logo

སྙིང་མོ་སྐྱིད་ཀྱི་བསྒྱུར་རྩོམ།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-10-28 ཀློག་གྲངས།:
དྲན་པར་བསྐུལ་དགོས་པའི་བདེ་སྐྱིད།
པི་ཧྲུའུ་མིན(毕淑敏)གྱིས་བརྩམས།
སྙིང་མོ་སྐྱིད་ཀྱིས་བསྒྱུར།

        ཆུང་བྱིས་པའི་དུས་ནས་བཟུང་ང་ཚོ་དྲན་སྐུལ་གྱི་ཁྲོད་ནས་འཚོ་བ་སྐྱེལ་རྒྱུར་གོམས་ཡོད། གནམ་གཤིས་ལ་རླུང་གཡུག་རྩྭ་འགུལ་ལྟ་བུའི་འགྱུར་བ་ཕྲ་མོ་རེ་བྱུང་ཙ་ན། ཨ་མ་ན་རེ། གྱོན་གོས་མང་ཙམ་གྱོན་རྒྱུ་མ་བརྗེད་ཟེར། གྲོགས་པོ་ཞིག་ངོ་ཤེས་མ་ཐག་པ་ན། ཨ་ཕ་ན་རེ། མི་དེ་ཁྲམ་པ་ཞིག་ཡིན་པར་གཟབ་དགོས་ཟེར། ཁྱོད་ཀྱིས་རྒྱལ་ཁ་ཅུང་ཙམ་བླངས་ཏེ། དགའ་སྤྲོའི་དགོད་སྒྲ་འབྱིན་ལོང་མ་བྱུང་པར། ཁྱོད་ལ་ཐུགས་ཁུར་གནང་མཁན་ཀུན་གྱིས་མགྲིན་གཅིག་ཏུ། ང་རྒྱལ་སྐྱེས་མི་རུང་ཟེར། ཁྱོད་རང་དགའ་སྤྲོའི་དབྱིངས་སུ་ཚུད་ཡོད་དུས། རང་ཉིད་ཀྱིས་རང་ཉིད་ལ་མཚམས་མེད་པར། སྐྱིད་ཀྱི་མགོ་འཕང་མཐོ་མི་རུང་། གོད་ཆག་ལམ་སེང་མགོར་ལྷུང་ཡང་སྲིད་ཅེས་ཟེར། ད་དུང……
        ང་ཚོ་དྲན་སྐུལ་ལ་གོམས་ཟིན། དྲན་སྐུལ་གྱི་ཚིག་ནི་ཚིག་མཐའ་ཡིན་ལ་དེ་ནི་ནམ་ཡང་གོད་ཆག་ཅིག་རེད། གོད་ཆག་ནི་དྲན་སྐུལ་གྱི་ཆེད་ཁེ་ལྟ་བུར་གྱུར་ཡོད་པ་འདྲ། དྲན་སྐུལ་གྱི་ནང་དོན་ལ་ཡང་དམའ་འབེབས་ཀྱི་དོན་མག་མོག་ཅིག་བསྒོས་ཟིན།
        ང་ཚོ་དྲན་སྐུལ་གྱི་ཁྲོད་ནས་འཚོ་བ་སྐྱེལ་རྒྱུར་གོམས་ཟིན་ཏེ། མིག་གིས་ཟིན་པའི་འཇིགས་སྣང་དང་མ་ཟིན་པའི་འཇིགས་སྣང་ནི་ཐོག་མཐའ་བར་གསུམ་དུ་ཕོ་རོག་བཞིན་སྤྱི་གཙུག་ཏུ་ལྡིང་སྐོར་རྒྱག
        ཟླ་བའི་དཀར་ཉམས་ངོམ་པའི་མཛེས་སྡུག་གི་མཚན་མོར། དྲན་སྐུལ་ཁྱོད་ཀྱི་མདུན་དུ་ལྷགས་ཏེ་ན་རེ། རླུང་ནག་འཚུབ་མར་དོགས་ཟོན་བྱོས་ཟེར། དེ་ནས་ང་ཚོས་དཀར་གསལ་ཟླ་བ་སྣང་མེད་དུ་བསྐྱུར་ནས། བྲེལ་བ་ཚབ་ཚུབ་ངང་རླུང་ནག་འཚུབ་མ་མ་བསླེབས་སྔོན་གྱི་ཉེར་བསྡོགས་ཡོད་ཚད་ལེགས་པར་སྒྲུབ། ང་ཚོས་མིག་ཟུང་གདངས་ནས་གྲ་སྒྲིག་ཨང་གསར་བྱས་ཡོད་དུས། རླུང་ནག་འཚུབ་མ་ནི་ལོག་ཕེབས་རྒྱུར་འཕྱི་བའི་ལུག་ཁྱུ་བཞིན། གནམ་མཐའི་བར་མཚམས་གང་ཞིག་ན་ལུས་ཡོད་པ་མི་ཤེས། ང་ཚོས་རེ་སྒུག་གི་མནར་གཅོད་མི་ཁྱོགས་དུས། ཐ་ན་བསམ་ངན་བཅངས་ནས་རླུང་ནག་འཚུབ་མ་སྔ་ཙམ་བསླེབས་རྒྱུར་སྨོན་འདུན་ཕུལ།
        སྨག་སྟུག་པའི་མཚན་མོ་མང་པོར། རླུང་ནག་འཚུབ་མ་ནི་གཏན་ནས་བསླེབས་མ་བྱུང་ལ། ང་ཚོས་བསིལ་ཟེར་གྱི་བདུད་རྩི་སྤྲོ་བའི་ཟླ་འོད་སྟོང་ཟད་དུ་བཏང་།
        མཐར་རླུང་ནག་འཚུབ་མ་ནི་ག་ལེར་ཕེབས་བྱུང་། ང་ཚོས་ཡི་མུག་བཞིན་ཨང་གསར་གྱི་གྲ་སྒྲིག་མང་ཆེ་བ་གོ་མི་ཆོད་པ་ཤེས། གང་ལྟར་སྔོན་ཚུད་ནས་འགོག་ཐུབ་པའི་ཉེན་ཁ་ནི་ཚད་ཡོད་ལ། མི་ཡུལ་འདིར་ཚོད་རྩིས་རྒྱག་ཐབས་བྲལ་བའི་གོད་ཆག་ལ་ཚད་མེད། གོད་ཆག་ལས་རྒྱལ་བའི་ཐབས་ལམ་མང་ཆེ་བ་ནི་སྐབས་འཕྲལ་གྱི་སྒོ་ཁར་རྡོག་གཞུས་ཡིན་པ་ལས། མ་བྱུང་སྔོན་གྱི་སེམས་འཚབ་ཀྱིས་ཕན་ཅི་ཡང་མི་ཐོགས།
        རླུང་ནག་འཚུབ་མ་གཞི་ནས་རྒྱང་དུ་བཞུད་པ་ན། ང་ཚོས་འཛག་གེ་འཛོག་གེའི་ཁྱིམ་གཞིས་སྲུང་ཐུབ་ཙམ་བྱུང་། ཡིན་ཡང་དབུགས་ངལ་ཀྱང་གསོ་ལོང་མ་བྱུང་བར། དྲན་སྐུལ་གསར་པ་དེ་ཉིད་བློ་རིག་བཀྲ་བའི་ངང་ཡང་བསྐྱར་གྲགས་བྱུང་བས། ང་ཚོས་སླར་ཡང་མ་འོངས་པར་འཇིགས་སྣང་ངང་རེ་སྒུག་བྱེད་མགོ་བརྩམས།
        མི་ཚེར་ནམ་ཡང་གོད་ཆག་ཡོད། དོན་དམ་པར་མི་མང་ཆེ་བ་སྔ་མོ་ནས་གོད་ཆག་ལ་བློ་ཡངས་དགོས་པར་སྦྱོང་བརྡར་ཐོབ་ཟིན་ལ། ང་ཚོས་ད་དུང་གོད་ཆག་གི་བར་གསེང་ནས་སྣང་བ་སྐྱིད་པོ་བྱེད་རྒྱུ་ཁོང་དུ་ཆུད་མེད་པ་དེ་ཁོ་ན་ལས་མ་འདས། ང་ཚོས་རང་ཉིད་ཀྱིས་སྡུག་བསྔལ་ལ་དོགས་ཟོན་བྱེད་རྒྱུར་དོ་སྣང་མང་དྲག་པ་དང་། བདེ་སྐྱིད་ལ་དྲན་སྐུལ་བྱ་རྒྱུར་ཧ་ཅང་སྣང་མེད་བྱས་འདུག
