བསྒྱུར་རྩོམ། གཅིག་དང་བཞི།
རྩོམ་པ་པོ།:རྡོ་རྗེ་རབ་བརྟན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-07
ཀློག་གྲངས།:
གཅིག་དང་བཞི།
འཇམ་དབྱངས་ཚེ་རིང་གིས་བརྩམས།
རྡོ་རྗེ་རབ་བརྟན་གྱིས་བསྒྱུར།
རྡོ་རྗེ་རབ་བརྟན་གྱིས་བསྒྱུར།
གློ་བུར་དུ་སྒོ་གླེགས་བརྡུང་བའི་སྐད་རྟབ་རྟབ་པོ་ཞིག་གྲག་བྱུང་། སྐབས་དེར་ང་རང་ཏག་ཏག་མདུན་ཅོག་ལ་བསྙེས་ནས་གཉིད་ཡོད། སྒོ་གླེགས་བརྡུང་བའི་སྒྲ་དེ་ནི་ཐོན་རན་ཞིག་ལ་ཐོན་བྱུང་ཟེར་ཆོག་སྟེ། ཤྭ་བ་སེར་ཆེན་ཞིག་ཁང་ཀླད་བརྒྱུད་ནས་སྟིག་སྟིག་སྟིག་རྒྱུགས་སོང་བ་དང་མཚུངས། ངས་སད་མ་ཐག་པའི་རབ་རིབ་ཀྱི་མིག་ཟུང་ལ་ཕུར་ཕུར་བྱེད་ཀྱིན་ཡོང་གི་ཡོད་ཡོང་གི་ཡོད་ཅེས་སྐད་བརྒྱབ། སྒོ་ཕྱེས་པ་ན། མི་ཞིག་འཁྱགས་རླུང་གིས་བདས་པའི་ཁ་བའི་འདབ་མ་དང་བསྡོངས་ཏེ་ཐད་ཀར་ངའི་གདོང་ནས་བསུས་ཡོང་།
ཕྱི་རོལ་དུ་ཁ་བ་ལྷུག་ལྷུག་ཏུ་འབབ་བཞིན་མཆིས། དེ་ནི་གནམ་རྒན་མས་ངའི་བཟའ་འཐོར་གན་རྒྱ་ཡི་གེའི་ཤོག་ལྷེ་ཞིག་སིལ་མར་གཤགས་སོང་བ་དང་མཚུངས། སྔོན་ཏག་ཏག་ལ། རང་སྡེ་བའི་མི་རྐྱང་རྒན་པོ་ཀུན་བྷོ་ཡང་ངའི་ཁང་བར་ཐོན་ཡོང་། ཁང་བའི་ལྕགས་ཐབ་དུ་རྡོ་སོལ་བསྒོངས་པའི་མེ་རོ་ལམ་ལམ་དུ་འབར། མི་རྐྱང་རྒན་པོས་དགུན་ཞྭ་ཕུད་དེ་ཁ་བ་སྤྲུག་སྤྲུག་བྱེད་ཅིང་། ཁོས་ཁ་བ་བབས་དྲགས་སོང་། ཕལ་ཆེར་ལམ་ཁེགས་ངེས་ཡིན། རྫོང་མཁར་དུ་ཐེངས་ཤིག་འགྲོ་རྒྱུའང་ཁག་པོ་བྱུང་འདུག་ཅེས་ལབ་རྡོལ་འབྱིན་བཞིན་གྲང་ནས་དམར་པོར་གྱུར་བའི་ལག་ཟུང་ལྕགས་ཐབ་ཀྱི་ཕྱོགས་སུ་བསྲིང་ཡོང་། ངས་ཁོའི་ལག་པ་ལས་མཆེད་པའི་རླངས་པར་བལྟས་པ་ན། དེ་ནི་ཁོ་ཚག་ཏུ་བཙོ་བའི་གོ་རེ་ཚོས་ཡོང་བ་དང་ཤིན་ཏུ་མཚུངས། ཡུན་གྱིས་ཁོའི་སྐེ་ཚིགས་ནས་ཀྱང་རླངས་པ་མཆེད་ཡོང་། ཕལ་ཆེར་ཁོའི་ལུས་ཧྲིལ་བོ་ལྕགས་ཐབ་ཀྱི་མེ་དྲོད་ལ་བརྟེན་ནས་གཞའ་ཚན་རྒྱས་པ་དང་འདྲའོ། །
ཀུན་བྷོས་ཐབ་མེ་ལ་ཁ་ལག་བསྲོས་ཏེ་ལུས་ཕུང་དྲོས་རྗེས། ཁ་ལྕེ་ཡང་ཇེ་བདེ་ལ་སོང་འདུག ཁོས“ནགས་སྲུང་པ་ལགས། ཁྱོད་ཀྱི་ས་ཁང་འདི་ཙག་གཡོལ་བྱེད་ས་ལེགས་པོ་འདུག ནགས་ཚལ་འདི་འདྲ་ཞིག་ལ་ལྟ་སྲུང་བྱས་ན་ཟླ་རེར་སྒོར་མོ་ཅི་ཙམ་རེག་ཐུབ”ཅེས་ང་ལ་དྲིས་བྱུང་།
ངས་དགུན་ལྭ་གཡང་ཤམ་གྱིས་གྱོན་ཞིང་། ཨོང་སྟེགས་ལ་བསྡད་དེ་ཤུགས་རིང་ཞིག་བཏང་མཐར། “ཅང་མེད། ཉིས་སྟོང་ལ་མི་འབུད།”ཅེས་སྨྲས།
ཀུན་བྷོས་ཉན་རྗེས། ཡིད་ཚིམས་པའི་ངང་མགོ་བོ་ལྡེམ་ལྡེམ་བྱེད། ངས་ཁ་ཁོག་པོས་མ་གསང་བར་བཤད་པ་དེར་ཁོས་ཅུང་ཙམ་ཡི་རང་བྱེད་པ་འདྲ། ཡིན་ཡང་ཀུན་བྷོ་ནགས་ཚལ་དུ་ཡོང་དོན་ཅི་ཡིན་ནམ། ངའི་དོགས་ཟོན་གྱི་བསམ་མནོས་སྐད་ཅིག་དེ་ཉིད་ལ་ངའི་ཀླད་པ་རུ་ཅོང་སྒྲ་དཀྲོགས་སོང་། དི་རི་རི། དི་རི་རི། ཅོང་སྒྲ་ཆེ་ནས་ཆེ་རུ་ཕྱིན། སྐབས་ཐོག་འདིར་ཁོས་ངའི་ངོ་གདོང་གི་འགྱུར་བ་མཐོང་ནས་ཅི་མི་སྙམ་པར་ཧད་དེ་འདུག་པ་ངས་ཚོར་ཡོང་། “ཅི་རེད། ཅི་རེད། ནགས་སྲུང་པ། ཁྱོད་ཀྱིས་ཅིའི་ཕྱིར་འདི་ལྟར་ང་ལ་ལྟ་བ་ཡིན།”ཞེས་ཟེར།
ངས་ཕལ་ཆེར་སྐར་མ་གསུམ་ཙམ་ལ་མིག་ཅེར་ནས་ཁོ་ལ་བལྟས་བསྡད། ཀུན་བྷོས་གློ་བུར་དུ་སྐད་བརྒྱབ་བྱུང་། “འདི་ལྟར་ང་ལ་ལྟ་མི་དགོས། དོན་ངོ་མར་ངས་ཁྱོད་ལ་ཅི་བྱས་སོང་།”ཞེས་ཟེར།
ཀུན་བྷོས་སྐད་གསེང་མཐོན་པོས་འུར་བརྒྱབ་པ་ན། ཐབ་མེ་ལ་ངར་སྐྱེད་པ་ལྟར་ཐབ་འོབས་སུ་འུར་འུར་འབར།
“ཁྱོད་ནགས་ཚལ་དུ་ཡོང་དོན་ཅི་ཡིན།”མཐའ་མཇུག་ངས་འདི་ལྟར་དྲིས།
“སྡེ་བ་ནས་འདི་གར་དུས་ཚོད་གསུམ་གྱི་རིང་ལ་ཡོང་དགོས། ཁྱོད་ཀྱིས་དུས་ཚོད་གསུམ་བེད་སྤྱད་ནས་ང་ལ་ལྟ་རུ་ཡོང་བ་ཡིན་ཞེས་མ་ཟེར་རོགས། ངས་ཡིད་ཆེས་བྱེད་མི་སྲིད།”
ཀུན་བྷོས་མིག་ལོག་གིས་ལྟ་བཞིན། “སུས་ང་ཁྱོད་ལ་ལྟ་རུ་ཡོང་བ་མ་རེད་ཟེར། ངས་དོན་དག་ཅིག་ཁྱོད་ལ་བཤད་བསམ་པ་ཡིན། གལ་ཏེ་ཁྱོད་ཀྱིས་ཉན་མི་འདོད་ན་ང་ཕྱིར་བུད་འགྲོ།”ཞེས་ཟེར།
ངས་དཔུང་བ་གཉིས་བརྐྱངས་ཏེ་ཁོ་འགོག་ཞོར། “ཁྱོད་ནགས་ཤིང་བརྐུས་གཅོད་དུ་ཡོང་བ་མ་ཡིན་གྲང་།”ཞེས་དྲིས།
ཀུན་བྷོས་མིག་ཟུང་ཆེ་ཆེར་བགྲད་དེ། “ཁྱོད་ཀྱི་ཆུང་མས་ཁྱོད་དང་བཟའ་འཐོར་བྱེད་པར་ཁག་མི་འདུག ངས་སེམས་བཟང་བཅངས་ནས་མྱུར་དུ་ཁྱོད་བཙལ་དུ་ཡོང་ཡང་ཁྱོད་ང་ལ་དོགས་པ་ཟ་ཡི་འདུག”ཅེས་ཟེར།
ཀུན་བྷོ་ཁྲོ་སང་སང་གིས་ལྕགས་ཐབ་ཀྱི་འགྲམ་ནས་ཡར་ལངས་ཏེ་འགྲོ་རྩིས་བྱེད། ངས་སྒོའི་སྦྲེལ་ལོང་གཏན་ཞིང་ཕྱིར་མདུན་ཅོག་གི་འགྲམ་དུ་བསྡད་དེ«སྐོར་ཞིབ་ཟིན་ཐོ»འབྲི་འགོ་བརྩམས། ངས་ཟླ་ཚེས་དང་གནམ་གཤིས་ཀྱི་གནས་ཚུལ་བསྐངས་ཤིང་། བོད་ཡིག་གིས་འདི་ལྟ་བྲིས་པ་སྟེ། ཀུན་བྷོ་ཁོ་གཅིག་པུ་ནགས་ཚལ་དུ་མྱུལ་དུ་ཡོང་འདུག ཁྱད་མཚར་བ་ཞིག་རེད། དེ་རིང་ཁ་བ་བབས་པས་ང་སྐོར་ཞིབ་ཏུ་མ་སོང་། འོན་ཀྱང་ངས་དེ་ལྟར་མ་བྲིས་པར་འདི་ལྟར་བྲིས། ཁ་བ་བབས་ཚེ་ལམ་འབྱིད་པས་ས་ཆ་ལ་ལར་འགྲོ་མ་ཐུབ། གལ་ཏེ་དེ་རིང་ནགས་ཤིང་བརྐུས་པའི་དོན་དག་བྱུང་ཚེ། ཀུན་བྷོ་ནི་དོགས་པ་ཟ་ཡུལ་དང་པོ་ཡིན། ལྟོས་དང་། ང་ནི་ཇི་འདྲའི་མི་དྲང་མོ་ཞིག་རེད་ཨང་། ངས་འདི་དག་བྲིས་ཚར་རྗེས། ཐཱན་སུའུ་སྨྱུ་གུ་ཟིན་ཐོ་སྟེང་འཕངས་ཤིང་ཁ་ཕྱིར་འཁོར་ནས་ཀུན་བྷོ་ལ་བལྟས་དུས། ཁོས་སྔ་མོ་ནས་སྒོའི་སྦྲེལ་ལོང་ཕྱེས་ནས་བུད་སོང་། འཁྱགས་རླུང་གིས་སྒོ་གླེགས་ལ་ཁྲོམ་ཁྲོམ་ཤུགས་ཀྱིས་རྡེག་ཀྱིན་འདུག ཁ་བའི་འདབ་མ་ཁང་པའི་ནང་དུ་འཚུབ་ཡོང་བས་ངས་དེ་མུར་སྒོ་གཏན་ཞིང་ལྕགས་ཐབ་དུ་རྡོ་སོལ་བསྣན་རྗེས། མདུན་ཅོག་གི་འགྲམ་དུ་བསྡད་དེ་ཀུན་བྷོས་ང་བཙལ་ནས་དོན་དག་ཅི་ཞིག་ཡོད་པར་འདང་བརྒྱབ།
