logo

གློག་རྡུལ་ཐོན་རྫས་ཀྱི་མིང་བརྡའི་ཡིག་སྒྱུར་སྐོར་གླེང་བ།

རྩོམ་པ་པོ།:རྡོ་རྗེ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-07-09 ཀློག་གྲངས།:
དང་པོ། གློག་རྡུལ་ཐོན་རྫས་ཀྱི་མཚན་ཉིད་དང་དབྱེ་བ།
       གློག་རྡུལ་ཐོན་རྫས་ཞེས་པ་ནི་གློག་ནུས་བཀོལ་དགོས་པའམ་གློག་རྡུལ་ལྷུ་ལག་གིས་གྲུབ་པའི་ཐོན་རྫས་ཡོད་ཚད་ཀྱི་སྤྱི་མིང་རེད། གློག་རྡུལ་ཐོན་རྫས་ནི་སྤྱི་ཚོགས་དང་ཚན་རིག་འཕེལ་རྒྱས་ཀྱི་ཐོན་དངོས་ཡིན་པས། གློག་རྡུལ་ཐོན་རྫས་སྐོར་གྱི་གསར་བྱུང་མིང་བརྡ་ནི་མཐའ་ཡས་པ་ཞིག་ཡིན། རང་རེའི་བོད་མི་རིགས་ལ་དེའི་ཕྱོགས་ཀྱི་འགྱུར་མིང་ཧ་ཅང་དཀོན།
       གློག་རྡུལ་ཐོན་རྫས་སྐོར་གྱི་གསར་བྱུང་དངོས་པོ་དེ་རིགས་ལ་དབྱེ་བ་འབྱེད་ཚུལ་དང་ཇི་ལྟར་མིང་གདགས་པའི་ཐད་ཀྱི་རྩ་དོན་དང་ཐབས་ལམ་ལ་བརྟག་དཔྱད་ཀྱིས་རིག་པའི་གཞུང་ལུགས་ཤིག་གསར་དུ་བསྐྲུན་ཞིང་། དེའི་སྐོར་ལ་ཞིབ་འཇུག་དང་ལག་ལེན་བྱས་ན་གཞན་གྱི་ཚན་རིག་ལག་རྩལ་གྱི་རིག་གནས་ནང་འདྲེན་ལ་ཕན་པར་མ་ཟད་རང་མི་རིགས་ཀྱི་སྐད་དང་ཡི་གེ་འཕེལ་རྒྱས་དང་ལག་ལེན་ལ་ཡང་བྱས་རྗེས་མི་དམན་པ་འཇོག་ཐུབ་པས། རིག་ཚན་གསར་པའི་སྐོར་ལ་ང་ཚོས་ནུས་པ་ཅི་ཡོད་ཀྱིས་རྒྱུས་ལོན་གཏིང་ཟབ་དགོས་པ་ནི་རྨང་གཞི་རེད། དེར་བརྟེན་དངོས་ཡོད་འཚོ་བའི་ཁྲོད་རྒྱུན་དུ་བཀོལ་སྤྱོད་ལག་ལེན་བྱེད་བཞིན་པའི་གསར་བྱུང་གློག་རྡུལ་ཐོན་རྫས་དག་ལ“ཚན་རིག་རང་བཞིན་དང་དོན་རྐྱང་རང་བཞིན། བསྡུས་གསལ་རང་བཞིན། གོ་བདེ་རང་བཞིན། རྗེས་གྲུབ་རང་བཞིན། གཏན་ཆགས་རང་བཞིན། མི་རིགས་རང་བཞིན། རྒྱལ་སྤྱི་རང་བཞིན་གྱི་ཁྱད་ཆོས་ལྡན་པའི”[2]མིང་བརྡ་སྦྱར་ནས་རིམ་བཞིན་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་གཏོང་རྒྱུ་གནད་ཆེ། འདིར་ཐོག་མར་རྒྱ་ཡིག་གི་དཔྱད་གཞིའི་ཡིག་ཆ་དག་ལ་ཁུངས་བཅོལ་ནས་གློག་རྡུལ་ཐོན་རྫས་ལ་ངོས་འཛིན་སླ་ཞིང་སྟབས་བདེ་བའི་རིགས་དབྱེ་བསྡུས་པ་ཞིག་བྱས་ན་གཤམ་གསལ་ལྟར།
