logo

འགྱུར་རྩོམ། སྐད་བརྡས་འཕྲོག་རྩོད་བྱེད་པའི་སྨྲ་ལྕེ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-07-28 ཀློག་གྲངས།:
སྐད་བརྡས་འཕྲོག་རྩོད་བྱེད་པའི་སྨྲ་ལྕེ།
ཕཱ་ངྷི་གྷོ་ལེ་ཡིས་བརྩམས།
རྡོ་རྗེ་རབ་བརྟན་གྱིས་བསྒྱུར།

གཅིག
       ངེད་ཚང་གི་ཤིང་སྒོ་ལ་ཚོན་རྩི་བྱུག་སྐབས། ཚོན་རྩི་སྔོན་པོ་དང་ལྗང་ཁུ་ཉུང་ཙམ་ལས་ལྷག་མེད་སྟབས། ཨ་ཕས་ཁ་དོག་དེ་གཉིས་མཉམ་དུ་བསྲེས་ནས་སྒོ་ངོས་སུ་བྱུགས། དང་ཐོག་མཉམ་བསྲེས་དོ་མ་ཆགས་པས་སྔོ་མ་ལྗང་གི་ཁ་དོག་ཡ་མ་བརླ་ཞིག་ཆགས་སོང་བ་དང་། ཉི་མའི་ཚ་གདུགས་ཀྱི་དབང་གིས་ཆུ་བུར་སྣ་ཚོགས་འབུར་འོངས་པ་ནི་སྦལ་བའི་ཤུན་ལྤགས་དང་མཚུངས། ནམ་ཟླ་ཇེ་འཁྱག་ཏུ་སོང་ནས་བྱང་རླུང་ལྡང་འོང་བ་ན་ཕྱི་ཤུན་བརྫེས་ཤིང་ས་ལ་ཐོར། སྒོ་ངོས་ཀྱི་ཚོན་རྩིས་རང་ཉིད་ཀྱི་རྣམ་པར་ཡང་ཡང་འགྱུར་བ་བཏང་ནས་ནམ་ཟླའི་འགྱུར་ལྡོག་ལ་འཕྲོད་སྦྱོར་ཡོང་གང་ཐུབ་བྱེད། ཕྱིས་སུ། ཁ་དོག་ལྗང་ཁུས་ལྟོས་བཅས་ཀྱིས་གར་འབག་ཅུང་ཆེ་བའི་མཐུན་རྐྱེན་ལ་བརྟེན་ནས་དབང་ཤེད་བཟུང་སྟེ། ཁ་དོག་སྔོན་པོ་ཕལ་ཆེར་ཁུང་དུ་སྦ་བར་བྱས་སོང་། ཡིན་ཡང་ཕྱི་ཤུན་ཐོར་རྗེས་ཀྱི་ལྗང་ཁུ་ལ་སྐྱ་གོར་གྱི་ཤུལ་རྗེས་ཙམ་ལས་མ་ལྷག མཐའ་མཇུག་ཤིང་གི་སྒོ་མོའི་ཁ་དོག་སྔོན་པོ་རུ་གྱུར་སོང་།
       ངེད་ཚང་གི་སྐད་བརྡའི་འགྱུར་བ་དེའང་ཤིང་གི་སྒོ་མོའི་ཁ་དོག་གི་འགྱུར་ལྡོག་དང་གཉིས་སུ་མ་མཆིས། དང་ཐོག་ཨ་མའི་ཁ་ཆེའི་སྐད་བརྡས་དབང་ཤེད་བཟུང་། ཕྱིས་སུ་ཨ་མ་ལ་དབང་རྩ་འཁྲུགས་པའི་སྙུང་གཞི་ལྕི་མོ་ཞིག་བྱུང་བ(ཁེར་བཤད་རྒྱག་པ་མ་གཏོགས་རྒྱུན་ལྡན་གྱི་སྐད་ཆ་ཤོད་པའི་ནུས་པ་ཡོངས་སུ་ཉམས་སོང་།)དང་བསྟུན་ནས་རིམ་གྱིས་དབང་ཤེད་ཉམས་རྒུད་དུ་གྱུར་ཞིང་། ཨ་ཕའི་ཡུ་གུར་རིགས་ཀྱི་སྐད་བརྡས་དབང་ཤེད་བཟུང་སོང་། ཁོ་ཚོ་རང་རང་གི་སྐད་བརྡ་དང་འཚོ་བའི་གོམས་གཤིས་ནི་ཚོན་རྩི་བྱུག་མཁན་རྟུལ་བོ་ཞིག་གིས་རྩི་བྱུགས་པའམ་ཡང་ན་འདམ་སྦྱོར་བ་དམུན་པོ་ཞིག་གིས་གྱང་ལ་འདམ་བག་སྦྱར་བ་དང་མཚུངས་ལ། ཡེ་ནས་མི་འདྲ་བའི་ཚོན་རྩི་དང་འདམ་བག་གཉིས་དང་ཡང་མཚུངས་བར་མཉམ་བསྲེས་སྦག་བསྲེས་ཀྱིས་སྐྱ་གོར་སྐྱ་ལེབ་ཀྱིས་ལྷན་པ་བཞིན་ངའི་ལུས་སྟེང་དུ་འབྱར་ཞིང་། དེ་དག་གི་ཁྲོད་དུ་གསུབ་ཐབས་མེད་པའི་སེར་ག་མང་བོའང་ཆགས་ཡོད། འདི་ལྟར་ང་རང“ཁྲག་རྒྱུད་འདྲེས་མའི”ཁྱིམ་གཞི་འདི་ནས་ནར་སོན་པར་བཅུག་ཅིང་། རྟ་མོག་མོག་གི་སྤུ་དང་གཡག་རོག་རོག་གི་ཀོ་བ་ལྟ་བུའི་རིག་གནས་ཀྱི་སྐྱ་ཐིག་ནི། ཚོན་མདོག་གཉིས་མཉམ་བསྲེས་བྱས་རྗེས་དབྱེ་བ་དགར་ཁག་པོ་ཡོད་པ་བཞིན་དུ། ངས་ཀྱང་བག་ཆགས་གང་ཞིག་ཨ་ཕ་ལས་བྱུང་བ་དང་བག་ཆགས་གང་ཞིག་ཨ་མ་ལས་ཐོབ་པ་བཤད་ཁག་པོ་འདུག
       སྣེ་འཛིང་ཉོག་དྲ་ཡི་བག་ཆགས་དེ་དག་ནི་ཤའི་སྟེང་ལ་གཙགས་པའི་རི་མོ་ཇི་བཞིན་ཐོག་མར་གཙག་དུས་ཀྱི་ན་ཟུག་དང་ཚ་གཟེར་ཡལ་ཞིང་སྐྲང་ཡང་ཞི། ཁྲག་ཤུལ་ཡང་གཙང་མར་ཕྱིས། རྣག་འཛར་བའི་རྨ་ཁའང་སོས། རྨ་ཤུན་ཡང་ལོ་ཟླའི་ཁྲོད་ནས་སངས་ཤིང་ཐོར། ཡིན་ཡང་ལྷག་ཡོད་པའི་རབ་རིབ་ཀྱི་རྨ་ཤུལ་དེ་དག་ངའི་ལུས་སྟེང་གི་ལྐོག་ཏུ་གྱུར་བའི“གཙགས་རིས”སུ་གྱུར་ཞིང་། ང་རང་ཉིད་གཅིག་པུས་མ་གཏོགས་མཐོང་མི་སྲིད།