འདང་རྒྱག་གིན་རྒྱག་གིན་ང་གཉིད་དུ་ཡུར།
ངས་རྨི་ལམ་ཞིག་རྨིས་སོང་། ཤྭ་བ་སེར་ཆེན་ཞིག་ནགས་གསེབ་ཏུ་རྒྱུ་བཞིན་འདུག ལྷབ་ལྷུབ་ཏུ་འབབ་པའི་ཁ་བ་འབབ་མཚམས་འཇོག་རྒྱུ་མིན་པ་ལྟར་སྣང་། ཤྭ་བ་སེར་ཆེན་གྱིས་ཁངས་ཞབས་ཀྱི་ནགས་ཤིང་སྐམ་པོ་དག་རྨིག་པས་མནོན་ཞིང་། ཤིང་སྐམ་དག་ངའི་རྣ་བའི་བུ་གར་ཚག་སྒྲ་དང་བཅས་དུམ་བུར་གཅོག སྒྲ་དེ་ནི་བླ་ལྷག་གིས་འཇམ་ཞིང་དྭངས་པ་ཞིག་རེད། ཤྭ་བ་སེར་ཆེན་གྱིས་སྒྲ་འདི་ཐོས་པས་དོགས་ཟོན་གྱི་རྣ་བ་ཀེར་ནས་མགྲིན་སྒྲ་སྒྲོག། སླར་ཡང་མགྲིན་སྒྲ་ཞིག་བསྒྲགས། ཕྱིས་སུ་སྟིག་སྟིག་སྟིག་བྲོས་སོང་། དེ་ནས། དང་ཐོག་གི་རྣམ་པ་དེ་བྱུང་བ་རེད། ང་གཉིད་ལས་སད། མི་དེས་ངས་སྒོ་ཕྱེས་མ་ཐག་ཏུ་ང་རང་ལོགས་ཤིག་ཏུ་ཕུད་རྒྱག་བཏང་། ངའི་བྲང་གཞུང་ལ་ན་ཟུག་ཅིག་བསྐྱེད་པ་མ་ཟད། འཚུབ་རྒྱག་གིས་རྡོས་ནས་འོངས་པའི་ཁ་བའི་འདབ་མ་ངའི་ངོ་གདོང་ལ་ཕོག
ངས་སྒོ་གཏན་ཞིང་ངོ་གདོང་གི་ཁངས་ཆུ་ཕྱིས། དེ་ནས་ང་སྒོ་ཁར་འགྲེང་ནས་ལྕགས་ཐབ་ཀྱི་ལོགས་སུ་སྐུབ་སྟེགས་ལ་བཙོག་འདུག་པའི་མི་དེར་བལྟས་ནས་བསྡད། ཁོ། ལོ་ན་སུམ་ཅུ་ཙམ་རེད། རྒྱབ་ཏུ་བོའུ་རིང་ཞིག་འཁུར་འདུག་པ་དང་བོའུ་ཁ་ཐུར་དུ་གཏད་ཡོད། ལུས་སྟོད་དུ་དམ་དུ་བསྡམས་པའི་ཀོ་ལྭ་ཞིག་གྱོན་ཞིང་། ཀོ་ལྭའི་གོང་བ་ཙག་གིས་ཁངས་སོང་བ་ལྟར་གྱེན་དུ་ལངས་འདུག སྐེ་རུ་རི་མོ་གྲུ་བཞི་བཀོད་པའི་སྐེ་དཀྲི་ཞིག་གང་བྱུང་དུ་དཀྲིས་པར་མཆིས། ལྕགས་ཐབ་ཀྱི་མེ་དྲོད་ཀྱིས་ཁོའི་མགོ་རུ་ཆགས་པའི་ཁ་བ་དེ་མུར་བཞུས་ཤིང་། ཁ་བ་བཞུས་པའི་ཆུ་ཁོའི་དཔྲལ་བར་འབྱར་བའི་སྐྲ་ཤུར་ནས་ངོ་གདོང་ལ་བཞུར་གྱི་འདུག མི་དེ་བློ་རིག་ཅན་ཞིག་རེད། ཁོས་སྐེ་དཀྲི་བླངས་ནས་ངོ་གདོང་ཕྱིས་རྗེས་ཡང་བསྐྱར་སྐེ་དཀྲི་སྐེ་ལ་དཀྲིས། ད་ཐེངས་བརླན་ཤུར་ཤུར་གྱི་སྐེ་དཀྲི་གང་བྱུང་དུ་མ་དཀྲིས་པར་གྲལ་དག་པོར་དཀྲིས་སོང་། ཕར་བལྟས་ན་སྐེ་དཀྲི་དེར་ཡོང་ཁུངས་ངེས་ཅན་ཡོད་སྲིད་འདུག
ཁོས་བཟུང་བའི་བོའུ་དེ་ནི་རི་དྭགས་ལྐོག་རྔོན་མཁན་རྣམས་ཀྱིས་རྒྱུན་དུ་བཀོལ་བའི་རང་འགུལ་ཕྱེད་མའི་བོའུ་རིང་དེ་འདྲ་ཞིག་རེད། ང་སྐྲག་ནས་སྐད་ཆ་ཕྱི་ལ་འབྱིན་མ་ཐུབ་མོད། སེམས་སུ་མི་འདི་ཅིའི་ཕྱིར་འདི་འདྲའི་ཁ་བ་མཐུག་པོ་ཞིག་གི་ཁྲོད་དུ་ནགས་ཁུལ་དུ་ཡོང་བ་ཡིན་ནམ་ཞེས་བསམ། ངས་རང་གིས་མཆིལ་མ་ཞིག་མིད་པའི་སྒྲ་ཐོས། འདི་ནི་སྐྲག་སོང་བའི་རྟགས་རེད། ང་ལ་ཞན་ཆ་ཞིག་ཡོད་པ་ནི་དངངས་སྐྲག་ཤོར་ན་ཅི་ཡིན་འདི་ཡིན་མེད་པར་མཆིལ་མ་མིད་པར་བྱེད། མི་དེས་ཚོང་ར་གང་རུང་དུ་རྒྱུན་དུ་ཉོ་རྒྱུ་ཡོད་པའི་ཨ་རིའི་དངོས་པོ་ལ་དཔེ་བྱས་ནས་བཟོས་པའི་ཁུག་མ་མང་བའི་རྐང་སྣམ་གྱི་ཁུག་མ་ལས་ཅི་ཞིག་ཕྱིར་ལེན་རྩིས་བྱེད། མཐར་ཁ་པར་ཞིག་ཕྱིར་བླང་ཡོང་། ནག་རོག་གེར་ཡོད་པའི་ཁ་པར་དེ་དེ་རིང་གི་ཁངས་འཁྱགས་ཀྱི་ནམ་ཟླ་འདི་ལྟ་བུའི་ཁྲོད་དུ་གོ་ཅི་ཡང་མི་ཆོད། འོན་ཀྱང་ཁོས་གཏན་ནས་ཤེས་མེད་ཚོད་རེད། ཁོས་ཏིག་ཏིག་དིར་དིར་བསྟུད་མར་ཨང་གྲངས་འགའ་མནན་མོད་བརྡ་རྟགས་ཡོད་མ་སྲིད། ཁོ་རང་གི་སེམས་ཁོ་ཐག་ཆོད་སོང་བ་འདྲ་སྟེ། ཁ་པར་ཕྱིར་ཁུག་མར་བསྡུས། དེ་ནས་བོའུ་བླང་ནས་འཕྲེད་དུ་ལག་ལ་བཟུང་། ཁོས“ཟ་རྒྱུ་ཡོད་དམ”ཞེས་དྲིས་བྱུང་། “ཡོད། ལོས་ཡོད།”ངས་ཞོག་ཁོག་བསྲེགས་མ་དང་གོ་རེ་ཁོ་ལ་བསྟབས། ཁོས་མ་ནེ་ནང་དུ་ལྕོག་ལྕོག་བྱས་ཏེ་མདུན་ཅོག་ཐོག་བཞག་ཡོད་པའི་ཇ་ཕོར་དུ་ཇ་བླག་ཅེས་པའི་བརྡ་བསྟན། ང་རང་སེམས་སུ་དགའ་བོ་མེད་ནའང་ཁ་ནས་ཅང་ཤོད་མ་ཕོད། རྒྱུ་མཚན་ནི་ཁོ་ལ་བོའུ་ཡོད་པ་དང་ང་ལ་མེད་དོ། །ནགས་སྲུང་པར་བོའུ་ཡོད་ཟེར་བ་དེ་ནི་སྐྱག་རྫུན་ཡིན།
ཁོས་ཅི་ཞིག་དྲིས་ན། ངས་འཁོས་ཆུང་ངང་ཇི་བཞིན་ལན་བསློགས་པ་ཡིན།
ཁོས“གང་དུ་སོང་ན་ཁ་པར་ལ་བརྡ་རྟགས་ཡོད་དམ།”ཞེས་ཟེར།
ངས“ང་ཚོའི་སྡེ་འདབས་སུ་བརྡ་རྟགས་ཡོད། དུས་ཚོད་གསུམ་གྱི་ལམ་ཐག་ལ་འགྲོ་དགོས། ངས་རྫོང་ནགས་ལས་ཅུས་ལ་ཁ་པར་གཏང་དགོས་ན་རྒྱུན་དུ་ཡུལ་ལ་སོང་ནས་བཏང་བ་ཡིན།”ཞེས་སྨྲས།
ཁོ་དགོད་ཙམ་བྱས་རྗེས། “ཁྱོད་ནགས་སྲུང་པ་ཡིན་པ་ཤེས་མོད། ང་ཅི་ཞིག་བསྒྲུབ་མཁན་ཡིན་པ་ཁྱོད་ཀྱིས་ཤེས་སམ།”ཞེས་ཟེར།
ངས་ཁྱོད་ནི་རི་དྭགས་ལྐོག་རྔོན་མཁན་ཞིག་རེད་ཅེས་བཤད་འདོད་མོད། འོན་ཀྱང་དེ་ལྟར་ཤོད་མ་ཕོད། ངས་མགོ་གཡུག་གཡུག་བྱེད་ཞོར“ངས་མི་ཤེས། ངས་མི་ཤེས། ལོ་འདི་དག་ལ་མིའི་ཕྱི་ཚུལ་ལ་བལྟས་ནས་ཅི་ཞིག་བསྒྲུབ་མཁན་ཡིན་པ་ཤེས་སྲིད་དམ།”ཞེས་སྨྲས།
ཁོ་ལ་སྤྲོ་སླངས་ན་ང་རང་ལ་བོའུ་རྡེའུ་ཞིག་འཕེན་སྲིད་པར་སྐྲག་སྟེ། སྐད་འགོ་ཇེ་དམའ་རུ་གཏོང་ཅི་ཐུབ་བྱས་ཤིང་། གུས་གུས་ཞུམ་ཞུམ་གྱི་ཚུགས་ཀ་བསྟན།