       ༡ ཁྱིམ་སྤྱོད་གློག་ཆས་ཀྱི་སྐོར།
       བརྙན་འཕྲིན་དང་འཁྲུད་སྒམ། གློག་ཐབ། འཁྱག་སྒམ། འཁྱག་སྒྲོམ། གློག་དེམ། གློག་རྫ། པར་ཆས། སྒྲ་སྡུད་འཕྲུལ་ཆས། རླངས་གཏོང་ཡོ་ཆས། མཁའ་དབུགས་དུག་སེལ་ཡོ་ཆས། དྲོད་སྙོམས་ཡོ་བྱད། ཚལ་གཏུབ་ཡོ་ཆས། གློག་ཕྱགས། VCD、DVD བརྙན་ཕབ་འཕྲུལ་ཆས། རྒྱང་འཛིན་ཡོ་ཆས། རྩིས་ཆས།  གྲངས་འཛིན་པར་སྒྲོམ། གློག་བཀར། གློག་གདན། གློག་སྒོ། འཕུར་གནོན་འཕྲུལ་ཆས་སོགས་མང་པོ་ཡོད།
       ༢ རྩིས་འཁོར་དང་འཕྲིན་གཏོང་སྐོར།
       གློག་ཀླད། ལག་འཁྱེར་གློག་ཀླད། ངོས་སྙོམས་གློག་ཀླད། གཙོ་འཁོར། ནང་གསོག འཆར་བྱང་། འཆར་ཤེལ། འཐེབ་གཞོང་། བརྐོས་ཕབ་འཕྲུལ་ཆས།  ཙིག་རྟགས། མཁྲེགས་སྡེར།  མཉེན་སྡེར། མཉེན་ཆས། Uསྡེར།  སྒྲ་སྨྱུག བཤད་སྦུག སྒྲ་སྒམ། གློག་རྡུལ་ཚིག་མཛོད། སློབ་སྦྱོང་འཕྲུལ་ཆས། གྲངས་འཛིན་པར་སྒྲོམ། བརྗེ་སྒྱུར་ཡོ་ཆས། ཁ་པར། ལག་འཁྱེར་ཁ་པར། རིག་ལྡན་ཁ་པར། གློག་གསོག་འཕྲུལ་ཆས། ཀློག་སྨྱུག་སོགས་མང་པོ་ཡོད།
       ༣ བཟོ་ལས་གློག་ཆས་སྐོར།
       གློག་ཁུངས། གློག་འདོན་འཕྲུལ་ཆས། གློག་ཚད་སྨྱུ་གུ ཚེག་སྒྲིག་འཆར་ཤེལ། གློག་སྙོམས་སྒྲིག་ཆས། གློག་གནོན་དཔྱད་ཆས། བསྒར་གདན། རྐོ་བཟོ་འཕྲུལ་ཆས། བརྡར་འཕྲུལ། གློག་ཚ་ཡོ་ཆས། དབུགས་ཚ་ཡོ་ཆས། གློག་སྒུལ་འཕྲུལ་ཆས། གློག་ཁུངས་སྒམ། ཆུ་འགོག་བསྒར་སྣེ་སོགས་ཡོད།
       ༤ སྨན་སྤྱོད་གློག་ཆས་སྐོར།
       སྙིང་འཕར་དཔྱད་ཆས། སྦྲིད་བྱེད་ཡོ་བྱད། ཀླད་རྩའི་དཔྱད་ཆས། ཁྲག་རྩའི་དཔྱད་ཆས། མཁལ་ཚད་དཔྱད་ཆས། ཁྲག་རྒྱུན་དཔྱད་ཆས། འབྱིད་རྔུབ་འཕྲུལ་ཆས། མིག་བརྟག་འཕྲུལ་ཆས།  ཕྲ་མཐོང་ཡོ་ཆས། ཕོ་དཔྱད་འཕྲུལ་ཆས། ཕོ་འཁྲུ་འཕྲུལ་ཆས། དུག་སེལ་སྒམ། ལྟ་སྲུང་འཕྲུལ་ཆས། མངལ་ཕྲུག་ལྟ་སྲུང་འཕྲུལ་ཆས། ཚ་དྲོད་དཔྱད་ཆས་སོགས་མང་པོ་ཡོད།