       ཨ་ཕ་དང་ཨ་མ་ཕྱོགས་གཉིས་ཀྱི་མི་རིགས་མི་མཐུན་པའི་ཉེ་ལག་རྣམས་ཀྱིས་ངའི་བྱ་སྤྱོད་ལ་ལྟ་རྟོག་བྱེད། དེ་ཡང་ངས་རང་ཁྱིམ་གྱི་སྔོ་མ་ལྗང་གི་ཤིང་སྒོ་ལ་ལྟ་བ་དང་ཀུན་ནས་མཚུངས། ཁོ་ཚོ་ཕྱོགས་གཅིག་གིས་ངའི་ལུས་སྟེང་དུ་བག་ལ་ཞ་བའི་ཨ་མ་ལ་ལྟ་རྟོག་བྱེད་པ་དང་། ཅིག་ཤོས་ཀྱིས་ངའི་ལུས་སྟེང་ནས་ཨ་ཕའི་གཟུགས་བརྙན་འཚོལ་འདོད་པ་རེད། ཁོ་ཚོ་ཚང་མས་ངའི་ཕྱོགས་གཅིག་དང་དུ་ལེན་སྲིད་ལ། ཁོ་ཚོས་རྒྱུས་ལོན་མེད་པའི་ཕྱོགས་ཅིག་ཤོས་དེ་ལ་བཅོས་སྒྱུར་གཏོང་བར་འཕྲོག་རྩོད་བྱེད་ཀྱིན་མཆིས།
       ཁཱ་ཧྲི་ནས་ཡོང་བའི་ཡུ་གུར་རིགས་ཀྱི་ཨ་ནེས་ངའི་མགོ་ཧྲིལ་བོར་རལ་བ་ཕྲ་མོ་མང་བོ་བསླེས་པ་དེ་ལ། རྨོ་བོའི་ཁྱིམ་གྱིས་བླ་ལྷག་གིས་འཛེམ་དོགས་བྱེད་ཅིང་། ཁ་ཆེའི་ཨ་ནེས་ངའི་རལ་བ་ཚང་མ་སིལ་བུར་བཤིགས། ཨ་ཕས་ང་ལ་བཟོས་པའི་སྟོད་འབྲེལ་སྨད་གཡོགས་དེ་རྨོ་བོས་འཕྲོགས་ནས་ཐབ་མེ་རུ་བསྲེགས་ཤིང་། ང་ལ་བཙན་གྱིས་ཁ་ཆེའི་ཨ་ནེའི་དོར་མ་དང་ཕྱི་ལྭ་རིང་མོ་གྱོན་དུ་བཅུག སྐབས་དེ་ནས་བཟུང་། ང་སྨད་གཡོགས་དང་ཁ་གྱེས་ནས་ལོ་བཅུ་འགོར། འདི་ནི་སྨད་གཡོགས་ཀྱི་རྒྱན་གོས་གཙོ་བོར་འཛིན་པའི་ཡུ་གུར་རིགས་ཀྱི་བུ་མོ་ཞིག་ལ་མཚོན་ན་ཇི་འདྲའི་བློ་ཡུལ་ལས་འགོངས་པའི་དོན་དག་ཅིག་རེད་ཨང་། དུས་ཡུན་རིང་བོར་མི་རིགས་གཉིས་ཀྱི་སྲུབས་བར་ནས་འཚོ་བའི་ང་རང་ལ་མཚོན་ན། འདི་དག་ཡོད་ཚད་བྱུང་ཆོག་པ་ཞིག་དང་འབྱུང་འོས་པ་ཞིག་ཏུ་གྱུར་འདུག  ཕ་མ་གཉིས་ཀྱིས་ཆོས་ལུགས་གཅིག་ལ་དད་མོས་བྱེད་ན་ཡང་། འཚོ་བའི་གོམས་གཤིས་དང་འཛེམ་བྱ་དེ་འདྲའི་གཅིག་འདྲ་མ་རེད། གོམས་སྲོལ་སྣ་ཚོགས་ཕན་ཚུན་དྲ་ལྟར་སྦྲེལ་བ་དང་མཉམ་འདྲེས། ཡང་ན་ཕན་ཚུན་རྩོད་རེས་བྱེད་པའི་ཁྲོད་དུ། ངས་ཡུན་གྱིས་ཨ་མ་དང་རྨོ་མོ། ཨ་ཕ་དང་ཨ་ནེ་ལ་རྒྱུས་ལོན་བྱུང་སོང་། ཁོ་ཚོ་ཕྱོགས་གཉིས་ཀས་ཀྱང་ངས་ཕྱོགས་གཅིག་གི་རིག་གནས་དང་ལེན་བྱེད་པར་རེ་བ་བྱེད་པ་དང་སྦྲགས། ཁོ་ཚོ་རང་རང་གི་མི་རིགས་རང་བརྩིའི་འདུ་ཤེས་ལ་སྲུང་སྐྱོབ་བྱེད་འདོད་པ་དེ་རེད།
       མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཆར། བྱིས་པ་ཞིག་གི་འཚར་ལོངས་ལ་གང་ཡིན་འདི་ཡིན་མི་ཤེས་པའི་རིགས་ཞེན་སྣ་ཚོགས་ཀྱིས་གཅུན་པར་མི་བྱེད་པའི་ངེས་པ་མེད། ཡུ་གུར་རིགས་ཀྱི་ཨ་ཕ་དང་། ཁ་ཆེ་རིགས་ཀྱི་ཨ་མ། ཧ་སག་རིགས་ཀྱི་ཁྱིམ་མཚེས། རྒྱ་རིགས་ཀྱི་དགེ་རྒན་སོགས་ཀྱིས་སྐད་བརྡ་མི་འདྲ་བ་དང་། ཡི་གེ་མི་འདྲ་བ། གོམས་སྲོལ་མི་འདྲ་བ་དག་ངའི་ཀླད་པར་བླུག་གི་ཡོད། ཁྱིམ་དུ། ཕ་མ་གཉིས་ཀྱིས«ཁུ་རན་གསུང་རབ»སྐྱོར་བའི་དབྱངས་རྟ་མི་མཐུན་པའི་དབང་གིས་རྒྱུན་དུ་ཚར་རྒྱུ་མེད་པའི་བཟའ་འཁོན་སློང་བ་རེད། རྨོ་བོས་ཐེན་ཧྲེ་ཀྲང་ཅཱ་ཁྲོན་ཡུལ་སྐད་ཁ་ཆེའི་དབྱངས་རྟ་ལ་བཀུགས་ནས་ང་ལ«ཁུ་རན་གསུང་རབ»སྐྱོར་དུ་འཇུག་པ་དང་། ཨ་ཕས་ཁོའི་ཚད་ལྡན་གྱི་ཨ་རབ་སྐད་ཀྱི་སྒྲ་གདངས་དང་ངག་རྟས་ཡང་དང་བསྐྱར་དུ་ངའི་སྐྱོར་དབྱངས་ལ་བཟོ་བཅོས་བྱེད། གང་ལྟར་རྨོ་བོའི་ཡུལ་སྐད་ནི་འགྱུར་བ་གཏོང་མི་ཆོག་པའི་སྒྲོམ་གཞི་ལྟ་བུར་ཆགས་ཏེ། ངའི་དྲན་འཛིན་གྱི་གཞི་རུ་རྟག་བརྟན་ཐེར་ཟུག་ཏུ་གནས་ཡོད།
