མཁས་པ་རིམ་བྱོན་གྱིས་ཐོན་མིའི་གསུང་རྩོམ་འདི་གཉིས་ལ་འགྲེལ་པ་ཤིན་ཏུ་མང་པོ་བརྩམས་གནང་བ་ལ་བརྟེན་ནས་དེང་དུས་བོད་ཡིག་གི་བརྡ་དག་གཞུང་ལུགས་ཆ་ཚང་པོ་འདི་ལྟ་བུ་ཆགས་པ་ཡིན། དེའི་ནང་ནས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཐོག་སྐད་གྲགས་སམ་ཤུགས་རྐྱེན་ཆེ་ཤོས་ལྡན་པ་ཞིག་ནི་གངས་རིའི་ལྗོངས་འདིར་ཐོན་མི་གཉིས་པར་གྲགས་པའི་ཀརྨ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་དུས་རབས་བཅུ་བདུན་པར་བརྩམས་གནང་བའི་སི་ཏུ་འགྲེལ་ཆེན་ཞེས་པ་དེ་ཡིན། དེ་རྗེས་དངུལ་ཆུ་པ་དརྨ་བྷ་དྲས་སི་ཏུའི་བརྡ་སྤྲོད་རྣམ་གཞག་དེ་གཞིར་བཟུང་སི་ཏུའི་ཞལ་ལུང་ཞེས་པ་རྩོམ་གནང་ནས་སི་ཏུའི་འགྲེལ་ཆེན་ལ་འགྲེལ་བཤད་ཆ་ཚང་ཞིང་གནད་དུ་འཁེལ་བ་བསྐྱོན་ཡོད། ཡང་དེའི་རྗེས་སུ་དངུལ་ཆུ་པ་དབྱངས་ཅན་གྲུབ་པའི་རྡོ་རྗེས་སི་ཏུའི་ཞལ་ལུང་དེ་གཞིར་བཟུང་ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་ཞེས་བྱ་བ་དང་། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ཞེས་བྱ་བ་བརྩམས་ཤིང་། ཁོང་གི་གསུང་རྩོམ་འདི་གཉིས་ཚིག་བསྡུས་ལ་གོ་བདེ་བ་དང་། བློ་ངོར་འཛིན་བདེ་ཞིང་ངག་ལ་འཇགས་སླ་བ་ཞིག་ཡོད་པས་བོད་རིགས་ས་ཁུལ་ཡོངས་སུ་སྔ་ས་ནས་བོད་ཡིག་སྦྱོང་བའི་རྨང་གཞིའི་སློབ་ཚན་ལྟ་བུ་ཆགས་ཡོད། གོང་གསལ་མཁས་དབང་གསུམ་གྱི་བརྡ་སྤྲོད་རིག་པའི་གསུང་རྩོམ་དེ་རྣམས་བཞེད་རྒྱུན་མཚུངས་ཤིང་རིག་གཞུང་གི་མ་ལག་གཅིག་ཏུ་གྲུབ་ཡོད་པས་བོད་ཡིག་སློབ་གཉེར་མཁན་རབ་འབྲིང་མཐའ་གསུམ་གྱི་སློབ་སྦྱོང་དགོས་མཁོ་དང་ཡོངས་སུ་འཚམས་པ་དང་། བོད་ཡིག་གི་བརྡ་སྤྲོད་གཞུང་ལུགས་ཤེས་འདོད་པའམ་དེར་ཞིབ་འཇུག་བྱེད་མི་ཚང་མས་ངེས་པར་སྦྱོང་དགོས་པ་ཞིག་ཆགས་ཡོད་པས་ང་ཚོས་གསུང་རྩོམ་དེ་དག་གི་ནང་དུ་གཏན་ལ་འཁེལ་བའི་སྐད་ལུགས་ཡིག་སྲོལ་ལྟར་སྒྲ་སྒྱུར་ནང་གི་གནད་དོན་ཁག་ལ་དབྱེ་ཞིབ་དང་དག་བཅོས་བྱས་ཏེ་ལོ་ཙཱའི་སྐད་ཡིག་ཚད་ལྡན་ཡོང་བ་བྱ་དགོས།
       འདིར་སྟོན་དགོས་པ་ཞིག་ནི། དེང་སྐབས་ཡིག་སྒྱུར་གྱི་ཞུས་དག་གཏོང་སྐབས་ཁ་ཅིག་གིས་གོམས་གཤིས་སུ་འཇགས་པ་ལྟ་བུར་གཙོ་བོ་རྒྱ་ཡིག་གི་བརྡ་སྤྲོད་རིག་པས་བོད་ཡིག་གི་བསྒྱུར་ལ་དབྱེ་ཞིབ་བྱེད་པ་ལས་བོད་ཡིག་རང་གི་བརྡ་སྤྲོད་གཞུང་ལུགས་ཀྱིས་བསྒྱུར་ཡིག་ལ་དབྱེ་ཞིབ་བྱ་རྒྱུར་སྣང་འཇོག་དེ་ཙམ་བྱེད་ཀྱི་མི་འདུག་པས།  དེའི་འབྲས་བུར་བསྒྱུར་གྱི་ནང་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་མི་མཐུན་པའི་སྒྱུར་ཚུལ་ཇེ་མང་ལས་ཇེ་ཉུང་དུ་འགྲོ་མི་སྲིད་པ་ནི་ཧ་ཅང་གསལ་པོ་རེད། ཡིག་སྒྱུར་གྱི་ཞུས་དག་གཏོང་སྐབས་ཡིག་རིགས་གཉིས་ལ་བརྟེན་དགོས་པ་ནི་གླེང་མེད་རེད། འོན་ཀྱང་སྒྱུར་ཡིག་ལ་དབྱེ་ཞིབ་བྱེད་སྐབས་བསྒྱུར་བྱའི་མ་ཡིག་གང་དེའི་གོ་དོན་གསལ་པོར་རྟོགས་པའི་རྨང་གཞིའི་ཐོག་གཙོ་བོ་སྒྱུར་ཡིག་དེ་ལ་རང་གི་བརྡ་སྤྲོད་