ཁོས་ང་ལ་གནག་སེམས་བཅངས་ཀྱི་མེད་པ་འདྲ། ཁོས“ང་ཉེན་རྟོག་པ་ཡིན། སྤྱི་བདེ། ལས་འགན་ལག་བསྟར་བྱེད་དུས་ཉེས་ཅན་དང་འཕྲད་དེ་ར་མདའ་བྱེད་ཀྱིན་འདིར་སླེབས་པ་ཡིན། ང་ཚོའི་རླངས་འཁོར་སྡོང་བོར་གདོང་ཐུག་བརྒྱབ་སྟེ་ལས་གྲོགས་ཀྱི་རྐང་བར་རྨས་སྐྱོན་བྱུང་བས་རླངས་འཁོར་དུ་ལུས་སོང་། ངས་འདི་ནས་བརྡ་རྟགས་ཡོད་ས་ཞིག་བཙལ་ནས་ལས་ཁུངས་ལ་ཁ་པར་གཏོང་དགོས།”ཞེས་གདོང་ལ་གཟབ་ནན་གྱིས་ཁེངས་ཏེ་བཤད། ལྕགས་ཐབ་ཀྱི་མེ་ཤུགས་ངང་གིས་ཟད་ཀྱིན་མཆིས། ངས་ལྕགས་ཐབ་ཏུ་རྡོ་སོལ་བསྣན། ངས་ཉམས་ཚོད་ལེན་ཕྱིར་ཁོ་ལ་འདི་ལྟར་དྲིས། “ཁྱོད་ཀྱིས་ངེད་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རྡོ་ཤེས་སམ།”ཁོས་ལན་དུ“དེར་དོ་སྣང་མེད། ང་རང་རྫོང་སྤྱི་བདེ་ཅུས་ཀྱི་ཡིན།”ཞེས་ཟེར། ངས་སྙིང་སྟོབས་ཇེ་ཆེར་བཏང་ནས་བཤད་རྒྱུར། “འོན་ཀྱང་ཁྱོད་ཀྱི་ལག་གི་བོའུ་ནི་རི་དྭགས་ལྐོག་རྔོན་མཁན་གྱིས་དུས་རྒྱུན་འཛིན་པའི་རང་འགུལ་ཕྱེད་མའི་བོའུ་རིང་མ་རེད་དམ།” ཁོས་ང་ལ་བལྟས་ཙམ་བྱས་ཤིང་། བོའུ་ཡར་ལ་འདེགས་ཙམ་བྱས། ང་རང་སྐྲག་ཐག་ཆོད་དེ་དེ་མུར་ངོ་མདངས་འགྱུར། ཁང་པ་ཕྱི་རོལ་གྱི་ཁ་བར་བཟོད་སྒོམ་སྤུ་ཙམ་མེད་པར་འབབ་བཞིན་གདའ། དྲོད་རླངས་ཀྱི་ཆུ་ཐིགས་ཐུར་དུ་འཛག་གྱིན་པའི་སྒེའུ་ཁུང་གི་ཤེལ་སྒོ་བརྒྱུད་ནས་མཐོང་འོང་བ་ནི་ངའི་བཟའ་འཐོར་གན་རྒྱ་ཡི་གེ་བསྐྱར་དཔར་ཁྲི་ཕྲག་དུ་མ་བྱས་ཤིང་སིལ་མར་གཤགས་ཏེ་མཁའ་ལ་གཏོར་སོང་བ་དང་ཀུན་ནས་མཚུངས། ཁོས་ཅི་སྙམ་པར་ཤེལ་སྒོའི་ངོས་ལ་མཛུབ་མོས་སྙིང་ཆུང་ཞིག་བྲིས་ཤིང་། ཡང་སྙིང་ཆུང་དེ་མདའ་མོ་ཞིག་གིས་ཕུག་པར་བྱས་པ་བྲིས། སྐབས་དེར། ཁོས་མཛུབ་མོ་ཕྱིར་བུད་པའི་ལག་འབོལ་ཞིག་གོན་ཡོད་པ་ངས་མཐོང་སོང་། ཁོ་ཁ་ཕྱིར་འཁོར་ནས“ནགས་སྲུང་པ་ངར་བ་ཞིག་རེད། བོའུ་འདི་དངོས་གནས་རི་དྭགས་ལྐོག་རྔོན་པའི་རེད། ཁོ་ཚོས་བོའུ་འདིས་གསའ་དང་ཤྭ་བ་སེར་ཆེན་མང་པོ་ཞིག་བསད་སོང་། ད་དུང་འདིས་མི་ཡང་གསོད་སྲིད།”ཅེས་བཤད་ཞོར་ཡང་བསྐྱར་བོའུ་ཡར་ལ་འདེགས་འདེགས་ཙམ་བྱས། ཕལ་ཆེར་འདི་ནི་མཚོན་ཆ་མིན་ཞིང་དགྲ་ལག་ནས་འཐོབ་པའི་དམག་རྫས་ཤིག་ཡིན་པ་འདྲ།
ང་མདུན་ཅོག་གི་འགྲམ་དུ་སོང་ཞིང་། ཁོས་མཉམ་འཇོག་མེད་པའི་གླགས་དང་བསྟུན་ནས«སྐོར་ཞིབ་ཟིན་ཐོ»རུ་འདི་ལྟར་བྲིས། ཀུན་བྷོ་སོང་རྗེས་ཡང་ལག་ཏུ་རང་འགུལ་ཕྱེད་མའི་བོའུ་རིང་ཐོགས་པའི་མི་ཞིག་སླེབས་བྱུང་། ཁོ་ཉེན་རྟོག་པ་ཡིན་ཟེར། འོན་ཀྱང་རི་དྭགས་ལྐོག་རྔོན་པ་ཞིག་ཏུ་དོགས་གཞི་ཤིན་ཏུ་ཆེ། ངས་ཚིག་རྐང་འདི་དག་བྲིས་རྗེས་ཟིན་ཐོ་མྱུར་དུ་འཐེན་སྒམ་དུ་རུབས་ཤིང་མདུན་ཅོག་གི་འགྲམ་དུ་ཁོ་ལ་བལྟས་ནས་བསྡད། ཁོས་མགོ་བོ་ཡར་དགྱེས་དུས། ངས་མགྱོགས་སྟབས་ཀྱིས་ཟིན་ཐོ་དབུགས་ཐེངས་གཅིག་གིས་སྔ་མོ་ནས་བྲིས་ཚར། ངའི་སྙིང་སྟོབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་ཨེ་རེད། ངས་ཁོའི་ལག་གི་བོའུ་རིང་ལ་ལྟ་ཡག་ཅིག་བྱས། བོའུའི་མཆུ་སྦུག་ནག་ཤིག་ཤིག་བྱེད། ཕར་བལྟས་ཚོད་ལ་ཁངས་ཆུ་ཡིས་བོའུའི་མཆུ་སྦུག་ལ་ཕྲ་ཚིལ་བྱུག་པ་དང་མཚུངས།
ཀོ་ལྭ་པ། ངའི་སེམས་སུ་འདི་ལྟར་ཁོ་ལ་མིང་ཞིག་བཏགས་པ་ཡིན། ཁོ་འཚུབ་ཆ་ལངས་འགོ་བརྩམས་ཤིང་ཁ་བ་ནམ་ཞིག་ལ་འབབ་མཚམས་འཇོག་སྲིད། གལ་ཏེ་ཁ་བ་འབབ་མཚམས་མ་བཞག་ན་སྡེ་བར་འགྲོ་བའི་ལམ་ངོས་ཟིན་ནམ། ཡང་ན་ནགས་ཚལ་ལས་ཕྱིར་འབུད་པའི་ལམ་ཞིག་ཡོད་དམ་ཞེས་ང་ལ་ཚ་འདྲི་བྱེད། ངས་མགོ་ལྕོག་འཕྲེད་དུ་གཡུག་གཡུག་བྱས་ཏེ་གལ་ཏེ་ངས་ཁྱོད་ལ་ལམ་ཁྲིད་ནའང་འདི་ལྟ་བུའི་ཁངས་གཞུང་དུ་མགོ་འཐོམས་ཤིན་ཏུ་སླ་ཞེས་སྨྲས། ཁོས་ངའི་སྐད་ཆར་ཉན་རྗེས་ཡིད་ཆེས་ལ་མི་ཆེས་པའི་སྒོ་ནས་ཁྱོད་ཀྱིས་ང་ལ་མགོ་གཡོག་གི་འདུག་ཟེར། ཁོས་བོའུ་ཡར་ལ་བཀྱགས། བོའུ་ཁ་ང་ལ་མ་གཏད་མོད། ཡིན་ཡང་ང་རང་སྐྲག་ཐག་ཆོད་པ་བྱུང་།
“བདེན་པ་ཡིན། ངས་ཁྱོད་ལ་མགོ་གཡོགས་ཕོད་དམ།”ཞེས་བཤད་ཞོར་ང་རང་འཕྲལ་མར་ཡར་ལངས་ཤིང་། ཅོག་ཙེ་འོག་ཏུ་ཡིབ་རྩིས་བྱས།
ཁོས་ལག་པ་གཡུག་གཡུག་བྱས་ཏེ། “ངས་ཉེན་རྟོག་པའི་ལྭ་བ་མ་གྱོན་པས་ལན་པ་ཡིན། ངའི་ཉེན་རྟོག་པའི་ལྭ་བ་བྲེད་ཧྲུལ་ཐེབས་པས་ཁ་སང་རླངས་འཁོར་གྱི་གཞུག་སྒམ་དུ་བསྐྱུར་བ་ཡིན། སྐྲག་མི་དགོས། ཉེན་རྟོག་པས་མི་ངན་མ་གཏོགས་འཛིན་བཟུང་མི་བྱེད་པ་ལོ་གསུམ་ཅན་གྱི་བྱིས་པས་ཀྱང་ཤེས། གལ་ཏེ་ཁྱོད་རང་ང་ལ་སྐྲག་གི་ཡོད་ན། དོན་དག་གཉིས་མཆིས་ཏེ། གཅིག་ན་ཁྱོད་རང་མི་ངན་པ་ཞིག་རེད། གཉིས་ན་ཁྱོད་ཀྱིས་ང་རང་ཉེན་རྟོག་པ་རེད་འདོད་ཀྱི་མེད། ཁ་གསལ་བོར་བཤད་ན་ངའི་ཐོབ་ཐང་ལ་ཁྱོད་དོགས་པ་ཟ་བཞིན་པ་དེ་རེད།”ཅེས་ཟེར།
ཁོས་འདི་ལྟར་བཤད་མ་ཐག ང་རང་ཨོང་སྟེགས་སྟེང་ངང་ངམ་ཤུགས་ཀྱིས་མར་བཙོག་སྟེ་ཁོ་ལ་ཅེར་ནས་བསྡད། ཁོས་བོའུ་རིང་བརླ་ཐོག་ཏུ་འཕྲེད་དུ་བཞག་ཅིང་། གོ་རེ་བླང་ནས་ཟ་བ་དང་། ཇ་ཡང་འཐུང་། ད་དུང་ཞོག་ཁོག་ཀྱང་ཟོས། ཟས་ཚར་རྗེས་གཙང་ཤོག་ཨེ་ཡོད་ཟེར། ངས་བྲེལ་འཚུབ་ངང་ངོ་གདོང་འཕྱིད་བྱེད་ཀྱི་ལག་རས་བླང་སྟེ་ཁོ་ལ་བྱིན། ལག་པ་ཕྱིས་རྗེས་རྐང་སྣམ་ཁུག་ལ་ལས་ཅི་ཞིག་སྔོག་འགོ་བརྩམས། བསྔོགས་བསྔོགས་མཐར་ལྟེབ་གཉེར་དུ་གྱུར་བའི་ཐ་མག་བག་ཆ་ཞིག་ཕྱིར་བཏོན་ཡོང་། ཁོས་ང་ལ་ཐ་མག་ཅིག་བསྟབས། ཐ་མག་རྐང་དེ་གྱ་མ་གྱུ་རུ་གྱུར་ནས་གཅུ་འཛེར་ལྟ་བུ་ཞིག་ཏུ་སྣང་། ངས་མགོ་ལྕོག་འཕྲེད་དུ་གཡུག་གཡུག་བྱས། ཁོས་ཨོ་ཡ། ཤེས་སོང་། ཁྱོད་ཚོ་ནགས་སྲུང་པ་དག་གིས་ཐ་མག་འཐེན་པ་མ་རེད། འོན་ཀྱང་ཁྱོད་ཀྱི་ཁང་པར་མེ་སྦར་ཆོག་ན་ངས་ཐ་མག་རྐང་གཅིག་འཐེན་ལོས་ཆོག་ཟེར། ཀོ་ལྭ་པས་ཐད་གར་ཐ་མག་ལ་མེ་བསྒོས། ཁ་ནས་དུ་བ་སྒོར་མོ་ཞིག་ཕྱིར་ཕྱུངས། ཕྱིས་སུ་ཁོས་ང་ལ་འདྲི་རྒྱུར། “ཁྱོད་ཚོའི་ནགས་ཚལ་དུ་རྒྱུན་དུ་མཐོང་བའི་རི་དྭགས་དེ་གང་ཡིན།” “ཤྭ་བ་སེར་ཆེན་ཡིན།” ངས་ལན་འདི་སློག་སྐབས་སྐད་མགོ་ཤིན་ཏུ་དམའ། ཁོས་ཡང་བསྐྱར་ཁ་ནས་དུ་བ་སྒོར་མོ་ཞིག་ཕྱིར་ཕྱུངས་ཤིང་རྣ་བ་ཟུར་དུ་གླགས་ཏེ“ཅི་ཞིག་ཡིན་ཟེར་རམ།”ཞེས་དྲིས། ངས་སེམས་སུ་ཁོས་བསམ་བཞིན་དུ་འདྲི་བཞིན་པ་ཤེས་མོད། ཡིན་ཡང་ཤྭ་བ་སེར་ཆེན་ཡང་བསྐྱར་ཟློས་བརྗོད་ཐེངས་ཤིག་བྱས། ཐེངས་འདིར་ཁོས་གོ་སོང་བ་རེད།