        ད་ནས་བཟུང་བདེ་སྐྱིད་ལ་དོ་སྣང་བྱེད་རོགས།
        བདེ་སྐྱིད་ཀྱང་དྲན་སྐུལ་བྱེད་དགོས་སམ།
        འགྱེལ་འགྲོ་བར་དོ་སྣང་བྱ་རྒྱུར་དྲན་སྐུལ་དང…… འདྲེད་བརྡར་ཤོར་བར་དོ་སྣང་བྱ་རྒྱུར་དྲན་སྐུལ……གཡོ་འོག་ཏུ་ཚུད་པར་དྲན་སྐུལ་བྱེད…… གཅེས་བརྙས་བཏང་སྙོམས་བྱེད་དགོས་པའི་དྲན་སྐུལ……སོགས་སྔོན་བྱོན་མཁས་དབང་རྣམས་ཀྱིས་ང་ཚོར་དྲན་སྐུལ་ཐེངས་ཆིག་ཁྲི་སྟོང་མེད་བརྒྱ་མེད་བཅུ་མེད་གཅིག་བྱས་ཀྱང་། བདེ་སྐྱིད་དྲན་སྐུལ་བྱས་མྱོང་མེད།
        ཁོ་ཚོས་བདེ་སྐྱིད་ནི་དྲན་སྐུལ་མ་བྱས་ཀྱང་ཤོར་མི་སྲིད་སྙམ་ཡོད་ཀྱང་སྲིད་ལ། ཡང་ན་ཁོ་ཚོས་ཅ་ལག་ཡག་པོ་ནི་ཁྱོད་ཀྱིས་བརྩི་མཐོང་ཆེན་པོ་བྱེད་ངེས་ཡིན་ཏེ། བསླབ་བྱ་ཡང་ཡང་གནང་དགོས་དོན་མེད་སྙམ་པས་ཡིན་ཡང་སྲིད། ཁོ་ཚོས་ཁྲག་དང་མེ་ལ་གོང་བཀུར་བྱས་དྲག་སྟེ། བདེ་སྐྱིད་གླེང་རིན་མི་འདུག་སྙམ་པས་ཡིན་ཡང་སྲིད། ཁོ་ཚོ་ནམ་ཡང་ཉེན་ཁ་ཆེ་བའི་གཡང་གཟར་གྱི་ཁར་འགྲེངས་ཏེ། ང་ཚོར་མ་འོངས་བའི་སྡུག་བསྔལ་ལས་བྱོལ་བར་མཛུབ་སྟོན་བྱེད།
        ཡིན་ཡང་སྡུག་བསྔལ་ལས་བྱོལ་རྗེས་ཀྱི་དུས་ཚོད་ནི་ཅི་ཞིག་ཡིན་ནམ།
        དེ་ནི་བདེ་སྐྱིད་ཡིན་ནོ། །
        བདེ་སྐྱིད་ལོངས་སུ་སྤྱོད་དགོས་པར་སློབ་སྦྱོང་བྱེད་དགོས་ཤིང་། བདེ་སྐྱིད་བསླེབས་ལ་ཉེ་དུས་དྲན་སྐུལ་བྱེད་དགོས། མིས་ཚོར་ཤེས་ཀྱི་དབང་བོས་སྤྲོ་བ་མྱོང་རྒྱུ་རང་བཞིན་གྱིས་ཤེས་མོད། ཡིན་ཡང་མིས་ལྷན་སྐྱེས་སུ་བདེ་སྐྱིད་ཀྱི་དབྱངས་སྲོལ་ཁོང་དུ་ཆུད་ཐབས་བྲལ། རྣམ་ཤེས་ཀྱི་སྤྲོ་སྣང་དང་དབང་བོའི་བདེ་སྣང་ནི་སྤུན་མཚེ་ཞིག་དང་མཚུངས་ཏེ། སྐབས་རེར་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་མོད། སྐབས་རེར་འདྲེ་ཤར་ལ་བཞག་ནས་གླུད་ནུབ་ལ་གཏོང་བ་ལྟ་བུ་ཡིན།
        བདེ་སྐྱིད་ནི་སེམས་ཀྱི་གཡོ་འགུལ་རིགས་ཤིག་ཡིན་ཏེ། གཞས་ལ་གསན་པའི་རྣ་ཅོག་ལྟར། མཚམས་མེད་པར་སྦྱོང་བརྡར་བྱེད་དགོས།