གཞུང་ལུགས་ལྟར་དེར་དབྱེ་ཞིབ་བྱས་ཚེ་སྒྱུར་ཡིག་དེ་ཉིད་ཀྱི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དཔེར་ན་བོད་ཡིག་གི་སྒྱུར་ཡིག་ལ་གཙོ་བོ་སུམ་རྟགས་ཀྱི་འགྲོ་ལུགས་ལྟར་དངོས་པོ་བདག་གཞན་དང་། བྱ་བྱེད་ལས་གསུམ།དུས་གསུམ།ཕྲད་རྣམ་དབྱེ་བཅས་ཀྱི་ཐོག་ནས་དབྱེ་ཞིབ་མ་ཟད་བཟོ་བཅོས་བྱས་ཚེ་སྒྱུར་ཡིག་དེ་བརྗོད་པ་བདེ་བ་དང་།ཚིག་སྔ་ཕྱི་འབྲེལ་ཆགས་པ། བརྗོད་བྱའི་དོན་གསལ་ལ་འཕྲུལ་ནོངས་མེད་པ་བཅས་ཡོང་བ་མ་ཟད་རང་རིགས་ཀྱི་སྐད་ལུགས་ཡིག་སྲོལ་དང་ཡང་ཡོངས་སུ་མཐུན་པ་ཡོང་སྲིད། འོ་ན་རང་རེས་སྒྱུར་བྱེད་བོད་ཡིག་ཞིག་ལ་བོད་གི་བརྡ་སྤྲོད་གཞུང་ལུགས་སྤྱད་དེ་ཞུ་དག་གཏོང་ཐུབ་བམ་ཞེ་ན་གཏན་གཏན་གཏོང་ཐུབ། གང་ལགས་ཤེ་ན། བོད་སྐད་ཡིག་ལ་རང་སྐད་དེ་སྐད་བརྡའི་ཆོས་ཉིད་དང་མཐུན་མིན་ལ་དབྱེ་ཞིབ་དང་དག་བཅོས་བྱ་བྱེད་ཀྱི་བརྡ་སྤྲོད་གཞུང་ལུགས་ཆ་ཚང་ཡོད། དེ་ནི་དོན་དངོས་ཐོག་རང་གི་སྐད་ཡིག་གི་གཞུང་ལུགས་སྤྱད་དེ་སྐད་ཡིག་གི་སྒྲ་སྦྱོར་དང་། ཚིག་བསྡུས། ཚིག་སྦྱོར་བྱེད་སྟངས་བཅས་ལ་དབྱེ་ཞིབ་དང་དག་བཅོས་བྱས་ནས་དེ་རང་རིགས་ཀྱི་སྐད་བརྡའི་ཆོས་ཉིད་དང་མཐུན་པ་བྱེད་རྒྱུ་དེ་རེད། དེ་ལྟར་ཐུབ་པ་བྱེད་བསམས་ན་རང་རེས་དང་ཐོག་རྒྱ་བོད་སྐད་ཡིག་གཉིས་ཀྱི་རྩ་བའི་འགྲོ་ལུགས་མི་འདྲ་བ་དེ་ཤེས་པ་བྱེད་དགོས་ཀྱི་ཡོད། དེ་ནི་སྐད་ཡིག་རིགས་དེ་གཉིས་ཀྱི་བརྡ་དག་གཞུང་ལུགས་སྤྱད་ནས་སྒྱུར་ལ་དབྱེ་ཞིབ་བྱེད་རྒྱུའི་སྔོན་འགྲོ་ལྟ་བུ་ཡིན། དེའང་རྒྱ་ཡིག་རྒྱ་སྐད་ཀྱི་རྩ་བའི་འགྲོ་ལུགས་ནི་ཡི་གེ་ལས་མིང་ཚིག་དང་།མིང་ཚིག་ལས་བརྗོད་པ་ཞེས་རང་རེས་རྒྱུན་དུ་རྒྱ་སྐད་ནང字、词、句ཟེར་བའི་སྐད་རིམ་དེ་ཡིན། དེ་དག་ཕན་ཚུན་སྦྱར་ཏེ་བརྗོད་བྱའི་དོན་འབྲེལ་བར་བསྟན་པ་དག་ལས་རྩོམ་གྱི་ཕུང་པོ་གྲུབ། རྒྱ་ཡིག་ནང་མིང་དང་ཚིག་གཉིས་ལ་དེ་ཙམ་གྱི་དབྱེ་བ་མེད་པ་དཔེར་ན་རི་ཞེས་པ་ནི་མིང་ཚིག་ཡིན་ལ་རི་རྩེ་ཞེས་པའང་མིང་ཚིག་ཡིན། རྒྱ་ཡིག་གི་མིང་ཚིག་ལ་དབྱེ་འབྱེད་ཀྱི་ཚད་གཞི་མི་འདྲ་བ་ཅི་ཡང་ཡོང་སྲིད་མོད། འདིར་གཙོ་བོ་བརྡ་སྤྲོད་ཀྱི་བྱེད་ལས་ལ་གཞིགས་ན་མིང་དང་ཕྲད་གཉིས་སུ་དབྱེ་ཆོག་པ་ཡིན། དེ་ནི་མིང་ཚིག་གི་རིགས་མི་འདྲ་བ་གཙོ་བོ་དེ་གཉིས་ཡིན། དེའང་ཞིབ་ཕྲ་བཤད་ན། མིང་ཞེས་པ་ནི་ཚིག་གྲུབ་ནང་རང་རྐྱ་འཕེར་བའི་སྒོ་ནས་དོན་ཞིག་སྟོན་ཐུབ་པའི་སྐད་བརྡའི་སྡེ་ཚན་ཆུང་ཤོས་ཤིག་ལ་ཟེར་བ་དང་། ཕྲད་ཅེས་པ་ནི་རང་ཚུགས་སུ་གོ་དོན་སྟོན་མི་ཐུབ་ཀྱང་ཚིག་གྲོགས་སུ་ཞུགས་ནས་གོ་དོན་སྟོན་ཐུབ་པའི་ཡི་གེའི་སྒྲ་ཞིག་ལ་ཟེར་བ་ཡིན། རྒྱ་ཡིག་ནང་མིང་དང་ཕྲད་གཉིས་རིགས་མང་པོར་དབྱེ་བ་ཕྱེ་ཡོད། མིང་ཚིག་དང་མིང་ཚིག་བར་གྱི་དབྱེ་བ་ནི་གཙོ་བོ་མིང་ཚིག་གི་སྔ་ཕྱིར་བལྟས་ནས་འབྱེད་པར་བྱེད། དཔེར་ན“武装自己”ཟེར་ན་རང་ཉིད་ལ་དྲག་ཆས་སྤྲས“动宾关系“ཞེས་བྱ་ཚིག་དང་བྱ་བའི་ཡུལ་བར་གྱི་འབྲེལ་བ་བསྟན་པ་དང་། “自己武装”ཟེར་ན་རང་ཉིད་ཀྱིས་དྲག་ཆས་སྤྲས་ཞེས་བྱེད་པ་པོ་དང་བྱ་ཚིག་བར་གྱི་འབྲེལ་བ་བསྟན་པ་ཡིན།མིང་ཚིག་དང་མིང་ཚིག་བར་གྱི་སྔ་ཕྱིའི་འབྲེལ་བར་དབྱེ་ཞིབ་བྱ་རྒྱུ་ནི་ཚིག་གྲུབ“句子”ལ་དབྱེ་ཞིབ་བྱ་རྒྱུའི་སྔོན་འགྲོ་ལྟ་བུ་ཡིན། རྒྱ་ཡིག་གི་མིང་ཚིག་ལ་མིང་གཅིག་དོན་གྱི་རྣམ་གྲངས་དང་། མིང་གཅིག་དོན་གཅིག