གསར་འགྱུར་ལོ་ཙཱའི་ཁྲོད་གནས་པའི་གནད་དོན་འགའ་ལ་ཅུང་ཙམ་དཔྱད་པ།
རྩོམ་པ་པོ།:སྐལ་བཟང་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-05-07
ཀློག་གྲངས།:
དང་པོ། ཁོར་ཡུག་དང་གོམས་སྲོལ་དང་མ་བསྟུན་པའི་སྐྱོན།
«རྒྱ་བོད་ལོ་ཙཱ་སློབ་དེབ་བློ་གསལ་མིག་སྒྲོན»ལས“ལོ་ཙཱ་བ་ཞིག་ཡིན་ན་མ་ཡིག་གི་སྐད་ཁོངས་ཀྱི་མི་རིགས་དང་འགྱུར་ཡིག་སྐད་ཁོངས་ཀྱི་མི་རིགས་གཉིས་ཀྱི་བསམ་བློ་གཏོང་སྟངས་ཤེས་དགོས་ཏེ། ཕྱོགས་གཅིག་མ་གཏོགས་མ་ཤེས་ན་མ་ཡིག་དང་འགྱུར་ཡིག་གཉིས་དོ་མཉམ་པ་ཡོང་མི་ཐུབ”ཅེས་པ་བཞིན། མི་རིགས་གང་ཞིག་ཡིན་ཡང་དེ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་གོམས་སྲོལ་དང་ཁོར་ཡུག་མི་འདྲ་བ་རེ་ཡོད། དེ་བས་མི་རིགས་དེའི་ཡི་གེ་དང་རིག་གནས་དག་ཀྱང་མི་རིགས་དེའི་གོམས་སྲོལ་དང་ཁོར་ཡུག་ལ་འབྲེལ་བ་དམ་ཟབ་ཡོད་པས། ལོ་ཙཱའི་གོ་རིམ་ཁྲོད་དུའང་ཚུལ་འདི་ལ་དོ་སྣང་སྒོས་མི་རིགས་ཀྱི་གོམས་སྲོལ་དང་ཐུན་མིན་གྱི་ཁོར་ཡུག་ལས་བྱུང་བའི་རིག་གནས་ཀྱི་སྣང་ཚུལ་དག་ལ་ཞིབ་ཏུ་དཔྱད་དགོས་ཤིང་། འདིར་མཚན་གཞི་ཙམ་བཀོད་ན། “他在会议上首先发言,抛砖引玉,以激发更多的讨论和创意”ཞེས་པར་ཁོང་གིས་ཚོགས་འདུའི་སྟེང་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པ་ལྟར་སྔོན་ལ་གཏམ་བཤད་གནང་བས་ཀུན་གྱིས་གཅིག་རྗེས་གཉིས་མཐུད་དུ་གྲོས་མོལ་བྱས་ཞེས་བསྒྱུར་འདུག “抛砖引玉”ཞེས་པ་ནི་རྒྱའི་རིག་གནས་ཁྲོད་ཀྱི་དཔེ་ཆོས་གལ་ཆེན་ཞིག་ཡིན་ལ། སོ་ཕག་དང་གཡང་ཊི་གཉིས་ནི་རྒྱ་མི་རིགས་ཀྱི་རིག་གནས་དང་གོམས་སྲོལ། ཁོར་ཡུག་བཅས་ལ་འབྲེལ་བ་དམ་པོ་ཡོད་པའི་རྒྱུན་སྤྱོད་ཀྱི་དངོས་པོ་གཉིས་རེད། འོན་ཀྱང་རང་རེའི་བོད་ལ་མཚོན་ན་དེ་གཉིས་ནི་ཀུན་ལ་དེ་འདྲའི་རྒྱུས་མེད་པའི་དངོས་པོ་གཉིས་ཡིན་པས། འདིར་རྒྱུས་མེད་ཀྱི་དངོས་པོ་གཉིས་ཐད་ཀར་བཙན་གྱིས་སྦྱར་ན་ནི་འགྱུར་ཡིག་ལ་གོ་བ་ལོན་དཀའ་ཞིང་རྒྱ་བོད་གཉིས་ཀྱི་ཁོར་ཡུག་དང་གོམས་སྲོལ་གྱི་ཁྱད་པར་ལ་བསམ་བློ་མ་བཏང་བའི་སྐྱོན་ཡོད་སྙམ། འདིར་བོད་རང་གི་གོམས་སྲོལ་དང་མཐུན་པར“ཁོང་གིས་ཚོགས་འདུའི་སྟེང་ཉིན་བྱེད་འདྲེན་པའི་སྐྱ་རེངས་བཞིན་ཀུན་གྱི་སྔོན་ལ་གཏམ་བཤད་གནང་བས་གླེང་སློང་དང་གསར་གཏོད་རང་བཞིན་གྱི་བསམ་ཚུལ་མང་དུ་བྱུང”ཞེས་བསྒྱུར་ན་འོས་པར་སྙམ། “遗体火化仪式”ཞེས་པར“ཕུང་བོ་མེ་རུ་བསྲེག་པའི་མཛད་སྒོ”ཞེས་བསྒྱུར་འདུག་པ་ནི་དེ་བས་ཀྱང་དགོད་བྲོ་བ་ཞིག་རེད། “སྐུ་གདུང་ཞུགས་འབུལ་གྱི་ཆོ་ག”ཞེས་བསྒྱུར་དགོས། རྒྱུ་མཚན“仪式”ནི་ཡག་ཉེས་ཚང་མར་གོ་ཐུབ་ཀྱང་། མཛད་སྒོ་ནི་སྤྱིར་བཏང་རྟེན་འབྲེལ་དང་བཀྲ་ཤིས་པའི་དོན་ལ་འཇུག་པ་ལས་གོད་ཆག་དང་བཀྲ་མི་ཤིས་པའི་དོན་ལ་མི་འཇུག་གོ །
གཉིས་པ། མ་ཡིག་དང་འགྱུར་ཡིག་གཉིས་ཀྱི་གོ་བརྡ་མི་འཕྲོད་པ།
ཡིག་སྒྱུར་ལེགས་པོ་ཞིག་བྱེད་དགོས་ན་ཡིག་སྒྱུར་ལ་འཇུག་པའི་སྐབས་སུ་བསྒྱུར་བྱའི་མ་ཡིག་གི་ནང་དོན་གསལ་ཐག་ཆོད་པ་ཞིག་ཡིན་དགོས། ཐོག་མར་མིང་བརྡ་དོན་ལ་འཕྲོད་པ་དང་ཐ་སྙད་ཡུལ་དུ་འཇུག་པ། རྗོད་བྱེད་ཚིག་སྦྱོར་བདེ་བ་བཅས་ཡིན་དགོས། དེ་ཡང་བོད་རང་གི་སུམ་རྟགས་ཀྱི་བརྡ་སྤྲོད་པའི་ལུགས་དང་མཐུན་པར་བྱས་ཏེ་བོད་མིས་གོ་བདེ་བ་ཞིག་ཡིན་དགོས། དེ་ལས་ལྡོག་ན་ཡི་གེ་ཕན་ཚུན་བསྒྱུར་བ་ཙམ་ལས་གསར་འགྱུར་དེའི་དྲིལ་སྒྲོག་ནུས་པ་དང་མི་དམངས་ལ་ཕན་ཅི་ཡང་བཏགས་མེད། འདིར་མཚན་གཞི་འགའ་ཞིག་བཀོད་ན། “铸牢中华民族共同体意识”ཞེས་པར“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་དགོས”ཞེས་བསྒྱུར་འདུག འདིར་མ་ཡིག་གི་འགྲོས་ཁོ་ནར་བསྟུན་ནས་ཐ་སྙད་དག་གོ་རིམ་བཞིན་བཀོད་པ་ཙམ་ལས་བོད་སྐད་ཀྱི་ཁྱད་ཆོས་དང་བྲོ་བ་ཅི་ཡང་མི་འདུག དེ་བས“ཀྲུང་ཧྭ་མི་རིགས་གོང་བུ་གཅིག་གི་འདུ་ཤེས་བརྟན་པོར་བྱ་དགོས”ཞེས་བསྒྱུར་ན་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་ཞིང་མ་ཡིག་གི་ནང་དོན་ཡང་ཇི་བཞིན་ཐོན་ཡོད་པས་ལེགས་སྙམ། ཡང་ཚོང་ལས་བརྡ་ཁྱབ་ཅིག་ཏུ། “兴海壹号营销中心”ཞེས་པའི་ཁང་བ་ཕྱིར་འཚོང་ཁང་ཞིག་གི་མིང་དེ་བོད་སྐད་དུ་ལོ་ཙཱ་བྱེད་སྐབས“བྲག་དཀར་རྫོང་ཁང་འཚོང་ལྟེ་གནས་དང་པོ”ཞེས་བསྒྱུར་འདུག