ཁང་པ་ཕྱི་རོལ་གྱི་ཁ་བ་སྔར་བཞིན་འབབ་མཚམས་འཇོག་རྒྱུ་མིན་པ་འདྲ། བལྟས་ཚོད་ལ་ངའི་བཟའ་འཐོར་གན་རྒྱ་ཡི་གེ་བསྐྱར་དཔར་འབུམ་ཕྲག་དུ་མ་བྱས་ཙམ་མ་ཡིན་པར། བསྐྱར་དཔར་ས་ཡ་དུ་མ་བྱས་ནས་སིལ་བུར་གཤགས་ཏེ་གཏོར་བཞིན་པ་དང་འདྲ། སྐབས་འདིར། ཕར་བལྟས་ཚོད་ལ་ཁོས་རླངས་འཁོར་དུ་ལུས་པའི་རང་གི་འཐབ་གྲོགས་ལ་སེམས་ཁུར་སྤུ་ཙམ་བྱེད་ཀྱི་མེད། ངའི་དོགས་འདྲི་ནི་མེ་སྟག་ཅིག་དང་འདྲ་བར་རྩྭ་ཕུང་གི་གསེང་ནས་དུ་བ་ལྷོག་ལྷོག་ཏུ་བརྡོལ་ཞིང་མེ་རུ་སྦར། ངས་སྐད་མགོ་དམའ་མོས་བཤད་རྒྱུར།“ཁྱོད་ཀྱིས་ལས་གྲོགས་ཀྱིས་ད་ལྟ་རླངས་འཁོར་དུ་སྡུག་མྱོང་གི་ཡོད་ལོས་ཆེ།” ཁོས་ཉན་རྗེས་མགོ་བོ་གཡུག་གཡུག་བྱེད་བཞིན་བཤད་རྒྱུར།“རྐང་བ་རྨས་སོང་ཟེར། རླངས་འཁོར་གདོང་ཐུག་བརྒྱབ་དུས་རྨས་པ་མིན་ཏེ། དེའི་སྔོན་ལ་གཅིན་པ་གཏོང་དུས་ཤུལ་ཏེ་རྨས་པ་རེད། རླངས་འཁོར་དུ་བཟའ་རྒྱུ་དང་བཏུང་རྒྱུ་མང་བས་ཁོ་ལྟོགས་མི་སྲིད། བརྡ་རྟགས་ཡོད་ས་ཞིག་རྙེད་ཚེ་ངས་ཁ་པར་གཏང་ན་རོགས་འདེགས་པ་མྱུར་དུ་ཐོན་ངེས།” “འོ་ན་ཁྱོད་ལྟོགས་ནས་འདི་འདྲ་ཞིག་ཏུ་ཅི་ལ་གྱུར།” ཁོས་ཐ་མག་ལྷག་རོ་ས་ལ་སྤྱུགས་ཤིང་དམག་ལྷམ་ཡུ་རིང་གིས་རྡོག་རྫི་བྱས་ནས་མེ་བསད། འཇུར་རྟ་འདི་ལྟ་བུ་གང་སར་འཚོང་རྒྱུ་ཡོད་པས། འདིས་ཅི་ཡང་གསལ་བཤད་བྱེད་མི་ཐུབ།
བཤད་ན་སྐད་ཆ་རིང་འགྲོ་སྟེ་ཞེས་ཁོས་བཤད་དོན། ངས་ཉེན་རྟོག་རླངས་འཁོར་སཱན་ཐཱ་ནཱ་ཆག་རོ་དེ་བསྐོར་ནས་ཁུངས་སྣེ་ལྟར་རི་དྭགས་ལྐོག་རྔོན་མཁན་གྱི་བྱེས་སྐྱོད་རླངས་འཁོར་རྔོན་གཟིག་རྟགས་ཅན་དེར་ར་མདའ་བྱས། ཁ་བའི་ཁྲོད་དུ་ཡིབ་ཐབས་བྲལ་བ་ནི་རླངས་འཁོར་གྱི་རྗེས་ཤུལ་རེད། ལྐོག་རྔོན་མཁན་གྱིས་ཉེན་བརྡ་གཏོང་བཞིན་འོངས་པའི་ཉེན་རྟོག་རླངས་འཁོར་རྗེས་ཆོད་ལ་ཉེ་བ་མཐོང་སྟེ། སྐྲག་ནས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱིར་འཁོར་ནས་བོའུ་ཡིས་བརྒྱབ། ཏིང་ཏིང་ཏིང་། བོའུ་རྡེའུ་དག་ཉེན་རྟོག་རླངས་འཁོར་ལ་ཕོག་ནས་ཀླད་ཀྱི་ཉེན་བརྡའི་གློག་གཞུ་འཐོར་བའི་སྒྲ་གྲག་འོངས་ཤིང་། ཆག་གྲུམ་གྱི་སྤོས་འགྱིག་དག་རླངས་འཁོར་གྱི་གདོང་ཤེལ་ངོས་ནས་ཐ་ར་ར་ས་རུ་ཟགས། ལྟས་ངན། སྤོས་འགྱིག་དེ་དག་འཐོར་བ་མཐོང་ནས་ང་རང་བྲེལ་འཚུབ་ལངས་ཤིང་། ཁ་སྐྱོགས་གཅུས་པ་ཙམ་གྱིས་རླངས་འཁོར་དྲང་ཐད་དུ་གསོམ་སྡོང་ཆེན་པོ་ཞིག་ལ་གདོང་ཐུག་བརྒྱབ་སོང་། རླངས་འཁོར་གྱི་སྣ་ཁེབས་བཀོག་ཅིང་རླངས་འཁོར་གྱི་སྣ་ཐོ་རུ་དྲོད་རླངས་འཕྱུར་བྱུང་། ཆུ་སྒྲོམ་གས་པ་དང་གཡོན་ཕྱོགས་ཀྱི་འཁོར་ལོ་ལྷུང་འདུག ང་རང་ཁོང་ཁྲོས་མ་བཟོད་པར་རླངས་འཁོར་གྱི་འཁོར་ལོ་ལ་ཤུགས་ཀྱིས་རྡོག་ཐོ་བརྒྱབ། བྱེས་སྐྱོད་རླངས་འཁོར་རྔོན་གཟིག་ཐག་རིང་དུ་བྲོས་སོང་། ས་དེ་གར་ལམ་མེད་འདུག ང་དང་ལས་གྲོགས་གཉིས་ཀྱིས་དབྱེ་ཞིབ་བྱས་ན་ཁོ་ཚོ་ད་དུང་མུ་མཐུད་དུ་སོང་ན་རླངས་འཁོར་འགྲོ་ཐབས་མེད་པས་ཁོ་ཚོ་ཐག་རིང་ཞིག་ཏུ་འབྲོ་མི་ཐུབ། ངེད་གཉིས་གྲོས་བྱས་ཏེ་ཁོ་རླངས་འཁོར་དུ་འདུག་རྒྱུ་དང་། ང་རང་གཅིག་ནས་མུ་མཐུད་དུ་ར་མདར་འགྲོ་བ། གཉིས་ནས་ཁ་པར་གྱི་བརྡ་རྟགས་ཡོད་ས་ཞིག་བཙལ་ཏེ་འཐབ་རོགས་འབོད་པ་དེ་ཡིན། ངའི་དྲུག་བཞི་ཅན་གྱི་བོའུ་ཐུང་གིས་རྒྱང་ཐག་མི་རྒྱོབས་པས་ལས་གྲོགས་ཀྱི་ལག་ཏུ་བཞག་པ་ཡིན། ལས་གྲོགས་ཀྱིས་ཁོ་ནི་བོའུ་གཉིས་འཛིན་གྱི་རྐང་ཆག་ཅིག་ཡིན་ཞེས་ང་ལ་ཀུ་རེ་རྩེས། ངས་ནི་གཞུང་བཞེས་བྱས་པའི་རང་འགུལ་ཕྱེད་མའི་བོའུ་རིང་འདི་བཟུང་ཞིང་། རྒྱབ་ཁུག་ཏུ་བཟའ་རྒྱུ་དང་བཏུང་རྒྱུ། གཞུང་བཞེས་ཀྱི་བོའུ་རྡེའུ་འགའ། ད་དུང་ངའི་ལག་རྟགས་དཔང་ཡིག་སོགས་བསྡུས་ནས་འོངས་པ་ཡིན།
ངས་ཁངས་ཞོད་ཁྲོད་དུ་རླངས་འཁོར་གྱི་ཤུལ་རྗེས་བསྙེགས་ནས་ར་མདར་རྒྱུག རྒྱུག་རྒྱུག་མཐར་ཁངས་ཞོད་ངའི་མགོ་ཐོག་ཏུ་བབས་ཏེ། ང་རང་ནི་དབུ་སྐྲ་དཀར་པོའི་བགྲེས་པོ་ཞིག་དང་མཚུངས་པར་གྱུར། ནགས་སྲུང་པ་ལགས། ཁྱོད་ཀྱིས་ངའི་ཐོབ་ཐང་ལ་དོགས་པ་ཟ་བཞིན་པ་ངས་ཤེས་མོད། འོན་ཀྱང་ད་ལྟ་ངས་ར་རང་ལ་བདེན་དཔང་བྱེད་ཐབས་བྲལ། སྐབས་དེར། ངས་སྒལ་བ་སྒུར་ནས་ཐུར་དུ་བལྟས་པ་ན་ལྐོག་རྔོན་མཁན་གྱི་རླངས་འཁོར་རི་ཞོལ་དུ་བསྐྱུར་འདུག རླངས་འཁོར་ལ་ཆག་སྐྱོན་བྱུང་བ་ཁོ་ཐག་རེད། རྐང་རྗེས་ནགས་གསེང་དུ་འཐེན་འདུག དུས་ཚོད་མང་པོ་འགྱངས་མེད་པ་འདྲ། གལ་ཏེ་འགོར་ཡོད་ན་ཁངས་ཞོད་ཀྱིས་སྔ་མོ་ནས་རྐང་རྗེས་བཀབས་འགྲོ། དུས་ཚོད་ཐག་ཐག་ཐག་ངའི་མཁྲིག་མའི་སྟེང་དུ་མདུན་དུ་བསྐྱོད་པར་གདའ། ཕྱིས་སུ་ང་ཚོས་དངོས་གནས་ནགས་གསེང་དུ་ཕན་ཚུན་ལ་བོའུ་རྒྱག་རེས་བྱས། ངས་མི་གཉིས་མཐོང་སོང་། སྐག་སྐག་སྐག སྐག་སྐག ངས་ཕར་ལ་བོའུས་རྒྱག་དུས་མདེའུ་རྟིང་རྣམས་འཕྲོ་ལོ་ལོར་ཁངས་ནང་དུ་ཟགས། ཡིན་ཡང་ངས་འཕྲེད་དུ་ལོག་འདུག་པའི་སྡོང་རྒན་ཞིག་གི་ཕག་ཏུ་འགེབས་སྲུང་བྱེད་ས་ཞིག་བཙལ་ཞིང་། རྒྱབ་ཁུག་ནས་བོའུ་རྡེའུ་ལེན་གྲབས་བྱེད་སྐབས་རྒྱབ་ཁུག་རི་སུལ་དུ་འགྲིལ་ནས་གར་སོང་ཆ་མེད་དུ་གྱུར། ད་འགྲིག་མ་སོང་། བོའུ་རྡེའུ་ཡང་མང་པོ་མི་འདུག ངས་བོའུ་རྡེའུ་མདའ་སྒྲོམ་དུ་སྒྲུག་དུས། ནགས་ཚལ་དུ་གློ་བུར་དུ་ལྷིང་འཇགས་སེར་གྱུར་ཏེ་ཁ་བ་འབབ་པའི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག
ངས་ཁོ་ཚོ་ལ་གཏད་ནས“ཝེ། བོའུ་སྤྲོད་ཞོག་དང་། རང་འགུལ་སྒོས་མགོ་བཏེགས་པར་བརྩིས་ནས་གུ་ཡངས་གཏོང་ངེས་ཡིན།”ཞེས་འུར་བརྒྱབ་པ་ཡིན།
འོན་ཀྱང་། ངས་ཇི་ལྟར་འུར་བརྒྱབ་ཀྱང་མི་དེ་གཉི་གས་ཁ་མ་གྲག