མིང་ཚིག་ངོ་བོ་གཉིས་ལྡན་བཅས་ཀྱི་དབྱེ་བ་ཡོད། མིང་གཅིག་དོན་གཅིག་གི་རྣམ་གྲངས་དཔེར་ན་ས་ཆུ་མེ་རླུང་ལྟ་བུ་ནི་མིང་ཚིག་དང་མིང་ཚིག་གཏུགས་ནས་བསྒྱུར་ཆོག་པ་ཡིན། འོན་ཀྱང་མིང་ཚིག་འགའ་ཞིག་བསྟན་བྱའི་དོན་འདྲ་ཡང་སྐད་ལུགས་ཡིག་སྲོལ་མི་འདྲ་བའི་དབང་གིས་བསྒྱུར་ཚིག་མི་འདྲ་བ་སྤྱོད་དགོས་པ་དཔེར་ན“高个子”ཞེས་པར་གཟུགས་པོ་རིང་པོ་དང“高工资”ཞེས་པར་གླ་ཕོགས་མཐོ་པོ་ཞེས་སྒྱུར་དགོས་ཀྱི་ཡོད། གཞན་ཡང་དཔེར་ན་རྒྱ་ཡིག་མིང་ཚིག“问题”ཞེས་པར་ཆ་བཞག་ན་དེ་ནི་མིང་གཅིག་དོན་གྱི་རྣམ་གྲངས་ཡིན་པས་དེར་མཚམས་རེ་གནད་དོན་དང་། མཚམས་རེ་གནད་འགག མཚམས་རེ་དཀའ་ངལ།མཚམས་རེ་སྐྱོན་ཆ་སོགས་ཀྱི་གོ་དོན་ལྡན་ཡོད་ཅིང་ཚང་མར་གནད་དོན་ཞེས་བསྒྱུར་ན་མི་འགྲིག་དཔེར་ན་རྒྱ་ཡིག“问题不在于时间,而在于人”ལྟ་བུར་ཆ་བཞག་ན། གནད་འགག་ནི་མི་ལ་ཐུག་པ་ལས། དུས་ཚོད་ལ་ཐུག་མེད་ཅེས་སྒྱུར་དགོས་ཀྱི་ཡོད། གཞན་ཡང་རྒྱ་ཡིག་ནང་ཕྲུ་གུ་སྐྱེ་བར“生孩子”དང་། རྒྱུ་ནོར་འཕེལ་བར“生财”ཞེས་བྲིས་ཡོད་ནའང་བོད་ཡིག་ནང་ཚང་མར་སྐྱེ་བ་ཞེས་བསྒྱུར་ན་མི་འགྲིག རྒྱ་ཡིག་ནང་མིང་དང་བྱ་ཚིག་གཉིས་ཀྱི་ངོ་བོ་ལྡན་པའི་མིང་ཚིག་དཔེར་ན། “病”ལྟ་བུ“他病了”ཟེར་ན“病”ནི་བྱ་ཚིག་ཡིན། དེ་བཞིན“他病不重”ཟེར་བའི་ནང་གི“病”ནི་མིང་ཚིག་ཡིན། དེ་བཞིན“理论学习”ཟེར་བའི་ནང་གི“学习”ནི་མིང་ཚིག་ཡིན། “学习理论”ཟེར་བའི་ནང་གི“学习”ནི་བྱ་ཚིག་ཡིན། གོང་གསལ་རྣམས་ནི་རྒྱ་སྐད་ཀྱི་རྩ་བའི་འགྲོ་ལུགས་ཀྱི་དཔེར་བརྗོད་ཙམ་ཡིན།
       བོད་སྐད་ནི་ས་པཎ་གྱིས«མཁས་འཇུག»ནང་གསུངས་པ་བཞིན་བོད་ཀྱི་བརྡ་སྤྲོད་རིག་པ་དེ་ཚོགས་གསུམ་སྟེ་སྒྲའམ་ཡི་གེ་དང་།མིང་། ཚིག་བཅས་གསུམ་གྱི་ཐོག་ནས་གྲུབ་ཅིང་། དེའང་ཡི་གེ་ལས་མིང་དང་། མིང་ལས་ཚིག ཚིག་ལས་ངག  ངག་ལས་རབ་བྱེད་དང་། ལེའུ་ལ་སོགས་བྱུང་སྟེ་མཐར་རྩོམ་གྱི་ཕུང་པོ་གྲུབ་ཅིང་། དེའི་ནང་ཡི་གེ་ནི་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཡིན་པ་དང་། མིང་ནི་དོན་གྱི་ངོ་བོ་ཙམ་སྟོན་པ་དཔེར་ན་རི་ལྟ་བུ་དང་། ཚིག་ནི་དེ་ཡི་ཁྱད་པར་སྟོན་པ་དཔེར་ན་རི་རྩེ་ལྟ་བུ་ཡིན། དེ་བཞིན་བརྡ་དང་ཐ་སྙད་གྲུབ་སྟངས་ནི་མི་རྣམས་ཀྱིས་བརྗོད་འདོད་ཁོ་ནའི་དབང་གིས་ཐོག་མར་མིང་དང་ཚིག་ཏུ་བཏགས་པའམ་སྦྱར་བ་ནི་བརྡ་དང་། ཕྱིས་རྗེས་སུ་དཔྱོད་པ་ནི་ཐ་སྙད་ཡིན། དེའང་དང་པོ་ནི་འདོད་རྒྱལ་གྱི་སྒྲ་དང་། གཉིས་པ་ནི་རྗེས་སྒྲུབ་ཀྱི་སྒྲ་ཡིན།
