logo

ཡིག་སྒྱུར་གྱི་འགྱུར་སྐྱོན་དང་འཁྲུལ་བ་སེལ་ཐབས་བློ་གསར་དགྱེས་པའི་གཏམ།

རྩོམ་པ་པོ།:དམ་ཆོས་བསམ་འགྲུབ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད།:2024-08-06 ཀློག་གྲངས།:
       ཡིག་སྒྱུར་གྱི་བྱ་གཞག་འདི་ཉིད་གངས་ལྗོངས་ས་མཐོར་དར་ནས་བགྲང་བྱ་སྟོང་ཕྲག་ལྷག་ཙམ་སོང་ཡོད་ཅིང་། འདིས་བོད་ཀྱི་ཤེས་རིག་དར་ཞིང་རྒྱས་པར་ནུས་པ་ཆེན་པོ་ཐོན་པ་ཀུན་གྱིས་ཤེས་གསལ་ལགས། ཉེ་བའི་ཆར། ཡིག་སྒྱུར་འདི་ཉིད་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ལྟ་བའི་མིག་ལྟ་བུར་འགྱུར་བཞིན་ཡོད་པ་དང་ཡིག་སྒྱུར་གྱི་བྱ་གཞག་ཀྱང་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་མུས་རེད། འོན་ཀྱང་། ཡིག་སྒྱུར་གྱི་བརྒྱུད་རིམ་ནང་འགྱུར་སྐྱོན་དང་འགྱུར་གཅོང་ཡང་ཅི་རིགས་འཐོན་བཞིན་ཡོད་སྟབས། གུས་མོས་རང་ནུས་ལྕོགས་ཚོད་ཀྱིས་ཡིག་སྒྱུར་གྱི་འགྱུར་སྐྱོན་དང་འཁྲུལ་བ་སེལ་ཐབས་རགས་ཙམ་གླེང་བར་བྱའོ། །
དང་པོ། མིང་དུ་མ་གྲུབ་པ།
       དེ་ཡང་། «ལང་ཀར་གཤེགས་པའི་མདོ»ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་བཞིན། བྱ་དངོས་གང་ཞིག་ཡིན་རུང་མིང་རེ་མེད་ན་དབྱེ་བ་འབྱེད་དཀའ་བས་མིང་རེ་འདོགས་དགོས་པ་ནི་ཆོས་ཉིད་དུ་གྲུབ། ཆ་འཕྲིན་ཅན་གྱི་དེང་གི་དུས་འདིར། མིང་བརྡ་གསར་པ་མང་པོ་ཞིག་ཐོན་དང་འཐོན་མུས་ཡིན་པས། དེ་ལ་འཚམ་པའི་བོད་སྐད་ཀྱི་མིང་རེ་འདོགས་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ། །དེ་ལྟར་མཁས་པའི་ཚིག་ནི་ལྐུགས་གྱུར་བས། །ཞེས་གསུངས་པ་བཞིན། བྱ་བ་དང་དངོས་པོ་རེ་རེར་མིང་རེ་འདོགས་རྒྱུ་ནི་མ་གཞི་ལས་སླ་པོ་མེད་མོད། དངོས་ཡོད་འཚོ་བའི་ནང་བྱ་བ་དང་དངོས་པོ་རེ་རེར་འཁྲུལ་པ་མེད་པར་ངོས་འཛིན་བདེ་བའི་ཆེད་དུ་མིང་རེ་འདོགས་དགོས་པ་ཡང་དོན་ཆུང་ཞིག་ག་ལ་ཡིན། རྟགས་འཇུག་གི་རྩ་བར། མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་ན། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །ཅེས་གསུངས་པ་ལྟར། ཁམས་གསུམ་དུ་བྱ་བ་དང་དངོས་པོ་སྣ་ཚོགས་པ་ཡོད་པ་དང་། རེ་རེ་བཞིན་ངོས་འཛིན་པར་བརྡ་དང་ཐ་སྙད་རེ་འདོགས་དགོས་པ་གལ་འགངས་ཤིན་ཏུ་ཆེ། བརྡ་དང་ཐ་སྙད་ཅེས་པ་ཡང་མ་གཞི་དོན་འདྲ་བ་ཡིན་རུང་། དེ་གཉིས་ལ་ཁྱད་པར་ངེས་ཅན་ཡོད་དེ། «མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས»སུའང་། བརྡ་དང་ཐ་སྙད་མིང་ཚུལ་མཐའ་ཡས་ཕྱིར། །སར་གནས་དཔའ་བོ་ཁོ་ནའི་སྤྱོད་ཡུལ་ལས། །ཉམ་ཆུང་བྱིས་བློའི་གཞལ་བྱ་ག་ལ་ཡིན། །ཞེས་གསུངས་པས། དེ་གཉིས་ལ་ཁྱད་པར་ཡོད་པ་གསལ་པོ་རེད།
       མཁས་དབང་དཔའ་རིས་སངས་རྒྱས་ཀྱིས། བོད་སྐད་ཀྱི་མིང་གི་ཁྱད་ཆོས་ལ་བལྟས་ན། གདགས་གཞི་གསུམ་ཡོད་དེ། གཅིག་ནི་འབོད་སླ་བ་སྟེ། སྒྲ་ཉུང་ངུ་དགོས་པ་དང་། གཉིས་ནི་དོན་གསལ་བ་སྟེ། འདྲ་ཆགས་པ་ཞིག་དགོས། གསུམ་ནི་བརྗོད་བདེ་བ་སྟེ། སྡེབ་ལེགས་པ་ཞིག་དགོས་ཞེས་གསུངས་པ་བཞིན། བྱ་བ་དང་དངོས་པོ་དེ་གའི་ཁྱད་ཆོས་དང་། བྱེད་ལས། གཟུགས་ལ་སོགས་པ་ཅི་རིགས་ནས་བརྗོད་བདེ་བའི་མིང་རེ་བཏགས་ན་མི་འཚམ་པ་ཅི་ཡང་མེད། དཔེར་ན། “火车”ལ་མེ་འཁོར་ཞེས་ཐད་སྒྱུར་བྱེད་བཞིན་ཡོད་ཀྱང་། མང་ཚོགས་ཕལ་མོ་ཆེས་རི་ལུ་ཞེས་འབོད་པ་ལྟ་བུའོ། དེ་དང་རིགས་འགྲེ་བཏང་ནས“出租车、公交车、私家车、公车”ཞེས་པར་ཡང་གླ་འཁོར་དང་། སྤྱི་འཁོར། སྒེར་འཁོར། གཞུང་འཁོར་ཞེས་བཏགས་ན་བརྗོད་སླ་ལ་ཡིད་ལ་འཇགས་བདེ་བ། མིང་དུ་གྲུབ་པ་ཡིན་པས། གླ་བྱེད་རླངས་འཁོར་དང་། སྤྱི་སྤྱོད་རླངས་འཁོར། སྒེར་གྱི་རླངས་འཁོར། གཞུང་གི་རླངས་འཁོར་ཞེས་པར་བསྒྱུར་ན་མ་གཞི་དོན་ལ་གནས་མོད། མང་ཚོགས་ཀྱི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་དཀའ་སྟེ། གང་ཡིན་ཟེར་ན་བརྗོད་མི་བདེ་བས་སོ། །
གཉིས་པ། གནའ་བཟང་དེང་སྤྱོད་མ་བྱས་པ།
