logo

པེ་ཏའོ་ཡི་སྙན་ངག་བདམས་བཀོད།

རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-02-14 ཀློག་གྲངས།:
སྙན་ངག་གི་སྒྱུ་རྩལ།

ང་ལ་དབང་བའི་སྡོད་ཤག་ཆེན་པོ་དེའི་ཤུལ་དུ།
ཅོག་ཙེ་ལས་ལྷག་མི་འདུག
ཉེ་འཁོར་ནི་མཐའ་མེད་པའི་ན་གཞུང་ངོ་།།
ཟླ་བ་གཞོན་ནུས་ཟུར་ངོས་མི་འདྲ་བ་ནས་ང་རང་གསལ་བྱས་ཚེ།
རུས་པ་འཐོར་ཅིང་མཉེན་པོར་ཆགས་པའི་རྨི་ལམ་དེ།
བཤིགས་ཚར་མེད་པའི་ལས་སྒྲོམ་ཞིག་གམ།
ཤོག་དཀར་ངོས་ཀྱི་འདམ་མྱག་གི་རྐང་རྗེས་དང་འདྲ་བར།
རྒྱང་ཐག་རིང་བའི་ཕྱོགས་སུ་འགྲེང་།
བགྲང་བྱ་མང་པོར་གསོས་པའི་ཝ་སྐྱེས་དེས།
མེ་ལྟར་དམར་པའི་མཇུག་མ་གཡུག་བཞིན་དུ།
ང་ལ་བསྟོད་པ་བྱེད། ང་ལ་གནོད་པ་གཏོང་།
དེའི་ཁར་ཁྱོད་ངའི་ཁ་གཏད་དུ་བསྡད་ནས།
རང་གི་ལག་མཐིལ་ན་འོད་དུ་འཚེར་བའི།
གནམ་དྭངས་དུས་ཀྱི་གློག་ཞགས་དེ།
བུད་ཤིང་སྐམ་པོར་བསྒྱུར་ཅིང་།
ཡང་མེ་མདག་ཏུ་བསྒྱུར་བ་སྨོས་ཅི་དགོས།

བདེན་དཔང་།

འུ་གཉིས་ཀྱི་རྒྱུས་མེད་ཀྱི་མིག་མདངས་དེ།
རྒྱ་ལམ་བཞི་མདོ་ནས་འཕྲད།
ཆང་བཙན་པོའི་ཕོར་པ་གཉིས་མཉམ་དུ་གཏུགས་ཀྱང་།
སྐད་སྒྲ་མེད་པ་བཞིན་ནོ།།
འུ་གཉིས་ཀྱི་མགོ་ཐོག་གི
མདུད་ལོག་ཐེབས་པའི་རྒྱུ་སྐར་དེ།
དཀའ་སྡུག་དང་སྤྲོ་དགའི་བར་དུ་ཚུད་ཅིང་།
ཕྱིས་ཀྱང་མི་སྐེམ་པའི་མིག་ཆུ་རྡོག་གཅིག་གི་རྗེས་ཤུལ་འདྲ།
དེའི་ཕྱིར་འུ་གཉིས་ཀྱིས།
སོ་སོའི་མིག་མདངས་ཀྱི་སྐད་སྒྲ་ཐོས།
གནས་ལུགས་ཀྱིས་ཁས་བླངས་པའི་རྨི་ལྟས་དེ།
དངོས་སུ་ཡོད་པ་ནི།
འཆི་བས་ཁས་བླངས་པའི་བརྩེ་དུང་ཇི་བཞིན་ནོ།།
གལ་སྲིད་ཁྱོད་ཡིད་མི་ཆེས་ན།
དེ་ནི་མར་ཉིལ་བཞིན་པའི་གངས་མི་ཞིག་ལས་མ་འདས།
དེའི་བདེན་དཔང་ནི་རྒྱུ་སྐར་ཉིད་དོ།།