       བོད་ཡིག་གི་མིང་གི་དབྱེ་བ་ནི་གཙོ་བོ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་གི་ཐོག་ནས་སམ་མིང་སོ་སོའི་བརྡ་སྤྲོད་ཀྱི་བྱེད་ལས་དང་ཁྱད་ཆོས་ལ་བརྟེན་ནས་དབྱེ་བ་འབྱེད་དགོས་པ་ཡིན། དེ་ཡང་མཁས་དབང་དོར་ཞི་གདོང་དྲུག་སྙེམས་པོས་སྔོན་ཆད་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སུ་མིང་ལ་མིང་ཙམ་སྟོན་པའི་ཐ་སྙད་དང་བྱ་བའི་ཐ་སྙད་ལས་ཆོས་བརྗོད་ཀྱི་ཐ་སྙད་དང་། གྲངས་བརྗོད་ཀྱི་ཐ་སྙད་སོགས་ཐ་སྙད་རིགས་སོ་སོར་ཕྱེ་མེད་ཀྱང་བོད་སྐད་རང་ལ་ཐ་སྙད་རིགས་སོ་སོར་འབྱེད་དུ་མེད་པ་ག་ལ་ཡིན་ཏེ་མིང་ཚིག་ལ་ཞིབ་ཏུ་བརྟགས་ཚེ་ཚིག་གི་རྩོམ་གཞིར་གྱུར་པའི་མིང་སོ་སོའི་བྱེད་ལས་དང་། གོ་རིམ་དང་འབྲེལ་བ། ཕྲད་དང་རྣམ་དབྱེ་སྦྱོར་ཁྱད་ཆོས་སོགས་ཀྱི་སྟེང་ནས་བྱེད་ལས་དང་ཁྱད་ཆོས་མི་འདྲ་བའི་ཐ་སྙད་རིགས་མི་འདྲ་བ་དུ་མ་ཡོད་པ་མངོན་སུམ་དུ་གྲུབ་ཅེས་གསུངས་པ་ལྟར་དེང་དུས་བོད་ཡིག་གི་བརྡ་དག་མིང་ཚིག་ལ་ཞིབ་འཇུག་བྱེད་མི་འགས་བོད་ཡིག་གི་མིང་ཚིག་རྣམས་རིགས་བཞི་དང་རིགས་བརྒྱད་སོགས་སུ་དབྱེ་བ་ཕྱེ་འདུག་ཅིང་། ངོས་རང་གི་ལྟ་བར་བོད་ཡིག་གི་མིང་ཡོད་དོ་ཅོག་ཁྱད་གཞི་ཁྱད་ཆོས་བརྗོད་པའི་མིང་དང་། བྱ་ཚིག་མིང་ཅན། གྲངས་བརྗོད་པའི་མིང་བཅས་རིགས་ཆེན་པོ་གསུམ་དུ་ཕྱེ་ན་མི་འགྲིག་པ་མི་འདུག་ཅིང་།དེའང་ཁྱད་གཞི་བརྗོད་པའི་མིང་ནི་ཆོས་ཅན་བརྗོད་པའི་སྒྲ་ཡོད་དོ་ཅོག་ལ་ཟེར་བ་དཔེར་ན་ས་ཆུ་མེ་རླུང་ལྟ་བུ་དང་། ཁྱད་ཆོས་བརྗོད་པའི་མིང་ནི་ཁྱད་གཞི་གང་རུང་ཞིག་གི་ཁྱད་ཆོས་བརྗོད་པའི་སྒྲ་ཡོད་དོ་ཅོག་ལ་ཟེར་བ་དཔེར་ན་ཆེ་ཆུང་རིང་ཐུང་མཐོ་དམའ་སོགས་ལྟ་བུ་ཡིན། བྱ་ཚིག་ལས་འཕྱུངས་པའི་མིང་ནི་གང་ཟག་ལ་སོགས་པའི་རྩོལ་བ་དང་། ཡུལ་དུས་ཀྱི་འགྱུར་བ་ལ་སོགས་མཚོན་པའི་སྒྲ་ཡོད་དོ་ཅོག་ལ་ཟེར་བ་དཔེར་ན་ལྟ་སྐོར་དང་། བརྟག་དཔྱད། འཕེལ་འགྱུར། འཁྲབ་སྟོན་ལ་སོགས་པ་ལྟ་བུའོ།གྲངས་བརྗོད་པའི་མིང་ནི་གྲངས་ཀ་དང་གྲངས་གནས་བརྗོད་པའི་སྒྲ་ཡོད་དོ་ཅོག་ལ་ཟེར་བ་དཔེར་ན། གཅིག གཉིས། གསུམ་། བཅུ། བརྒྱ། སྟོང་ལྟ་བུའོ། འདིར་ང་ཚོས་མཐོང་དགོས་པ་ཞིག་ནི་རྒྱ་བོད་སྐད་ཡིག་གི་མིང་དང་ཚིག་གྲུབ་སྟངས་ཐད་ལ་ཁྱད་པར་ཆེ་ཙམ་ཡོད་ཀྱང་མཐུན་པའི་ཆ་ཡང་མི་ཉུང་བ་ཞིག་ཡོད། དཔེར་ན་གོང་གསལ་མིང་རིགས་གསུམ་པོ་དེའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་གཞིགས་ན་རྒྱན་བསྡུས་ཀྱི་ཕྲད་ཁྱད་ཆོས་བརྗོད་པའི་མིང་གཉིས་ཀྱི་བར་དུ་འཇུག་པ་དཔེར་ན་མཛེས་ཀྱང་མཛེས་ལྟ་བུ་རྒྱ་ཡིག་ལའང“美又美”ཟེར་སྲོལ་ཡོད། རྒྱན་ཚིག་གི་ཁྱད་གཞི་བརྗོད་པའི་མིང་གི་མཇུག་ཏུ་ཐད་ཀར་འཇུག་ཆོག་ཀྱང་དེའི་སྔོན་དུ་འཇུག་དགོས་ན་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་དགོས་པ་དཔེར་ན་མེ་ཏོག་མཛེས་པོ་དང་། བྱ་སྐད་སྙན་པོ་ལྟ་བུར་མཛེས་པའི་མེ་ཏོག་དང་། སྙན་པའི་བྱ་སྐད་ལྟ་བུར་རྒྱ་སྐད་ལའང“花美” “鸟声动听”ཟེར་ཆོག་ལ“美丽的花”“听的鸟声”ཡང་ཟེར་ཆོག