       ༥ གཞུང་ལས་དང་སློབ་ཁྲིད་སྒྲིག་ཆས་སྐོར།
       འཕོ་གྲིབ་འཕྲུལ་ཆས། ཡིག་དཔར་འཕྲུལ་ཆས། བསྐྱར་དཔར་འཕྲུལ་ཆས། བཤར་འབེབས་སྨྱུ་གུ གློག་དྲིལ། གློག་འཕྲུལ་སྒོ་སམ། ལམ་སྟོན་འཕྲུལ་ཆས། ཕྱོགས་ཁྲིད་འཕྲུལ་ཆས། སྐུད་མེད་བཤད་སྦུག ཤོག་གཏུབ་འཕྲུལ་ཆས།  རྒྱུགས་བཤེར་འཕྲུལ་ཆས།  ཐོ་འགོད་འཕྲུལ་ཆས། ཀློག་འདོན་འཕྲུལ་ཆས། མཛུབ་བཤེར་འཕྲུལ་ཆས། ཡིག་སྒམ་འཕྲུལ་ཆས།  གློག་མིག སྒྲོན་བརྙན་སྟོན་ཆས། བརྙན་སྐྱེལ་འཕྲུལ་ཆས། སྒྲ་ཕབ་འཕྲུལ་ཆས།
       གློག་རྡུལ་ཐོན་རྫས་རིགས་གཅིག་གི་སྤྱི་བྱེ་བྲག་གཉིས་ཆ་ནས་འགྱུར་མིང་བྱུང་ཡོད་པ་དཔེར་ན། ཁ་པར་ལྟ་བུ་ལ་སྐུད་མེད་ཁ་པར། སྐུད་ཡོད་ཁ་པར། ལག་འཁྱེར་ཁ་པར། རིག་ལྡན་ཁ་པར། གཟུགས་མཐོང་ཁ་པར། སྤྱི་སྤྱོད་ཁ་པར། གློག་འཕྲིན་ཁ་པར་སོགས་ཡོད་པ་ལྟ་བུ་དང་། དེ་ལས་ལྡོག་སྟེ། སྤྱི་བྱེ་བྲག་གི་དབྱེ་བ་གསལ་པོ་མེད་པའི་རིགས་དཔེར་ན། “电池”ཞེས་པ་ལ་གློག་རྫས་སུ་འབོད་པ་ནི་གློག་གསོག་ཆོག་མིན་ཅི་རིགས་ཀྱི་སྤྱི་མིང་ཡིན། དེ་ལ་ནང་གསེས་སུ་གློག་གསོག་མི་ཆོག་པའི་གློག་རྫས་དང་གློག་གསོག་ཆོག་པའི་གློག་རྫས་ཅི་རིགས་ཡོད་པས་བོད་ཡིག་ཏུ་སྒྱུར་དུས་བྱེ་བྲག་གི་འགྱུར་མིང་མེད་པར་ཡོད་ཚད་ལ་གློག་རྫས་ཞེས་འབོད་པ་ཡིན། དེ་ལས་དངོས་རིགས་དབྱེ་དགར་ལ་ངོས་འཛིན་བྱེད་དཀའ་བའི་གནད་དོན་བསྐྱེད་པ་ཡིན།
གཉིས་པ། གློག་རྡུལ་ཐོན་རྫས་ཀྱི་མིང་བརྡའི་ཡིག་སྒྱུར་འཕེལ་རིམ།
       སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་གློག་རྡུལ་སྐོར་གྱི་ཐོན་རྫས་དེ་དག་ཉིན་རྒྱུན་འཚོ་བའི་ཁྲོད་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་པས། སྐྱེ་བོ་མང་པོ་ཞིག་གིས་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་བར་དམིགས་ནས་གློག་ཀླད་ལ་བོད་ཡིག་ནང་འཇུག་བྱ་ཐབས་