logo

ལོ་ཙཱའི་སྤང་བླང་གི་བསམ་བློ་དང་དེ་ཉིད་བོད་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་སྤྱོད་པའི་ཐོག་མའི་དཔྱད་གླེང་།

རྩོམ་པ་པོ།:ཚེ་རིང་དབང་མོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-04-01 ཀློག་གྲངས།:
གླེང་གཞི།
       ལོ་ཙཱ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་མང་པོ་བརྒྱུད་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་རེད། མི་རིགས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་དབར་དུ་རིག་གནས་ཀྱི་འགྲོ་འོང་བྱུང་ཚེ། ལོ་ཙཱའི་སྤང་བླང་སྐོར་གྱི་གནད་དོན་ལ་ངེས་པར་གདོང་གཏད་དགོས་པ་རེད། ལོ་ཙཱའི་བྱེད་ལས་དང་ལོ་ཙཱའི་ཞིབ་འཇུག་ལ་ངེས་པར་ལོ་ཙཱའི་སྤང་བླང་གི་མཛུབ་སྟོན་མཁོ་ལ། དུས་རབས་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བའི་ལོ་ཙཱ་བ་དག་གིས་ལོ་ཙཱའི་ལག་ལེན་ཁྲོད། ལོ་ཙཱའི་རིན་ཐང་ལྟ་བ་མི་འདྲ་བས་ལོ་ཙཱའི་སྤང་བླང་སྐོར་གྱི་ཁ་ཕྱོགས་ཀྱང་མི་འདྲ་བ་རེ་གྲུབ་ཡོད། གཤམ་ནས་ལོ་ཙཱ་དང་ལོ་ཙཱའི་སྤང་བླང་གི་མཚན་དོན་དང་གནས་བབ། ནུབ་ཕྱོགས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ལོ་ཙཱའི་སྤང་བླང་སྐོར་གྱི་གཞུང་ལུགས་ཇི་ལྟར་དར་ཚུལ་དང་། བོད་རང་གི་སྲོལ་རྒྱུན་གྱི་ལོ་ཙཱའི་སྤང་བླང་སྐོར་གྱི་དགོངས་པ་ལ་ཁྱད་ཆོས་གང་འདྲ་ལྡན་པ་སོགས་ལ་འཇུག་པར་བྱ།
གཅིག ལོ་ཙཱ་དང་ལོ་ཙཱའི་སྤང་བླང་།
       མིག་སྔར། ལོ་ཙཱའི་ལོ་རྒྱུས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ལས་ཐོབ་པའི་གྲུབ་འབྲས་ལ་དཔྱད་ན། གནའ་སྔ་མོ་ནས་བཟུང་ཁྱབ་ཁོངས་མི་འདྲ་བའི་རིག་གནས་ཀྱི་རྒྱབ་ལྗོངས་དང་སྐད་རིགས་མི་འདྲ་བའི་མི་རིགས་དབར་དུ་འགྲོ་འོང་བྱེད་ཆེད་ལོ་ཙཱ་བྱུང་བ་དང་། སྒོས་སུ་ལོ་ཙཱའི་བྱ་འགུལ་ཐོག་མར་བྱུང་ནས་ད་ལྟའི་དབར་དུ་ལོ་ཙཱས་མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