       ངས་འདི་ནི་རིག་གནས་ཤིག་ཡིན་མིན་མི་ཤེས་པ་དང་། བུས་ཕྲུག་ཅིག་ཡིན་ཕྱིན་སུའི་སྐད་ཆར་ཉན་དགོས་པའང་མི་ཤེས། དུས་རྒྱུན་རྒན་པ་ཚོས་རང་རང་ས་ནས་སྐད་ཆ་རེ་བཤད་པ་ན། ངས་ནི་སྐད་ཆ་སྔོན་ལ་བཤད་མཁན་དེའི་མངགས་བཅོལ་ལྟར་བསྒྲུབ་བྱ་གང་ཞིག་བསྒྲུབས་ཤིང་། རྗེས་ནས་སྐད་ཆ་བཤད་མཁན་དེའི་མངགས་བཅོལ་ལྟར་ཡང་བསྐྱར་བསྒྲུབ་བྱ་གང་དེར་བཟོ་བཅོས་བརྒྱབ་པ་ཡིན། སྐད་བརྡ་ཐ་དད་པའི་དབང་གིས་ངའི་མིང་ལའང་བཟོ་བཅོས་གང་མང་བརྒྱབ་མྱོང་། དུས་སྐབས་མི་འདྲ་བར་མི་རིགས་མི་འདྲ་བས་འབོད་སྟངས་མི་འདྲ་བ་སྤྱད་ནས་ངའི་མིང་དུ་འབོད། ཁ་ཆེའི་སྐད་དུ་ཧྥ་ཐུའུ་མེལ་ཞེས་འབོད་པ་ནས། ཧ་སག་སྐད་དུ་པཱ་དེ་མ་ཞེས་འབོད་པ་དང་། རྒྱ་སྐད་དུ་ལའེ་ཡུན་ལཱེན་ཞེས་འབོད་པ། ཡུ་གུར་སྐད་དུ་ཕཱ་ཐེ་གྷོ་ལེ་ཞེས་འབོད་པའི་བར་དུ། རིགས་རྒྱུད་མང་བོ་ཞིག་གི་བར་གླགས་ནས་ང་རང་སོམ་ཉིའི་རྒྱ་རུ་ཚུད། ངའི་དྲན་འཛིན་གྱི་དབུས་སུ་གང་ས་གང་དུ་གསུབ་ཆུ་དང་གསུབ་འགྱིག་གི་ཤུལ་རྗེས་ཀྱིས་ཁེངས་འདུག  གློ་ཡངས་བཟོད་སྒོམ་ལ་རེ་ལྟོས་འཆའ་བའི་འདོད་འདུན་རིགས་དེ་ནི། བྱིས་པའི་དུས་སུ་འདོད་བློ་ཙམ་དུ་ཟད་མོད། འདོད་བློ་དེ་བཙན་གྱིས་སྤྱུགས་དགོས་ཟེར་ན། ཐམ་ཐོམ་གྱི་དོལ་དུ་ཕྱིངས་ཏེ་ཐར་ཐབས་བྲལ་བའི་ང་རང་། ཆུ་སྣ་གར་ཁྲིད་བྱེད་དུ་འཇུག་པ་ལས་ཐབས་གཞན་མེད་པའི་གནས་སུ་ལྷུང་། མཐར་ཐུག་ངས་གསལ་བོར་ཤེས་སོང་བ་ནི། རབ་རིབ་ཀྱི་གོ་བསྡུར་ཁྲོད་ནས་རང་གི་ནུས་སྟོབས་ཀྱིས་དང་ལེན་བྱས་ཟིན་པ་ཚང་མ། སྐྱེས་སྟོབས་ཀྱི་ཟུངས་ཁྲག་གསེང་ན་གཉུག་མར་གནས་པའི་དུངས་ཞེན་དང་རིགས་ཞེན་གྱི་བྱ་དངོས་འབའ་ཞིག་རེད་འདུག
གཉིས།
       ངེད་ཚང་གི་བྱིས་པ་སྐྱེས་འགོ་གསུམ་ལ་ལས་དབང་དྲང་ནས་ཡུ་གུར་སྐད་ཆ་སྨྲ་ཤེས་པ་བྱུང་ཡོད་མོད། ང་དང་ནུ་བོ་ནུ་མོ་གསུམ་པོ་རྒྱའི་སྐད་ཡིག་གི་སློབ་གྲྭར་ཕྱིན་པ་ནས་བཟུང་སྟེ། བྱིས་པ་བཞི་བ་ནས་འགོ་བརྩམས་ཏེ་ངེད་ཚང་གི་སྐད་བརྡ་ལའང་འཕོ་འགྱུར་འབྱུང་འགོ་བརྩམས་སོང་། ཨ་ཕས་ཀྱང་སྨྲ་ལྕེ་གྱོང་ཞིང་ཤིན་ཏུ་ཁག་པོའི་སྒོ་ནས་ང་ཚོའི་བྱང་ཆ་ལྡན་པའི་རྒྱའི་སྤྱི་སྐད་ལ་ཨ་ལན་མི་སྤྲོད་ཐབས་མེད་དུ་གྱུར། བྱིས་པ་ཨང་བཞི་བས་ཡུར་རྒྱའི་ལོ་ཙཱའི་ཆེད་ལས་སྦྱངས་ཤིང་། ཨ་ཕས་སྐུ་དངོས་སུ་སློབ་ཆེན་དུ་བསྐྱལ་ནས་སོང་བའི་བྱིས་པ་ཉག་གཅིག་པོ་དེའང་ཁོ་ཡིན་ལ། ཨ་ཕས་ཁོའི་ཆེད་ལས་ལ་གཙུགས་མཐོང་ག་ཙམ་གནང་གི་ཡོད་པའང་རྟོགས་ཐུབ། དེའི་རྗེས་སུ་སྐྱེས་པའི་བྱིས་པ་ཚང་མས་རྒྱ་ཡིག་རྐྱང་རྐྱང་བེད་སྤྱོད་པ་ཡིན། ཁྱིམ་ཚང་གཅིག་ཏུ་སྐད་བརྡ་སྣ་གཉིས་སྟག་སེང་ཁ་སྤྲོད་ཀྱི་ཚུལ་དུ་དོ་ཡ་འདྲ་མཉམ་གྱི་རྣམ་པ་ཞིག་ཆགས། ཡུར་རྒྱའི་ལོ་ཙཱ་བསླབས་པའི་ནུ་བོས་ཕྱིས་སུ་རྒྱའི་ཕལ་སྐད་སྨྲ་བའི་ཀོང་ཏུང་གི་བུ་མོ་ཞིག་ཆུང་མར་བླངས། ཡུ་གུར་སྐད་ཆ་སྨྲ་བའི་ནུ་མོས་དབྱིན་སྐད་འཆད་པའི་ཧོང་ཀོང་གི་ཕོ་གསར་ཞིག་ལ་གཉེན་བསྒྲིགས། ཏག་ཏག་ཡུ་གུར་སྐད་ཆ་ཚིག་གཅིག་ཀྱང་སྨྲ་མི་ཤེས་པའི་ནུ་བོ་ཆུང་བས་ཡུ་གུར་རིགས་རྣལ་མ་ཞིག་ཆུང་མར་བསུས། འདི་ནི་དངོས་གནས་མགོ་རྟིང་སློག་པའི་འཇིག་རྟེན་ཞིག་རེད་འདུག  