logo

«མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས»ཁྲོད་ཀྱི་གཏམ་དཔེ་བོད་འགྱུར་སྐོར་གླེང་བ།

རྩོམ་པ་པོ།:སྐར་མ་མཚོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-04-22 ཀློག་གྲངས།:
       སྐད་བརྡའི་གྲུབ་ཆ་གལ་ཆེན་གཏམ་དཔེའམ་གྲུབ་ཚིག(成语)ལ་མཚོན་ན། ཚིག་ཉུང་ཞིང་དོན་འདུས་པ། སྒྲིག་གཞི་ཚགས་དམ་ཞིང་སྣང་བརྙན་གསལ་བ། མཚོན་ཐབས་གསོན་ཉམས་ལྡན་ཞིང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་འདུས་པའི་ཁྱད་ཆོས་དང་ལྡན་པས། གཏམ་དཔེ་ལས་སྐད་ཡིག་གང་དེའི་ཁྱད་ཆོས་དང་རིག་གནས་ཀྱི་ཁྱད་གཤིས་མངོན་པར་མཚོན་ཡོད། འདིར«མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས»(འོག་ཏུ«གཅེས་བསྡུས»ཞེས་བསྡུ་རྒྱུ།)གཞིར་བྱས། དེ་ལས་བྱུང་བའི་གཏམ་དཔེ་ཁག་ཅིག་གི་སྒྱུར་སྟངས་ལ་རིགས་ཕྱེ་བའི་རྨང་གཞིའི་སྟེང་། དགོངས་པ་མཐིལ་རྟོགས། ཁ་མིག་ཡར་བལྟ། གནའ་བཟང་དེང་སྤྱོད། རང་གི་སློབ་སྦྱོང་བཅས་ལ་དམིགས་ཏེ་དབྱེ་ཞིབ་ཕྲན་ཙམ་བྱས་ཡོད།
གཅིག ཐད་སྒྱུར་གྱི་སྐོར།
       ཐད་སྒྱུར་ནི་ལོ་ཙཱའི་ལག་ལེན་ལས་སྤྱད་ཐབས་མང་ལ་མ་ཡིག་དང་འགྱུར་ཡིག་གི་རྣམ་པ་དང་ནང་དོན་གཅིག་འདྲ་ཡིན་པ་ལ་གོ་ཞིང་། མ་ཡིག་དང་འགྱུར་ཡིག་གི་བར་དུ་ནང་དོན་གཅིག་མཚུངས་ཡིན་པར་མ་ཟད། ཚིག་ངོས་ཀྱི་དོན་ཀྱང་མཚུངས་པའམ་ཐ་ན་སྒྲིག་གཞི་དང་རྣམ་པའི་ཐད་ནས་ཀྱང་གཅིག་མཚུངས་ཡིན་པ་རེད།མཁས་པ་རྣམ་པས་ཐད་སྒྱུར་ནི་མ་ཡིག་ལ་བསྟུན་དགོས་ཀྱང་ཐད་ཀར་ཐ་སྙད་དང་ཡིག་འབྲུ་རེ་རེ་བཞིན་སྒྱུར་བའམ། ཡི་གེ་དང་ཡི་གེ་བསྒྱུར་ཏེ་གཅིག་གིས་ཀྱང་མི་མང་ཞིང་གཅིག་གིས་ཀྱང་མི་ཉུང་བ་མིན་ལ།ཁྱད་པར་རིགས་པའི་གཞུང་ལུགས་སྐོར་གྱི་རྩོམ་ཡིག་དང་། སྲིད་དོན་ནམ་གཞུང་ཕྱོགས་ཀྱི་ཡིག་ཆ་དང་ཁྲིམས་ལུགས་སྐོར་བསྒྱུར་ཚེ་ཐད་སྒྱུར་གྱི་ཐབས་གཙོ་བོར་སྤྱད་དགོས་པར་བསྟན་ཡོད་དེ། དཔེར་ན། «གཅེས་བསྡུས»ཁྲོད་བྱུང་བའི་གཏམ་དཔེ“རྩ་ཟབ་སྡོང་བརྟན།根深蒂固 ཕྲ་དོགས་ཆུང་ཟོན།谨小慎微 དམག་བསྡུ་རྟ་ཉོ།招兵买马 མཁར་བཙན་ཡུལ་གཙང་།坚壁清野 ཞོགས་གཅིག་ནུབ་གཅིག一朝一夕 དུས་དཔག་བབ་སྟུན།审时度势 ཤར་དཀྲོག་ནུབ་རྡེག声东击西 བློ་མོས་ཡིད་སྤྲོ།心甘情愿 རྒྱལ་ཕུང་དམངས་གནོད།祸国殃民”ཞེས་པ་སོགས་ལྟ་བུས་ནི་མ་ཡིག་གི་གོ་དོན་དང་ཚིག་ངོས་ཀྱི་རྣམ་པ་ཉིས་ཆར་འདྲ་མཚུངས་སུ་བསྒྱུར་ཡོད་ཅིང་།མ་ཡིག་གི་ཟིལ་དང་དེ་ལས་མངོན་པའི་བློ་གྲོས་ཇི་བཞིན་བསྟན་འདུག
གཉིས། དོན་སྒྱུར་གྱི་སྐོར།
       དོན་སྒྱུར་ནི་ཐད་སྒྱུར་ལ་བལྟས་ནས་བརྗོད་ཅིང་། དེ་ནི་མ་ཡིག་ལ་བསྟུན་པའི་རྨང་གཞིའི་སྟེང་དེའི་མཚོན་ཐབས་དང་མཚོན་བྱེད་ལ་འགྱུར་བ་བཏང་ཆོག་ཅིང་། འགྱུར་ཡིག་གི་ནང་དོན་ཐད་མ་ཡིག་དང་གཅིག་མཚུངས་ཡིན་མོད་རྣམ་པའི་ཐད་ནས་འགྱུར་བ་བཏང་ཡོད་པ་ལ་ཟེར། རྒྱ་བོད་སྐད་ཁོངས་ཀྱི་སྐད་ཡིག་སོ་སོར་དོན་སྟོན་པའི་ཐད་ནས་འདྲ་ས་མང་ཡང་། རིག་གནས་དང་འཚོ་བའི་གོམས་གཤིས་སོགས་ཐ་དད་པའི་ཁོར་ཡུག་ཁྲོད་བསྐྱེད་པའི་སྐད་ཆ་རེ་ལ་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་མངའ་བས། གལ་ཏེ་མ་ཡིག་གི་སྒྲིག་གཞི་དང་ཚིག་ངོས་ཀྱི་བསྟན་དོན། བརྡ་སྤྲོད། གཏམ་དཔེ་སོགས་ལ་བསྟུན་ཆེ་ན། དོན་ཡོངས་སུ་གོ་བ་ལོག་པའམ་འཁྲུལ་བར་འགྱུར་སྲིད་པས།དོན་སྒྱུར་གྱི་ཁྱད་འདོན་པའི་དགོས་པའང་ཡོད་དོ། ། འོག་ཏུ་བཀོད་པའི«གཅེས་བསྡུས»ཁྲོད་ཀྱི་གཏམ་དཔེ་ཁག་ནི་དོན་སྒྱུར་གྱི་མ་དཔེ་རུ་བཟུང་ཆོག་པར་འདོད་དེ། དཔེར་ན“མིང་དོན་མཚུངས་པ།名副其实 མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ།星星之火,可以燎原 བློ་སེམས་གཅིག་སྒྲིམ།专心一意 དབྱེན་སྦྱོར་དཀྲུག་ཤིང་།挑拨离间 དམར་འཛིང་མཐའ་འཁྱོལ།血战到底 དཔའ་མཛངས་གཉིས་ལྡན།智勇双全 གསལ་མ་གསལ།含含糊糊 དགྲ་བོར་ངར་ཤུགས་ཆེ་དུས་གཡོལ། དགྲ་བོར་ངལ་དུབ་བྱུང་དུས་རྡུང་།避其锐气,击其惰归 གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ།言必行,行必果 གང་འཇམ་གང་ཡག轻描淡写 རྫིག་རྫིག་རྔམ་རྔམ།大摇大摆 རྔ་རྡུང་དུང་འབུད།大吹大擂 གང་གསུང་དེ་སྒྲུབ།令行禁止 ཁ་མཁས་སྟོང་བཤད།夸夸其谈 མ་དག་རྒྱུན་འབྱམས།谬种流传 ཕྱི་མཛེས་ནང་སྟོང་།华而不实 མིང་སྟོང་ཙམ།徒有虚名 འབེན་ཡོད་སར་མདའ།有的放矢 འཆི་མེད་རིལ་བུ།灵丹圣药 རེངས་སྔགས།定身法 བདེན་དོན་སྙོན་མེད།天经地义 མ་ཡིན་ཡིན་མདོག装模作样 རང་དཔེ་གཞན་སྟོན།以身作则”ཞེས་པ་སོགས་ལྟ་བུ་ནི་མ་ཡིག་གི་དོན་སྒྱུར་རུང་དེ་ལ་བསྟུན་པའི་རྨང་གཞིའི་ཐོག མིང་གི་ཆ་ཤས་སམ་མིང་གི་ཚོགས་སྔ་ཕྱི་དང་གོང་འོག་འོས་འཚམ་བསྣོལ་ཏེ། འགྱུར་ཡིག་གི་ཁྱད་ཆོས་ལྟར་སྡེབ་ལེགས་པ་དང་སྙན་པའི་ཡོན་ཏན་ཅི་དགར་ཐོན་ཡོད་པའོ། །
གསུམ། འགྲེལ་སྒྱུར་རམ་སྣོན་སྒྱུར་གྱི་སྐོར།
       འགྲེལ་སྒྱུར་རམ་འགྲེལ་བརྗོད་རང་བཞིན་གྱི་ཡིག་སྒྱུར་ནི་དམིགས་བསལ་གྱི་སྣོན་སྒྱུར་བྱ་སྟངས་ཤིག་ཡིན་ཞིང་། འགྱུར་ཡིག་གི་སྐད་ཡིག་དང་རིག་གནས་ཀྱི་མི་འདང་བའི་ཆ་ལ་ཁ་གསབ་བྱེད་པར་སྤྱོད་པས། འདི་ནི་སྣོན་སྒྱུར་དང་ཁ་གསབ་གཉིས་ལ་འབྲེལ་བ་དམ་པོ་ཡོད། དེས་རྩོམ་ཡིག་གི་རྒྱུན་མཐུད་རང་བཞིན་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཆ་འཕྲིན་གང་ལེགས་མཁོ་འདོན་དང་མཆན་བུས་མ་ཁེབས་པའི་གནད་དོན་ཐག་གཅོད་ཐུབ། རིག་གནས་བརྗེ་རེས་ཁྲོད་སྐད་ཡིག་རིག་གནས་མི་འདྲ་བའི་ཐུན་མིན་གྱི་ཆ་དང་རིག་གནས་རྒྱབ་ལྗོངས་ལ་འགྲེལ་བཤད་ཞིབ་མོ་བྱས་པས་རིག་གནས་བརྗེ་རེས་ཀྱི་ནུས་པ་གལ་ཆེན་འདོན་ཐུབ། དེ་བཞིན་རིག་གནས་བརྗེ་བའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཡིན་ལ། ལོ་ཙཱའི“དོ་མཉམ་པའི”གཞུང་ལུགས་ཀྱང་མཚོན་མོད། འོན་ཀྱང་ངེས་པར་གོ་བདེ་བ་དང་ཚད་རན་པ།བྱུང་རིམ་དང་རྩོམ་ལུས་བཅས་ཀྱི་ཚད་གཞི་བརྩི་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་འགྲེལ་སྒྱུར་བྱ་བ་ལས། རང་དགར་ཚིག་ཁ་བསྣན་ཏེ་གང་འདོད་འདོད་དུ་འགྲེལ་སྒྱུར་བྱས་མི་ཆོག