་བླ་ལྷག་གིས་ནུས་པ་ཐོན་བཞིན་ཡོད་ལ། མིའི་རིགས་ཀྱི་དཔལ་ཡོན་གོང་དུ་འཕེལ་བར་ལོ་ཙཱ་ནི་མེད་དུ་མི་རུང་བའི་དགོས་འདོད་ནོར་བུ་ཞིག་དང་འདྲ། ལོ་ཙཱའི་སྤང་བླང་གིས་ཞིབ་འཇུག་སྒོ་མོ་དེ་དབྱེ་དགོས་ཚེ། ཐོག་མར་སྤང་བླང་དང་ལོ་ཙཱ། ལོ་ཙཱའི་སྤང་བླང་སོགས་རིག་གཞུང་གིས་ཐ་སྙད་བཅས་ལ་གོ་བ་ཡང་དག་ཅིག་ལོན་ན། ད་གཟོད་ལོ་ཙཱའི་སྤང་བླང་གིས་ཞིབ་འཇུག་ལ་ཁ་ཕྱོགས་གསལ་པོ་ཞིག་འདྲེན་ཐུབ།
       དེ་ཡང་ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ལོ་ཙཱ་རིག་པས་ཆེད་མཁས་པ་རྣམས་ཀྱི་ནུབ་ཕྱོགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ལོ་ཙཱའི་སྤང་བླང་སྐོར་གྱི་དགོངས་པ་མང་པོ་ཚུར་བླངས་ཤིང་།དུས་མཚུངས་སུ་ལོ་ཙཱའི་གཞུང་ལུགས་ལ་མཁས་པའི་ཞུས་ཅུན(许钧)དང་ལིས་ཅུན(吕俊)སོགས་ཀྱི་སྐུལ་མའི་འོག ལོ་ཙཱའི་གཞུང་ལུགས་ཀྱི་ཞིབ་འཇུག་གི་མདུང་རྩེ་རིམ་བཞིན་ལོ་ཙཱའི་སྤང་བླང་གི་ཕྱོགས་ལ་གཏོད་ཀྱིན་ཡོད། མིག་སྔར་མཐོང་དུ་ཡོད་པའི་རྒྱུ་ཆ་དག་ལ་ཞིབ་ཏུ་དཔྱད་ནས་བལྟས་ན། སྒྲིག་གཞིའི་རིང་ལུགས་ཀྱི་བསམ་བློ་ཧ་ཅང་དར་ཆེ་བའི་དུས་རབས20པའི་ལོ་རབས80པར། ཧྥ་རན་སིའི་དེང་རབས་ཀྱི་མིང་དུ་གྲགས་པའི་རྩོམ་རིག་ལོ་ཙཱ་མཁན་དང་ལོ་ཙཱའི་ལོ་རྒྱུས་རིག་པ་བ། ལོ་ཙཱའི་གཞུང་ལུགས་མཁན་པོ་ཨན་ཐོ་ཝ་ན་པེལ་མན(安托瓦纳•贝尔曼)ནི་ལོ་ཙཱའི་སྤང་བླང་ཞེས་པའི་རིག་གཞུང་གི་ཐ་སྙད་འདི་ཆེས་ཐོག་མར་བེད་སྤྱོད་མཁན་དུ་གྱུར་ཡོད།
       1984ལོའི་ལོ་སྟོད་དུ། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ་རྒྱལ་སྤྱིའི་མཚན་ཉིད་སློབ་གླིང་གིས་སྤེལ་བའི་ཐད་སྒྱུར་སྐོར་གྱི་རིག་གཞུང་ཞིབ་འཇུག་ཚོགས་འདུའི་སྐབས། པེལ་མན་གྱིས་དོན་སྙིང་བརྒྱུད་བསྒྲགས་ཀྱི་དགོངས་པ་གཙོར་འཛིན་པའི་ལོ་ཙཱའི་བསམ་བློའི་རླབས་རྒྱུན་ལ་སུན་འབྱིན་ནན་མོ་བྱས་ཤིང་། ཐོག་མར་ལོ་ཙཱའི་སྤང་བླང་ཞེས་པའི་མིང་འདི་ལ་འགྲེལ་བརྒྱབ་པར་མ་ཟད། རྗེས་ཕྱོགས་ལོ་ཙཱའི་སྤང་བླང་སྐོར་གྱི་ཞིབ་འཇུག་ནི་ལོ་ཙཱ་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ཞིག་ཀྱང་ཡིན་པ་བསྟན་པ་རེད།