སྐད་བརྡ་ནི་མིའི་འཕྲོག་རྩོད་ལ་གཞའ་ཐབས་མེད་པ་དང་ཁྱོད་ཀྱིས་རང་གི་སྨྲ་ལྕེ་ལ་གཞི་ནས་བློས་དཔག་པར་དཀའ་ཞིང་། སྐད་བརྡ་གང་ཞིག་གིས་སྨྲ་ལྕེ་འཕྲོགས་འགྲོ་བའམ་གང་ཞིག་གི་ཁྲོད་དུ་ལུས་འགྲོ་བ་མི་ཤེས། འཕོ་འགྱུར་ཆེ་ཞིང་སྣ་མང་ཅན་གྱི་འཇིག་རྟེན་འདི་ལ་འཕྲོད་སྦྱོར་ཡོང་དགོས་ན། མི་རྣམས་ལ་སྨྲ་ལྕེ་ལྷག་མ་འབའ་ཞིག་ཐོགས་ནས་དུས་ནམ་ཞིག་ལ་མཁོ་གལ་འབྱུང་བར་གྲ་སྒྲིག་བྱེད་རན་འདུག་བསམས་བྱུང་།
       ཨ་ཕས་ང་རང་རྒྱ་ཡིག་སློབ་གྲྭར་བསྐྱལ་རྗེས། ངས་ནི་ཁོང་ལ་ཡུ་གུར་སྐད་ཀྱི་འཕྲིན་ཡིག་ཅིག་ཀྱང་འབྲི་མི་ཐུབ། འདི་ནི་ངའི་སེམས་ཁོང་གི་འགྱོད་གདུང་ཞིག་ཏུ་གྱུར་ཡོད། ཡིན་ཡང་ངའི་རྒྱ་ཡིག་གི་སྦྱང་འབྲས་ནི་རྒྱ་རིགས་དག་ལས་མི་དམན་པ་ནི་ཁོའི་རྒྱལ་ཁས་ཁེངས་པའི་ང་རྒྱལ་ཞིག་ཏུ་བརྩིས་བཞིན་མཆིས། ངས་ཁོའི་ཚབ་ཏུ་ཐོན་སྐྱེད་རུ་ཁག་ལ་དགོངས་ཞུ་ཡི་གེ་ཞིག་བྲིས་མྱོང་ཞིང་། དེ་ནི་ངས་རྒྱ་ཡིག་བེད་སྤྱད་དེ་ཁོང་ལ་ཁེ་ཕན་བསྐྲུན་པ་ཐོག་མ་ཡིན་ཏེ། ཨ་ཕའི་ལག་མཛུབ་ལ་རྟས་སོ་བཏབས་ནས་རྨས་པས། ཟླ་ཕྱེད་ཙམ་ལ་ངལ་གསོས་ཀྱང་ལས་སྐར་གཅོག་དགོས་མ་བྱུང་། ཤིན་ཏུ་ནས་ཤིན་ཏུ་སྟབས་བདེར་བྲིས་པའི་དགོངས་ཞུ་ཡི་གེ་དེ་ལ། ཨ་ཕས་ནི་ངས་རྒྱ་ཡིག་གིས་ཐོག་དང་པོར་བྲིས་པའི“ཕུལ་བྱུང་རྩོམ་ཡིག”ཅིག་གི་འདང་བརྩི་ཡོད་ཅིང་། ཁྱིམ་མཚེས་དག་གི་སྔུན་དུ་ངོམ་སོ་ཡིད་ཚིམས་པ་ཞིག་བྱས་སོང་། ཡང་མིན་ན། ཨ་ཕས་སྔ་མོ་ནས་བཟུང་། གཙོ་གྲུབ་མི་རིགས་ཀྱི་སྐད་བརྡ་སློབ་པ་ནི། མི་རིགས་ཤིག་ལ་མཚོན་ན་གཙོ་གྲུབ་སྤྱི་ཚོགས་སུ་འདེངས་པའི་དོན་དག་གལ་ཆེན་ཞིག་ཡིན་པ་ངེས་ཤེས་འདྲོངས་འདུག
       ལོ་དུ་མའི་རྗེས་སུ། ངའི་འདུ་ཤེས་ཀློང་གི་ཨ་ཕ་ནི། ལོ་དེར་ཕ་ཡུལ་བསྐྱུར་ནས་བྱེས་སུ་འགྲིམས་པའི་ངོ་ལོག་པ་ཞིག་གི་སྣང་བརྙན་ནས་སླར་ཡང་སྔོན་དཔག་གི་ནུས་པ་འཛོམས་པའི་སྐྱེ་བོ་ཞིག་ཏུ་ཆགས་ཡོད། ངའི་ལུས་སྟེང་གི་གསལ་ལ་མི་གསལ་བའི“གཙགས་རིས”ལ་བརྟེན་ནས་རིམ་གྱིས་ཨ་ཕ་ལ་ཆ་རྒྱུས་ཟབ་མོ་བྱུང་སོང་། ཁོ་རང་སྔོན་ཆད་ཡུ་གུར་རིགས་འདུས་སྡོད་ཀྱི་ཤིན་ཅང་ལྷོ་མ་ནས་མི་རིགས་མང་པོ་འདུས་སྡོད་ཀྱི་ཤིན་ཅང་བྱང་མར་སྐྱས་སྤར་ཞིང་། འགྲུལ་བཞུད་ཀྱི་བརྒྱུད་རིམ་ཁྲོད་ནས་ཁོང་ལ་བློ་སྐྱེད་འདི་འདྲ་བྱུང་ཡོད་ཀྱང་སྲིད་དེ། གལ་ཏེ་རང་ཡུལ་ལས་བུད་དེ་ཕྱི་རོལ་གྱི་འཇིག་རྟེན་དང་འདྲེས་ལོབས་སུ་འགྱུར་དགོས་ན། ཐོག་མར་སྐད་བརྡའི་ཚད་བཀག་གི་བར་ཆད་ལས་ཐར་དགོས། ཁོང་རང་ཉིད་ནས་མི་ཚེ་གང་བོར་མངོན་འགྱུར་ཆ་ཙམ་གཏོང་མ་ཐུབ་པ་འདི་གོ་ཅོག་ང་ཚོ་བྱིས་པ་དག་གི་ལུས་སྟེང་ནས་རྣམ་པ་བསྒྱུར་འདོད་ཡོད་པ་རེད།
