བསྒྱུར་རྩོམ། ཇག་ཞྭ།
རྩོམ་པ་པོ།:དཀོན་མཆོག་སྲུང་གིས་རྒྱ་ཡིག་ནས་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-11-16
ཀློག་གྲངས།:
ཇག་ཞྭ།
ཏེན་ཏིས་ཡིས་རྩོམ་སྒྱུར་བྱས། དཀོན་མཆོག་སྲུང་གིས་རྒྱ་ཡིག་ནས་བསྒྱུར།
ཉེ་ཆར། ཡུའེ་ཧན་གནས་པའི་འཛིན་གྲྭ་ན་ཞྭ་ཡ་མཚན་ཅན་ལ་ཨ་གསར་བྱེད་ཀྱིན་སྣང་། ཞྭ་དེ་མགོ་ལ་གོན་པ་ན། ཁ་དང་མིག་གཉིས་ལས་ངོ་གདོང་ཡོངས་སུ་གཡོགས་ཏེ། གློག་བརྙན་ནང་གི་ཇག་རྐུན་དང་འདྲ་བས། སློབ་གྲོགས་ཚོས་མ་གྲོས་གཅིག་མཐུན་གྱིས་ཞྭ་དེ་ལ“ཇག་ཞྭ”ཞེས་པའི་མིང་བཏགས། རིམ་གྱིས་ཞྭ་དེ་ལ་གསར་འདེད་བྱེད་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས། སློབ་མ་སྐོར་ཞིག་གིས“ཇག་པའི་ཤོག་ཁག”ཏུ་འབོད་པའི་ཚོགས་ཆུང་ཞིག་ཀྱང་རྩ་འཛུགས་བྱས་ཤིང་། རྒྱུན་པར་ཁོང་ཚོ་མཉམ་དུ་ཚོགས་འཚོགས་ནས་རྩེ་བ་ལས། ཞྭ་དེ་རིགས་ཉོས་མེད་པའི་སློབ་གྲོགས་ཕྱིར་འཕུད་བྱེད།
ཨ་གསར་རྟ་ལས་མགྱོགས་ཟེར་བའི་དཔེ་བཞིན། དེ་མུར་ཡུའེ་ཧན་གྱིས་ཀྱང་ཨ་མ་ལ་ཞྭ་དེ་འདྲ་ཞིག་ཉོ་འདོད་ཀྱི་བསམ་འཆར་ཐེངས་མང་བོར་ཞུས་ཀྱང་། ཨ་མས་ཞྭ་དེ་གྱོན་ན་མི་མཛའ་རབས་དང་མི་བཟང་ཚུལ་ལ་ཁ་གཡར་ཏེ། ཁོང་གི་འདོད་ཐོག་ལ་རྟ་རྒྱུག་ཏུ་མ་བཅུག མ་འགྱངས་པར། སློབ་གྲོགས་ཚང་མས་ཞྭ་དེ་འདྲ་རེ་ཉོས་ཟིན་ཡང་། ཡུའེ་ཧན་ལ་མེད་པས་ཁོ་རང་ཡིད་ཤིན་ཏུ་ཕངས།
ཉིན་ཞིག ཡུའེ་ཧན་མཛེས་རྩལ་སློབ་ཁྲིད་དུ་ཞུགས་སྐབས། སྟབས་མ་ལེགས་པར་མཛུབ་མོར་ཚོན་གྱིས་སྦགས་པས། དགེ་རྒན་གྱིས་ཆོག་མཆན་གནང་སྟེ་ལག་པ་བཀྲུ་རུ་སོང་། ལག་བཀྲུ་ཁང་གི་གཞོགས་གཅིག་ནི་སྐྱེས་པ་ཚོའི་ཞྭ་དང་ལྭ་སོགས་འགེལ་ས་རེད། ཡུའེ་ཧན་ནང་དུ་འཛུལ་མ་ཐག་སློབ་གྲོགས་ཚོས་གྱང་ངོར་བཀལ་པའི་ཞྭ་དང་ལྭ་མང་བོ་མཐོང་། ཁོ་རང་ཡ་མཚན་པའི་ངང་དེ་གར་སོང་བ་ན། ལག་པར་གཟུགས་མེད་ཅིག་གིས་བསྐུལ་བ་ནང་བཞིན། དེ་དག་ལས་ཞྭ་སེར་བོ་ཞིག་བླངས་ནས་མགོ་ལ་གྱོན། དེ་ནས་མེ་ལོང་མདུན་དུ་ལངས་ནས་བལྟས་དུས། རྨ་བྱས་དབྱར་རྔ་ཐོས་པ་ཇི་བཞིན་ཡིད་ཀྱི་མཚོ་མོར་མགུ་བའི་རྦ་རླབས་འཕྱུར་བ་དང་སྦྲགས་ཏེ། ཞྭ་འདི་རྐུ་བའི་བརྐམ་ཆགས་ཀྱི་དུག་སྦྲུལ་ཁྲ་མོ་གྲོང་འཇུག་གི་ཚུལ་དུ་ལངས།
ཁོས་ཕར་ལྟ་ཚུར་ལྟ་ལན་འགའ་བྱས་རྗེས། ཞྭ་དེ་མྱུར་དུ་རང་གི་ལྭ་བའི་ཐུ་བོའི་ནང་བཅུག་རུང་ཐུ་བ་ཕྱིར་འབུར་དུ་ཐོན་ཆེ་བས། གཞན་གྱིས་ཤེས་འགྲོ་བར་དོགས་ཏེ། རྟབ་རྟབ་པོར་ཐུ་བ་ནས་བླངས་ཏེ་ཕུ་རུང་ནང་སྦས། དེ་དུས་ཡུའེ་ཧན་སྙིང་རྩ་ལུ་གུ་ལྡིང་ལྡིང་བྱེད་བཞིན་སློབ་ཁང་དུ་ལོག དེ་ནས་སྐྲག་སྣང་དང་འགྱོད་གདུང་རྐྱ་འཐབ་སྟེ་ངོ་གདོང་ཇེ་དམར་ནས་ཇེ་དམར་འགྱུར་ཞིང་། སེམས་བློང་བློང་པོར་མཇུག་འབྲས་ཅི་འབྱུང་ལ་སེམས་ཚེགས་བྱས་མཐར། སློབ་ཁྲིད་གྲོལ་རྗེས་གོ་སྐབས་ཤིག་བཙལ་ནས་ཞྭ་དེ་རང་སོར་འཇོག་པའི་སེམས་ཐག་བཅད།
ཁོང་རང་ལག་བཀྲུ་ཁང་གི་སྒོ་ཁར་ཐོན་པ་ན། སློབ་གྲོགས་ཤིག་གིས“ངའི་ཞྭ་བོར་སོང་།”ཞེས་སྐད་ཅོར་རྒྱག་བཞིན་པ་ཐོས།
སྐད་ཆ་ཤོད་མཁན་ནི་སློབ་གྲོགས་ནོ་པའོ་ཐི་ཡིན་ལ། ཁོང་ནི“ཇག་པའི་ཤོག་ཁག”གི“ཇག་དཔོན”ཡང་ཡིན། དུས་དེར་ཡུའེ་ཧན་སྐྲག་ནས་རྐང་བར་འདར་སིག་ཤོར་རུང་། ནོ་པའོ་ཐི་ཡིས་སྐད་ཅོར་རྒྱག་པ་ལས་སློབ་གྲོགས་ཚོ་འུར་དིར་དུ་གཏོང་མ་ཐུབ། སློབ་གྲོགས་ཤིག་གིས་ནོ་པའོ་ཐིར“ཁྱོད་ཀྱིས་ཞྭ་བཞག་འཕྱུགས་སོང་བ་ཨེ་ཡིན”ཞེས་དྲིས་པར།
ནོ་པའོ་ཐི་ཡིས་སྐད་གསང་མཐོན་པོས།“ངའི་ཞྭ་མོ་འདི་རུ་བཞག་ཁོ་ཐག་ཡིན། སུ་ཞིག་གིས་བརྐུས་སོང་་་་་་”