       པེལ་མན་གྱི་ལྟ་བ་ལྟར་ན་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་གྱི་ལོ་ཙཱའི་གཞུང་ལུགས་མང་ཆེ་བར་མི་རིགས་རིང་ལུགས་ཀྱི་རྣམ་པ་མངོན་ཞིང་། གཙོ་བོ་དགོངས་དོན་བརྒྱུད་བསྒྲགས་བྱེད་རྒྱུ་གཙོར་འཛིན་པ་ལས་ཡི་གེ་མཚོན་ཐབས་ལ་དེ་འདྲའི་དོ་སྣང་ཆེན་པོ་མི་བྱེད་པས། མི་རིགས་རིང་ལུགས་ཀྱི་བསམ་བློའི་བཀག་རྒྱའི་ཁྲོད། ལོ་ཙཱ་བ་མ་ཡིག་གི་དགོངས་དོན་དང་འགལ་ཞིང་། ལོ་ཙཱ་དང་མ་ཡིག་བར་གྱི་སྔར་ཡོད་ཀྱི་སྒྲིག་གཞི་དེ་གཏོར་བས། འགྱུར་མའི་ཁྲོད་དུ་རང་དབང་གིས་རྣམ་པ་མང་པོ་ཞིག་ཀྱང་མངོན་ཡོང་བ་དང་། མཇུག་མཐར་འགྱུར་མ་དེ་ནི་རང་དབང་གི་རྣམ་པ་མངོན་པའི་ཡང་བསྐྱར་གྱི་གསར་བཏོད་ཞིག་ཏུ་གྲུབ་པ་ལས། ལོ་ཙཱ་རུ་གྲུབ་མེད། དེའི་ཕྱིར་ཁོང་གིས་ལོ་ཙཱས་སྒོ་འབྱེད་པ་དང་། གླེང་མོལ། མཉམ་འདྲེས་འཕྲོ་སྤེལ། ལྟེ་གནས་ཅན་མིན་པའི་རྣམ་པ་ཞིག་དང་། གཙོ་བོ་འབྲེལ་བ་སྣ་ཚོགས་འབྱུང་རྐྱེན་དང་། སྐད་ཆ་ཕུན་སུམ་ཇེ་ཚོགས། རྙོག་འཛིང་ཆེ་ཞིང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རིག་གནས་ཀྱི་འཕེལ་རྒྱས་ཁོད་ཇེ་ཡངས་གཏོང་བ་ལ་བླ་ལྷག་གི་ནུས་པ་ཐོན་ཀྱིན་འདུག་ཅེས་གསུངས་ཡོད།
       དེ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། པེལ་མན་གྱིས་མ་ཡིག་ལ་བསྟུན་པ་ནི་ལོ་ཙཱའི་སྤང་བླང་གི་བསྟན་དོན་གཙོ་བོ་ཡིན་ཞིང་། ཡང་ཕྱོགས་གཞན་ནས་བརྗོད་ན། མ་ཡིག་གི་དགོངས་དོན་ལ་བརྩི་འཇོག་བྱེད་པ་སྟེ། མ་ཡིག་ཁྲོད་ཀྱི་སྐད་ཆ་དང་རིག་གནས་ཀྱི་དབར་ཁྱད་ལ་བརྩི་འཇོག་བྱེད་དགོས་པ་དེ་རེད། དེ་ལྟར་བྱས་ན་ད་གཟོད་ལོ་ཙཱའི་སྤང་བླང་གི་དམིགས་ཡུལ་ངོ་མའམ་ཡང་ན་ལྷད་མེད་ཀྱི་དམིགས་འདུན་དེ་འགྲུབ་ཐུབ་པར་མ་ཟད། གཞན་གྱི་འགྱུར་དཔེར་བརྟེན་ནས་རང་ཉིད་ཀྱང་འཕེལ་རྒྱས་སུ་གཏོང་ཐུབ།