དཔེར་ན«གཅེས་བསྡུས»ཁྲོད་བྱུང་བའི“ཆར་རླུང་ནང་བཞིན་ག་ས་ག་ལ་ཁྱབ།满城风雨 གཤོག་པ་མེད་ནའང་འཕུར་ཤེས་པ་ནང་བཞིན།不翼而飞 ལྷམ་ལ་སྟུན་ནས་རྐང་པ་གཤོག་པའི་དཔེ།削足适履 གནམ་ས་འདྲ་བའི་ཧེ་བག་ཡོད་པ།天壤之别 རང་གི་བསམ་པ་ནང་བཞིན་ཐད་ཀར་འགྲུབ་ཐུབ་པ།径情直遂 རེ་འདོད་བྱས་པ་ནང་ལྟར་ཡོང་བ།尽如所期 དོན་དེ་རིགས་མེད་པ་ནང་བཞིན་སེམས་ལྷོད་ལྷོད་བྱས་ནས་བསྡད་པ།泰然处之,行若无事 ཧྭ་ཤང་ཉིན་གཅིག་བྱས་ན་ཅོང་ཉིན་གཅིག་རྡུང་བའི་དཔེ་ནང་བཞིན་ཁྲལ་སེལ་སླ་བཅོས་དང་ཉི་མ་གང་འཁྱོལ།敷衍了事,得过且过,做一天和尚撞一天钟 སྐྱག་འབུ་འགུལ་བ་ནང་བཞིན་ལངས་ཡོང་རྒྱུ།蠕蠕而动 ཁྱི་སོ་ནང་བཞིན་ཕན་ཚུན་སྣོལ་བའི།犬牙交错 ལམ་བྱང་ལ་བཞག་ནས་འཁོར་ལོ་ལྷོ་ལ་བཏང་བ་ནང་བཞིན།南其辕而北其辙 རང་གི་ནད་གསང་ནས་སྨན་བཅོས་མི་བྱེད་པ་ནང་བཞིན།讳疾忌医 རྒྱ་མ་ཕྱེད་དང་སྲང་བརྒྱད་ནང་བཞིན་ཁྱད་པར་མེད་པ་ཅིག半斤八两 སྒོ་བརྒྱབ་ནས་ཤིང་རྟ་འཁོར་ལོ་བཟོ་པ་ནང་བཞིན།闭门造车”བཅས་སུ“ནང་བཞིན་དང་དཔེ། འདྲ་བ། ནང་ལྟར”ལ་སོགས་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་བསྣན་པ་དང་། མ་ཡིག་ཁྲོད་མེད་ཀྱང་ཤུགས་དོན་སྟོན་པའི་ཚིག“ག་ས་ག་ལ་ཁྱབ། ཁྱད་པར་མེད་པ་ཅིག”བཅས་འགྲེལ་བཤད་ཀྱི་ཚུལ་དུ་བསྣན་པ་ནི་ཚིག་ལྷག་མིན་པར། མ་ཡིག་གི་དོན་སྟོན་པའི་ཐབས་རྩལ་ཁྱད་པར་ཅན་ནོ། །
       དེ་བཞིན་དེ་ལས་བྱུང་བའི“གཟབ་བརླིང་གི་སྒོ་ནས་གོ་སྐབས་སྒུག持重待机 ཕན་ཚུན་རྒྱབ་འགལ་རེད་ལ་ཕན་ཚུན་གྲོགས་ཡང་བྱེད།相反相成 ཐབས་མཁས་ཀྱིས་རང་སྲུང་བྱས་ནས་རང་ཉིད་ལ་ཉེས་སྐྱོན་མི་ཡོང་བ་ཁོ་ནར་འབད་པ།明哲保身,但求无过 མི་དམངས་དང་མཉམ་དུ་གསར་བཅོས་མཐར་ཕྱིན་པ་ཅིག་བྱེད་རྒྱུ།与民更始 ཆུ་འོབས་གཏིང་རིང་དང་བཙན་རྫོང་མཐོན་པོ་བཟོ་རྒྱུ།深沟高垒 