འདི་ཡང་ལོ་ཙཱ་བ་དེ་ཉིད་ཀྱིས་མ་ཡིག་ལ་གོ་བ་ཟབ་མོ་ཞིག་མ་ལོན་པའི་སྐྱོན་དུ་མཐོང་སྟེ། སྐབས་འདིའི“壹号”ཞེས་པ་ནི་གཞི་གང་ལ་སྦྱོར་བའི་ཁྱད་ཆོས་སྟོན་པའི་མིང་ཡིན་ལ། ཁྱད་ཆོས་འདི་ནི“兴海”ཞེས་པའི་ཁྱད་གཞི་འདི་ལ་སྦྱོར་དགོས་པ་ལས“营销中心”ཞེས་པའི་རྗེས་སུ་ནམ་ཡང་སྦྱོར་མི་རིགས། རྒྱུ་མཚན་ནི“兴海壹号”ཞེས་པ་དང“营销中心”ཞེས་པ་གཉིས་མིང་གི་ཚོགས་པ་སོ་སོ་བ་ཡིན་ལ། མིང་གི་ཚོགས་པ་ཐ་དད་པ་གཉིས་ལས་ཕན་ཚུན་གྱི་ཁྱད་གཞི་དང་ཁྱད་ཆོས་བརྗེ་སྤོར་བྱེད་པ་ནི་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མི་མཐུན་ཞིང་མ་ཡིག་གི་ནང་དོན་ལས་རིང་དུ་འཕྱན་པ་ཁོ་ནའོ། །ད་དུང“兴海壹号”ཞེས་པ་ནི་ཕྱིར་འཚོང་བྱ་རྒྱུའི་ཁང་བརྩེགས་ཀྱི་སྡོད་ཁང་དང་དེའི་ཁོར་ཡུག་དང་བཅས་པའི་གཞིས་ཁུལ་སྤྱིའི་མིང་ཡིན་པར་མ་ཟད། བྲག་དཀར་རྫོང་གི་གཞིས་ཁུལ་ཐམས་ཅད་ལས་རྩེ་མོའམ་དང་པོ་ཡིན་ཞེས་དེ་ལ་ཆེད་དུ་བཏགས་པའི་ཆེ་བརྗོད་ཀྱི་མིང་ཞིག་ཡིན་པའང་མ་ཡིག་གི་ངོས་ནས་གསལ་བོར་གོ་ཐུབ། འགྱུར་ཡིག་གི་བྲག་དཀར་རྫོང་ཁང་འཚོང་ལྟེ་གནས་དང་པོ་ཞེས་པ་ལས། དང་པོ་ཞེས་པའི་ཁྱད་ཆོས་དེ་ཁང་འཚོང་ལྟེ་གནས་ཀྱི་རྗེས་སུ་སྦྱར་བས། ཁང་འཚོང་ལྟེ་གནས་ཀྱི་ཁྱད་ཆོས་ཙམ་སྟོན་པ་ལས་མ་ཡིག་གི་ནང་དོན་ལྟར་གཞིས་ཁུལ་སྤྱིའི་ཁྱད་ཆོས་སྟོན་མི་ཐུབ། དེ་བས“兴海壹号营销中心”ཞེས་པ་འདི་ལ“བྲག་དཀར་གཞིས་ཁུལ་དང་པོའི་ཁང་འཚོང་ལྟེ་གནས”ཞེས་པའམ“བྲག་དཀར་གཞིས་ཁུལ་རྩེ་གྲའི་ཁང་འཚོང་ལྟེ་གནས”ཞེས་བསྒྱུར་འོས་སོ། །
གསུམ་པ། སྒྲ་བསྒྱུར་ཐད་ཀྱི་གནད་དོན།