སྟོང་པ།

དབུལ་ཕོངས་ནི་སྟོང་པ་སྟོང་རྐྱང་དང་།
རང་དབང་ནི་སྟོང་པ་སྟོང་རྐྱང་རེད།
རྡོ་ཀ་མ་རུའི་བརྐོས་རིས་ཀྱི་མིག་ནང་དུ།
རྒྱལ་ཁ་ནི་སྟོང་པ་སྟོང་རྐྱང་རེད།
བྱ་ནག་རྣམས་གནམ་སའི་སྦྲེལ་ཐིག་ནས་ཐོན།
སང་ཉིན་གྱི་ཚེ་རིང་ཤ་ཁྲམངོན་པར་བྱས།
རེ་ཐག་ཆད་པ་ནི་སྟོང་པ་སྟོང་རྐྱང་རེད།
གྲོགས་པོའི་ཕོར་པའི་འོག་ཏུ།
ངོ་ལོག་ནི་སྟོང་པ་སྟོང་རྐྱང་རེད།
དགའ་གྲོགས་ཀྱི་འདྲ་པར་སྟེང་གི།
ཞེ་མེར་བ་ནི་སྟོང་པ་སྟོང་རྐྱང་རེད།
ཡུན་རིང་བསྒུགས་པའི་འཕྲིན་ཡིག་ནང་།
དུས་ཚོད་ནི་སྟོང་པ་སྟོང་རྐྱང་རེད།
བཀྲ་མི་ཤིས་པའི་འབུ་ནག་ཁྱུ་གཅིག
སྨན་ཁང་གི་གནམ་གཅལ་གང་བོར་བབས།
ལོ་རྒྱུས་ནི་སྟོང་པ་སྟོང་རྐྱང་དང་།
མཚམས་མི་ཆད་པའི་རུས་མཛོད་དེ།
གཤེགས་ཟིན་པ་ནི་ད་གཟོད་ཁས་ལེན་ནོ།།

རྒས་འཁོགས་ཚོའི་གདོང་ལ་བབས་པའི་ཤ་ཁྲའི་མིང་སྟེ། རྒྱ་སྐད་དུ寿斑ཟེར་རོ།།

ཐམས་ཅད།

ཐམས་ཅད་ལས་དབང་རེད།
ཐམས་ཅད་དུ་སྤྲིན་རེད།
ཐམས་ཅད་མཇུག་འབྲས་མེད་པར་མགོ་རྩོམ་པ་རེད།
ཐམས་ཅད་སྐད་ཅིག་གིས་བཞུད་པའི་འཚོལ་སྙེག་རེད།
དགའ་སྤྲོ་ཐམས་ཅད་ལ་འཛུམ་མདངས་མི་འདུག
དཀའ་སྡུག་ཐམས་ཅད་ལ་ངུས་པའི་རྗེས་ཤུལ་མི་འདུག
སྐད་ཆ་ཐམས་ཅད་བསྐྱར་ཟློས་རེད།
འབྲེལ་འདྲིས་ཐམས་ཅད་ཐོག་མའི་མཇལ་འཕྲད་རེད།
བརྩེ་དུང་ཐམས་ཅད་སེམས་ན་གསལ།
འདས་དོན་ཐམས་ཅད་རྨི་ལམ་ནང་དུ་ལུས།
རེ་བ་ཐམས་ཅད་ཀྱི་ཞོར་ན་མཆན་འགྲེལ་ཡོད།
དད་འདུན་ཐམས་ཅད་ཀྱི་ཞོར་ན་སྨྲེ་ངག་ཡོད།
ཐོལ་གྱིས་བྱུང་བ་ཐམས་ཅད་ལ་སྐབས་གཅིག་གི་ལྷིང་འཇགས་འདུག
འཆི་བ་ཐམས་ཅད་ལ་རྒྱུན་རིང་བའི་བྲག་ཅ་འདུག