        མདོར་བསྡུས་ནས་བཤད་ན། བདེ་སྐྱིད་ནི་སྡུག་བསྔལ་མེད་པའི་སྐབས་འཕྲལ་དེ་ཡིན། དེ་ཉིད་ཀྱི་བྱུང་ཚད་ང་ཚོས་བསམ་ཚོད་བྱས་པ་ལྟར་ཉུང་ཉུང་ཞིག་མ་ཡིན། མི་རྣམས་ཀྱིས་རྟག་པར་བདེ་སྐྱིད་ཀྱི་གསེར་རྟ་འཁོར་ལོ་བཞུད་ཟིན་ནས་ཡུན་རིང་འགོར་རྗེས། ད་གཟོད་ཐང་དུ་ལུས་པའི་གསེར་གྱི་ཟེ་རྔོག་ཅིག་སྒྲུག་སྟེ། མ་གཞིར་ངས་དེ་མཐོང་མྱོང་ཞེས་བརྗོད།
        མི་རྣམས་བདེ་སྐྱིད་ཀྱི་དམར་དཔེ་དྲན་གསོ་བྱེད་རྒྱུར་དགའ་ཡང་། བདེ་སྐྱིད་ཀྱིས་ཟིལ་བ་ཁྲོམ་ཁྲོམ་འཁུར་བཞིན་དྲི་ཞིམ་འཐུལ་བའི་དུས་སྐབས་དེ་ལ་སྣང་བ་བཏང་མེད། སྐབས་དེ་དུས་ང་ཚོ་རྒྱུན་དུ་གོམ་པ་ཚབ་ཚུབ་ཆེ་ཞིང་། སྔ་བལྟས་ཕྱི་བསམ་ངང་ཅི་ཞིག་ལ་བྲེལ་བཞིན་ཡོད་པ་མ་ཤེས།
        འཇིག་རྟེན་དུ་རྒྱ་མཚོའི་རླུང་དམར་ལ་སྔོན་བརྡ་རྒྱག་མཁན་ཡོད་ཅིང་། འབུ་ཆ་ག་པའི་གནོད་འཚེ་དང་ནད་ཡམས་ལ་སྔོན་བརྡ་རྒྱག་མཁན་ཡོད་ལ། ས་ཡོམ་ལའང་སྔོན་བརྡ་རྒྱག་མཁན་ཡོད། ཡིན་ནའང་བདེ་སྐྱིད་ལ་སྔོན་བརྡ་རྒྱག་མཁན་མེད།
        དོན་དམ་པར་བདེ་སྐྱིད་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་དང་འདྲ་བར། དེ་ལ་སྔ་ལྟས་ཡོད།
        བདེ་སྐྱིད་ཀྱིས་རྒྱུན་པར་རབ་རིབ་དང་ཚོད་འཛིན་ལྡན་པའི་ངང་ང་ཚོར་བདུད་རྩི་གཏོར་ཡོད། ཁྱོད་ཀྱིས་ནམ་ཡང་ཚ་ཚ་འུར་འུར་གྱིས་བདེ་སྐྱིད་ཐོབ་རེ་མ་བྱེད་དང་། དེ་ཉིད་ཕལ་ཆེར་ཁུ་སིམ་མེར་མདུན་དུ་བསླེབས་ངེས། ཡང་ཁྱོད་ཀྱིས་ཆུ་ཀ་ལའི་མཆུ་དེ་བས་ཀྱང་ཆེ་རུ་གཅུས་ཏེ་བདེ་སྐྱིད་མགྱོགས་པོར་ཤོར་དུ་འཇུག་རྩིས་མ་བྱེད་ཅིག དེ་ལས་ལྡོག་སྟེ་འཇམ་ཐིང་ངེར་ཞི་ཞིང་དུལ་བའི་སེམས་པ་ཞིག་གིས་བདེ་སྐྱིད་ཀྱི་བདེན་པ་ཉམས་སུ་མྱོང་དགོས་སོ། །