སྐབས་དེར། སློབ་གྲོགས་ཚོས་རང་ལ་དོགས་པ་མི་ཟ་བའི་ཆེད། ཡུའེ་ཧན་གྱིས་དོན་དག་ཅི་ཡང་མ་བྱུང་བའི་ཁུལ་བྱས་ཤིང་། ལག་བཀྲུ་ཁང་ནས་ཕྱིར་བླངས་པའི་རང་གི་ལྭ་བ་ལམ་སང་ལུས་ལ་གྱོན་མ་ཕོད། རྒྱུ་མཚན་ནི་ཕུ་རུང་ནང་གི་ཞྭ་ལྷུང་དོགས་པས་སོ།།
ཁྱིམ་ལ་ལོག་པའི་ལམ་བར་དུ་ཁོ་ནོངས་འགྱོད་ཀྱིས་རབ་ཏུ་གདུངས་ཏེ་འདི་སྙམ་དུ་བསམས་སོ། །རང་གིས་ཚུལ་མིན་གྱི་སྤྱོད་ངན་འདི་ལྟ་བུ་ཅི་ལྟར་བྱས་པ་ཡིན་ནམ། གལ་ཏེ་དགེ་སློབ་ཚོས་ཤེས་ན་ངོ་གང་དུ་འཇོག ཁོས་ཞྭ་དེ་ལམ་བར་ནས་གཡུག་འདོད་ཡོད་ནའང་། གཞན་གྱིས་མཐོང་བར་དོགས་ཏེ་གཡུག་མ་ཕོད། གལ་ཏེ་ནོ་པའེ་ཐི་ལ་ངས་ཁྱོད་ཀྱི་ཞྭ་གྱོན་འཕྱུགས་སོང་ཟེར་ནས་ཕྱིར་སྤྲད་ཚེ། ནོ་པའེ་ཐི་དང་སློབ་གྲོགས་ཚོའི་རྣ་ལ་འགྲོའམ། ནང་སྒོས་སུ་རང་ཉིད“ཇག་པའི་ཤོག་ཁག”ནང་ཞུགས་མ་ཐུབ་པའི་རྒྱུ་མཚན་སློབ་གྲོགས་ཚང་མས་དེ་མ་ཐག་ཏུ་ཤེས་འགྲོ།
ཡུའེ་ཧན་ཁྱིམ་ལ་སླེབས་ནས་ཉལ་ཤག་ནང་ཁེར་རྐྱང་དུ་བསྡད་དེ་ཕུ་རུང་ནང་ནས་ཞྭ་ལེན་བསམ་དུས། ཡ་མཚན་སྐྱེ་དགོས་རྒྱུ་ཞིག་ལ་ཕུ་རུང་ནང་དུ་ཞྭ་མ་མཆིས། དེ་ནས་ཕུ་རུང་གཞན་གཅིག་ལ་ལག་མྱང་བྱས་ཀྱང་མི་འདུག གཞན་པའི་ལྭ་གྱོན་འཕྱུགས་སོང་བ་ཡིན་ནམ་སྙམ་ཏེ་ཞིབ་ཏུ་བལྟས་དུས་འཕྱུགས་མེད། དེས་ན་ལམ་བར་ནས་བོར་སོང་བ་ཡིན་ནོ།། དེ་མིན། སློབ་གྲོགས་ཚོས་ཞྭ་བརྐུས་པ་མཐོང་ཡོད་མེད་སོགས་ལ་བསམ་གྱིན་བསམ་གྱིན་ཡུའེ་ཧན་གྱིས་སྙིང་རྩ་སླར་ཡང་ལུ་གུ་ལྡིང་ལྡིང་དུ་འཕར་སོང་།
བར་མཚམས་འདི་ལ། ཡུའེ་ཧན་གྱི་ཨ་མ་འཛུམ་དམུལ་ལེར་ཁྱིམ་དུ་ལོག་ཏེ། ཡུའེ་ཧན་གྱི་ཕྲག་ཁར་འཐམས་ཤིང་ངག་འཇམ་པའི་ངང་། “ཁྱོད་ཀྱིས་ལྟོས་དང་། ངས་ཁྱོད་ལ་ལེགས་སྐྱེས་ཅི་ཞིག་ཉོས་འདུག”ཅེས་བཤད་ཞོར་དུ་ལག་འཁྱེར་ཁུག་མ་ཞིག་གི་ཁ་ཕྱེ། བསམ་ཡུལ་འདས་པ་ཞིག་ལ། ཨ་མས་ཡུའེ་ཧན་ལ་གནང་བའི་ལེགས་སྐྱེས་ནི་ཇག་པའི་ཞྭ་ཞིག་རེད།
“གཅེས་ཕྲུག་ལགས། ཁྱོད་ལ་སྟེར། ད་ཁྱོད་སེམས་སྡུག་བྱ་མི་དགོས།”ཞེས་ཨ་མས་འདི་ལྟར་བཤད་དུས། ཡུའེ་ཧན་གྱི་སེམས་སྔར་ལས་ཇེ་སྡུག་ཏུ་གྱུར། རྒྱུ་མཚན་ནི་ཨ་མས་ལེགས་སྐྱེས་སུ་གནང་བའི་ཞྭ་དེ་སློབ་གྲོགས་ནོ་པའེ་ཐི་ཡི་ཞྭ་དང་གཅིག་འདྲ་རེད། གལ་ཏེ་ཁོས་ཞྭ་མོ་འདི་གྱོན་ནས་སློབ་གྲྭར་སོང་ཚེ། སློབ་གྲོགས་ཚོས་ཞྭ་འདི་ནོ་པའེ་ཐི་ཡིས་བོར་སོང་བའི་ཞྭ་རེད་ཟེར་ནས་མ་ཉེས་ཁག་འགེལ་བྱས་ཚེ་ཁོས་ལྕེ་བརྒྱ་སྤྲུལ་ནས་བཤད་ཀྱང་གཞན་པ་ཡིད་མི་ཆེས། སྡུག་གི་ཁུར་བོ་དོར་ཕྱིར། ཡུའེ་ཧན་གྱིས་ཨ་མས་མཉམ་བཞག་མེད་པའི་སྐབས་དང་བསྟུན་ནས་ཞྭ་མོ་གད་སྙིགས་ནང་དུ་འཕངས་སོང་།
དགོང་མོ་དེར། ཡུའེ་ཧན་སེམས་སྡུག་གིས་མནར་ཏེ་སྐད་ཆ་གཅིག་ཀྱང་བཤད་འདོད་མེད་ཅིང་། མལ་ཁྲིའི་སྟེང་དུ་ལོག་ནས་ཡུན་རིང་འགོར་ཡང་གཉིད་མ་ཁུག ཁོས་སློབ་གྲོགས་ཚོའི་རང་ལ་དོགས་པ་ཟ་བཞིན་ཡོད་མེད་དང་སང་ཉིན་སློབ་གཙོས་བཀའ་བཀྱོན་གནང་མིན་སོགས་ལ་སེམས་ཁྲལ་ཡང་ཡང་བྱས།
ཕྱི་ཉིན་གྱི་ཞོགས་འཚོགས་རྒྱུན་ལྡན་མིན་པ་ཚོར་ཏེ། སློབ་གྲོགས་སྐྱེས་པ་དག་གིས་དུས་དང་རྣམ་པ་ཀུན་ཏུ་རང་ལ་མིག་མདའ་འཕེན་གྱིན་ཡོད་ལ། ནོ་པོ་ཐིས་ཀྱང་རང་ལ་ཁ་ཡ་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་འདུག
ཞོགས་འཚོགས་སུ་སློབ་གཙོས་ཐོག་མར་སློབ་གྲྭའི་རྒྱུན་ལྡན་གྱི་བྱ་བ་སྐོར་ཞིག་བཤད་རྗེས། བཤད་མཚམས་ཅུང་ཟད་བཞག་ནས་སླར“ང་ལ་དོན་དག་གལ་ཆེན་ཞིག་བཤད་རྒྱུ་ཡོད་་་་་”ཅེས་བཤད་པ་ན། ཡུའེ་ཧན་སྙིང་ཁ་རྡིག་རྡིག་ཏུ་འཕར་ཞིང་དཔྲལ་བ་ལས་རྔུལ་ཆུའང་ཐོན་སོང་། སེམས་སུ་ད་ནི་ར་སྤུའི་འུར་རྡོ་ར་ཡི་མཇིང་བར་འཁོར་སོང་སྙམ།