ངས་བསམ་ན་ཁོ་གཉིས་ཀྱིས་རང་གི་ནག་ཉེས་སྲོག་ལ་བབ་ཡོད་པ་ཤེས་ཏེ། འུ་ཐུག་མཐར་སྐྱེལ་བྱེད་པ་རེད།
ང་མགྱོགས་མྱུར་གྱིས་ཁོ་ཚོའི་ལྟག་རྒྱབ་བསྐོར་ནས་ཉེ་སར་འབྱོར་གྲབས་ཆགས་དུས། ཁོ་ཚོ་སྐུང་སར་འཁྲུག་ཟིང་གི་རྐང་རྗེས་མ་གཏོགས་ཅི་ཡང་མ་མཐོང་ལ། ཁོ་ཚོ་ནགས་གསེང་བརྒྱུད་ནས་བྲོས་ཚར་འདུག
ཕྱིས་སུ། ཁོ་ཚོའི་རྐང་རྗེས་ཆུ་འགྲམ་ཞིག་ནས་མི་མཐོང་བར་ཡལ་སོང་། ངས་ཁངས་ཞོད་ཁྲོད་ནགས་གསེབ་ཏུ་ཡར་བཙལ་མར་བཙལ་བྱས་པས། ལྟོགས་ཀྱང་ལྟོགས་ལ་ཆད་ཀྱང་ཆད། མཐའ་མར་ཁྱོད་ཀྱི་ཁང་ཆུང་འདི་མཐོང་བ་ཡིན།
ཀོ་ལྭ་པས་བཤད་ཀྱིན་བཤད་ཀྱིན་ངའི་ཇ་དཀར་བཏེགས་ནས་ཇ་འཐུང་། གློ་བུར་དུ། ཁོ་དང་ངེད་གཉི་གས་ཁང་བའི་ཕྱི་རོལ་དུ་མི་ཞིག་འགྲོ་འོང་བྱེད་པའི་སྒྲ་ཐོས་བྱུང་། སྒྲ་དེ་ཐོག་མར་ཁོའི་རྣ་བར་འཛུལ་པ་ཁོ་ཐག་ཡིན་ཞིང་། དེ་ནས་ངའི་རྣ་བ་རུའང་གྲག་འགུལ་བྱུང་།
ཀུན་བྷོ་རེད། མི་རྐྱང་ཀུན་བྷོ་རེད། ཁོས་སྟ་རེ་ཞིག་ལག་ཏུ་འཆིང་ཞིང་ཁ་བའི་ངོས་སུ་གྲིབ་མ་རིང་བོ་ཞིག་དཔར་འདུག ངས་སྒེའུ་ཁུང་ལས་གསལ་བོ་ཞིག་མཐོང་མ་མཐོང་བའི་སྐབས་དེར། ཕྱིའི་མི་དེས་གློ་བུར་དུ་སྒོ་ཕྱེས་སོང་། སྒོའི་སྦྲེལ་ལོང་བརྒྱབ་མི་འདུག ཁྲོགས་སེར་ཁ་བའི་འདབ་མ་ཡང་བསྐྱར་ཁང་བའི་ནང་རྡོས་ཡོང་ཞིང་། ཀོ་ལྭ་པའི་སྐེ་དཀྲི་ལྷབ་ལྷུབ་ཏུ་ཐེངས་འགར་སྐྱོད་པར་བྱས། ཀུན་བྷོ་ནང་དུ་འཛུལ་འོངས་ཤིང་། ལག་ཏུ་སྟ་རེ་ཞིག་ཐོགས་འདུག ངོ་གདོང་གི་ཁ་བ་དེ་མ་ཉིད་དུ་བཞུས་ནས་ཆུ་རུ་གྱུར། ཁོས་སྟ་རེ་མཐོན་པོར་བཏེགས། ཡིན་ཡང་ཁོའི་ཁ་གཏད་དུ་འདུག་པ་ནི་བོའུ་རིང་ཞིག་ཐོགས་པའི་ཀོ་ལྭ་པ་དེ་རེད།
ཀོ་ལྭ་པས་ངར་སྐད་བརྒྱབ་དོན།“སྟ་རེ་སར་ཞོག མི་འཇོག་ན་བོའུ་རྡེའུ་ཞིག་གིས་བསད་འཇོག”
ཀུན་བྷོས་གདུག་རྩུབ་ཆེ་བའི་མི་དེས་བོའུ་ཁ་ཁོ་ལ་གཏད་ཡོད་པ་མཐོང་། ཁོ་སྐྲག་ནས་སྟ་རེ་ས་ལ་གཡུགས། དེ་ནས་སྒྱིད་པ་འདར་འདར་ངང་གྱང་རྩར་ཕྱིར་བསྣུར་བྱས་ཤིང་། སྲིང་བལ་གྱི་དགུན་ཞྭ་ཕུད་ནས་རང་གི་མགོ་བོ་བསྒྲིབས་ཏེ་གྱང་ཟུར་དུ་བསྒོངས་ནས་བསྡད། ཁོ་སྐྲག་སྟེ་མགྲིན་པ་ནས་ཀོ་ཀོ་ཀོ་ཞེས་སྒྲ་ཞིག་སྒྲོག་གི་འདུག ཕལ་ཆེར་ཕུག་རོན་གསུམ་ཁོའི་མགྲིན་པར་སྦས་འདུག་པ་དང་འདྲ། ཁོ་ནི་མི་རྐྱང་སྙིང་མེད་ཅིག་ཡིན་ནའང་རྐུན་མ་གཏེ་བོ་ཞིག་ཡིན། ངའི་ཆུང་མས་ང་ལ་འདི་ལྟར་བཤད་མྱོང་སྟེ། ང་རི་མགོར་ནགས་སྲུང་དུ་ཕྱིན་མ་ཐག་ཁོས་རྡོ་ཞིག་བཙལ་ནས་ངེད་ཚང་གི་སྒོ་རའི་ཕྱི་ལ་བཞག་རྗེས་དེའི་སྟེང་དུ་འགྲེང་ནས་ལྐོག་ལྟ་བྱེད་པ་ཡིན། འོན་ཀྱང་ད་ལྟ་ཁོས་སྟ་རེ་ཞིག་ཁྱེར་ནས་ང་འཚོལ་བར་ཡོང་ཞིང་། ག་རེ་བྱེད་བསམ་གྱི་ཡོད་དམ། ངའི་ཀླད་པར་མྱུར་ཏུ་ཚོད་དཔག་སྣ་ཚོགས་ཤིག་ཐོན་བྱུང་། ཡིན་ཡང་ཅང་མ་འགོར་བར་ཚོད་དཔག་དེ་དག་རེ་རེ་བཞིན་ངལ་བ་དོན་མེད་དུ་གྱུར་བ་དང་། མཐའ་མར་སྣ་གཅིག་ལྷག་སོང་། དེ་ནི་ངས་ཤིང་རྐང་སྐམ་པོ་བཞི་སྤྱད་ནས་བཟོས་པའི་སྒོ་བྱང་དང་འདྲ་བར་ཁེར་རྐྱང་དུ་གྲོང་ངེར་འགྲེང་འདུག སྒོ་བྱང་དེར་ཁྱད་ཆོས་ཆེན་པོ་ཞིག་འདུག ཤིང་རྐང་གསུམ་ནི་སྒོ་བྱང་གི་འདེགས་རྟེན་ཡིན་ཞིང་། ཤིང་རྐང་གཅིག་ནི་ཞེང་ལ་སྨི་གཅིག་ཙམ་ཡོད་པའི་སྒོ་བྱང་གི་ངོ་ལེབ་ཡིན། ངས་ལྷུ་སྒྲིག་གི་ལག་ཤེས་སྤྱད་ནས་སྒོ་བྱང་སྲ་མོ་ཞིག་བཟོས་ཡོད་པ་ཡིན། ང་རང་སྔོན་ཆད་ཤིང་བཟོ་བྱས་མྱོང་བ་ཁྱོད་ཚོས་ཤེས་དགོས། ངས་གྲི་རྩེས་སྒོ་བྱང་སྟེང་བོད་ཡིག་ཚིག་རྐང་གཅིག་ཟབ་མོར་བརྐོས་ཡོད་ཅིང་། དེ་ནི་ངས་ཡུན་རིང་ལ་བསམ་བློ་བཏང་མཐར་བརྐོས་པ་ཡིན་ཏེ། མི་ཡི་ཁྲ་ཁྲ་ནང་དུ་ཡོད། ཤྭ་བའི་ཁྲ་ཁྲ་ཕྱི་རུ་ཡོད། ཅེས་པ་དེའོ། །རེད། འདི་ལ་གནས་ལུགས་ཆེན་པོ་འདུག་ཟེར། རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རྡོ་ང་ལ་འཚམས་འདྲིར་ཡོང་ཐེངས་ཤིག་ལ་ངའི་བརྩམས་ཆོས་མཐོང་བས། ཁོང་གིས་ང་ནི་མཁས་པ་ཞིག་རེད་ཅེས་གསུང་མྱོང་། ང་ནི་མཁས་པ་ཞིག་རེད། ཧེ་ཧེ། དེ་སྔོན་གྱི་ངའི་དོགས་པ་དེ་དག་ནི་གནས་ལུགས་མེད་པ་ནི་ག་ལ་ཡིན་ཞེས་འདོད། ཁོས་སྟ་རེ་བཟུང་ནས་ཅི་ཞིག་བྱེད་རྩིས་ཡོད་དམ། རྐུ་གཅོད། ངའི་ཀླད་པའི་ནང་དུ་རྐུ་གཅོད་ཅེས་པའི་དམར་ལམ་ལམ་གྱི་ཡིག་འབྲུ་དེ་གཉིས་འདུ་འགོད་བྱེད་པ་དང་བསྟུན། ངའི་མིག་ཟུང་ནི་དེ་མ་ཉིད་དུ་འབུར་ཚུགས་སུ་བགྲད་སོང་ལ། སེམས་སུ་གློ་བུར་དུ་ཁོ་ལ་རྡོག་ཐོ་འགའ་བཞུས་འདོད་སྐྱེས་བྱུང་།
ང་འགུལ་སྐྱོད་མ་བྱས་གོང་ལ། ཀོ་ལྭ་པ་མདུན་དུ་ལྷགས་ཏེ་ཁོ་ལ་རྡོག་ཐོ་གཉིས་བཞུས་སོང་།
ཀུན་བྷོས་མགོ་སྐྱོར་ནས་སྐད་འབོད་རྒྱག ཀོ་ལྭ་པས“དྲང་མོར་ཤོད། ཁྱོད་ཀྱི་ངན་གྲོགས་དག་གང་དུ་ཡོད།”ཅེས་དྲིས།
ཀུན་བྷོས་མགོ་སྐྱོར་བའི་ལག་ཟུང་མར་བཞག་ཅིང་། མུན་འཐོམས་ཀྱིས་མགོ་བོ་ཡར་བཀྱགས་ནས“ངན་གྲོགས་ཞེས་པ་ག་རེ་རེད་དམ།”ཟེར།
ཀོ་ལྭ་པས“མ་ཤེས་མདོག་མ་སྟོན། ཁྱོད་ཀྱི་ངན་གྲོགས་དག་གང་དུ་བུད་སོང་།”ཞེས་སྡིགས་དམོད་བྱས་ཡོང་།
ཀོ་ལྭ་པས་ཀུན་བྷོ་ལྐོག་རྔོན་མཁན་དུ་དོགས་པ་ཟ་བཞིན་འདུག འདི་ནི་ཁོ་ལ་ཞྭ་མོ་ཆེན་མོ་ཞིག་བསྐོན་སོང་བ་རེད། ངས་ཁོ་ལ“ཁོ་ལྐོག་རྔོན་མཁན་ཡིན་མི་སྲིད། ཁོ་ནི་ངེད་སྡེ་བའི་མི་རྐྱང་རེད།”ཅེས་བཤད་པ་ཡིན།
ཀོ་ལྭ་པས་ང་ལ་མིག་སྡང་ཞིག་བགྲད་ཅིང་། ཕྱིར་ལྕགས་ཐབ་ཀྱི་འགྲམ་དུ་ལོག་སྟེ་བསྡད། ཨོང་སྟེགས་ཀྱི་འདུག་གནས་བརྗེས་ཙམ་གྱིས་ཀུན་བྷོ་དང་ཁ་གཏད་དུ་འདྲི་གཅོད་ཀྱི་ཉམས་སྣང་ཞིག་དོད་དེ་བསྡད།
ཀུན་བྷོས“ང་ལྐོག་རྔོན་མཁན་མིན། ང་དང་ནགས་སྲུང་པ་གཉིས་སྡེ་བ་གཅིག་པ་ཡིན། ངས་ཁོ་བཙལ་ནས་དོན་དག་ཅིག་ཡོད་པས་ཡིན།”ཟེར།