ལམ་ནོར་བ།

ཕུག་རོན་གྱི་ཤུ་སྒྲར་འགྲོགས་ནས།
ངས་ཁྱོད་རང་བཙལ།
ཚང་ཚིང་མཐོན་པོས་ནམ་མཁའ་བཀག
ལམ་ཕྲན་དུ།
ལམ་ནོར་བའི་ཁུར་མོང་ཞིག་གིས།
ང་རང་མཚོ་མོ་སྔོ་སྐྱ་ཞིག་གི་ཕྱོགས་སུ་ཁྲིད།
ཅུང་ཙམ་འདར་ཞིང་གཡོ་བའི་ལྡོག་གཟུགས་ནས།
ངས་ཁྱོད་ཀྱི།
གཏིང་མི་དཔོག་པའི་མིག་ཟུང་རྙེད།

སྙན་ངག་པ་པེ་ཏའོ་ངོ་སྤྲོད།
       པིར་མིང་ལ་པེ་ཏའོ(1949–)ཞེས་འབོད་པའི་སྙན་ངག་པ་ཁོང་གི་མཚན་དངོས་ལ་ཀྲའོ་ཀྲེན་ཁའེ་ཟེར། སྐད་གྲགས་ཤིན་ཏུ་ཆེ་བའི་ཀྲུང་གོའི་དེང་རབས་སྙན་ངག་པ་ཞིག་དང་། རབ་རིབ་སྙན་ངག་གི་ཚབ་བྱེད་མི་སྣའི་གྲས་སུ་གཏོགས། དམངས་ཁྲོད་སྙན་ངག་དུས་དེབ«དེ་རིང»ཞེས་པ་གསར་གཏོད་མཛད་མཁན་ཡིན། ད་ལྟ་ཞང་ཀང་རྒྱ་ཡིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་འགན་བཞེས་ཡོད། བརྩམས་ཆོས་ལ་སྙན་དེབ«པེ་ཏའོ་ཡི་སྙན་ངག་བདམས་བཀོད»དང་། «ཉི་མའི་གྲོང་གི་དྲན་ཐོ» «པེ་ཏའོ་དང་ཀུའུ་ཁྲེང་གི་སྙན་ངག་བདམས་བཀོད» «རྒྱུས་མེད་པའི་མཚོ་ངོགས»བཅས་དང་། ལྷུག་རྩོམ་དེབ«ཕམ་ཁའི་གླེགས་བམ» སྒྲུང་དེབ«གཡོ་སྐྱོམས» སོགས་ཡོད། དེ་སྔ་ནོ་བྷེལ་རྩོམ་རིག་བྱ་དགའི་འོས་མིར་ཚུད་མྱོང་། སུའེ་ཏེན་སྙུག་ཚོགས་ཀྱི་རྩོམ་རིག་བྱ་དགའ་དང་། ཨ་རིའི་ནུབ་ཕྱོགས་སྙུག་ཚོགས་ལྟེ་བའི་རང་དབང་གསར་རྩོམ་བྱ་དགའ་སོགས་ཐོབ། འདིར་བདམས་བསྒྱུར་བྱས་པའི་སྙན་ངག་དག་ནི་སྐྱེ་བོ་བྱིངས་ལས་ལྡོག་པའི་ལྟ་ཚུལ་ཡན་གར་བ་སྲོག་ཤིང་དུ་བྱས་ཤིང་། གཟུགས་བརྙན་ཕུན་སུམ་ཚོགས་ལ་བརྗོད་དོན་གཏིང་ཟབ་པ། སྡེབ་སྦྱོར་ལེགས་པ། དབྱངས་ཀྱི་འདེགས་འཇོག་གིས་ཕྱུག་པ་ཤ་སྟག་ཏུ་ངེས་པས་བོད་སྐད་ཀྱི་སྙན་ངག་གསར་རྩོམ་ལའང་ལེན་དུ་རུང་བའི་ལེགས་ཆ་མང་དུ་ཡོད་པར་བསམས་ཏེ་བོད་འགྱུར་བྱས་པའོ།།
འབྲེལ་ཡོད་འོས་སྦྱོར།