       དངོས་ཡོད་གནས་ཚུལ་ཁྲོད། སྐད་རིགས་ཤིག་གམ་རིག་གནས་ཤིག ཡང་ན་མི་རིགས་ཤིག་དུས་གཏན་དུ་སླད་ཅི་ཡང་མ་འདྲེས་པར་གནས་མི་ཐུབ་ལ། སྐྱེ་དངོས་རྒྱུད་སྤེལ་རིག་པའི་ངོས་ནས་བལྟས་ཀྱང་། གལ་ཏེ་དངོས་པོ་ཞིག་ནམ་ཡང་ཕྱི་རོལ་གྱི་དངོས་པོ་དང་འབྲེལ་འདྲིས་མ་བྱུང་བར། ནང་ཁུལ་ཁོ་ན་ནས་རྒྱུད་སྤེལ་བྱས་ཚེ། ཆེན་པོ་མི་འགོར་བར་རིམ་བཞིན་རྒྱུད་གཅིག་མཚུངས་སུ་སོང་ནས། དངོས་པོའི་དེའི་རིགས་རྩ་མེད་དུ་འགྲོ་སྲིད། དེའི་རྐྱེན་གྱིས་པེལ་མན་ལ་མཚོན་ན། ཁོང་གིས་རིག་གནས་ཡོད་ཚད་ཀྱིས་རང་ཁ་རང་གསོ་བྱེད་པའི་འདུ་ཤེས་དང་ལོ་ཙཱའི་སྤང་བླང་དབར་གྱི་འགལ་བ་སྙོམས་སྒྲིག་བྱེད་པར་བྱེད་ཐབས་ཤིག་བཙལ་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་པ་གསལ་པོར་རྟོགས་ཡོད་ལ། རྗེས་ཕྱོགས་ཁོང་གིས་ལོ་ཙཱའི་སྤང་བླང་སྐོར་ལ་བཏང་བའི་གཏིང་ཟབ་ཀྱི་བསམས་གཞིག་དང་འཚོལ་ཞིབ་བཅས་ཀྱིས་ལོ་ཙཱའི་ཞིབ་འཇུག་གི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད།
གཉིས། བོད་ཀྱི་ལོ་ཙཱའི་སྤང་བླང་སྐོར་གྱི་གནས་བབ།
       གོང་ནས་ང་ཚོས་ནུབ་ཕྱོགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ལོ་ཙཱའི་སྤང་བླང་སྐོར་གྱི་བསམ་གཞིག་སོགས་ལ་རྒྱུས་ལོན་བྱས་པ་ལས། ལོ་ཙཱའི་སྤང་བླང་སྐོར་གྱི་བསམ་བློ་གང་འདྲ་ཞིག་ཡིན་རུང་། མི་ག་གེ་མོ་ཡི་འདུ་ཤེས་ཀྱིས་ཚོད་འཛིན་བྱེད་མི་ཐུབ་པར་མ་ཟད། དེ་ནི་ལོ་ཙཱའི་ལག་ལེན་ཁྲོད་དུ་བྱུང་བ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་པས། རྒྱལ་ཁབ་གཞན་ནམ་ཡང་ན་མི་རིགས་གཞན་པའི་ལོ་ཙཱའི་སྤང་བླང་སྐོར་གྱི་རྩ་དོན་ཞིག་རང་མི་རིགས་ལ་རྡོ་ཆག་བཙན་སྒྲིག་བྱས་ཚེ། ར་མགོ་ལུག་སྦྱར་ལྟ་བུའི་ཡ་མ་ཟུང་གི་ལུགས་སུ་འགྲོ་སྲིད། སྤྱིར་བོད་ལ་དུས་རབས་བདུན་པ་ནས་རིམ་བཞིན་ལོ་ཙཱའི་ལག་ལེན་གྱི་མགོ་ཚུགས་པ་ནས་ད་ལྟའི་བར་དུ། གནའ་དེང་བོད་ཀྱི་ལོ་ཙཱ་རིག་པ་བ་རྣམས་ཀྱི་ལོ་ཙཱའི་ལག་ལེན་ལས་བྱུང་བའི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་དོ་སྣང་ཆེན་པོ་བྱས་པ་དཀོན་པའི་གནས་ཚུལ་ཞིག་བྱུང་ཡོད།