       ཕ་ཡུལ་དང་ཁ་མ་བྲལ་སྔོན་ལ། ང་རང་ནི་རྒྱ་རིགས་དང་ཡུ་གུར་རིགས། ཧ་སག་རིགས་བཅས་སྐད་བརྡ་སྣ་ཚོགས་ཀྱི་རྔོན་པས་མཐའ་ནས་བསྐོར་བའི་ཉམ་ཐག་གི་ཡོས་བུ་ཞིག་དང་མཚུངས་ཤིང་། སྤུ་ཁའི་སྟེང་དུ་རིག་གནས་མང་དག་ཅིག་སྣེ་འཛིང་བའི་ཁྲ་ཁྲའི་རི་མོ་བཀྲ་ཡོད། ལྷོ་ཕྱོགས་སུ་བསླེབས་རྗེས། ངས་ཀྱང་ཡུལ་སྐད་རིག་གནས་སྣ་ཚོགས་ཀྱི་བར་གསེང་ནས་རང་གི་སྨྲ་ལྕེ་ལ་འཕྲོག་རྩོད་བྱེད་རྩིས་བྱས། ང་རང་ནི་རིག་གནས་སྣ་ཚོགས་གཞི་གཅིག་ཏུ་འདུས་པའི་བདག་ཉིད་ཅན་ཞིག་ཡིན་ནམ་ཅི། སྐད་བརྡའི་རིག་གནས་འཕྲོག་རྩོད་ལ་མཐར་སོན་པར་ཉམས་སུ་མྱོང་ཐུབ་ཀྱི་ཡོད། འདི་ལྟར་རང་ཉིད་ནི་རིན་ཐང་ལྡན་པའི་སྤྱི་ཚོགས་ཀྱི་དཔེ་མཚོན་ཞིག་ཏུ་བརྩིས་ནས་གཤགས་བཅོས་བྱས་པ་ཡིན། ངས་འགོ་ཁུངས་དེད་དེ། རང་ཉིད་ལ་བསྒྱུར་བཅོས་གཏོང་བའི་བྱ་དངོས་དེ་དག་རེ་རེ་བཞིན་འཚོལ་བཤེར་བྱ་འདོད། དེ་དག་ནི་བྱ་དངོས་ག་འདྲ་ཞིག་ཡིན་པར་བལྟ་འདོད། མ་གཞི་ཁྱད་མཚར་བའི་མཐུ་སྟོབས་འདི་འདྲ་ཞིག་ཇི་ལྟར་རྫོགས་པ་རེད་དམ། བསམ་ཚུལ་འདི་དག་ནི་ང་རང་ལ་མཚོན་ན་བསླུ་བྲིད་ཀྱིས་ཁེངས་འདུག་སྟེ། ང་རང་ལ་བསྒྱུར་བཅོས་ཐེབས་པ་དེ་ཉིན་མཚན་ག་ཚོད་ཅིག་བརྒྱུད་ནས་བྱུང་བ་ཡིན་པ་ངས་ཤེས་དགོས། ངའི་ལུས་ཐོག་ནས་རྨ་ཁ་དང་སེར་ཀ  གཙགས་རིས་སྣ་ཚོགས། ཟུག་རྔུ་དང་ན་གཟེར། ཐོར་བཤིག་དེ་དག  ད་དུང་ག་བྱེད་འདི་བྱེད་མི་ཤེས་པ་དང་། སོམ་ཉིའི་དོགས་སྐྱེད། ཟང་ཟིང་ལང་ལོང་གི་སེམས་ཁམས་ཀྱི་འགལ་འདུ་སོགས་གསལ་བོར་མཐོང་སོང་བ་མ་ཟད། དོན་དམ་པ་དང་ཇི་མ་ཇི་བཞིན། གསལ་ལྷང་ངེར་མངོན་འདུག འདི་ནི་ང་རང་ཡིན་ཏེ། ཁྲག་རྒྱུད་འདྲེས་མའི་རིག་གནས་ཀྱིས་བཞེངས་སྐྲུན་བྱས་པའི་ཐུན་མོང་མ་ཡིན་པའི་ཚེ་སྲོག་ཅིག་གོ །
གསུམ།
       རིག་གནས་ཀྱིས་མི་བུ་འཕྲོག་རྩོད་བྱེད་པ་ནི། རིགས་རྒྱུད་མི་འདྲ་བ་དང་རིག་གནས་མི་འདྲ་བ་ཁོ་ནའི་བར་དུ་བྱུང་བ་མ་ཡིན་ཏེ། མི་རིགས་གཅིག་པ་དང་ས་ཁོངས་གཅིག་པའི་རིག་གནས་གཅིག་པ་བར་དུའང་ཕན་ཚུན་འཕྲོག་རེས་བྱེད་ཅིང་། ཕ་རོལ་བོ་ལ་རང་གི་དགའ་ཁ་འཁྱེར་སོའི་དན་རྟགས་རྒྱག་པར་བརྩོན་ལེན་བྱེད། ང་རང་སྡོད་སའི་ཡུས་ཡའོ་ས་ཆར། ངའི་ཁོར་ཡུག་གི་ཡའོ་ཅུའུ་ཟློས་གར་འཁྲབ་སྟོན་པ་གྲགས་ཅན་ཁ་ཤས། ཧའོ་ཅུའུ་ཟློས་གར་དང་ཡཱེས་ཅུའུ་ཟློས་གར། བརྙན་འཕྲིན་ཟློས་གར་སོགས་ཀྱིས་ཁོ་ཚོ་ལ་འཕྲོག་རྩོད་བྱེད་པའི་ཁྲོད་དུ་མགོ་འཁོར་ཏེ། གང་ཞིག་གདམ་གསེས་བྱེད་རྒྱུའང་ཁག་པོར་ལུས་འདུག མི་ཞིག་ཆེས་མཐར་ཐུག་རིག་གནས་གང་ཞིག་གིས་ལྕགས་ཀྱུས་དྲངས་འགྲོ་ཞེ་ན། ཧ་ལམ་རིག་གནས་གང་དེའི་ཕུན་སུམ་ཚོགས་པའི་ནང་སྙིང་དང་ལྕགས་ཀྱུའི་འདྲེན་ཤུགས་ཀྱི་དྲག་ཞན་ལ་རག་ལས་པར་འདོད།
       ཆུང་དུས་སུ་ངའི་མགོ་ཡི་ལྕང་ལྕུག་ལྟ་བུའི་རལ་བ་ཕྲ་མོ་དག་སིལ་བར་བཤིགས་མཁན་ཁ་ཆེའི་ཨ་ནེ་ཆུང་བ་ལོ་གཉིས་ཀྱི་སྔོན་ལ་ཚེ་ལས་འདས་སོང་། ད་ལྟ་འཚོ་བཞུགས་ཡོད་པའི་ཨ་ནེ་ཆེ་བ་དང་ཨ་ནེ་གསུམ་པ། ཨ་ནེ་བཞི་བ། དེ་མིན་ཨ་མའི་ཉེ་ལག་ཚང་མས་ང་རང་ཕྱིར་ཤིན་ཅང་དུ་འཚོ་བ་རོལ་དུ་ཡོང་བར་རེ་ཐག་ཆད་ཡོད། འོན་ཀྱང་ང་རང་རྒས་རྗེས་ཕྱིར་ཕ་ཡུལ་དུ་ལོག་པར་རེ་ལྟས་ཀྱིས་ཁེངས་འདུག འཚོ་བཞུགས་སྐབས་སུ། ཁོ་མོ་ཚོ་དང་ངའི་ཨ་ཕས་ཐབས་བཀོད་སྣ་མང་སྤྱད་དེ་འཕྲོག་རེས་ཀྱི་སྒོ་ནས་ང་ལ་རྟགས་རྒྱག་པ་དང་། ང་རང་རྔམས་མཐུག་པའི་ཁོར་ཡུག་ཅིག་ནས་ཕྱིར་འཕྲོགས་ཐབས་མེད་པ་ཤེས་པས། མཇུག་མཐར་ཁོ་མོ་ཚོས་ངའི་འཆི་བ་ལ་འཕྲོག་རྩོད་དང་རྟགས་རྒྱག་རྒྱུ་ཐག་གིས་བཅད། ཁོ་མོ་ཚོའི་ངོས་ཐད་ནས་བཤད་ན། འདི་ནི་རིག་གནས་གཞན་ཞིག་གིས་འཕྲོགས་ཟིན་པའི་ལུ་གུ་མགོ་འཁོར་ཞིག་ལ་འཕྲོག་རྩོད་བྱེད་པ་ཡིན་ལ། ངའི་སེམས་སུ་འདི་ནི་ཕ་ས་ཕ་ཡུལ་གྱིས་བུ་ཕྲུག་ལྡོམ་པོ་ཞིག་ལ་བདག་པོ་རྒྱག་རྒྱུར་འཕྲོག་རྩོད་བྱེད་གི་ཡོད་པར་འདོད།
       འཕྲོག་རྩོད་ནི་བྱེད་ནུས་རིགས་ཤིག་ཡིན་ལ། འཚོ་སྡོད་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན། འཕྲོག་རྩོད་ནི་དུས་དང་རྣམ་པ་ཀུན་ཏུ་འབྱུང་བཞིན་མཆིས། ལོ་རྒྱུས་ཀྱིས་བདེན་དོན་ལ་འཕྲོག་རྩོད་བྱེད་པ་དང་། ཁེ་དབང་གིས་སྨྲ་བརྗོད་ལ་འཕྲོག་རྩོད་བྱེད། རང་བྱུང་གིས་ཁོར་ཡུག་ལ་འཕྲོག་རྩོད་བྱེད། དུས་ཚོད་ཀྱིས་ཚེ་སྲོག་ལ་འཕྲོག་རྩོད་བྱེད། ལྐོག་གྱུར་གྱི་སང་ཉིན་གྱིས་མིའི་ལས་དབང་ལ་འཕྲོག་རྩོད་བྱེད……རིག་གནས་མི་འདྲ་བ་སྣ་ཚོགས་ང་ཚོའི་མཐའ་ནས་བསྐོར་ཡོད་ལ། དེ་ནི་མཁའ་དབུགས་ཁྲོད་ཀྱི་རྡུལ་ཕྲན་དང་འདྲ་ཕྱིན། འཕྲོག་རྩོད་མེད་པར་བཟོ་འདོད་པ་ནི་ཁྱོན་ནས་སྲིད་མཐའ་བྲལ། མ་ཟད་རིག་གནས་འཕྲོག་རྩོད་ནི་ཁྱོད་ཀྱི་ལག་ནས་དངོས་པོ་ཞིག་འཕྲོག་པ་ལྟ་བུ་ལས་སླ་མོ་ཞིག་མ་རེད། དེས་ཐོག་མར་སྐད་བརྡ་ཞིག་བདག་འཛིན་བྱེད་པ་ནས་མགོ་རྩོམ་དགོས་ཏེ། ཁྱོད་ཀྱི་སྨྲ་ལྕེ་དང་མིག་འབྲས། མགྲིན་པ་ལ་བདག་འཛིན་བྱེད་དགོས་ཤིང་། ཐ་ན་ཁྱོད་ཀྱི་མི་ལུས་ཧྲིལ་བོ་ལ་བདག་འཛིན་བྱེད་དགོས། ཁྱོད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་བདག་འཛིན་བྱེད་དགོས་ཤིང་། ཐ་ན་ཁྱོད་ཀྱི་བསམ་གཞིག་ལ་བདག་འཛིན་དང་ཁྱོད་ཀྱི་བསམ་པའི་འཇིག་རྟེན་ཡོངས་སུ་འཕྲོག་དགོས། གོ་རིམ་ཧྲིལ་བོའི་ཁྲོད་དུ། འཕྲོག་བྱའི་ཡུལ་དེར་ཚོར་སྣང་ཏོག་ཙམ་མེད་ཀྱང་སྲིད་མོད། ཚོར་སྣང་ཡོད་ཀྱང་འགོག་ཐབས་ཡེ་ནས་མེད། མི་མང་བོ་ཞིག་སྟོབས་ཤུགས་ཆེ་བའི་རིག་གནས་ཀྱི་རླབས་རྒྱུན་ལ་ཁ་གཏོད་དུས་ཅི་བྱ་རྟོལ་བྲལ་དུ་འགྱུར་ངེས་རེད།
       ངའི་ཁྱོ་ག་དུས་རྟག་ཏུ་བརྙན་འཕྲིན་འཕྲུལ་ཆས་ཀྱི་མདུན་དུ་བཙོག་སྟེ། མིག་ཟུང་གིས་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལ་གཅིག་འཕྲོར་གཅིག་ཏུ་ལྟ་མུས་ཡིན། ཁོ་བརྙན་འཕྲིན་ཟློས་གར་ལ་དུངས་པ་ཟབ་མོ་ཡོད་ཅིང་། ཕལ་ཆེར་ཁོའི་འཚོ་བ་ཁྲོད་དུ་སྤྲོ་སྣང་ཆེ་ཤོས་ཀྱི་བྱ་དངོས་གསར་བ་ཞིག་ཏུ་གྱུར་ཚར། ཁོས“ཁྱད་མཚར”ཞིང་སྒྲུན་དུ་མེད་པར་འདོད་པའི་བརྙན་འཕྲིན་ཟློས་གར་སྣ་ཚོགས་སྒོ་ཀུན་ནས་གཟིགས་མོར་འདྲེན་པ་དང་ཡིད་དབང་ཤོར་ཏེ། མི་ཞིག་ལ་འཛོམས་དགོས་པའི་རྟོག་བཟོ་ལ་བརྡར་ཤ་གཅོད་པའི་ནུས་པ་དེའང་ཡོངས་སུ་ཉམས་འདུག ཁོས་གློད་ཡངས་དང་དཀྱེལ་ཆེའི་སྒོ་ནས་བརྙན་འཕྲིན་ཟློས་གར་ཡོད་ཚད་གང་འདོད་དུ་རང་གི་མིག་གི་དགའ་སྟོན་དུ་འགྱེད་ཅིང་མུ་འབྲེལ་དུ་བསྟར་བ་རེད། ངས་བལྟས་ན། གཏན་ནས་རྒོལ་ལན་མི་སྤྲོད་པར་མཐའ་གཅིག་ཏུ་བཟོད་སྒོམ་བྱེད་སྟངས་འདི་ནི་བྱ་དངོས་གང་དེ་འདོར་སྤྱུགས་བྱས་པ་དང་ཕལ་ཆེར་འདྲ་བོ་འདུག