ཞིབ་འཇུག་གནང་ནས་གློག་ཀླད་ལས་བོད་ཡིག་གཏག་ཐུབ་པ་མངོན་འགྱུར་བྱུང་བ་དེས་བོད་ཡིག་གློག་རྡུལ་ཐོན་རྫས་གསར་སྐྲུན་ལ་རྨང་གཞི་བཏང་ཡོད། དཔེར་ན། ནང་འཇུག་མཉེན་ཆས་སྐོར་ལ། དོན་ཡོད། པཎྜི་ཏ། སམ་བྷོ་ཊ། ཧྥང་ཀྲེང་། ཧྭ་ཀོང་། ཙོང་ཁ་པ། གངས་སྤྱན། དབྱངས་ཅན། ཧི་མ་ལ་ཡ་སོགས་རབ་དང་རིམ་པ་བྱུང་།དེའི་རྗེས་སུ་རྒྱལ་ཁབ་ཀྱིས་བོད་ཡིག་ཨང་སྒྲིག་ཚད་ལྡན་བཟོས་རྗེས་དྲ་རྒྱ་ལས་བོད་ཡིག་མཐོང་ཐུབ་པ་མངོན་འགྱུར་བྱུང་བས། བོད་ཡིག་གི་དྲ་ཚིགས་སྒྲིག་བཟོ་དང་བོད་ཡིག་པོད་ཁུག་གསར་བཟོ་བྱས་པ་ལས་དྲ་བའི་ཕྱོགས་ཀྱི་ལག་རྩལ་དང་ཚན་རྩལ་མིང་བརྡའི་བཀོལ་སྤྱོད་ཐད་འཕེལ་རྒྱས་ཆེན་པོ་བྱུང་། འོན་ཀྱང་གློག་ཀླད་བེད་སྤྱོད་གཏོང་དུས་མ་ལག་ནི་རྒྱ་ཡིག་གམ་དབྱིན་ཡིག་ཡིན་པས་བོད་ཡིག་གཅིག་པུ་ལས་གཞན་ཡིག་མི་ཤེས་པའི་མི་མང་པོ་ཞིག་གི་རེ་བ་དུས་ཐོག་ཏུ་སྐོང་མ་ཐུབ། དུས་དེར་བོད་ལྗོངས་སློབ་གྲྭ་ཆེན་མོས་གསར་སྤེལ་བྱས་པའི«བོད་ཡིག་གཞུང་ལས་སྡེབ་ཆསTibetanoffice2.0»དང«Windowsབོད་ཡིག་རྒྱུད་ཁོངས་མ་ལགTibetanStar1.0»ལྟ་བུ་བོད་ཁམས་སུ་བཏང་ནས་གློག་ཀླད་ལས་རྒྱུན་སྤྱོད་ཀྱི་མཉེན་ཆས་ཁ་ཤས་བོད་ཡིག་གི་ལམ་ནས་སྤྱོད་ཐུབ་པ་བྱུང་བས་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ནའང་གློག་ཀླད་ཀྱི་རྒྱུད་ཁོངས་མ་ལག་གསར་པར་མཉེན་ཆས་དེ་དག་མཐུན་འཇུག་མ་ཐུབ་པས་ཁྱབ་གདལ་ཡག་པོ་ཐོན་མ་སོང་། དེ་བཞིན་གློག་ཀླད་ལས་བེད་སྤྱོད་གཏོང་ཐུབ་པའི་བོད་ཡིག་མཉེན་ཆས་མང་པོ་བྱུང་། དོན་ཡོད་བོད་ཡིག་འབེབས་ཆས། བོད་ཡིག་སྒྱུར་བྱེད་མཉེན་ཆས། འདིས་ཧི་མ་ལ་ཡ་དང་། སམ་བྷོ་ཊ། པཎྜི་ཏ། དོན་ཡོད། ཧྥང་ཀྲེང་། ཧྭ་ཀོང་བཅས་ཕན་ཚུན་ཡིག་གཟུགས་བསྒྱུར་ཐུབ་པས་བོད་ཡིག་གི་གཅིག་གྱུར་མིན་པའི་ནང་འཇུག་ཐབས་ཀྱི་དཀའ་ཁག་ལ་སྟབས་བདེ་གང་ལེགས་བསྐྲུན། དྲ་ཐོག་རྒྱ་བོད་ཡིག་སྒྱུར་ཚིག་མཛོད་མཉེན་ཆས་སོགས་བྱུང་ནས་བོད་ཡིག་གི་གློག་རྡུལ་ཐོན་རྫས་ཐོན་སྐྱེད་དང་གསར་སྤེལ་ལ་སྐུལ་འདེད་བྱས་ཡོད།