       ནང་ཆོས་བོད་དུ་མ་དར་བའི་ཡར་སྔོན་དུ། བོན་ཆོས་གཙོར་གྱུར་པའི་རིག་གནས་བོད་དུ་དར་ཡོད་ལ། ཞང་ཞུང་སོགས་ནས་ཚུར་བླངས་པའི་རིག་གནས་ཀྱིས་བཙན་པོའི་རྒྱལ་རབས་ལ་དཔལ་ཡོན་ཁྱད་པར་བ་ཞིག་ཆགས་པར་བྱས་ཡོད། ད་ལྟ་ང་ཚོའི་མཐོང་ཆོས་སུ་གྱུར་པའི་སྐབས་དེའི་འགྱུར་གཞུང་སོགས་མེད་ནའང་། སྲོང་བཙན་ཡར་སྔོན་ནས་བོད་དང་ཞང་ཞུང་གི་སྐད་ཤེས་པའི་ལོ་ཙཱ་བ་ཡོད་པར་མ་ཟད། མཐའ་འཁོབ་ཀྱི་ཡུལ་དང་རྒྱལ་ཁབ་གཞན་པའི་ལོ་ཙཱ་བ་ཡོད་པ་ལས་མི་རིགས་གཞན་པས་འགྲོ་འོང་ལ་བཀག་སྡོམ་མེད་ཅིང་རིག་གནས་གཞན་པའི་རིག་གནས་དང་ལེན་བྱེད་འདོད་ཀྱི་སྣང་ཚུལ་ཞིག་གྲུབ་ཡོད་སྙམ། ལོ་ཙཱ་བས་བསྒྱུར་བྱའི་ནང་དོན་ནི་ཞང་ཞུང་གིས་བོན་ཆོས་དང་སྨན་རྩིས་ཡིན་པ་ལས། ལོ་ཙཱ་བར་མ་རྩོམ་གདམ་གསེས་ཀྱི་རང་དབང་ཅུང་ཆེ་བ་སོགས་ཀྱི་སྣང་ཚུལ་ཞིག་ཀྱང་ཡོད་སྙམ། གང་ལྟར་ཀྱང་གནས་ཚུལ་དེ་དག་ལས་ང་ཚོ་བོད་ལ་གནའ་སྔ་མོ་ནས་མི་རིགས་འདྲ་མཉམ་དང་། རིག་གནས་འདྲ་མཉམ། ཡུལ་སྲོལ་གོམས་གཤིས་སོགས་བརྩི་འཇོག་བྱེད་པའི་སྤང་བླང་གི་འདུ་ཤེས་ཟབ་མོ་ཞིག་ཆགས་ཡོད་ལ། ལྷག་པར་ལོ་ཙཱའི་ལོ་རྒྱུས་རིག་པ་ལས་ཀྱང་། ང་ཚོ་བོད་ལ་གནའ་སྔ་མོ་ནས་རིག་གནས་དབར་གྱི་བར་ཁྱད་ལ་བརྩི་འཇོག་བྱེད་པའི་ལོ་ཙཱའི་སྤང་བླང་སྐོར་གྱི་འདུ་ཤེས་ཀྱི་མྱུ་གུ་འབུས་ཡོད་པའང་ཤེས་ཐུབ། དེ་ནས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུས་ཀྱི་བོད་ཀྱི་ཡིག་སྒྱུར་གྱི་བསྒྱུར་བྱའི་ནང་དོན་ཐད་སྤྱིར་ན་གྲུབ་མཐའི་དབྱེ་བ་མེད་པར་ཕྱིའི་ནང་ཆོས་དང་། བོན་ཆོས་དུས་གཅིག་ཏུ་བསྒྱུར་བར་མ་ཟད། མིའི་འཚོ་གནས་དང་འབྲེལ་བ་ཡོད་པའི་རིག་གནས་ཡིན་ཕྱིན། དེ་དག་དགེ་མཚན་དུ་གཟིགས་ཏེ། གསོ་དཔྱད་གཞུང་ལུགས་ལག་ལེན་དང་རྩིས་སོགས་རིག་གནས་བོད་སྐད་ཡིག་ཏུ་བསྒྱུར་ནས་མི་རིགས་འདི་ཡི་བདེ་སྐྱིད་ལ་ཕན་པར་མཛད་ཡོད། གཞན་ཡང་བསྒྱུར་བྱའི་སྐད་ཡིག་ལ་དབྱེ་བ་མེད་པར། ཆ་རྐྱེན་འཛོམས་ཚེ་དེ་ཡི་སྐད་དང་ཡི་གེའི་ཐོག་ནས་ཕབ་བསྒྱུར་བྱས་ཡོད་ལ། བོད་སྐད་དུ་སྒྱུར་སྐབས་ཐོན་མིས་མཛད་པའི་བརྡ་སྤྲོད་གཞུང་ལུགས་གཞིར་བཟུང་སྟེ་བསྒྱུར་ཡིག་གི་བརྡ་སྤྲོད་གཅིག་གྱུར་ཡོང་བར་མཛད་ཡོད། འདི་དག་ནི་བོད་རང་གི་ལོ་ཙཱ་ལག་ལེན་མཁན་ཚོ་ལ་ལོ་ཙཱའི་སྤང་བླང་གི་ལྟ་བ་ཞིག་ཆགས་པའི་གོ་རིམ་ཡིན།
       དེ་ཡང་ཁྲི་སྲོང་ལྡེའུ་བཙན་དུས་སུ་མཁན་སློབ་གཉིས་ལ་བོད་ལ་གདན་དྲངས་པར་མ་ཟད། ཆོས་སློབ་བྱེད་ཀྱི་སྐད་ཡིག་གཏན་འཁེལ་བྱས། དེ་ནས་རིམ་བཞིན་གཙུག་ལག་ཁང་དང་སྒྲ་སྒྱུར་གླིང་སོགས་བཙུགས་ནས་ཆོས་སོགས་རིག་གནས་བསྒྱུར་ལ། རྒྱ་དཀར་ནག་གི་མཁན་པོ་དང་ལོ་པཎ་སོགས་ལ་བརྟེན་ནས་བོད་མིའི་འཇིག་རྟེན་ལྟ་བ་སངས་རྒྱས་ཆོས་ལུགས་ཕྱོགས་སུ་ཁྲིད་ཡོད། འདི་དག་ལས་བདག་ཅག་གི་མེས་པོ་རྣམས་ཀྱིས་ཆེས་སྔ་མོ་ནས་བཟུང་བོད་རང་གིས་སྲིད་འབྱོར་རིག་གསུམ་གྱི་སྣ་ཕུན་སུམ་ཇེ་ཚོགས་དང་འཐུས་ཇེ་ཚང་དུ་འགྲོ་བར། ཐུགས་དཔྱོད་ཡངས་པའི་འཆར་འགོད་མཛད་ཡོད་པ་མཐོང་ཐུབ་པར་མ་ཟད། སྤང་བླང་གི་བདམ་བསལ་ཞིག་ཀྱང་བྱས་ཡོད་པ་མཐོང་ཐུབ། བཙན་པོ་རིམ་བྱོན་གྱི་དགོངས་བཞེད་ལྟར་བོད་ཕྲུག་བློ་གྲོས་ཅན་དག་གིས་ཀྱང་རང་གིས་ཚེ་སྲོག་ཕངས་མེད་དུ་བཞག་སྟེ་ཡུལ་དང་རྒྱལ་ཁམས་གཞན་པར་སློབ་གཉེར་ལ་ཕྱིན་ཞིང་། ལོ་ཙཱའི་གནས་ལ་ཞུགས་ཏེ་སྦྱངས་པ་མཐར་ཕྱིན་མཛད་པ་དང་། རྒྱལ་ཁམས་གཞན་པའི་སྐད་གཉིས་སྨྲ་བའི་ལོ་པཎ་གདན་དྲངས་པ། བོད་རང་གི་ཡུལ་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གསོ་སྐྱོང་བཅས་ཀྱི་ལོ་ཙཱའི་བྱ་གཞག་ལ་མཛད་འཕྲིན་གང་མང་སྤེལ་ཡོད་པ་གསལ་པོར་ཤེས་ཐུབ། སྒོས་སུ་བན་བོན་འཐབ་རྩོད་ཧ་ཅང་རྣོ་ངར་ལྡན་པའི་གནས་ཚུལ་དེ་འདྲའི་འོག་ཏུ། བསྒྱུར་བྱའི་ནང་དོན་གང་འདྲ་ཞིག་བདམས་པ་དང་ལོ་ཙཱའི་སྤང་བླང་རིག་པའི་ལྟ་བ་གང་འདྲ་ཞིག་བཅངས་ཡོད་པ་ནི་གནད་འགག་ཅིག་ཆགས་ཡོད། ནང་ཆོས་བོད་ལ་དར་བའི་གོ་རིམ་ཁྲོད་བན་བོན་གཉིས་གྱི་འཐབ་རྩོད་དང་འགལ་བ་ནི་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱའི་སྤང་བླང་སྐོར་ལ་བསམ་གཞིག་དང་ཞིབ་འཇུག་གཏོང་སའི་གནད་ཅིག་ཡིན། ལོ་ཙཱ་བས་ལོ་ཙཱའི་སྤང་བླང་རིག་པའི་ལྟ་བ་སྤྱད་དེ་ཐད་ཀར་ལོ་ཙཱའི་ལག་ལེན་ལ་སྣེ་ཁྲིད་ཀྱིན་ཡོད་ལ། བསྒྱུར་བྱའི་ནང་དོན་གྱི་གདམ་གསེས་དང་སྒྱུར་ཐབས་ཀྱང་ལོ་ཙཱ་བའི་སྤང་བླང་གི་ལྟ་བ་ལ་རག་ལས་ཡོད། དུས་མཚུངས་སུ་ལོ་ཙཱ་བས་ལོ་ཙཱའི་སྤང་བླང་གིས་འགྱུར་ཡིག་གི་སྤུས་ཚད་དང་མང་ཉུང་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད།
       དེ་ཡང་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཚབ་མཚོན་རང་བཞིན་གྱི་ལོ་ཙཱའི་ལོ་རྒྱུས་རིག་པ་བ་རྣམས་ཀྱིས་ལོ་ཙཱའི་ལག་ལེན་དང་ལོ་ཙཱའི་སྤང་བླང་ལ་ཞིབ་འཇུག་བྱས་པར་རྒྱུས་ལོན་བྱས་པ་ལས། ང་ཚོ་བོད་རང་གི་ལོ་ཙཱའི་སྤང་བླང་ཞིབ་འཇུག་ལ་དོ་སྣང་བྱེད་ཀྱིན་མེད་ལ། སྒོས་སུ་ང་ཚོ་བོད་ཀྱི་ལོ་ཙཱ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ནི་ད་དུང་ཁ་ཐོར་དང་སྣ་རྐྱང་ཡིན་པ་དང་། འཐུས་ཚང་གི་གཞུང་ལུགས་ཤིག་ཏུ་གྲུབ་མེད་པས། ང་ཚོའི་ལོ་ཙཱའི་ལག་ལེན་ལ་ཁ་ཕྱོགས་གསལ་པོ་ཞིག་སྟོན་ཐུབ་ཀྱི་མེད། འོན་ཀྱང་དེ་ནི་ང་ཚོ་བོད་ལ་ལོ་ཙཱའི་གཞུང་ལུགས་མེད་པ་གཏན་ནས་མིན། ང་ཚོས་ངེས་པར་ཤེས་དགོས་ཞིག་ལ། གནའ་ནས་ད་བར་གྱི་སྔོན་བྱོན་ལོ་པཎ་དང་མཁས་པ་རྣམས་ཀྱིས་ལོ་ཙཱའི་ལག་ལེན་ལས་བྱུང་བའི་བརྩམས་ཆོས་ཀྱི་གྲངས་ནི་ནམ་མཁའི་སྐར་ཚོགས་བཞིན་བགྲང་གིས་མི་ལང་བར་མ་ཟད། མི་རིགས་རང་གིས་ཁྱད་ནོར་དུ་བརྩི་ཆོག་པའི་འགྱུར་སྤུས་རྩ་ཆེན་གྲངས་མེད་ཡོད་པས། རིག་གནས་གང་ཡིན་རུང་། ཐོག་མར་མེད་པ་ནས་ཡོད་པ། ཡོད་པ་ནས་འཕེལ་རྒྱས་དང་འཐུས་ཚང་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