        བདེ་སྐྱིད་མང་ཆེ་ཤོས་ནི་བབ་ཆགས་ཡིན་ཏེ། དེ་ཉིད་ཀྱིས་བརྡ་གཏོང་མདེའུ་ནང་བཞིན་ཧ་ཅང་མཐོ་བའི་གནམ་མཐའ་རུ་འོད་དམར་པོ་སྤྲོ་མི་སྲིད། དེས་རང་མདངས་ཀྱི་ཕྱི་གོས་གྱོན་ནས། དྲོད་ཁོལ་ལྡན་པའི་བྱམས་བརྩེ་ཡིས་ང་ཚོ་ཡོངས་སུ་བཏུམས་ངེས།
        བདེ་སྐྱིད་ནི་འུར་ཟིང་དང་རྒྱས་གཤོམ་ལ་མི་དགའ་སྟེ། རྟག་པར་མག་མོག་གི་ཁྲོད་ནས་བསླེབས་ངེས། དབུལ་ཞིང་ཕོངས་བའི་དུས་སུ་སྡུག་གི་ཁུར་བོ་མཉམ་ཁུར་བྱས་པའི་བག་ལེབ་ཏི་ག་གཅིག་གམ། དཀའ་སྡུག་གི་དུས་སུ་བསམ་པ་གཅིག་མཐུན་བྱུང་བའི་མིག་མདངས་ཤིག ཨ་ཕའི་བྱིལ་བྱིལ་རྩིང་བོ་ཐེངས་ཤིག མཛའ་མོའི་དྲོད་འཇམ་གྱི་འཕྲིན་ཐུང་ཞིག འདི་དག་ཐམས་ཅད་ནི་གསེར་སྲང་སྟོང་གིས་མི་ཁུག་པའི་བདེ་སྐྱིད་རེད་ཨང་། དར་གོས་རྙིང་པའི་སྟེང་སྤྲས་པའི་རིན་པོ་ཆེ་པད་མ་རཱ་ག་དང་མཚུངས་པར། སྐྱོ་སྡུག་གི་ཁྲོད་དེ་བས་ཀྱང་འོད་ཆེམ་ཆེམ་དུ་སྤྲོ་སྲིད།
        བདེ་སྐྱིད་ཀྱིས་སྐབས་འགར་ང་ཚོར་ཀུ་རེ་རྩེས་ཏེ། རྫུན་ཆས་སྤྲས་ནས་བསླེབས་ངེས། གོ་སྐབས་དང་མཛའ་བཤེས། རྒྱལ་ཁ། ལྷན་འཛོམས། དེ་ཚོ་བདེ་སྐྱིད་དང་ཧ་ཅང་འདྲ་མོད། ཡིན་ཡང་དེ་ཚོ་བདེ་སྐྱིད་དང་གཅིག་འདྲ་མ་ཡིན། བདེ་སྐྱིད་ཀྱིས་དེ་དག་གི་གོས་ཤམ་གཡར་ཏེ། སྒེག་ཉམས་དང་བཅས་བཅར་ཡོང་། ཉེ་སར་བསླེབས་ཏེ་ཕྱི་གོས་ཕྱེས་ཙ་ན། ད་གཟོད་དེར་རྣོ་ལྕགས་ལྟ་བུའི་ནང་སྙིང་ཡོད་པ་མཐོང་། བདེ་སྐྱིད་སྐབས་འགར་ཡུན་ཧ་ཅང་ཐུང་སྟེ། སྡུག་བསྔལ་ལྟར་མཁའ་དབྱིངས་སྒྲིབ་མི་སྲིད། གལ་སྲིད་མི་ཚེའི་སྡུག་བསྔལ་དང་བདེ་སྐྱིད་གཉིས་རྒྱ་སྲང་གི་གཞོགས་གཉིས་སུ་བཞག་ཚེ། སྡུག་བསྔལ་གྱི་ལུས་བོངས་ཧ་ཅང་ཆེ། བདེ་སྐྱིད་ནི་གཏེར་རྡོ་ཆུང་ཆུང་ཞིག་ཡིན་ཡང་སྲིད་མོད། མདའ་ཁབ་བདེ་སྐྱིད་ཀྱི་ཕྱོགས་སུ་ཡོ་སྲིད་པ་གཏན་ཁེལ་ཡིན་ཏེ། རྒྱུ་མཚན་ནི་དེའི་ཁོག་ན་ཚེ་སྲོག་གི་གསེར་ཡོད་པས་ཕྱིར།
        བདེ་སྐྱིད་ལ་བཅད་ཁ་སྐས་དབྱིབས་ཤིག་ཡོད་དེ། དེ་ཉིད་རྒྱ་ཆེ་རུ་བསྐྱེད་ཐུབ་ལ་ཆུང་དུའང་གཏོང་ཐུབ། གཙོ་བོ་ཁྱོད་ཀྱིས་གཅེས་འཛིན་བྱེད་མིན་ལ་རག་ལས།