ཁོ་ནི་རང་ཉིད་དགའ་སའི་བྱ་དངོས་དེ་ལ་བསྟུན་དྲགས་ནས་དུངས་ཞེན་ལྷག་མ་གཞན་ཞིག་མངོན་རྒྱུ་མེད་པ་དེར་ང་ཧ་ལས་དགོས་བྱུང་སོང་། ཁོ་སྔ་མོ་ནས་རང་ཉིད་དགའ་བའི་བྱ་དངོས་དེས་གཞན་འགྱུར་དང་ཁྱུར་མིད་བྱས་ཤིང་། བྱ་དངོས་དེས་རྒྱལ་ཁའི་ངང་ཁོ་རང་འཕྲོགས་ཚར། རང་ཉིད་ནི་རང་ཉིད་ཀྱིས་དོ་སྣང་བྱེད་པའི་བྱ་དངོས་དེའི་གྲུབ་ཆ་ཞིག་ཏུ་བསྒྱུར་ཏེ་ཁོ་ཚོ་གཞི་གཅིག་ཏུ་འདྲེས་ཤིང་ཕན་ཚུན་དབྱེར་མེད་དུ་གྱུར། ཁོ་དང་བྱ་དངོས་གང་དེའི་བར་དུ་བསམ་གཞིག་མི་མཐུན་པའི་ཧེ་བག་མེད་ལ། ཐ་ན་བྱ་དངོས་གང་དེས་ཁོ་ལ་བཙན་གྱིས་བདག་འཛིན་བྱེད་མི་དགོས་པར་ཁོས་རང་འགུལ་གྱིས་མགོ་སྒུར་ནས་བཀའ་དང་ལེན་བྱེད་པ་དང་། གཞི་ནས་བྱ་དངོས་གང་དེའི་ལག་རོགས་སུ་གྱུར་ཞིང་བྱ་དངོས་གང་དེ་དང་ངན་འབྲེལ་གྱིས་རང་ཉིད་བཙན་བཟུང་བྱས་ནས། རང་ཉིད་བྱ་དངོས་གང་དེའི་མཆོད་པར་ཕུལ་འདུག འབོལ་ཁྲི་ལྟག་རྒྱབ་ཏུ་མངོན་པའི་ཁོའི་མགོ་བོ་ནི། བརྙན་འཕྲིན་འཕྲུལ་ཆས་མདུན་གྱི་མཆོད་རྫས་ཤིག་གོ །
       བུ་ཕྲུག་གིས་བློར་འབབ་པའི་ལྭ་བ་ཞིག་འཕྲོག་རྩོད་བྱེད་པའམ། ཡང་ན་ང་རང་དགའ་བའི་ཟས་རིགས་ཤིག་འཕྲོག་རྩོད་བྱེད་སྐབས། ཁྱོ་ག་ནི་ཁོག་རྒྱ་ཧ་ཅང་དོག་པ་ཞིག་ཡིན། ཁོས་ནི་མཐོང་རེག་གིས་ཟིན་པའི་དངོས་པོ་ཁོ་ནར་འཕྲོག་རྩོད་བྱེད་པ་ལས། བརྙན་འཕྲིན་ཟློས་གར་གྱིས་ཁོའི་མིག་འབྲས་དང་དུས་ཚོད་འབོར་ཆེན་འཕྲོགས་སོང་ནའང་མཐོང་རེག་གིས་མ་ཟིན་པའི་བསམ་པའི་འཕྲོག་རྩོད་ཀྱི་མདུན་དུ། ཁོས་བློ་མོས་ཞེ་མོས་དང་གློ་གཞོགས་ཡངས་པའི་སྒོ་ནས་གཞན་ལ་བསྟུན་ཐབས་བྱེད་ངེས། རིག་གནས་ཤིག་གིས་མི་ཞིག་ལ་འདི་འདྲའི་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་དེ། ཁོ་ལ་སྒུལ་སྐྱོམ་ཐེབས་ཏེ་རང་ཉིད་ཀྱང་གཞི་ནས་བོར་སོང་། ཇི་འདྲའི་ཡ་ང་བ་ལ་ཨང་།
       ཆུང་དུས་སུ། ཨ་ཕས་བསྲེག་སྦྱངས་བྱས་པའི་ལྕགས་ཐམ་གྱིས་རྟ་ཕོར་རྟགས་ཐམ་རྒྱག་པ་ངས་མཐོང་མྱོང་། ཁོས་རང་གི་རྟ་ཕོ་རྟ་ཁྱུ་ལ་ཤོར་ན་ངོས་མི་ཟིན་པར་དོགས་ཀྱི་ཡོད། རྟ་ཕོས་བསྲེག་ལྕགས་ཀྱི་ན་ཟུག་མ་བཟོད་པར་ཨེན་ཙམ་གྱིས་ཨ་ཕའི་གོང་མཛུབ་བལྡད་སོང་། ཨ་ཕས་ཁྲག་དམར་འཛར་འཛར་གྱི་ལག་པས་རྟ་ལྕག་བཏེགས་ཏེ་ཉམ་ཐག་གི་རྟ་ཕོ་ལ་ཞེ་སྡང་གིས་བྲབས། ཨ་ཕའི་མཛུབ་མོའི་རྨ་ཁ་རིམ་གྱིས་སོས་ན་ཡང་། རྟས་སོ་བཏབས་པ་རྒྱུས་རྩ་ལ་གནོད་ཡོད་པས་མཛུབ་མོ་འཁྱོག་ནས་དྲང་མོར་བསྲིངས་མི་ཐུབ་པར་གྱུར། དབང་ཤུགས་བཙན་པོའི་ཨ་ཕས་རྟ་ཕོར་རྟགས་རྒྱག་པར་འདོད་མོད་ཀྱང་། ལྡོག་སྟེ་རྟ་ཕོས་ཨ་ཕར་རྟགས་བརྒྱབ་སོང་། མཇུག་འབྲས་འདི་ནི་ཨ་ཕའི་ཡིད་ལའང་ཤར་ཡོད་པ་མ་རེད། ཨ་ཕས་རྒྱུ་རྐྱེན་འདི་ལ་བརྟེན་ནས་རྟ་འདི་རྒོད་པོ་ཡིན་སྲོལ་དང་མི་གཤིས་མི་རྟོགས་ཞེས་སྡིགས་དམོད་བྱེད་ཅིང་། ཞི་དུལ་གཡུང་མོའི་བོང་བུ་ནག་པོ་དེར་འདང་ཆེ་བ་རེད། རྒྱུན་དུ་ཆེས་བཟང་བོའི་གཟན་ཆས་བོང་བུ་ལ་སྟེར་བ་དང་། ལས་ཀ་ལྕི་མོ་རྟ་ལ་འགེལ་ཞིང་ཆེས་ཞན་པའི་གཟན་ཆས་རྟ་ལ་སྟེར། ལྕག་གིས་འབྲབ་ཐེངས་ཀྱང་བོང་བུ་ལས་མང་།