མི་རིགས་གང་ཞིག་གི་ས་ཁོངས་སུ་གསར་དུ་ཐོན་པའི་བྱ་བ་དང་དངོས་པོ་གང་དང་གང་ཞིག་མི་རིགས་གཞན་ཞིག་གི་ས་ཁོངས་སུ་སྔར་མེད་གསར་དུ་དར་ཁྱབ་ཡོང་སྐབས་དར་ཁྱབ་འབྱུང་ཡུལ་གྱི་མི་རིགས་དེས་མི་རིགས་གཞན་ལས་བྱུང་བའི་བྱ་དངོས་གསར་པ་དག་དང་ལེན་བྱེད་སྐབས་བྱ་དངོས་དེའི་རིགས་ལ་མིང་གི་ཐ་སྙད་འོས་འཚམ་ཞིག་འདོགས་ལོང་མ་བྱུང་བར་བྱ་དངོས་དེ་རང་དང་མཉམ་དུ་དར་ཡོང་བའི་ལྷན་སྐྱེས་ཀྱི་མིང་དེ་ཉིད་འབོད་རྐྱང་བྱེད་པའི་སྲོལ་ཞིག་སྔ་མོ་ནས་དར་ཡོད་པ་དེ་ནི་སྒྲ་བསྒྱུར་དུ་འབོད་པའོ། །
སྤྱིར་སྒྲ་བསྒྱུར་ནི་སྔོན་གྱི་ལོ་ཙཱའི་བསྟན་བཅོས་དག་ལས་བྱུང་བའི་སྒྱུར་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། ད་ལྟ་རང་རེའི་ལོ་ཙཱའི་ལག་ལེན་ཁྲོད་མེད་དུ་མི་རུང་བའི་ལོ་ཙཱ་བྱེད་སྟངས་ཤིག་ཀྱང་རེད། སྔོན་གྱི་དུས་སུ་རང་རེའི་ལོ་ཙཱ་བ་རྣམས་ཀྱིས་སྒྲ་བསྒྱུར་བྱེད་དུས་སྒྲ་དོན་གཟུགས་གསུམ་རང་སོར་འཇོག་པ་དང་། སྒྲ་དོན་རང་སོར་འཇོག་པའི་ཐབས་བཀོལ་ཡོད་པར་མ་ཟད། ད་དུང་མིང་གི་ཆ་ཕྱེད་ཡིག་སྒྱུར་དང་ཆ་ཕྱེད་དོན་སྒྱུར་བྱེད་པའི་ཡིག་དོན་ཟུང་འབྲེལ་དང་། ཆ་ཕྱེད་སྒྲ་སྒྱུར་དང་ཆ་ཕྱེད་དོན་སྒྱུར་བྱེད་པའི་སྒྲ་དོན་ཟུང་འབྲེལ་གྱི་ཐབས་གཉིས་ཀྱང་བཀོལ་ཡོད།དེང་གི་སྐབས་འདི་ལའང་རྒྱ་བོད་སྒྲ་སྒྱུར་ལོ་ཙཱའི་ཁྲོད་དུ་སྔོན་གྱི་ལོ་ཙཱ་བ་དག་ལ་མིག་ལྟོས་ཀྱིས་གོང་གི་ཐབས་དེ་དག་བཀོལ་ནས་ཡིག་སྒྱུར་ལ་འཇུག་ནུས་ན་ཤིན་ཏུ་ལེགས་པར་བསམ། དེང་སྐབས་གསར་འགྱུར་ལོ་ཙཱའི་ཁྲོད་གནད་དོན་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་དེ། དཔེར་ན། ཚད་ལྡན་མིན་པ་དང་། གཅིག་གྱུར་མེད་པ། སྒྲ་གདངས་དོ་མི་མཉམ་པ། ཡུལ་སྐད་ལ་གཞོལ་བ་སོགས་ཤིན་ཏུ་མང་མོད། འདིར་དེ་དག་རེ་རེ་བཞིན་བཤད་པའི་ངལ་བ་མི་བསྟེན་པར་སྔོན་གྱི་སྒྲ་བསྒྱུར་ལོ་ཙཱའི་འགྲོས་དང་བསྟུན་ནས་རྒྱུན་སྤྱོད་ཀྱི་ཐ་སྙད་སྐོར་ཞིག་གི་སྒྱུར་སྟངས་དང་འགྱུར་སྐྱོན་གླེང་བར་བྱེད་པ་ལ། ཆབ་སྲིད་ཀྱི་གོ་དོན་ཟབ་ལ་རྒྱ་ཆེ་བའི་མིང་བརྡ་དང་།ཚན་རིག་ལག་རྩལ་ཐད་ཀྱི་མིང་བརྡ། ས་མིང་དང་རྒྱལ་ཁབ་ཀྱི་མིང་། སྡེ་ཚན་གྱི་མིང་སོགས་ནི་སྔོན་གྱི་ལོ་ཙཱ་བ་དག་གི་ཕྱག་སྲོལ་ལྟར་སྒྲ་བསྒྱུར་གཙོ་བོར་འཛིན་དགོས། དེང་སྐབས་གསར་འགྱུར་དང་གཞུང་ཡིག་སོགས་སུ་གོང་གསལ་ཁྱབ་ཁོངས་ཀྱི་མིང་བརྡ་སྐོར་ཞིག་བཙན་གྱིས་ཐད་བསྒྱུར་དང་དོན་བསྒྱུར་བྱས་པ་ལས། ལ་ལ་ནི་ཀློག་པ་པོར་བརྡ་ཡང་དག་པ་ཞིག་སྤྲོད་མི་ཐུབ་པའི་གནད་དོན་ཡང་འདུག