        ང་ཚོས་བདེ་སྐྱིད་ལ་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་ཉིད་གམ་དུ་བཅར་དུས། སྤྲོ་སེམས་ཆེན་པོས་སྐར་མ་རེ་རེ་ལོངས་སུ་སྤྱོད་དགོས། ཚན་རིག་པའི་བརྟག་དཔྱད་ལ་གཞིགས་ན། དོ་སྣང་བྱས་པའི་མཐའ་འབྲས་ནི་སྣང་མེད་ལས་ཧ་ཅང་བཟང་།
        དཔྱིད་ཀྱི་དཔལ་ཡོན་རྒྱས་དུས། ང་ཚོས་རང་ཉིད་ལ་འདི་ནི་དཔྱིད་ཀ་རེད་ཅེས་བཤད་དགོས་ཤིང་། སེམས་དབུས་སུ་གཞི་ནས་ལྗང་མདོག་གི་སྤུ་ལོང་གཡོ་སྲིད།
        བདེ་ཞིང་སྐྱིད་པའི་དུས་སུ། ང་ཚོས་རང་ཉིད་ལ་ཁྱོད་ཀྱིས་སྐད་ཅིག་མ་འདི་ཡིད་ལ་ཟུངས་ཤིག་ཅེས་བཤད་དགོས། དེ་ལྟར་བདེ་སྐྱིད་ཀྱིས་ཇི་སྲིད་བར་ང་ཚོར་འདུག་རོགས་བྱེད་སྲིད།
        དེ་ན་ང་ཚོས་དེ་བས་ཀྱང་མང་བའི་བདེ་སྐྱིད་བདག་ཏུ་བཟུང་ཡོད་པ་མིན་ནམ།
        དེ་བས། འབྲས་བཟང་གི་དུས་སུ། སྔོན་ལ་ལོ་ཉེས་ཡིན་སྲིད་པར་བསམ་བློ་མ་གཏང་དང་། ང་ཚོར་ད་དུང་དགུན་ཟླ་རིང་མོ་ཞིག་ཡོད་པས་དོན་དག་འདི་ལ་བསམ་བློ་གཏང་ལོང་ཡོད། ང་ཚོས་གྲོགས་པོ་ཚོ་དང་མཉམ་དུ་ཞབས་བྲོ་འཁྲབ་ཅིང་གླུ་བླངས་ནས། དགའ་སྤྲོ་ལ་ཚོན་བྱུག་དགོས། ས་བོན་གྱིས་རྔུལ་ཆུར་དྲིན་གཟོས་ཟིན་པ་ཡིན་ན། ང་ཚོར་བདེ་སྐྱིད་ཀྱི་དབྱིངས་སུ་ཞུགས་པའི་དབང་ཆ་ཡོད། མ་འོངས་པའི་ཁ་ཆར་བུ་ཡུག་ལ་ཁ་ཡ་མ་བྱེད། ང་ཚོར་སྔོན་ལ་འབྲུ་འཐག་ནས་གྲོ་ཕྱེ་ལེན་པ་དང་། དེ་ནས་དྲི་ཞིམ་འཐུལ་བའི་གོར་སོབ་ཅིག་བསྲེགས་ཆུགས་དང་།
        དེ་བས། ང་ཚོ་གནམ་མཚམས་མཚོ་མཐའ་ནས་ཡོང་སྟེ་མཉམ་དུ་འཛོམས་དུས། དུས་ཡུན་ཐུང་ངུའི་རྗེས་ཀྱི་གྱེས་བྲལ་ལ་ཚམ་ཚོམ་མ་བྱེད་རོགས། རྗེས་ཀྱི་ལོ་ཟླ་རིང་མོའི་ནང་། ཁེར་རྐྱང་གི་མཚན་མོ་གྲངས་མེད་ཀྱི་གདུང་བ་རང་ཉིད་གཅིག་པུས་བྲོ་བ་མྱངས་ཆོག ད་ལྟའི་སྐར་མ་རེ་རེ་ནི། དྭངས་གཙང་གི་ཨ་རག་ཉིང་ཁུ་ལྟར་བདེ་སྐྱིད་ཀྱི་མེ་ལྕེ་སྔོ་སྐྱ་རུ་སྦར་ཏེ། སྙིགས་རོ་ཏོག་ཙམ་ཡང་མི་བསྐྱུར་བར། ང་ཚོས་མཉམ་དུ་ཕོར་བ་བཏེགས་ནས། ང་ཚོ་བདེ་ཞིང་སྐྱིད་ཅེས་བརྗོད་དང་།