“ཁྱོད་ཀྱིས་ཁོ་བཙལ་ནས་དོན་དག་ག་འདྲ་ཡོད་དམ། ཉོག་བཤད་མ་རྒྱག” ཀོ་ལྭ་པའི་བསམ་མནོ་མྱུར་འགྲོས་གཞུང་ལམ་དུ་རྒྱུགས་པ་དང་འདྲ་སྟེ། མཇུག་འབྲས་ཤིག་དེ་མུར་འདྲི་འདོད་པ་དེ་རེད། ཡིན་ཡང་ཀུན་བྷོས་ཁོས་དྲི་བར་གོ་བ་མ་ལོན་པར་མགོ་བོ་གཡུག་གཡུག་བྱེད། ཁོས་ཡང་བསྐྱར་མགོ་བོ་གཡུག་གཡུག་བྱེད། ཁོས་ཡང་བསྐྱར་མགོ་བོ་གཡུག་གཡུག་བྱེད་པ་དེས་ངའི་སྟེང་ལ་ཁོང་ཁྲོ་ལངས་ཀྱིན་པ་ཁོ་ཐག་རེད།
“ཁྱོད་ཀྱིས་སྟ་རེ་བཟུང་ནས་ཅི་བྱེད་རྩིས་ཡིན།”ངས་ཁོ་ལ་དྲིས།
“སྟ་རེ་བཟུང་ནས་ཅི་བྱེད་སྲིད་དམ།”ཁོས་ང་ལ་བཤད།
“ནགས་ཤིང་ལྐོག་གཅོད།”ངས་བཤད།
“ཨ་ཙི་ཙི། ཁྱོད་ཚོ་ཚང་མས་ང་མི་ཅི་འདྲ་ཞིག་རེད་འདོད་དམ། ང་ལྐོག་རྔོན་ལྐོག་གཅོད་མཁན་ཞིག་དང་མཚུངས་སམ།”ཁོས་བཤད།
ང་དང་ཀོ་ལྭ་པ་གཉིས་མཉམ་དུ་ཁ་རོག་གེར་བསྡད། ཀླད་པར་ཡུན་རིང་ལ་བྱུང་མ་མྱོང་བའི་འདང་རྒྱག་ཅིག་སླེབས་བྱུང་།
“དེ་ན་ཁྱོད་ཀྱི་ལག་གི་སྟ་རེ་ལ་འགྲེལ་བཤད་ཅི་ལྟར་རྒྱག”ངས་ཞེད་སྣང་ཅི་ཡང་མེད་པའི་སྒོ་ནས་དྲིས།
ཀུན་བྷོས་རྡོག་ཐོ་བཞུས་པའི་ན་ས་དེར་ལག་པས་སྐྱོར་ནས་ཡུན་རིང་འགོར་རྗེས་ད་གཟོད་ཁ་གྲག་བྱུང་། “ནགས་སྲུང་པ། ང་ཚོ་ཚང་མ་ས་ཆ་གཅིག་གི་མི་རེད། འདི་ལྟ་བུའི་ཁངས་འཁྱག་ཁྲོད་ང་རང་ནགས་ཚལ་ནས་ཕྱི་རུ་འབུད་ཐུབ་བམ། ང་རང་འདི་ནས་ཕྱིར་སོང་རྗེས་ཁ་ཕྱོགས་འགོ་འཐོམས་སོང་། ང་རང་ནགས་ཁྲོད་དུ་ཡུན་རིང་ལ་བསྐོར་བ་བརྒྱབ། ཁ་བ་ནི་སྨྱོན་པ་ཞིག་དང་འདྲ་བར་འབབ་མཚམས་མི་འཇོག ང་རང་སོང་ཀིན་སོང་ཀིན་ཐང་ཆད་ཅིང་ཕོ་བ་ལྟོགས། གློ་བུར་དུ་ས་ལ་འགྱེལ་སོང་། ལག་པས་ཁ་བའི་གཏིང་ནས་སྟ་རེ་འདི་རེག་སོང་བ་ཡིན། ལྐོག་གཅོད་མཁན་དེ་དག་གིས་འདི་གར་སྤྱུགས་སོང་བ་ཁོ་ཐག་རེད། འོན་ཀྱང་མི་དེ་ང་རང་མིན། ངས་སྟ་རེ་འདི་བཟུང་འོངས་པ་ནི་ལམ་འགོ་འཐོམས་པ་ཞིག་ལ་མཚོན་ན་རང་ལུས་སྲུང་བའི་ལག་ཆར་སུས་མི་འདོད། ཁྱོད་ཀྱིས་ཤོད་དང་། ཁོས་སྟ་རེ་འདི་མི་འཛིན་པ་སྲིད་དམ།”ཞེས་བཤད།
ང་ལ་བཤད་རྒྱུ་ཅང་མ་བྱུང་། ཀུན་བྷོ་ཡར་ལངས་ཤིང་ཀོ་ལྭ་པར་ཅེར་ནས་བསྡད།
“གྱང་རྩར་སྡོད།”ཀོ་ལྭ་པས་སྐད་བརྒྱབ།
ཀུན་བྷོ་ཧོལ་རྒྱུག་བྱས་སོང་བ་ལྟར་སྡེར་གཞོང་ནང་གི་ཁ་ཟས་ལ་དམིགས་ནས་ངའི་ཨོང་སྟེགས་སྟེང་དུ་བསྡད་ཅིང་། འཛེམ་དོགས་ཅི་ཡང་མེད་པར་གོ་རེ་དང་ཞོག་ཁོག་ཟ་རྐྱང་བྱས་སོང་། ཁོས་ཀྱང་ངའི་ཇ་ཕོར་བླང་ནས་ཇ་འཐུང་། ངས་ལྕགས་ཐབ་དུ་རྡོ་སོལ་བསྣན་རྗེས་རང་གི་མལ་ཁྲིར་བཙོག ཁང་བའི་ནང་དྲོད་ཁོད་ཀྱིས་ཁེངས་འདུག གལ་ཏེ་ཁ་བ་བབས་པ་མིན་ན་ངས་ཅུས་ཀྲང་ཚེ་རྡོས་འཚམས་འདྲིའི་སྐབས་བསྐྱལ་འོངས་པའི་རྡོ་སོལ་སྒྱེའུ་མོ་བཅུ་བོ་འདི་བསྲེགས་པར་བློས་མི་ཐོངས། ཚེ་རྡོ་འཁོར་དང་བཅས་པས་རྡོ་སོལ་འདི་དག་འཁུར་ནས་འོངས་པ་ཡིན། ཀུན་བྷོས་སྨྱོ་ཟ་སྨྱོ་འཐུང་བྱས་སོང་། ཁ་ནས་ད་དུང་སྤྱང་ལྟོགས་ཀྱིས་ཁ་ཟས་ཟ་སྐབས་འབྱིན་པ་ལྟ་བུའི་འུར་སྒྲ་ཞིག་སྒྲོག་གི་འདུག ཁོ་འགྲངས་སོང་བ་རེད། ཡང་བསྐྱར་རང་འགུལ་གྱིས་གྱང་རྩར་ལོག་སྟེ་འགྲེངས་ནས་བསྡད། ཀོ་ལྭ་པར་ད་དུང་དོགས་གཞིས་ཁེངས་འདུག ཐ་མག་ཅིག་བླང་སྟེ་དྲང་མོར་བཟོས་ཤིང་ཁ་ནས་དུ་བ་སྔོ་ལྷོག་ལྷོག་གིས་དྲིས་དོན། “ཁངས་འཁྱག་འདི་འདྲ་ཞིག་གི་ཉིན་མོར་། ཁྱོད་མ་གཞི་འདི་གར་ཅི་བྱེད་དུ་འོངས་པ་ཡིན།” ཀུན་བྷོས་ཤུགས་ཀྱིས་སྣ་འཇིབ་ཅིག་བརྒྱབ་རྗེས་བཤད་དོན། “དྲང་མོར་བཤད་ན། ང་རང་ནགས་སྲུང་པ་བཙལ་དུ་འོངས་པ་ཡིན། ཁོའི་ཆུང་མའི་གནས་ཚུལ་ཞིག་ཁོ་ལ་བཤད་བསམ་པ་ཡིན།” ཀོ་ལྭ་པ་ནི་ལྐོག་རྔོན་མཁན་ཞིག་གིས་ནགས་གསེང་དུ་རི་དྭགས་ཀྱི་གོམ་སྒྲ་ཐོས་པ་ཇི་བཞིན་ཀུན་བྷོའི་སྐད་ཆར་ཉན་འདོད་ཀྱི་ཧམ་སེམས་ཤིག་གདོང་འཛུམ་ལས་མངོན་བྱུང་། ཡིན་ཡང་ཀུན་བྷོས་གདོང་ང་ལ་གཏད་དེ་བཤད་རྒྱུར། “ནགས་སྲུང་པ། ཁྱོད་ཀྱི་ཆུང་མ་སུ་དང་ཐུག་ཡོད་པ་ཤེས་འདོད་དམ།” ངས་སྤུ་ཙམ་ཡང་ཤེས་མི་འདོད། བཟའ་འཐོར་གན་རྒྱ་ཡི་གེའང་བྲིས་ཚར་ཡོད་པས། ད་དུང་ངས་མི་ཤེས་པ་ཅི་ཞིག་ཡོད་སྲིད་དམ། ཀུན་བྷོས་ཡང་བསྐྱར་བཤད་རྒྱུར། “ཁྱོད་རང་ནགས་སྲུང་དུ་སོང་མ་ཐག་རང་སྡེ་བའི་ལྷ་རྒྱལ་ཚེ་རིང་ཁྱོད་ཚང་དུ་རྒྱུགས་འགྲོ། ཐེངས་འགར་ང་རང་གྱང་ཁར་འགོས་ནས་བལྟས་པས་ཁོ་གཉིས་ཁྱི་ཁྱི་མོ་གཉིས་དང་འདྲ་བར་མལ་ཁྲིར་ཉལ་བའང་མཐོང་མྱོང་།” ཀུན་བྷོས་སར་མཆིལ་ཞགས་ཤིག་ཤུགས་ཀྱིས་འཕངས། ངས་ཁ་གདངས་ནས་དབུགས་རིང་ཞིག་ཤུགས་ཀྱིས་ཕྱུངས། ཁང་པ་ཕྱི་རོལ་གྱི་ཁ་བར་འབབ་མཚམས་གཏན་ནས་འཇོག་རྩིས་མི་འདུག ལྷགས་རླུང་ཤིག་ཤིག་ལྡང་ཞིང་། ནགས་སྡོང་གི་ཡལ་འདབ་དག་ལས་འུར་སྒྲ་བར་མེད་དུ་ཁྱབ། ངས་སྒེའུ་ཁུང་བརྒྱུད་ནས་མི་རིང་བའི་ནགས་གསེབ་ཀྱི་སྨུག་རླུང་ཁྲོད་ཤྭ་བ་སེར་ཆེན་ཞིག་རྒྱུ་བ་མཐོང་། མ་ཟད་ངས་ད་དུང་ཤྭ་བའི་སྐད་ཅོར་ཞིག་ཀྱང་ཐོས་སོང་བ་འདྲ།
ཤུ། ངས་མཛུབ་མོ་མཆུ་ཁར་ཀེར་ཏེ་ཀུན་བྷོ་ལ་ཁ་རོག་ཏུ་སྡོད་པའི་བརྡ་བསྟན།
ཀུན་བྷོ་གྱང་རྩར་ཙོག་པར་བསྡད་ཡོད་ལ། དགུན་ཞྭའི་རྣ་འཕྱོ་གཉིས་ངང་ངམ་ཤུགས་ཀྱིས་ཀེར་ནས་འདུག
ཀོ་ལྭ་པས་ཅི་ཡིན་འདི་ཡིན་མ་ཤེས་པར་ང་ལ་ལྟ་ཞིང་། ཕལ་ཆེར་འགྲེལ་བཤད་ཅིག་ལ་སྒུག་པ་འདྲ།
ངས“ངས་ཤྭ་བའི་སྐད་ཅོར་ཐོས་སོང་།”ཞེས་སྨྲས།
ཀོ་ལྭ་པས་རྣ་བ་གླགས་བཞིན“ཨིན། ངས་ཀྱང་ཐོས་སོང་།”ཞེས་ཟེར།
ངས་ད་དུང་མི་ཞིག་འགྲོ་བའི་རྡོག་སྒྲ་ཐོས་སོང་། རེད། རྡོག་སྒྲ་རེད། ཧྲག་ཧྲག་ཧྲག ཁ་བ་རྡོག་པོས་མནོན་བཞིན་ནགས་སྲུང་པའི་ཁང་ཆུང་ལ་གཏད་ནས་ཡོང་གིན་འདུག དེ་ལྟ་དེ་ལྟར་ཐྲོག་ཐྲོག་ཐྲོག་ཅེས་བྲེལ་སྟབས་ཀྱི་སྒོ་གླགས་བརྡུང་བའི་སྒྲ་གྲག་བྱུང་། སྒོ་ཕྱེས་པ་ན། ཁ་བ་ནི་སྔར་བཞིན་བཟའ་འཐོར་གན་རྒྱ་ཡི་གེ་བསྐྱར་པར་བརྒྱབ་རྗེས་སིལ་བུར་གཤགས་ཏེ་སྟོར་བ་ལྟར་ངའི་གདོང་ལ་བབས་ཡོང་། ངའི་ངོ་གདོང་ནི་འཁྱག་གྲང་ངེར་བཏང་བའི་སྣང་བ་ཞིག་དང་བཅས་ཕྱེས་མ་བཙུམ་གྱི་མིག་སྲུབས་ནས་མི་གཉིས་ཁང་པར་འཛུལ་འོང་བ་མཐོང་། ཁང་པ་ནང་གི་རྣམ་པ་དེ་མ་ཐག་བྲེལ་ཟིང་དུ་གྱུར། དང་ཐོག་ཀོ་ལྭ་པ་གློ་བུར་དུ་ཨོང་སྟེགས་ནས་ཡར་ལངས་ཤིང་། ནག་ལོག་གེའི་བོའུ་ཁ་ཐོག་མར་ནང་དུ་འཛུལ་འོངས་པའི་མི་ལྟིག་ལྡང་དེར་གཏད་དེ“བོའུ་སར་ཞོགས། མི་འཇོག་ན་ངས་བོའུས་རྒྱག་ངེས་ཡིན།”ཟེར། མི་ལྟིག་ལྡང་དེས་ཀྱང་རང་འགུལ་ཕྱེད་མའི་བོའུ་ཞིག་ལག་ཏུ་ཐོགས་ཤིང་། “ང་ཚོར་མི་གཉིས་ཡོད། ཤི་མི་འདོད་ན་བོའུ་ཚུར་གཡུགས་ཤོག”ཅེས་འུར་བརྒྱབ་བྱུང་། ཁོའི་རོགས་པ་གཟུགས་ཐུང་དེས་བོའུ་ཐུང་ཞིག་ལག་ཏུ་འཆང་སྟེ་ཀོ་ལྭ་པར་གཏད་ཅིང་། གདོང་དུ་ཧ་ཅང་ཁྲོ་མདོག་བསྟན་ཡོང་། ཁ་བའི་འདབ་མ་ཡངས་པར་ཕྱེས་པའི་སྒོ་མོ་ལས་ནང་རོལ་དུ་འཚུབ་རྒྱག་བྱེད། ཇོ་བོ་རིན་པོ་ཆེ། ངས་ཅི་ཞིག་བྱ་དགོས་སམ། ངས་བསམ་བཞིན་མ་ཡིན་པར་སྒོ་བསྟན་ཞིང་ལོགས་ཤིག་ཏུ་ཕྱིར་བསྣུར་བྱས། ངའི་གློ་སྙིང་ནི་སྡོང་མགོའི་བྱེའུ་ཚང་རླུང་གིས་སྒུལ་བ་བཞིན་ཡོམ་ཡོམ་དུ་སྐྱོམ། མི་ལྟིག་ལྡང་དེས་མིག་ཟུང་འབུར་ཚུགས་ངང་གདོང་ང་ལ་ཕྱོགས་ཏེ“ནགས་སྲུང་པ། ཧད་དེ་མ་འདུག་ཅིག ཁོའི་བོའུ་ཚུར་ལོངས། ཁོ་ནི་ལྐོག་རྔོན་པ་རེད།”ཅེས་ངའི་སྟེང་ལ་འུར་བརྒྱབ་བྱུང་། ཀོ་ལྭ་པས་ཀྱང་དེ་གར་རང་སོར་མི་འདུག་པར་སྐད་ཤུགས་མཐོན་པོས“ཁོ་གཉིས་ད་གཟོད་ལྐོག་རྔོན་པ་རེད། ནགས་སྲུང་པ་ཁྱོད་ཀྱིས་ཀླད་པ་གསལ་བོར་བྱོས།”ཟེར། མི་ལྟིག་ལྡང་དེས་གོང་ཁ་བ་སྤུ་ཡིན་པའི་སྟོད་ལྭ་ཞིག་གྱོན་ཞིང་། རྐང་དུ་ཀོ་བའི་འཇུར་རྟ་ཞིག་གྱོན་ཡོད་པ་ཧ་ཅང་ལྕི་སྣང་འཆར། ཁོས་བོའུ་མཐོན་པོར་བཏེགས་ཏེ་བོའུ་ཁ་ཀོ་ལྭ་པའི་ཐོད་པར་གཏད་འདུག ཀོ་ལྭ་པ་ཡང་ཐེ་ཚོམ་ཅི་ཡང་མེད་པར་བོའུ་མིག་ཏུ་མི་ལྟིག་ལྡང་དེའི་གཡོན་མིག་ཐད་དུ་བླངས་འདུག མི་གཟུགས་ཐུང་དེ་ནི་སྐམ་ཞིག་རིད་པ་དང་ཁོའི་བོའུ་ཐུང་ཐོགས་པའི་ལག་པ་རང་དབང་མེད་པར་འདར་སིག་སིག་བྱེད། ངས་ནི། དངོས་གནས་སུའི་སྐད་ཆར་ཉན་རྒྱུ་མ་ཤེས། ང་རང་ཅོག་ཙེའི་འགྲམ་དུ་ལོགས་ཏེ་ཨོང་སྟེགས་སུ་བསྡད་ཅིང་། འཐེན་སྒམ་ལས«སྐོར་ཞིབ་ཟིན་ཐོ»བླང་སྟེ་དེའི་སྟེང་ལ་ཡི་གེ་བསྐངས། ངས་མྱུར་དུ་བོད་ཡིག་གིས་འདི་ལྟར་བྲིས་པ་སྟེ། ཡང་མི་གཉིས་སླེབས་བྱུང་། གཅིག་ནི་ལྟིག་ལྡང་ཞིག་ཡིན་པ་དང་། ཅིག་ཤོས་ནི་གཟུགས་ཐུང་ཞིག་རེད། ཚང་མས་བོའུ་བཟུང་འདུག ངས་གློ་བུར་དུ་ང་རང་ནི་ལྟད་མོ་བ་ཞིག་ཏུ་གྱུར་འདུག་པ་ཚོར། ཁོ་ཚོ་ཚང་མས་ཕ་རོལ་བ་ནི་ལྐོག་རྔོན་པ་རེད་ཟེར། ངས་དངོས་གནས་སུའི་ཁར་ཉན་རྒྱུ་མི་ཤེས། མི་ལྟིག་ལྡང་དེས་ཅི་ཞིག་བཤད་ཀྱིན་འདུག དེ་ནི་ང་ལ་བཤད་ཀྱིན་པ་རང་རེད།
“དེ་རིང་དངོས་གནས་ལས་མ་དྲང་།”ཁོས་སྐད་རྒྱག་ཞོར་བོའུ་ཁ་སྔར་བཞིན་གཡོ་མེད་ངང་ཀོ་ལྭ་པར་གཏད་འདུག
ཀོ་ལྭ་པས་བློ་རྩེ་སྒྲིམ་ནས་མི་ལྟིག་ལྡང་ལ་དམིགས་ཤིང་། ལྷོད་ཡངས་སྤུ་ཙམ་ཡང་བྱེད་ཀྱི་མི་འདུག
མི་ལྟིག་ལྡང་གིས་བཤད་རྒྱུར། མདང་དགོང་མཚན་གང་བོར་གཉིད་མ་ཁུག ནངས་སྔ་མོར་ལངས་པ་ན། མཁའ་དབྱིངས་སུ་ཁ་བའི་འདབ་མའི་ཡོ་ལང་བསྒྱུར་ཞིང་། ཕར་བལྟས་ན་སུམ་རྩེན་ལྷ་ཡུལ་གྱི་ཞབས་བརྡོལ་སོང་བ་འདྲ། ང་དང་ལས་གྲོགས་མཱ་ཁྲུང་ཡ་གཉིས་ཀྱིས་མདང་དགོང་མངག་གཏོང་ཁང་གི་མལ་ཚིགས་ཤིག་ནས་གནས་ཚང་གཡར་ནས་བསྡད་པ་ཡིན། ཚང་མས་ཤེས་གསལ་ལྟར། ནགས་ཚལ་སྤྱི་བདེ་ཡིས་ལྐོག་རྔོན་པའི་གཏེ་བོ་རྒྱ་རྡོར་ར་མདའ་བྱས་ནས་ཡུན་རིང་འགོར་ཡོད། ཉེ་ཆར་ང་ཚོར་ཁུངས་སྣེ་ཞིག་འབྱོར་བ་ལྟར་ན་ཁོ་རང་ནགས་ཁུལ་འདི་ནས་འགྲོ་འོང་བྱེད་པར་གདའ་ཟེར། ང་ཚོའི་མགོ་ཁྲིད་ཁུངས་སྣེ་འདི་ལ་ཡིད་ཆེས་དེ་འདྲ་མེད་མོད། ངེད་གཉིས་འདི་ལ་ཡིད་ཆེས་བདོག་ཡོད། དེར་བརྟེན་ངེད་གཉིས་ཀྱིས་འདི་རུ་སོ་སྒུག་བྱེད་པའི་རེ་ཞུ་བྱས་པ་ཡིན། མགོ་ཁྲིད་ཀྱིས་སྐད་གཟེངས་མཐོན་པོས“དཔའ་བོ་རྡོ་རྗེ། ཁུངས་སྣེ་འདི་བདེན་ཐག་ཆོད་དམ།”ཞེས་ང་ལ་དྲིས། ངས“བདེན་པ་ཁོ་ཐག་ཡིན།”ཞེས་ལན་བཏབས། མགོ་ཁྲིད་ཀྱིས“གལ་ཏེ་ལག་སྟོང་དུ་ཕྱིར་ཡོང་ན་ཁྱོད་ཀྱི་ཟླ་ཕོག་གཅོག་རྒྱུ་ཡིན།”ཟེར། ངས“ཆོག་གི”ཅེས་སྨྲས།
ང་དང་ངའི་ལས་གྲོགས་གཉིས་མལ་ཚིགས་ལས་ཐོན་ཏེ་རླངས་འཁོར་བསྐོར་ནས་ནགས་ཁུལ་གྱི་གནད་འགག་གི་ལམ་མདོ་ཞིག་ལ་བསླེབས། གནས་དེ་ནས་ཁྱོད་རང་འགྲོ་འདོད་པའི་ཡུལ་ཕྱོགས་གང་ལའང་སོང་ཆོག་པ་ཡིན་ཏེ། ཤར་ལྷོ་ནུབ་བྱང་། ཀྲུང་དམར་ཧྥ་ལྗང་། ཨ་ལ། ངས་བཤད་ནས་བདའ་སོང་། མཱ་ཅང་སྟེང་ལ་བུད་སོང་། ཁ་བ་བབས་ཀྱིན་བབས་ཀྱིན་ཇེ་ཆེ་རེད། ཅང་མ་འགོར་བར་རླངས་འཁོར་གྱི་ཀླད་བྲེས་ཡོངས་སུ་ཁ་བ་སྟུག་པོས་གཡོགས་སོང་། ངེད་གཉིས་ཀྱིས་རླངས་འཁོར་དུ་ཆང་དཀར་དམ་བུ་གང་འཐུང་བ་ཡིན། ངེད་གཉིས་བཟིས་འདོད་པ་མིན་ཏེ། ལུས་པོར་དྲོད་ཁོད་ཅིག་ཨེ་འཛོམས་བསམ་པ་ཡིན། ངེད་གཉིས་ཀྱི་རྔོན་གཟིག་རྟགས་ཅན་གྱི་རླངས་འཁོར་གྱི་དྲོད་རླངས་མ་ལག་ཤིན་ཏུ་སྡུག་པོ་འདུག ངའི་བསམ་ཡིད་ལས་འདས་པ་ནི་ནགས་ཁུལ་འདི་ཇི་འདྲའི་མཛེས་པ་ལ་ཨང་། ཐེངས་གཅིག་ལ་འཁྲིག་པ་སྤྱད་རྗེས་ཡང་བསྐྱར་ཐེངས་གཅིག་ལ་སྤྱོད་པར་སྒུག་སྡོད་པའི་འཕྱན་མ་ཞིག་དང་གཉིས་སུ་མ་མཆིས། ཡིན་ཡང་། རི་ཀླུང་རབ་ཏུ་མཛེས། དཔའ་བོ་གྲངས་མེད་འགུག………ཞེས་ངའི་ལས་གྲོགས་མཱ་ཁྲུང་ཡས་སྙན་ངག་དེ་ད་དུང་བློར་སྐྱོར་མ་ཚར་གོང་ལ། རླངས་འཁོར་ཞིག་ལྡིར་སྒྲ་དང་བཅས་སླེབས་ཡོང་བ་ཐོས་སོང་། ངེད་གཉིས་ཀྱིས་རླངས་འཁོར་གྱི་སྒོ་ཕྱེས་ཏེ་ཕྱིར་འབུད་རྩིས་བྱེད་སྐབས། རླངས་འཁོར་དེ་ནི་ཧ་ལས་པའི་འགྲོས་ཚད་མགྱོགས་པོས་པུར་སྲེག་ཁང་གི་ཕྱོགས་སུ་སྐྱོད་སོང་། མཱ་ཁྲུང་ཡས་བཤད་རྒྱུར། ཁོའི་ཨ་ཕས་ཁོའི་ཨ་མར་མནར་གཅོད་བཏང་ནས་སྒོར་བདའ་རྗེས་ཡང་བསྐྱར་གང་སར་འཚོལ་བ་དང་འདྲ་ཟེར།