ཁྱད་ཆོས་བརྗོད་པའི་མིང་བསྐྱར་བཟློས་དང་སྡེབས་སྦྱོར་ཡང་བྱེད་རུང་བ་དཔེར་ན་“མཛེས་མཛེས་”“ཀྱོག་ཀྱོག་”ལྟ་བུ་རྒྱ་སྐད་ལའང“美美” “弯弯”ཟེར་ཆོག  དགག་སྒྲ་མ་མི་གཉིས་ཁྱད་གཞི་བརྗོད་པའི་མིང་གི་སྔོན་དུ་མི་འཇུག་པ་ནི་རྒྱ་ཡིག“不”ཞེས་པ་མིང་རྐྱང་སྟོན་པའི་མིང་ཚིག་གི་མདུན་དུ་མི་འཇུག་པ་དང་གཅིག་པར་སྣང་། འོན་ཏེ་བོད་སྐད་ཡིག་ནང་ཁྱད་གཞི་བརྗོད་པའི་མིང་མཐར་དགག་སྒྲ་མིན་མེད་གཉིས་འཇུག་པ་དཔེར་ན། “དགྲ་མིན་གྲོགས་མིན། ཟས་མེད་གོས་མེད་ལྟ་བུའོ། འོན་ཏེ་རྒྱ་ཡིག་ལ་དེ་ལྟར་མི་འཇུག  དེ་བཞིན་རྒྱ་ཡིག་ནང་གི“打”དང་བོད་ཡིག་ནང་གི“རྒྱག”གཉིས་ལྟ་བུ་གོ་དོན་འདྲ་ལ་ཕན་ཚུན་སྦྱོར་འགེབས་ཀྱང་ཐུབ་ཀྱི་ཡོད། དཔེར་ན། རྒྱ་སྐད“打枪” “打气” “打针”ལ་བོད་སྐད་ནང་དུའང་མེ་མདའ་རྒྱག ཕུ་རྒྱག ཁབ་རྒྱག་ཟེར་བ་ཡིན། འོན་ཀྱང་ཉིན་གླ་རྒྱུགས་ལྕགས་རྡུང་། བུད་ཤིང་འཐུ་ཟེར་བ་ལས་ཉིན་གླ་རྒྱག་ལྕགས་རྒྱག་སོགས་ཟེར་ན་མི་འགྲིག དེ་བཞིན་བོད་ཡིག་ནང་“རྒྱལ་པོའི་ཁབ་”དང་།“ཁབ་ཏུ་བླངས” “ ཁབ་བརྒྱབ་”ཅེས་པ་ལ་ལྟ་བུ་མིང་གཅིག་དོན་གྱི་རྣམ་གྲངས་ཅན་མང་པོ་ཡོད་པ་ཚང་མར་རྒྱ་ཡིག་ནང“国王针” “取来作针” “打针”ཞེས་བསྒྱུར་ན་བཞད་གད་ཀྱི་རྒྱུ་རུ་མི་འགྲོའམ།དེས་ན་གོ་དོན་འདྲ་ཙམ་གྱི་མིང་ཚིག་ཞིག་སྒྲ་སྒྱུར་བྱེད་སྐབས་དང་ཐོག་ངེས་པར་དུ་མིང་ཚིག་དེ་སྐད་ཀྱི་དཀྱུས་ལ་ཞུགས་རྗེས་དེའི་གནས་སྐབས་ཀྱི་གོ་དོན་གཏན་འཁེལ་དང་རང་སྐད་ཀྱི་ལུགས་ལ་ཇི་ལྟར་བརྗོད་དགོས་བསམ་བློ་བཏང་རྗེས་སྒྲ་སྒྱུར་བྱེད་པ་ལས་མིང་ཚིག་དེ་མཐོང་མ་ཉིད་དུ་ལམ་སེང་ཚིག་མཛོད་ནང་ནས་དེ་དང་ཐད་ཀར་སྦྱོར་འགེབས་ཐུབ་པའི་མིང་ཚིག་ཅིག་བཙལ་ཏེ་རྐུབ་བཀྱག་གི་ཨང་གྲངས་ལྟར་བང་སྒྲིག་ཏུ་བཅུག་ན་མི་འགྲིགདཔེར་ན་གྲོང་ཁྱེར་ལྷ་སའི་བྱང་ངོས་ཀྱི་ཁྱིམ་ཆས་ཚོང་ཁང་ཞིག་གི་སྒོ་བྱང་ལ་གསུང་རབ་ཁྱིམ་ཆས”ཞེས་བྲིས་འདུག་ཅིང་། དེའི་རྒྱ་ཡིག་ལ“经典家私”ཞེས་བྲིས་ཡོད་ཀྱང་དེ་ནི་ཁྱིམ་ཆས་སྤུས་དག་ཅེས་པའི་དོན་ལས་དེར་གསུང་རབ་ཀྱི་གོ་དོན་གཏན་ནས་མེད། དེ་ནི་བརྡའི་གནས་སྐབས་ལ་བལྟས་ནས་མ་བསྒྱུར་བར་ཞྭ་དཔེ་ལྷམ་འགེབས་བྱས་པ་རང་རེད། གཉིས་པ་ཚིག་གྲུབ་ཀྱི་གོ་རིམ་སྒྲིག་སྟངས་ནས་བཤད་ན་རྒྱ་སྐད་དང་བོད་སྐད་ལ་ཁྱད་པར་ཆེ་ཙམ་ཡོད། རྒྱ་སྐད་ཀྱི་སྐད་རིམ་ནི་སྤྱིར་བྱེད་པ་པོ་དང་། བྱ་ཚིག བྱ་བའི་ཡུལ་བཅས་ཡིན་པ་དེ་གོ་རིམ་བཞིན་བོད་སྐད་དུ་ཕབ་ན་“ངས་བྲིས་ཡི་གེ”ཞེས་པར་གྲུབ་ཀྱི་ཡོད། བོད་སྐད་ཀྱི་སྐད་རིམ་ནི་སྤྱིར་བྱེད་པ་པོ་དང་། བྱ་བའི་ཡུལ། བྱ་ཚིག་བཅས་ཡིན་པ་དེ་གོ་རིམ་བཞིན་རྒྱ་སྐད་དུ་ཕབ་ན“我字写”ཞེས་པར་གྲུབ་ཀྱི་ཡོད། ཚིག་གི་གྲུབ་ཆ་ནས་བཤད་ན་རྒྱ་ཡིག་གི་ཚིག་གྲུབ་ལ་ནི་གཙོ་བོ་བྱེད་པ་པོ་དང་བྱེད་ཚིག་བྱ་བའི་ཡུལ་བཅས་ཀྱི་ཁར་ཚིག་ཕྲད་ཡོད་དཔེར་ན། 我们(主语)要坚持不懈地(状语)学习(谓语)别国的(定语)先进技术(宾语), 把自己的国家建设得更加强大(补语)ལྟ་བུ་ཡིན། གལ་ཏེ་ཚིག་གྲུབ་དེ་བོད་ཡིག་ཏུ་ཕབ་ན་ང་ཚོས་(བྱེད་པ་པོ)རྒྱུན་སྲིང་ལྷོད་མེད་ཀྱིས་ (བྱེད་ཐབས་སྟོན་པའི་བྱེད་སྒྲ་)རྒྱལ་ཁབ་གཞན་གྱི་(འབྲེལ་སྒྲ་)སྔོན་ཐོན་ལག་རྩལ་(བྱ་བའི་ཡུལ་)སློབ་སྦྱོང་བྱས་(བྱ་ཚིག) ཏེ་རང་ཉིད་ཀྱི་རྒྱལ་ཁབ་འདི་ཉིད་དེ་བས་སྟོབས་འབྱོར་ལྡན་པ་ཞིག་ཏུ་(ལ་དོན་གྱི་སྒྲ)འཛུགས་སྐྲུན་བྱ་དགོས་ཞེས་པར་གྲུབ། དེ་ལྟར་དངོས་སུ་ཡིག་སྒྱུར་བྱེད་སྐབས་བྱེད་སྒྲ་དང་བྲེལ་སྒྲ་གཉིས་ཚིག་དཀྱུས་ཀྱི་གཡས་གཡོན་གང་བདེར་སྦྱར་ན་འགྲིག དཔེར་ན།  ང་ཚོས་རྒྱལ་ཁབ་གཞན་གྱི་(འབྲེལ་སྒྲ)  སྔོན་ཐོན་ལག་རྩལ་(བྱ་བའི་ཡུལ་) རྣམས་རྒྱུན་བསྲིངས་ལྷོད་མེད་ཀྱིས་(བྱེད་སྒྲ་)སློབ་སྦྱོང་བྱས་(བྱ་ཚིག་) ཏེ་རང་ཉིད་ཀྱི་རྒྱལ་ཁབ་འདི་ཉིད་དེ་བས་སྟོབས་འབྱོར་ལྡན་པ་ཞིག་ཏུ་(ལ་དོན་གྱི་སྒྲ་)འཛུགས་སྐྲུན་བྱ་དགོས། ཞེས་པ་ལྟ་བུར་བསྒྱུར་ནའང་འགྲིག དེས་ན་བོད་ཡིག་གི་ཚིག་གི་གྲུབ་ཆའི་ནང་དངོས་པོ་བདག་གཞན་དང་བྱ་བྱེད་ལས་གསུམ་དང་དུས་གསུམ་བཅས་མ་ཚང་བ་མེད་པའམ་དེ་དག་གི་རྐྱེན་མ་ཞུགས་པ་གཅིག་ཀྱང་མེད་ཅེས་ཟེར་ཆོག དེའང་བདག་གཞན་གྱི་དབྱེ་བ་ནས་བཤད་ན་གོང་གསལ་ཚིག་གྲུབ་ནང་གི་བྱེད་པ་པོ(施事主语)དང་བྱེད་ཚིག(能动现在时谓语)ནི་དངོས་པོ་བདག(能动者)དང་། བྱ་བའི་ཡུལ(对象宾语)དང་བྱ་ཚིག(所动未来时谓语)ནི་དངོས་པོ་གཞན(所动者)ཡིན། དེ་བཞིན་བྱ་བྱེད་ལས་གསུམ་ནས་བཤད་ན་དེའི་ནང་བྱ་བའི་ཡུལ(对象宾语)དང་། བྱེད་པ་པོ(施事主语)བྱ་བའི་ལས(涉事宾语)བཅས་གསུམ་ཚང་ཡོད། བྱ་ཚིག་གི་དུས་གསུམ་དབྱེ་བ་ནི་བྱ་ཚིག་དེ་རང་གི་ཐོག་ནས་མཚོན་པར་བྱེད་པ་མ་ཟད་བདག་གཞན་དབྱེ་བས་ཁྱབ་དང་མ་ཁྱབ་ལ་བལྟས་ནས་བྱ་ཚིག་ཐ་དད(动词)དང་ཐ་མ་དད(自动词)གང་ཞིག་སྤྱོད་དགོས་མིན་གཏན་འཁེལ་བྱེད། དེ་བཞིན་བོད་སྐད་ཀྱི་ཚིག་གྲུབ་ནི་ཕྲད་དང་རྣམ་དབྱེ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས་ཕྲད་དང་རྣམ་དབྱེ་མ་ཞུགས་ཚེ་ཚིག་ཏུ་མིའགྲུབ། དེའང་(མཁས་འཇུག་)ལས་མདོར་ན་རྣམ་དབྱེས་མིང་སྒྲུབ་ཅིང་།བྱེད་པའི་ཚིག་གིས་ཁམས་བསྒྲུབས་ནས། བརྗོད་བྱ་སྟོན་པའང་ངག་ཅེས་བཤད་ཅེས་གསུངས་པ་ལྟར་ངོས་ནས་ལོ་མང་རིང་ཡིག་སྒྱུར་བྱས་པའི་མྱོང་ཚོར་ལ་གཞིགས་ནས་བོད་སྐད་ནང་གི་བརྗོད་པ་གྲུབ་སྟངས་དེ་ཚིགས་བཅད་ཤོ་ལོ་ཀ་གཅིག་ཏུ་བསྡུས་ཡོད་པ་ནི་འདི་ལྟ་སྟེ། གང་ཞིག་མིང་ཚིག་ལས་གྲུབ་བརྗོད་པ་ཀུན། དངོས་པོ་བདག་གཞན་བྱ་བྱེད་ལས་གསུམ་དང་། ཕྲད་དང་རྣམ་དབྱེ་མ་ཞུགས་གཅིག་ཀྱང་མེད། དེ་རྣམས་སྐད་བབས་དང་བསྟུན་སྦྱོར་བ་ལེགས།ཞེས་པ་དེའོ། །
       གཞན་ཡང་མཚམས་རེ་རང་རེས་བསྒྱུར་བྱའི་མ་ཡིག་གི་གོ་དོན་ལེགས་པར་རྟོགས་ཀྱང་དངོས་སུ་སྒྲ་སྒྱུར་བྱེད་སྐབས་སྒྱུར་མ་བདེའི་གནད་དོན་མི་ཉུང་བ་ཞིག་འཕྲད་དེ་བསྒྱུར་ཡིག་དེ་ཡིག་འབྲུ་མང་པོ་མཉམ་དུ་བརྩིགས་པ་ལྟ་བུ་ལས་སྐད་ཆའི་བྲོ་བ་གང་ཡང་མེད་པའི་སྣང་བ་ཡོང་གི་ཡོད་པ་དེའི་རྒྱུ་མཚན་ནི་ཡི་གེ་སྒྱུར་སྐབས་བསྒྱུར་བྱའི་སྐད་ཡིག་གི་འགྲོ་ལུགས་ལ་བསྟུན་དྲགས་པ་དེ་ཡིན་པ་དང་རང་རིགས