སྟོབས་ཞན་པ་ཅིག་གིས་སྟོབས་ཆེ་བ་ཅིག་ལ་ཁ་གཏད་གཅར་རྐྱང་བྱེད་རྒྱུ།以弱敌强 དམག་རྒྱག་པར་གཡོ་ཐབས་ལ་འཛེམ་རྒྱུ་མེད།兵不厌诈”བཅས་ཀྱིས་ནི་བསམ་གཞིག་གཏོང་སྟངས་དང་སྐད་ཆ་བརྗོད་སྟངས། རིག་གནས་ཁོར་ཡུག་གི་ཁྱད་པར་ལས་བྱུང་བའི་ཆ་དེ་ཀློག་པ་པོའི་ཁམས་དང་མོས་པར་བསྟུན་ནས་འོས་འཚམ་གྱིས་སྣོན་སྒྱུར་བྱས་ཡོད་ཅིང་། རྩོམ་ཡིག་གང་དེའི་དབང་གྲགས་རང་བཞིན་དང་མ་ཡིག་གི་དོན་ཇི་བཞིན་མཚོན་ཐུབ་འདུག་གོ །
       གཞན་ཡང་མི་མིང་ས་མིང་དོན་མང་མིང་། །སོར་འཇོག་སྒྲ་དང་འདྲེས་མར་བསྒྱུར། །མི་མིང་བྱེད་པོའི་མོས་པར་བསྟུན། །ས་མིང་སྔ་མའི་སྲོལ་ལྟར་བསྒྱུར། །དོན་སྒྱུར་མེས་པོའི་ལུགས་མཐུན་བྱ། །ཐ་སྙད་སྒྲ་རྣམས་སྒྲོ་སྐུར་དང་། །དོན་མང་འཁྲུལ་བའི་མིང་རྣམས་སྤོངས། །མ་བུ་སྒྲ་གདངས་ཟུར་ཕྱིན་སྦྱར། །ཞེས་པ་ལྟར། “ཧྲེ་ཀུང་འབྲུག་ལ་དགའ་བའི་དཔེ།叶公好龙 ཝེ་སྐོར་ཀྲའོ་སྐྱོབ།围魏救赵 ཁྭ་ཧྥུ་གིས་ཉི་མ་དེད།夸父追日 དབྱིས་གིས་མདའ་བརྒྱབ་ནས་ཉི་མའི་དཀྱིལ་འཁོར་དགུ་གཏོར།羿射九日 སྤྲེའུ་སུན་ཝུའུ་ཁུང་གིས་རྫུན་འཕྲུལ་བདུན་ཅུ་དོན་གཉིས་བསྟན་པ།孙悟空七十二变 ཡུས་ཀུང་གིས་རི་བོ་སྤོས།愚公移山”བཅས་ས་མིང་མི་མིང་གི་སྒྲ་སོ་རུ་བཞག་སྟེ་ལོ་ཙཱའི་གཞུང་ལུགས་ལ་གང་བསྟུན་དང་། དེ་བཞིན“གྲངས་ཁ་མ་ཐེབས་པ་ཅིག་བྱུང་འདུག 不可胜数 མིག་བཙུམ་ཞིང་རྣ་བ་བཀག་ནས།闭目塞听 ཏག་ཏག་དེ་དང་གབ་ཕྱི་ལོག་ནས།适得其反 ལྷོགས་རྒྱན་སྡེབ་འཛུགས་བྱས།孤注一掷 ཁུང་ཙིས་བཤད་ཡས་ལ་སྦྱང་ནས་དུས་ཐོག་ལ་སྐྱར་སྦྱོང་བྱས་ན་དགའ་མི་ཡོང་ངས་ཟེ་བཤད་པ།子曰学而时习之不亦乐乎 གོས་ཆེན་ཐོག་ལ་ཕར་ཕྱིན་བརྒྱབ་པ།锦上添花 གངས་འབབ་པའི་སྐབས་ལ་མེ་ཤིང་སྐྱེལ་བ།雪中送炭”ལ་སོགས་པ་དབུས་གཙང་གི་ལུང་སྐད་ཀྱི་ཤན་ཞུགས་པ་དང་། ཡང་ན“ཁྲུན་ཆིའུ་དུས་རབས་ལ་དྲང་བདེན་གི་དམག་འཁྲུག་མེད།春秋无义战 མི་གིས་བརྩོན་འགྲུས་བྱེད་ཐུབ་ན། །འཇིག་རྟེན་འདི་ལ་དཀའ་ངལ་མེད། །世上无难事,只怕有心人 