གསུམ་པ། གློག་རྡུལ་ཐོན་རྫས་ཀྱི་མིང་བརྡའི་ཡིག་སྒྱུར་གྲུབ་འབྲས།
       གློག་རྡུལ་རྩིས་འཁོར་དང་ཆ་འཕྲིན་སྙིང་བོ་བྱས་པའི་ཚན་རིག་ལག་རྩལ་ནི་མིག་རྡེབ་དབང་ཙམ་དུ་འཛམ་གླིང་འཛིན་མའི་ཁྱོན་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་དུས་འདིར། མི་རིགས་རང་གི་རིག་གནས་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག་ཚན་རིག་ལག་རྩལ་ནང་འདྲེན་བྱ་དགོས་པ་ནི་རྩ་བའི་རྩ་དོན་དུ་གྱུར་ཡོད། དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་ང་ཚོ་བོད་མི་རིགས་ཀྱིས་ཀྱང་གཞན་གྱི་སྔོན་ཐོན་གྱི་ལག་ཆ་ཚུར་འདྲེན་བྱ་བའི་དུས་རབས་ཏེ་ལོ་རབས་བརྒྱད་ཅུ་ཡི་དུས་མཇུག་གམ་ལོ་རབས་དགུ་བཅུ་ཡི་དུས་མགོ་ནས་བཟུང་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སྐོར་གྱི་མིང་བརྡ་མང་པོ་ཞིག་གཅིག་གྱུར་བྱས་ནས་ཚིག་མཛོད་དུ་འགྲེམས་སྤེལ་བྱས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་ཆེ་བ་ཞིག་ཡིན། དེ་ནས་བཟུང་བོད་ཁམས་ཀྱི་ས་ཕྱོགས་སོ་སོ་ནས་ཚན་རིག་ལག་རྩལ་སྐོར་གྱི་དཔེ་དེབ་དང་ཚིག་མཛོད་སོགས་མང་པོ་བསྒྱུར་སྐྲུན་འགྲེམས་སྤེལ་བྱས་པ་དཔེར་ན། «བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད» «འཕྲུལ་རྩིས་ཀྱི་རྩ་བའི་རིགས་གཞུང་མདོར་བསྡུས» «དབྱིན་བོད་རྩིས་ཆས་ཀྱི་སྐད» «བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད»ལྟ་བུའོ། །

མཆན།
[1] དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི«དག་ཡིག་རིག་པའི་གབ་པ་མངོན་ཕྱུང»【M】. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1999.12   P133
[2] 周广庆:《汉语命名造词的哲学意》 语言文字应用,2004年2月第一期
འབྲེལ་ཡོད་འོས་སྦྱོར།