་ཀྱི་སྐད་ཡིག་དང་བསྟུན་རྒྱུར་དོ་སྣང་མ་ལྡེང་བ་དེ་ཡིན། གནད་དོན་དེ་ཐག་གཅོད་བྱེད་དགོས་ན་མིང་ཚིག་དང་། མིང་ཚིག་ཚོགས་པ། ཚིག་གྲུབ་ལ་སོགས་པ་སྒྱུར་སྐབས་བསྒྱུར་བྱའི་སྐད་ཡིག་གི་རྩ་བའི་དོན་མ་བརླག་པ་སྔོན་འགྲོར་བྱས་ཏེ་སྒྱུར་བྱེད་སྐད་ཡིག་གི་གོམས་གཤིས་སུ་འཇགས་པའི་བཤད་སྲོལ་དང་མཐུན་པ་བྱས་ནས་དགོས་ངེས་ཀྱི་སྣོན་འཕྲི་དང་ཚིག་སྦྱོར་ཤེས་པ་བྱེད་དགོས། དེའང་ཚིག་གྲུབ་ཀྱི་གོ་དོན་གསལ་པོར་སྟོན་ཆེད་སྣོན་འབྲི་བྱེད་དགོས་པའི་རིགས་དཔེར་ན་རྒྱ་ཡིག“党的白区工 作任务”ཞེས་པ་བོད་ཡིག་ཏུ་“གོ་མིན་ཏང་ལོག་སྤྱོད་ཤོག་ཁས་དབང་སྒྱུར་བྱེད་ཁུལ་གྱི་ཏང་གི་ལས་འགན་ ” ཞེས་བསྒྱུར་ན་གོ་དོན་གསལ་པོ་སྟོན་མི་ཐུབ་པས་“གོ་མིན་ཏང་ལོག་སྤྱོད་ཤོག་ཁས་དབང་སྒྱུར་བྱེད་ཁུལ་དུ་ཏང་གིས་སྒྲུབ་དགོས་པའི་ལས་འགན་” ལྟ་བུར་ཚིག་བསྣན་ནས་བསྒྱུར་ན་དོན་གསལ་བ་ཡོད།  ཚིག་དོན་ལ་བསྐྱར་ཟློས་མི་ཡོང་བའི་ཆེད་འཕྲི་སྒྱུར་བྱ་དགོས་པ་དཔེར་ན་རྒྱ་ཡིག“加强党的建设,加强政治思想工作,加强组织纪”ཞེས་པ་བོད་ཡིག་ཏུ“ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཆབ་སྲིད་བསམ་བློའི་ལས་ཀར་ཤུགས་སྣོན་རྒྱག་རྒྱ།”ཞེས་བསྒྱུར་ན་འགྲིག་ལ་དེ་ལྟར་མ་བསྒྱུར་བར་“ཏང་སྒྲིག་འཛུགས་སྒྲིག་ལམ་ལ་ཤུགས་སྣོན་རྒྱག་རྒྱུ”ཞེས་བསྒྱུར་ན་འགྲིག་ལ་དེ་ལྟར་མ་བསྒྱུར་བར་“ཏང་འཛུགས་སྐྱོང་དང་། ཆབ་སྲིད་བསམ་བློའི་ལས་ཀ། སྒྲིག་འཛུགས་སྒྲིག་ལམ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་”ལྟ་བུར་བསྒྱུར་ན་ཚིག་བསྡུས་ལ་གོ་བདེ་བ་ཡོང་།
       མདོར་ན་སྒྲ་སྒྱུར་གྱི་ལས་ཀ་ནི་སྦྱགས་ཁྱེམ་གྱིས་ས་ཁ་གཏིང་སློག་པ་ལྟ་བུའི་སྟབས་བདེའི་ལས་ཀ་ཞིག་གཏན་ནས་མ་ཡིན་པར་དེ་ནི་ངལ་བ་ཅན་གྱི་བསམ་པའི་ངལ་རྩོལ་ཞིག་ཡིན། ཡིག་སྒྱུར་གྱི་བརྒྱུད་རིམ་ནི་ཡིད་ཀྱི་ངལ་བ་ཚད་མེད་སྤྱད་ནས་ཐེ་ཚོམ་གྱི་དྲ་རྒྱ་མང་པོ་གཅོད་པའི་བརྒྱུད་རིམ་ཞིག་ཡིན་པས་དེ་ལ་སྣང་མེད་གཡོ་ཟོལ་གཏན་ནས་བྱ་རྒྱུ་མེད། ལོ་ཙཱ་བ་ཞིག་གིས་སྤུས་ཚད་མཐོ་ཙམ་གྱི་སྒྲ་སྒྱུར་ལས་ཀ་བྱེད་བསམ་ན་རང་ཉིད་ལ་སྐད་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོ་ཙམ་དགོས་པས་མ་ཚད་ཕྱོགས་གང་ཐད་ཀྱི་ཤེས་ཡོན་ལྡན་དགོས་ལ་ལས་ཀའི་ཀུན་སྤྱོད་ཀྱང་བཟང་ཙམ་དགོས་གཤིས། དེ་ལྟར་མིན་ན་སྒྲ་སྒྱུར་གྱི་ལས་འགན་ཡག་པོ་སྒྲུབ་མི་ཐུབ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་ཚན་རིག་ལག་རྩལ་གྱི་ཤེས་བྱའི་ཉམས་མྱོང་སྤེལ་རེས་བྱས་པ་དང་བསྟུན་ནས་རང་རྒྱལ་གྱི་སྒྲ་སྒྱུར་བྱ་གཞག་ཀྱང་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་གོང་འཕེལ་ཕྱིན་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་ཐུགས་འཁུར་དང་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་རྒྱ་བོད་སྐད་ཡིག་གི་སྒྲ་སྒྱུར་ལས་དོན་ལའང་