རང་གཞན་གཉིས་གི་གནས་ཚུལ་ཤེས་པ་ན། །དམག་འཐབ་ཐེངས་བརྒྱ་བྱས་ཡང་ཕམ་མི་འགྱུར། །知己知彼,百战不殆 འོབས་དོང་ལ་ཐེངས་གཅིག་ཟགས་ན་ཤེས་རབ་ཐེངས་གཅིག་འཕེལ་གི་རེད།吃一堑长一智 ཚང་མ་དེ་ལས་བརྒལ་ཐུབ་གི་མ་རེད།概莫能外 སླ་པོར་ཐག་བཅད་ཐུབ་གི་རེད།迎刃而解 དེའི་ཐོག་ནས་མི་སེམས་ག་པར་གཏད་ཡོད་མེད་གསལ་བོ་མཐོང་ཐུབ་གི་རེད།人心向背 སྤོས་མཆོད་ཕུལ་ནས་སྨོན་ལམ་རྒྱག་རྒྱུའི་བྱ་བ་ཅིག་ལ་བརྩི་གི་ཡོད།馨香祷祝”ལ་སོགས་པ་དམིགས་བསལ་གྱི་དུས་སྐབས་སུ་བྱུང་བའི་སྐད་ཡིག་གསར་བཅོས་སམ་སླ་བཅོས་ཀྱི་རྗེས་ཤུལ་གསལ་བོར་མངོན་ཡོད་ཀྱང་། སྤྱིའི་ཆ་ནས་གཙོ་འཛིན་གྱི་གསུང་རྩོམ«གཅེས་བསྡུས»བོད་འགྱུར་མར་སྐབས་དེའི་རྒྱལ་ཡོངས་གོང་འོག་ཡོངས་ནས་མཐོང་ཆེན་པོ་གནང་བ་དང་། སྔ་སོར་ལོ་ཙཱ་བ་དང་པཎྜི་ཏ་གདན་གཅིག་ཏུ་འཛོམས་ཏེ་ཆོས་ཀྱི་གཞུང་བསྒྱུར་གནང་བ་ལྟར། རྒྱ་བོད་ཀྱི་མཁས་པའི་ཡང་རྩེ་རྣམས་གཅིག་ཏུ་འཛོམས་ནས་བསྒྱུར་བས། ད་ལྟའི་རྒྱ་བོད་ལོ་ཙཱའི་སློབ་སྦྱོང་གི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་འདོད་ལ། དེ་ལས་འགྲེལ་སྒྱུར་རམ་སྣོན་སྒྱུར། ཁ་གསབ་ཀྱི་ཆ་མང་དུ་ཐོན་པ་ཡང་། མང་ཚོགས་ཀྱིས་གོ་བ་ལོན་པའམ་འགྱུར་གྱི་དོན་ཐོན་པ་གཙོར་བཟུང་བར་འདོད་དོ། །

ཟུར་ལྟའི་དཔྱད་ཡིག
1.《毛泽东文选》.人民出版社.1991年6月第2版.2008年6月北京第10次印刷.第一册至第四册。
2. 
«མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས» མི་རིགས་དཔེ་སྐྲུན་ཁང་གིས་བསྒྱུར་ནས་སྐྲུན། 1969ལོའི་ཟླ2པར་པེ་ཅིན་ལ་པར་ཐེངས2པ་བརྒྱབ། དེབ་དང་པོ་ནས་བཞི་པ།
3. ཟླ་བ་ཚེ་རིང་། «ཆུ་ངོགས་གཏམ་རྒྱུད»ཀྱི་བོད་འགྱུར་མའི་ཐབས་ལམ་ལ་རགས་ཙམ་དཔྱད་པ། མི་རིགས་ལོ་ཙཱ། [J]. 2009:2-71
4. ཡེ་ཤེས་དོན་གྲུབ། «ལོ་ཙཱའི་གཞུང་ལུགས་གསར་འགྲེལ» [M]. པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2015ལོ།
འབྲེལ་ཡོད་འོས་སྦྱོར།