ལྡན་པས། ལོ་ཙཱའི་ལག་ལེན་ལས་རིམ་བཞིན་ལོ་ཙཱའི་གཞུང་ལུགས་བྱུང་བ་རེད། དེ་བས་ང་ཚོའི་བོད་ཀྱི་ལོ་ཙཱ་རིག་པའི་མིག་མདུན་གྱི་གནད་དོན་གཙོ་བོ་ནི་སྲོལ་རྒྱུན་གྱི་ལོ་པཎ་རྣམ་པའི་ལོ་ཙཱའི་ལོ་རྒྱུས་ཀྱི་བསམ་བློ་དང་ལོ་ཙཱའི་མཐའ་དཔྱོད། ལོ་ཙཱའི་ལག་ལེན་བཅས་ལས་བོད་རང་གི་དངོས་ཡོད་དང་མཐུན་པའི་ལོ་ཙཱའི་གཞུང་ལུགས་ལ་ཕྱོགས་བསྡོམས་བྱེད་ཤེས་དགོས་པ་དང་། དེ་ནས་ང་ཚོའི་བོད་ཀྱི་ལོ་ཙཱའི་སྤང་བླང་རིག་པ་ནི་སྣ་གཅིག་དང་འགུལ་མེད་ངང་གནས་པ་ཞིག་མིན་པར། དེ་ནི་སྣ་མང་དང་སྒོ་འབྱེད། ལྟོས་བཅས་ཀྱི་ཚུལ་དུ་གནས་ཡོད་པའང་རྟོགས་དགོས། ལོ་ཙཱའི་ལག་ལེན་ཁྲོད་དུ། ང་ཚོས་ལོ་ཙཱའི་སྤང་བླང་གི་ཚད་གཞི་གང་འདྲ་ཞིག་འཛིན་འོས་པའི་ཐད་ལ། ཞིབ་ཕྲའི་གནས་ཚུལ་ལ་ཞིབ་ཕྲའི་ཐག་གཅོད་བྱེད་པའི་བྱེད་ཐབས་དེ་བཀོལ་ནས་ཞིབ་འཇུག་བྱེད་དགོས་པ་དེ་རེད། རིག་གནས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་སྐུལ་འདེད་བྱེད་པ་དེ་ལོ་ཙཱའི་མཐའ་མའི་དམིགས་ཡུལ་ལམ་ལོ་ཙཱའི་སྤང་བླང་གི་གཞི་འཛིན་ས་ཡང་ཡིན་པ་ཤེས་དགོས་པ་དང་། མིའི་རིགས་ཀྱི་བསམ་པའི་འཛིན་སྟངས་ནི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགྱུར་བ་དང་། སྒོས་སུ་ལོ་ཙཱ་ནི་མིའི་རིགས་ཀྱི་བྱེད་སྒོ་ཞིག་ཡིན་པས། དེའང་མིའི་རིགས་ཀྱི་འདུ་ཤེས་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་པས། དུས་རབས་ཡོད་ཚད་དང་རྒྱལ་ཁབ་ཡོད་ཚད་ཀྱི་ཚད་གཞི་དང་རྩ་དོན་དང་མཐུན་པའི་རྟག་བརྟན་འགྱུར་མེད་ཀྱི་སྤང་བླང་གི་འདུ་ཤེས་ཤིག་ཡོད་མི་སྲིད། དེ་བས་ཡིག་སྒྱུར་ཁྲོད་ཀྱི་མགོ་རྨོངས་དང་རྙོག་འཛིང་། དཀའ་ངལ་བཅས་སེལ་དགོས་ན་ངེས་པར་དུ་ལོ་ཙཱའི་སྤང་བླང་རིག་པའི་ཞིབ་འཇུག་སྤྱད་ནས་ཡིག་སྒྱུར་ཁྲོད་ཀྱི་གནད་དོན་ལ་བསམ་གཞིག་གཏོང་མགོ་འཛུགས་དགོས་ལ། དེས་ང་ཚོ་ལ་བློ་སྐྱེད་གསར་པའང་སྐྱེད་པར་བྱེད་ངེས།
འབྲེལ་ཡོད་འོས་སྦྱོར།