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལྷག་པར་ཀྲུང་དབྱང་ནས་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་ལྔ་པ་བསྐོང་འཚོགས་གནང་རྗེས་རང་ལྗོངས་ཀྱི་ལས་ཁུངས་མི་ཉུང་བ་ཞིག་གིས་བོད་རྒྱའི་སྐད་ཡིག་སྦྱོང་རྒྱུར་དོ་སྣང་བྱེད་པ་དང་། འབྲེལ་ཡོད་ལས་ཁུངས་ནས་རྒྱ་བོད་ཁྲིམས་ལུགས་ཀྱི་ཚིག་མཛོད་ཆེ་མོ་རྩོམ་སྒྲིག་དང་པར་སྐྲུན་འགྲེམས་སྤེལ་བྱས་པ། བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་རྒྱ་བོད་ཡིག་སྒྱུར་ནང་གསར་དུ་ཐོན་པའི་བརྡ་དག་མིང་ཚིག་བསྒྱུར་ཚུལ་དུས་ཐོག་ཏུ་བཀས་བཅད་འགྲེམས་བསྒྲགས་བྱས་ཏེ་གཅིག་འགྱུར་བེད་སྤྱོད་བྱེད་ཀྱི་ཡོད་པ། རང་ལྗོངས་སུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྒྲ་སྒར་སྐོར་གྱི་རིག་ལམ་དཔྱད་ཞིབ་ཀྱི་ཚོགས་འདུ་འཚོགས་པ། ད་དུང་དེ་བས་ཀྱང་གལ་ཆེ་བ་ཞིག་ནི་ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ནས་མ་དངུལ་ཕོན་ཆེན་བཏང་སྟེ་བོད་རིགས་ཀྱི་རིག་གནས་མཁས་པ་རྣམས་སྒྲིག་འཛུགས་ཀྱིས་བོད་ཡིག་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་ཚན་དང་དེང་དུས་རིག་ཚན་གྱི་མིང་ཚིག་བསྡོམས་ཁྲི་བཅོ་ལྔ་བསྡུ་རྒྱུ་མ་ཟད་དེ་དག་ལ་ཚིག་འབྲེལ་བྲིས་ཏེ་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་འདོན་རྒྱུའི་ལས་ཀ་བྱས་དང་བྱེད་བཞིན་པ་མ་ཟད་འདི་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱ་རྒྱུ་ཡིན་པ་བཅས་ཀྱིས་རང་ལྗོངས་ཀྱི་སྒྲ་སྒྱུར་བྱ་གཞག་གོང་དུ་འཕེལ་རྒྱུར་ཡང་ཕན་རླབས་ཆེན་པོ་ཐོན་ངེས་ཡིན། དེང་སྐབས་རང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ལ་བལྟས་ན་ཡིག་སྒྱུར་ནི་བོད་སྐད་ཡིག་གི་ལས་དོན་གལ་ཆེན་ཞིག་དང་། དོན་དངོས་ཀྱི་དགོས་མཁོ་དང་མཐུན་པའི་ཞིབ་ཕྲའི་ལས་དོན་ཞིག་བོད་ཀྱི་ལས་དོན་ཁག་དང་ལྷག་དོན་ཞིང་འབྲོག་མང་ཚོགས་ལ་མཁོ་ཆེ་ཤོས་དང་ཕན་ཐོགས་ཤོས་ཀྱི་ལས་ཀ་ཞིག་ཡིན་འདུག་པས་དེ་དམ་འཛིན་ཡག་པོ་བྱས་ན་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གོང་འཕེལ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུར་གདོན་མི་ཟའོ། །
ནམ་འཕང་གཅོད་པའི་གཤོག་རླབས་མི་ལྡན་ཁར།།
རླུང་འཁྱེར་འཕུར་རྩེད་ཟོལ་ལ་མངོན་རློམས་འདི།།
བྱ་རིགས་གཞན་གྱི་འཕྱ་བའི་རྒྱུར་གྱུར་ཀྱང་།།
རང་ཉིད་ཅི་དགར་འཕུར་ལ་འགལ་བ་ཅི།།
དེས་ན་བྱ་རྒྱལ་ཀུ་ཧུའི་སྙན་དབྱངས་ཀྱི།།
རྗེས་སྙེགས་འོལ་པ་རྒས་པོའི་འཛེར་སྐད་འདི།།
བསིལ་ལྗོངས་རིག་གནས་དགའ་ཚལ་རབ་རྒྱས་པའི།།
དབྱར་གྱི་དཔལ་མོའི་སྤྲོ་ཉམས་འཕེལ་ཕྱིར་བསྒྲགས།།
བཙག་སེར་དབང་ཕྱུག་ནས་རང་ཤག་ཏུ་བྲིས་པའོ།།

རྩོམ་པ་པོ། ཞུས་ཆེན་ལོ་ཙཱ་བ། དེ་སྔ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད་)ཀྱི་ཀྲུའུ་རེན་གཞོན་པ། ཅུད་ཀྲང་གཞོན་པ།
འབྲེལ་ཡོད་འོས་སྦྱོར།