ངེད་གཉིས་ཀྱིས་བོའུ་བཟུང་ཞིང་མལ་ཚིགས་ལས་བུད་དེ་ཁོ་ཚོའི་རླངས་འཁོར་བཀག་པ་ཡིན།
ངས“སྡོད་ཅིག ཉེན་རྟོག་པས་ཞིབ་བཤེར་བྱེད་རྒྱུ་ཡིན།”ཞེས་སྨྲས།
མཱ་ཁྲུང་ཡས་ཀྱང“ཉེན་རྟོག་པས་ཞིབ་བཤེར་བྱེད་རྒྱུ་ཡིན། སྡོད་ཅིག”ཅེས་སྨྲས།
འོན་ཀྱང་། རླངས་འཁོར་དེ་ནི་གཡུལ་འགྱེད་སྒྱོགས་འཁོར་ཞིག་དང་འདྲ་བར་ང་ཚོའི་ཕྱོགས་ལ་གཟས་ནས་ཐོན་བྱུང་། མཱ་ཁྲུང་ཡས་བཤད་རྒྱུར། རླངས་འཁོར་བསྐོར་མཁན་ནི་ལྐོག་རྔོན་པ་རྒྱ་རྡོར་ཡིན་པ་མཐོང་སོང་། ཁོའི་ངོ་གདོང་ནི་རླངས་འཁོར་མདུན་ཤེལ་ངོས་སུ་སྦྱར་ཡོད་པའི་འཛིན་བཟུང་བཀའ་རྒྱ་དང་ཨ་ན་མ་ན་རེད་ཟེར། ད་དུང་། ངེད་གཉིས་ཁ་བའི་ཁྲོད་དུ་འགྱེལ་ཡོད་པ་དེས་ཀྱང་ཁོ་ཚོའི་རླངས་འཁོར་ངེད་གཉིས་ལ་གཟས་ནས་འོངས་པའི་སྐད་ཅིག་མ་དེར་བདེན་དཔང་བྱེད་ཐུབ་སྟེ། ངེད་གཉིས་ལྡེམ་ཤུགས་འཁྱུག་གེར་སྨི་གཉིས་ཙམ་གྱི་ཕ་རོལ་དུ་གཡུགས་ཤིང་ལྗིད་ཏིག་གེར་ཁངས་འཁྱག་ཁྲོད་དུ་སྒྱེལ། “རླངས་འཁོར་བསྐོར་མཁན་རྒྱ་རྡོར་ཡིན་པ་ཁོ་ཐག་ཡིན་ནམ།”“ཁོ་ཐག་ཡིན།” “ད་དུང་ཧད་དེ་འདུག་དོན་ཅི། ཡར་ལོངས་དང་། མྱུར་མོར་རླངས་འཁོར་དུ་བུད།” ངེད་གཉིས་ཀྱིས་རྔོན་གཟིག་རྟགས་ཅན་གྱི་རླངས་འཁོར་བསྐོར་ནས་ལམ་རིང་མོར་ར་མདར་རྒྱུག་ནས་འོངས་པ་ཡིན། ཁ་བ་འབབ་མཚམས་འཇོག་རྩིས་མི་འདུག རླངས་འཁོར་མདུན་ཤེལ་གྱི་ཆར་ཕྱིད་ནི་མྱོས་ཟིན་པ་དང་འདྲ། ངེད་གཉིས་ཀྱིས་ཡུན་རིང་བོར་བདའ་འདེད་བྱས་མཐར་གློ་བུར་དུ་མཐོང་བྱུང་བ་ནི་ཉེས་ཅན་གྱི་རླངས་འཁོར་ནི་ཁངས་འཁྱག་ཁྲོད་དུ་གན་རྐྱལ་དུ་འགྱེལ་འདུག རླངས་འཁོར་གྱི་སྒོ་ཆེ་ཆེར་ཕྱེས་འདུག་ལ། ཉེས་ཅན་གོག་ནས་ཕྱིར་བུད་རྗེས་མ་གཞི་སྔ་མོ་ནས་ནགས་ཚལ་གྱི་ཕྱོགས་སུ་བྲོས་ཚར། ངེད་གཉིས་ཀྱིས་ཁོ་བྲོས་པའི་རྐང་རྗེས་དེད་དེ་འོངས་པ་ན། རྐང་རྗེས་ཁ་བའི་འདབ་མས་ནོན་ཚར་ལ་ཉེ། ཁོ་ཚོ་ནི་རབ་དཀར་གྱི་ཁ་བའི་ཁྲོད་དུ་ནག་ཐིག་ཅིག་དང་འདྲ་བར་མདུན་ཕྱོགས་སུ་འགུལ་སྐྱོད་བྱེད་ཀྱིན་འདུག འགུལ་སྐྱོད་བྱེད་ཀྱིན་བྱེད་ཀྱིན་མཐའ་མར་མིག་གི་མཐོང་སྣེ་ལས་གར་སོང་ཆ་མེད་དུ་གྱུར་ཞིང་། ཡོད་ཚད་དཀར་ཆེམ་ཆེམ………མི་ལྟིག་ལྡང་དེས་ཀོ་ལྭ་པའི་བོའུ་ཁའི་འོག་ཏུ་གཞི་ནས་རང་གི་གཏམ་གླེང་ཡོངས་སུ་བཤད་ཚར། ཀོ་ལྭ་པས་ཀྱང་གཞི་ནས་མི་ལྟིག་ལྡང་དང་མི་གཟུགས་ཐུང་གཉིས་ཀྱི་བོའུ་ཁའི་འོག་ཏུ་གཏམ་གླེང་དེར་ཉན་ཚར། དེ་བས་ཀྱང་བློ་ཡུལ་ལས་འདས་པ་དེ་གང་ཞེ་ན། ང་རང་ནི་འབྲེལ་བ་ཅི་ཡང་མེད་པའི་མི་ཞིག་དང་འདྲ་བར་ཅོག་ཙེའི་འགྲམ་ནས་མི་ལྟིག་ལྡང་དེའི་སྐད་ཆར་མགོ་ནས་མཇུག་བར་དུ་ཉན།
མི་ལྟིག་ལྡང་དེས“ནགས་སྲུང་པ་ལགས། ཁོ་རྒྱ་རྡོར་རེད།”ཟེར།
ཀོ་ལྭ་པས་འུར་གྱིས“ང་མིན། ང་ནི་ཉེན་རྟོག་པ་ཡིན། ཡོད་ཚད་ཉོག་བཤད་རེད། མ་གཞི་ཁོ་གཉིས་ནི་ལྐོག་རྔོན་པ་རེད།”ཟེར།
མི་ལྟིག་ལྡང་དེས“ཁོའི་བོའུ་ལག་ནས་ལོངས་ཤིག ནགས་སྲུང་པ།”ཟེར།
ང་རང་སོ་ནར་བསྡད་དེ་འགུལ་ཡང་མ་འགུལ།
ངའི་མགོ་ཇེ་འཐོམ་ནས་ཇེ་འཐོམས་སུ་གྱུར་སོང་།
མི་ལྟིག་ལྡང་དེས་གློ་བུར་དུ“གང་ལྟར་ངའི་ཆུང་མའང་མི་གཞན་དང་འགྲོགས་ནས་བྲོས་སོང་། ང་རང་མི་རྐྱང་ཡིན་པས་སེམས་ཆགས་ས་ཅི་ཡང་མེད་པས། སྔོན་གཤེགས་དཔའ་བོ་ཞིག་བྱེད་ཆོག་ཆོག་ཡིན། རྒྱོབས་ཡ། ཁྱོད་ཀྱིས་བོའུས་རྒྱོབས་ཤིག ཆབས་ཅིག་ཏུ་ངས་ཀྱང་བོའུ་རྡང་མནན་ནས་ཁྱོད་ཀྱི་མགོ་བོ་འགེལ་ངེས་ཡིན།”ཞེས་འུར་བརྒྱབ་བྱུང་།
ཀོ་ལྭ་པས“ངས་ཁྱོད་བསད་ན་དེ་ལ་ཉེས་ཅན་ལ་སྲོག་ཆད་བཅད་པ་རེད་ཟེར། ཡིད་མི་ཆེས་ན་ལྟ་ཤོག”ཅེས་ཟེར།
ཁོ་གཉིས་ཀྱི་འུར་ཅོར་དེས་ངའི་རྣ་དབང་ལ་ཚད་རིམ་མཐོན་པོའི་སྒོ་ནས་གཡོ་སྐྱོམ་ཐེངས་ཤིག་ཐེབས། ངས་ཡང་བསྐྱར་ཤྭ་བ་སེར་ཆེན་གྱི་སྐད་ཅོར་ཞིག་ཐོས་བྱུང་། འུར་འུར་ལྡང་བའི་ལྷགས་རླུང་གིས་ཁང་པ་ཕྱི་རོལ་དུ་ཁ་བའི་འདབ་མ་རྡོས་པར་བྱེད། ངས་རང་གིས་སླངས་པའི་སྒོ་བྱང་དེ་ཡང་གཞི་ནས་དྲན་བྱུང་སྟེ། “མི་ཡི་ཁྲ་ཁྲ་ནང་དུ་ཡོད། ཤྭ་བའི་ཁྲ་ཁྲ་ཕྱི་རུ་ཡོད།” ཁ་བའི་འདབ་མས་ངའི་སྒོ་བྱང་ལ་ལྡིང་སྐོར་རྒྱག་ཅིང་འཕྱོ་བཞིན་པ་ངའི་ཀླད་པའི་ནང་ཇེ་གསལ་ནས་ཇེ་གསལ་རེད། གློ་རྡེག གཟུགས་ཐུང་གིས་ཕྱོགས་ག་གེ་མོ་ཞིག་ལ་མིག་ཟུང་ཅེར་ནས་འདུག་པ་ངས་མཐོང་སོང་བ་མ་ཟད། ད་དུང་མིག་བརྡ་ཞིག་ཀྱང་བསྟན་སོང་། རེད་ཡ། ངས་ཁོ་རང་གཞི་ནས་བརྗེད་འདུག ང་ཚོ་སྡེ་བའི་མི་རྐྱང་རྒན་པ་ཀུན་བྷོ་བརྗེད་འདུག ངས་ཁོ་གྱང་རྩ་ནས་ཡར་ལངས་འོང་བ་མཐོང་བྱུང་ལ། དགུན་ཞྭའི་རྣ་འཕྱོ་ཡ་གཅིག་ད་དུང་སྔར་བཞིན་ཀེར་ནས་འདུག ཁོས་ཐང་གི་སྟ་རེ་བླངས་ཤིང་ཀོ་ལྭ་པའི་རྒྱབ་ཕྱོགས་ནས་ཁོའི་ཉེ་སར་བཏུད་སོང་། གོམ་པ་ཡང་ཞིང་ཧ་ལམ་དབུགས་ཀྱི་རྒྱུ་བ་ཙམ་ཡང་ཐོས་པ་མེད། ལུས་རྒྱབ་ཏུ་སྦས་པའི་སྟ་རེའི་སོ་ཁ་ནས་མཆེད་པའི་འཁྱག་ཤུར་ཤུར་གྱི་འོད་སྣང་དེ་ནི་རྟོག་བཟོ་ཞིག་དང་འདྲའོ། །
«བརྩམས་ཆོས»༢༠༡༦ལོའི་དེབ༦པ་ལས་བདམས་བསྒྱུར་བྱས།
འབྲེལ་ཡོད་འོས་སྦྱོར།