       བོད་སྐད་ཡིག་འདི་ཉིད་རང་ཚུགས་ཐུབ་པའི་སྐད་ཡིག་ཅིག་ཡིན་པའི་ངོས་ནས་བརྡ་ཆད་དང་ཐ་སྙད་ཕུན་སུམ་ཚོགས་པ་སྨོས་མེད་རེད། དེང་གི་ཆར། ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཀྱི་ཐ་སྙད་གསར་པ་མི་ཉུང་བ་ཞིག་ཐོན་གྱི་ཡོད་ཅིང་། ཐ་སྙད་བཀས་བཅད་དང་ལོ་ཙཱ་བས་ཐ་སྙད་གསར་བཟོ་བྱེད་སྐབས་བཙལ་བཟོ་གཡར་གསུམ་གྱི་ཐ་སྙད་གསར་བཟོ་བྱེད་སྟངས་སྤྱོད་ཀྱི་ཡོད་མོད། རྣམ་ཀུན་གྱི་ཡིག་སྒྱུར་ལག་ལེན་ཁྲོད་གཞོན་སྐྱེས་ལོ་ཙཱ་བ་མང་པོས་ནམ་རྒྱུན་དཔེ་ཀློག་ལ་སྣང་ཆེན་མི་བྱེད་པ་དང་ཐོས་བསམ་ལ་དོ་སྣང་མ་བྱས་པར་བརྟེན། ཐ་སྙད་དེ་ཙམ་ཕུན་སུམ་ཚོགས་པོ་གསོག་ཐུབ་མེད། དེར་བརྟེན་ཡིག་སྒྱུར་གྱི་ལག་ལེན་ཁྲོད་ཐ་སྙད་གསར་པ་བཟོ་དུས་བོད་ཀྱི་ཚད་ལྡན་རྩོམ་ཡིག་དང་ཁ་སྐད་དུ་ཐ་སྙད་དེ་དང་དོན་འདྲ་བ་ཡོད་མེད་མ་བཙལ་བར་རང་དགར་ཐད་སྒྱུར་བྱ་རྒྱུ་གོམས་ལོབས་སུ་འགྱུར་བའི་སྐྱོན་ངེས་ཅན་གདའ། དཔེར་ན། “装修”ཞེས་པར་བཀོད་སྟོན་ཞེས་ཡོད་བཞིན་དུ་མཛེས་རྒྱན་སྤྲས་པ་དང་མཛེས་བཟོ་བྱས་པ་ཞེས་རྡོ་ཆག་སྐམ་པོ་བཙན་སྒྲིག་བྱས་ནས་སྒྱུར་བཞིན་པ་ལྟ་བུ་རེད།
གསུམ་པ། བསྟན་དོན་འཁྲུལ་ནས་དོན་ཇི་བཞིན་སྟོན་མ་ཐུབ་པ།
       ཡིག་སྒྱུར་སྐབས་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་བསྟན་བྱའི་ཚིག་ཟིན་གྱི་དོན་རྟོགས་དགོས་པ་ཙམ་མ་ཟད་རིག་གནས་ཀྱི་བསྟན་དོན་ཁོང་དུ་ཆུད་དགོས་ཀྱི་ཡོད། དཔང་ལོ་ཙཱ་བས། དགོངས་པའི་དོན་ཉིད་གཙོ་བོ་ཡིན་གྱི་སྒྲ་ཇི་བཞིན་པའི་དོན་ནི་ཉེ་བར་མཚོན་བྱེད་ཙམ་ཡིན་པས་ལྷུར་བླང་བར་བྱ་བ་མ་ཡིན་ཞེས་གསུངས་པའང་ལེགས་བཤད་ཅིག་ཏུ་འཁུམས།
       ཡིག་སྒྱུར་གྱི་བརྒྱུད་རིམ་ནང་སྐད་ཡིག་དེ་གཉིས་སྤྱོད་སའི་མི་རིགས་ཀྱི་རིག་གནས་ཀྱི་བསྟན་དོན་ལ་བསམ་གཞིག་མ་བྱས་པར་ནང་དོན་ཇི་བཞིན་དུ་ཐད་ཀར་བསྒྱུར་ན། དོན་ཇི་བཞིན་གོ་ལོག་པའི་སྣང་ཚུལ་ཐོན་སླ། དེ་ལྟར་བྱས་ཚེ། མ་རྩོམ་གྱི་དོན་ཇི་བཞིན་མཚོན་རྒྱུའི་ཚབ་ལ་ཀློག་པ་པོར་དཀའ་ཁག་མི་ཉུང་བ་ཞིག་བཟོ་སྲིད་ལ། དོན་ལའང་གོ་འཛོལ་འབྱུང་ཉེན་ཆེ། དཔེར་ན། མིག་སྔར་སྤྱོད་མང་བའི“形象”ཞེས་པའི་མིང་འདི་ལྟ་བུར་མཚོན་ན། ལོ་ཙཱ་བ་མང་པོས་གཟུགས་བརྙན་ཞེས་པར་སྒྱུར་རྐྱང་བྱེད་རུང་། གུས་མོས་བལྟས་ན་འཚམ་པར་མི་མཐོང་སྟེ། གཟུགས་བརྙན་ཞེས་པ་ནི། སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད། །ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས། །ཤེས་བྱའི་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་དེ་ལྟར་ཤེས་པར་གྱིས། །ཞེས་སྒྱུ་མའི་དཔེ་བཅུའི་ཁོངས་སུ་བཅུག་ནས་གྲིབ་གཟུགས་ལྟ་བུར་ངོས་འཛིན་པ་དང་། དེ་བཞིན་ས་པཎ་གྱིས་ཀྱང་། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ངས་ཤེས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ང་མཁས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་གསུངས་པར་བལྟས་ན། གཟུགས་བརྙན་ནི་གསོབ་བམ་གྲིབ་གཟུགས་ཙམ་ཡིན་ཞེས་པ་ལས་སྟོན་མི་ནུས། འོན་ཀྱང་། དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་པའི«སད་ཀྱིས་བཅོམ་པའི་མེ་ཏོག»དང«གཙུག་གཡུའི»ནང་སྣང་བརྙན་ཞེས་པའི་ཚིག་དེ་སྤྱད་འདུག་པས། ཚིག་དོན་གང་ལ་བལྟས་རུང“形象”ཞེས་པ་སྣང་བརྙན་དུ་བསྒྱུར་ན་འཚམ་པར་མཐོང་།
བཞི་པ། ཐ་སྙད་འདྲ་བ་གཉིས་ནོར་ནས་དོན་ཇི་བཞིན་མཚོན་མ་ཐུབ་པ།
       སྐད་ཡིག་གང་ཞིག་ཡིན་རུང་། དོན་གཅིག་མིང་གི་རྣམ་གྲངས་ཀྱི་ཐ་སྙད་མང་པོ་ཡོད་ལ་ཐ་སྙད་གཅིག་ལ་ཡང་དོན་མང་པོ་སྟོན་པའི་ཐ་སྙད་ཀྱང་སྐར་ཚོགས་བཞིན་མང་པོ་ཡོད། འོན་ཀྱང་། རྔོག་ལོ་ཆེན་པོས། འདྲའོ་སྙམ་ནས་ནོར་བར་བྲིས། །ཀློག་མཁན་རྣམས་ཀྱིས་ནོར་བར་ཀློག །རྟོག་དཔྱོད་མཁན་པོས་ལོག་པར་གོ །དེ་ནས་དོན་རྣམས་འཕྱུག་པ་སྲིད། །ཅེས་གསུངས་པ་ཇི་བཞིན། དེང་གི་ཡིག་སྒྱུར་གྱི་ལག་ལེན་ནང་ཐ་སྙད་འགའ་ཞིག་སྤྱོད་ཐལ་ཤོར་བའི་སྐྱོན་མང་དུ་མཆིས་ཏེ། “促进”དང“推进”ཞེས་པ་རྒྱ་ཡིག་ལྟར་ན་དོན་འདྲ་བའི་ཐ་སྙད་ཡིན་རུང་། རང་རེའི་ལོ་ཙཱ་བས་གང་འདོད་དུ་སྐུལ་འདེད་ཅེས་སྤྱོད་རྐྱང་བྱེད་པ་ལས་དེ་གཉིས་ཀྱི་ཁྱད་པར་ལ་དགོངས་པ་བཞེས་མཁན་ཉུང་། ཁོ་མོས་ལོ་མང་གི་ཡིག་སྒྱུར་ཉམས་མྱོང་ལ་དཔག་ན། “促进”ཞེས་པར་སྐུལ་སྤེལ་དང་། “推进”ཞེས་པར་སྐུལ་འདེད་ཅེས་བསྒྱུར་ན་འཚམ་པར་མཐོང་།
ལྔ་པ། སུམ་རྟགས་ཀྱི་གཞུང་དང་མི་མཐུན་པར་གོ་བ་འཛོལ་བ།
       བོད་ཡིག་ཆེད་ལས་པ་ཞིག་ཡིན་ཕྱིན་སློབ་ཆུང་ནས་སློབ་ཆེན་མ་ཐོན་བར་སུམ་རྟགས་སྦྱོང་དགོས་རུང་། ཡིག་སྒྱུར་གྱི་ལག་ལེན་ནང་ནོར་འཁྲུལ་ཐོན་མང་ཤོས་ནི་སུམ་རྟགས་ཀྱི་ནོར་སྐྱོན་ཡིན་པས་ཀུན་གྱིས་མཐོང་ཆེན་བྱེད་དགོས། ཁྱད་པར་དུ་དུས་གསུམ་གྱི་ནོར་སྐྱོན་ཚགས་པར་དང་བརྙན་འཕྲིན་ལ་སོགས་པའི་གསར་འགྱུར་ཡིག་སྒྱུར་ཁྲོད་ནས་རྟག་ཏུ་མཐོང་ཐུབ་པ་སྟེ། “发挥作用”ཞེས་པ་ལྟ་བུར་མཚོན་ན། ནུས་པ་འདོན་སྤེལ་བྱས་ཞེས་བྱ་ཚིག་གསུམ་བསྡེབས་ནས་སྤྱོད་ཀྱི་ཡོད། ད་ཆ་མ་དག་རྒྱུན་འབྱམས་ལྟ་བུར་སོང་ནས་ཚང་མས་འགྲིག་ཤག་ཤག་བྱེད་ཀྱི་ཡོད། དོན་ལ་ནུས་པ་བཏོན་ཞེས་བསྒྱུར་ན་དེ་བས་འཚམ་པར་མཐོང་། “幸福拉萨”ཞེས་པར་བདེ་སྐྱིད་ཀྱི་ལྷ་ས་ཞེས་གང་སར་བྲིས་འདུག་མོད། སྐྱིད་པའི་ལྷ་ས་ཞེས་པའམ་བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་པར་བསྒྱུར་ན་འཚམ་པར་སྙམ། དེ་མིན་ན་མིང་ལ་བདེ་སྐྱིད་ཟེར་བ་ཞིག་གི་ལྷ་ས་ཡིན་པར་འཁྲུལ་ཉེན་ཆེན་པོ་འདུག
       མདོར་ན། ལོ་ཙཱ་བས་ནམ་རྒྱུན་ཡིག་སྒྱུར་བྱེད་སྐབས་ལག་ལེན་དངོས་ཀྱི་མྱོང་བ་ཡོད་པའི་ཐོག ཐོས་པ་རྒྱ་ཆེར་བསགས་ནས་ཀླད་པའི་ནང་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པ་བྱེད་དགོས་པ་མ་ཟད། སྐབས་དོན་དང་བསྟུན་ནས་ཐ་སྙད་དེ་དག་སྤྱོད་མཁས་པོ་བྱ་རྒྱུ་ནི་གནད་དམ་པ་རེད་སྙམ།
འབྲེལ་ཡོད་འོས་སྦྱོར།