དཔེར་ན། “共产党、中南海、公社、义和团、公司、秦始皇、沙皇、泰山、淮河、渤海、葫芦岛、虞美人、芦笙、激光、迪斯科”སོགས་ཀྱིས་མཚོན་པའི་ཐ་སྙད་དག་ནི་གཙོ་བོ་སྒྲ་བསྒྱུར་དང་། སྣོན་བསྒྱུར་གྱི་ཐབས་ལ་བརྟེན་པ་གལ་ཆེ། ཐ་སྙད་འདི་དག་ལས“中南海”ལ་ལྷོ་དབུས་རྒྱ་མཚོ་ཞེས་དང་། “义和团”ལ་མཛངས་མཐུན་ཚོགས་པ། “虞美人”དབྱི་མཛེས་མ། “激光”གློག་འོད་སོགས་སུ་བསྒྱུར་ཡོད་པའང་མང་དུ་མཐོང་བས། དེ་ལྟར་བསྒྱུར་ན་ཕ་རོལ་པོ་ལ་ངོ་སྤྲད་བྱའི་བྱ་དངོས་གང་དེ་ཕ་རོལ་པོས་ངོས་འཛིན་དང་བརྡ་དོན་ངོ་འཕྲོད་པ་ཞིག་འབྱུང་དཀའ་སྙམ། དེ་བས། གོང་གི་བརྡ་ཆད་དེ་དག་རིམ་པ་བཞིན་བསྒྱུར་ན། “གུང་ཁྲན་ཏང་། ཀྲུང་ནན་ཧེ། ཀུང་ཧྲེ། ཡི་ཧོ་ཐོན། ཀུང་སི། གོང་མ་ཆིང་ཧྲེ་ཧོང་། ཧྲ་ཧོང་གོང་མ། རི་བོ་ཐེ་ཧྲན། ཆུ་བོ་ཧལ་ཧོ། རྦོ་ཧད་རྒྱ་མཚོ། གླིང་ཕྲན་ཧུའུ་ལུ་ཏའོ། མེ་ཏོག་ཡུས་མེ་རན། ལུའུ་ཧྲེང་གླིང་བུ། ཅུ་ཀོང་གློག་འོད། རྡི་སི་ཁུ་ཞབས་བྲོ”ཞེས་པ་སོགས་སུ་བསྒྱུར་ན་ཕ་རོལ་པོས་གོ་སླ་ཞིང་ཡིད་ངོར་ངེས་སླ་བས་ལེགས་སྙམ།
མདོར་ན་རང་རེའི་གསར་འགྱུར་ལོ་ཙཱ་བྱེད་མཁན་དག་གིས་སྔོན་བྱོན་གྱི་ལོ་ཙཱ་བ་དག་གི་ཕྱག་སྲོལ་བཟང་བོ་རྒྱུན་འཛིན་དང་དེང་རབས་ཀྱི་ལོ་ཙཱའི་གཞུང་ལུགས་གསར་པར་སློབ་སྦྱོང་བྱེད་པ། ད་དུང་རང་ཉིད་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་བྱུང་བའི་ཉམས་མྱོང་དག་ཕྱོགས་སྡོམ་བྱས་ནས་གསར་འགྱུར་གང་དེའི་མ་ཡིག་གི་དོན་དང་མི་འགལ་ཞིང་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་པ། བོད་རིགས་མང་ཚོགས་ཀྱིས་གོ་སླ་ཞིང་གཟུང་བདེ་བ་ཞིག་ཐོན་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་གལ་ཆེའོ། །

འབྲེལ་ཡོད་འོས་སྦྱོར།