སློབ་གཙོས་ཡང་བསྐྱར་བཤད་མགོ་རྩོམ་དུས། ཡུའེ་ཧན་ཞེད་སྣང་གིས་མགོ་བོ་སྨད་དེ་སློབ་གཙོའི་ངོ་གདོང་ལ་ལྟ་མ་ཕོད་པར་གྱུར། སློབ་གཙོས“ངས་བཤད་རྒྱུ་ནི་འུ་ཅག་སློབ་གྲྭའི་རྐང་གྲུག་རུ་ཁག་གིས་ཁུལ་ཡོངས་ཀྱི་མཉམ་འབྲེལ་འགྲན་ཚོགས་ཁྲོད་བྱ་དགའ་ཨང་དང་བོ་ལོན་སོང་།”ཞེས་དགའ་སྤྲོ་རབ་ཏུ་འཁོལ་བའི་ངང་གསུངས། ཡུའེ་ཧན་གྱིས་གཏམ་དེ་ཐོས་དུས་ལུས་སེམས་ཅུང་ལྷོད་པོར་གྱུར་ཡང་། ཚོགས་འདུ་གྲོལ་རྗེས་སློབ་གཙོས་ཁོ་བོས་ནས་ཁ་བརྡ་བྱེད་མིན་ལ་ད་དུང་སེམས་ཚེགས་བྱས། དོན་དངོས་སུ་ཡུའེ་ཧན་གྱིས་རང་གིས་རང་ལ་སྐྲག་བསྐུལ་བ་ལས། བྱ་བ་མཐའ་དག་དུས་རྒྱུན་དང་ཁྱད་པར་མ་མཆིས།
བསླབ་ཕྱིའི་ངལ་གསོའི་སྐབས་སུ། “ཇག་པའི་ཤོག་ཁག”གི་ཚོགས་མི་རྣམས་སློབ་རའི་ལུས་རྩལ་ཐང་དུ་རྩེ་རུ་ཕྱིན། ཡུའེ་ཧན་གྱིས་བལྟས་དུས། ནོ་པའེ་ཐི་ཡང་དེ་དག་གི་གྲས་སུ་ཡོད་པས་མི་ཚད། མགོ་ན་ཇག་པའི་ཞྭ་སེར་བོ་ཞིག་གྱོན་འདུག ཡ་མཚན་ལང་དགོས་རྒྱུ་ཞིག་ལ་ཞྭ་མོ་དེ་ནི་ཡུའེ་ཧན་གྱིས་བརྐུས་པའི་ཞྭ་དེ་རེད།
ཁོས་ནོ་པའེ་ཐི་ཡིས་ཡང་བསྐྱར་ཞྭ་གསར་བ་ཞིག་ཉོས་སམ་སྙམ་སྟེ། སྤོབས་པ་ཆེར་བསྐྱེད་ཀྱིས་ནོ་པའེ་ཐིའི་གམ་དུ་སོང་ནས“ཁྱོད་ཀྱིས་ཡང་བསྐྱར་ཞྭ་གསར་བ་ཞིག་ཉོས་སམ།”ཞེས་དྲིས་དུས། ནོ་པའེ་ཐི་ཡིས“ཁྱོད་ཀྱིས་ཅི་ཞིག་ཟེར་གྱིན་འདུག”ཅེས་ཧ་མ་གོ་བའི་ཚུགས་ཤིག་བསྟན་བྱུང་། ཡུའེ་ཧན་གྱིས་སླར་ཡང“ཁྱོད་ཀྱི་ཇག་ཞྭ་འདི། གསར་དུ་ཉོས་པ་ཡིན་ནམ”ཞེས་དྲིས།
ནོ་པའེ་ཐིས“ཨོ། ངའི་ཞྭ་མོ་བོར་མེད། སློབ་གྲོགས་པུ་ཨར་གྱི་ཕུ་རུང་ནང་བརྫངས་འདུག ཕལ་ཆེར་སར་ལྷུང་བ་སུ་ཞིག་གིས་མཐོང་ནས་མ་ཤེས་པར་བཞག་པ་རེད།”ཅེས་བཤད་བྱུང་།
འབྲེལ་ཡོད་འོས་སྦྱོར།