        དེ་བས། ང་ཚོ་རྒ་བའི་ཁུར་གྱིས་ནོན་པའི་ཕ་མའི་འཁྲིས་སུ་ཡོད་དུས། ཁོ་ཚོའི་དབུ་སྐྲ་དུང་ལྟར་དཀར་རུང་། ཁོ་ཚོ་རྒས་ནས་མི་ཚེའི་མཐའ་རུ་བསླེབས་ཡོད་རུང་། ཁྱོད་ཀྱིས་སྤོབས་པ་དང་བཅས་རང་གིས་རང་ལ་ང་རང་ཧ་ཅང་བདེ་ཞིང་སྐྱིད་ཅེས་བཤད་ཕོད་དགོས། རྒྱུ་མཚན་ནི་གནམ་སའི་ཡོད་ཚད་མི་རྟག་པ་ཡིན་ཙང་། ནམ་ཞིག་ཁོ་ཚོ་ཁྱོད་དང་འབྲལ་སྲིད་དེ། ད་ལྟའི་དུས་སྐབས་འདི་ལ་འགྱོད་པ་ཚད་མེད་སྐྱེས་སྲིད།
        བདེ་སྐྱིད་ནི་རྒྱུ་ནོར་དང་གོ་གནས། མཚན་སྙན་དང་བཟའ་ཚང་སོགས་དང་མཉམ་བགྲོད་མ་ཡིན་ཏེ། དེ་ནི་ཁྱོད་ཀྱི་སེམས་དབུས་ཀྱི་ཚོར་བ་ཁོ་ནའོ། །
        དེ་བས། ང་ཚོར་ཅི་ཡང་མེད་དུས། ང་ཚོས་ཀྱང་ང་རང་ཧ་ཅང་བདེ་ཞིང་སྐྱིད་ཅེས་བརྗོད་ཆོག རྒྱུ་མཚན་ནི་ང་ཚོར་ད་དུང་བདེ་ཐང་གི་ལུས་ཕུང་ཡོད་པས་ཕྱིར། ང་ཚོས་བདེ་ཐང་བོར་དུས། སྤོབས་པ་ཅན་དེ་ཚོས་སྔར་བཞིན་འཛུམ་དང་བཅས་ང་རང་ཧ་ཅང་བདེ་ཞིང་སྐྱིད་ཅེས་བརྗོད་ཆོག རྒྱུ་མཚན་ནི་ང་ལ་ད་དུང་བདེ་ཐང་གི་སེམས་པ་ཞིག་ཡོད་པས་ཕྱིར། ཐ་ན་ང་ཚོས་སེམས་པ་ཡང་བོར་ཚར་དུས། འགྲོ་བ་མིའི་རིགས་ཀྱི་ཕུལ་བྱུང་ཅན་དེ་དག་གིས་སྔར་བཞིན་འཇིག་རྟེན་ལ་ཕྱོགས་ནས་སྐད་ཆེན་པོས་ང་རང་ཧ་ཅང་བདེ་ཞིང་སྐྱིད་ཅེས་བརྗོད་ཆོག རྒྱུ་མཚན་ནི་ང་རང་འཚོ་བ་རོལ་མྱོང་བའི་ཕྱིར།
        རྒྱུན་པར་རང་ཉིད་ཀྱི་བདེ་སྐྱིད་ལ་དོ་སྣང་ཡོད་པར་དྲན་སྐུལ་བྱེད་དགོས་ཏེ། གྲང་ངར་གྱིས་གཙེས་པའི་འཚོ་བའི་ཁྲོད་མགོ་བོ་བཀྱགས་ནས་ཉི་མར་བལྟ་དུས། སེམས་པ་ནི་ཤེས་མེད་ཚོར་མེད་ངང་དྲོད་སོབ་སོབ་དང་འོད་ཆེམ་ཆེམ་དུ་འགྱུར་འགྲོ་བ་དེ་དང་གཉིས་སུ་མ་མཆིས།
འབྲེལ་ཡོད་འོས་སྦྱོར།