       ཚེ་སྲོག་ཅིག་ཡིན་ན། ཐོག་མར་བསྲེག་ཐམ་རྒྱག་སྐབས་སུ་ཡིན་ཡང་ཚ་རེག་དང་ན་ཟུག མི་བདེ་བའི་སྣང་བ་བསྐྱེད་ཅིང་། ལ་ཤས་རྨ་ཁ་བསྣད་ཅིང་ཟུག་གཟེར་གྱིས་གདུང་དྲགས་ནས་འཆི་བར་འགྱུར་བའང་ཡོད། དངོས་པོ་གང་ཞིག་ཡིན་ཡང་ཕན་ཚུན་གདོང་ཐུག་དང་ཕན་ཚུན་རྟགས་མཚན་འགོད་པའི་གོ་རིམ་ཁྲོད། ཕན་ཚུན་ལ་ངོ་རྒོལ་དང་སེན་འབྲད། གཏུབ་གཅོད། འཕྲོག་རྩོད་བྱས་རྗེས། འགྱུར་ལྡོག་གི་མཐའ་འབྲས་ནི་ཁྱོད་མི་བདེན་ན་ང་བདེན་པའི་ངེས་པའང་མེད། ཕན་ཚུན་ཁྱུར་མིད་བཏང་བ་ཡིན་ནའང་འདྲ། ཕན་ཚུན་མཉམ་འདྲེས་བྱུང་བ་ཡིན་ནའང་བླ། འཇིག་རྟེན་སྟེང་གི་བྱ་དངོས་གཉིས་མཐའ་གཅིག་ཏུ་ཁ་ཕྲལ་དུ་གཏོང་མི་སྲིད་དེ། མཐའ་མར་རྟགས་མཚན་སྣ་ཚོགས་ཀྱི་དབྱེ་མཚམས་མག་མོག་ཏུ་འགྱུར་ཞིང་ཤན་འབྱེད་དཀའ་བ་དང་། ཁྱོད་ཀྱི་ཁྲོད་དུ་ང་ཡོད་ལ། ང་ཡི་ཁྲོད་དུ་ཁྱོད་ཀྱང་ཡོད་དོ།། གདོང་ཐུག་ནི་མཉམ་འདྲེས་ཀྱི་སྟ་གོན་ཡིན་ཞིང་། ན་ཟུག་ནི་ང་ཚོས་འཕྲོག་རྩོད་དང་རྟགས་མཚན་འགོད་པར་རང་གཞན་གཉིས་ཀྱིས་བློས་བཏང་བའི་རིན་དོད་ཡིན་པ་ང་རང་ལ་ཡིད་ཆེས་བདོག རིག་གནས་གང་ཞིག་བསྡུ་ལེན་བྱེད་ན། ཕལ་ཆེ་བ་འགྲན་རྩོད་ཀྱི་ཁྲོད་ནས་གསར་རྙེད་དང་དབྱེ་ཞིབ། གོ་སྡུར་བྱས་རྗེས་དང་ལེན་བྱེད་དགོས་པ་ཡིན་པ་ལས། བསམ་བློ་ཅི་ཡང་མི་གཏོང་བར་ཚོད་ཚོད་ལ་བྱ་དངོས་དེའི་རིགས་ཀྱི་འཇིངས་སུ་བསྣུབས་འགྲོ་བ་ག་ལ་ཡིན།
བཞི།
       ཝུ་རོ་མུ་ཆིའི་ཨེར་ཏའོ་ཟམ་པའི་ལམ་ཁར། ངས་རྒྱ་སྐད་ཀྱིས་སེ་འབྲུའི་ཁུ་བ་འཚོང་བའི་ཡུ་གུར་རིགས་ཀྱི་ཨ་ཡེ་རྒན་མོ་ཞིག་ལ“སེ་འབྲུའི་ཁུ་བ་དཀར་ཡོལ་གང་ལ་སྒོར་དུ་ཡིན་ནམ”ཞེས་དྲིས། ཨ་ཡེ་རྒན་མོས་སྐྱ་སེང་གི་མིག་འབྲས་ངའི་ལུས་ཀྱི་མགོ་མཇུག་ཀུན་ལ་སྐོར་རྒྱག་ཅིག་བྱས་མཐར། མི་བྲེལ་མི་དལ་བའི་སྒོ་ནས་ཕྱིར་ང་ལ“ཁྱོད་རང་ཡུ་གུར་རིགས་ཡིན་བཞིན་དུ་ཅིའི་ཕྱིར་ང་ལ་རྒྱ་སྐད་བཤད་པ་ཡིན་ནམ”ཞེས་ལྡོག་འདྲི་གནང་བྱུང་། ངའི་སེམས་སུ་ཁོ་མོས་ང་རང་མི་རིགས་གཅིག་པ་ཡིན་པ་ཤེས་མི་སྲིད་སྙམ། ང་རང་ལྷོ་ཕྱོགས་ནས་ད་སོ་མ་ཡོང་བ་དང་། ལུས་ཡོངས་སུ་ཅང་ནན་ས་ཆའི་ཆ་ལུགས་ཀྱིས་སྤྲས་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་ནི་ལོ་ངོ་ཉི་ཤུ་རིང་གི་ཅང་ནན་གྱི་ལོ་ཟླའི་ཁྲོད་ནས་མིང་གི་ལྷག་མ་ཙམ་དུ་ལུས་ཡོད་པས། ངའི་མི་རིགས་ཀྱི་ཐོབ་ཐང་དེ་གནས་གང་ཞིག་ནས་ལྷང་ལ་བུད་པ་རྟོགས་མ་སོང་། སྐབས་ཐོག་དེར་ངའི་ཡིད་ལ་ནོངས་འགྱོད་སྐྱེས་པ་ལས་ཧན་ཏང་བར་གྱུར། བསམ་ཡིད་ལས་འདས་པ་ཞིག་ལ། རིགས་མཐུན་གྱི་ཨ་ཡེ་རྒན་མོའི་འདྲི་རྩད་ཀྱི་འོག་ཏུ། ལོ་ངོ་དུ་མ་ཞིག་ལ་ངའི་ལུས་སྟེང་ནས་བོར་བའི་མི་རིགས་ཀྱི་ཐོབ་ཐང་སྐད་ཅིག་དེ་ཉིད་དུ་སླར་ཡང་ང་ལ་བསྩལ་བྱུང་། ང་རང་ཁོ་མོའི་མདུན་དུ་འགྲེང་ཡོད་པ་ནི་མེ་ལོང་ཞིག་གི་མདུན་དུ་ལངས་ཡོད་པ་དང་མཚུངས་པར་ཕ་ས་ཕ་ཡུལ་གྱིས་ངོས་ཟིན་པའི་ང་རང་གསལ་བོར་མཐོང་སོང་།
       ཅང་ནན་དུ་སྡོད་རིང་། ལག་པ་གང་ཞིག་གིས་ཉིན་རྒྱུན་ང་ལ་བཟོ་བཅོས་རྒྱག་བཞིན་པ་དང་། ངའི་སྔོན་ཆད་ཀྱི་འཚོ་བའི་དན་རྟགས་གསུབ་བཞིན་པ། ད་དུང་ངའི་ལུས་ལ་གཙགས་རིས་དང་རྟགས་མཚན་གསར་བ་རྒྱག་བཞིན་པ་གཏན་ནས་མ་མཐོང་། སུ་ཞིག་གིས་ཁ་རོག་གེར་ངའི་གཉུག་གནས་ཀྱི་ངོ་གདོང་ཁྱད་ཆོས་དང་འཚོ་བའི་གོམས་གཤིས་བརྐུས་བཞིན་པ་དང་བརྗེ་གསོར་བྱེད་བཞིན་པ་གཏན་ནས་མ་མཐོང་། ང་རང་ཉིད་ལའང་ཚོར་སྣང་ཏོག་ཙམ་སྐྱེས་མ་མྱོང་། ངའི་དཔེ་ལྟ་ས་དང་མ་དཔེ་བྱེད་སའི་དངོས་པོ་དེ་ཡང་ཁྱོན་ནས་བརྗེ་གསོར་བྱས་ཚར་འདུག དཔེ་ལྟ་སའི་རིགས་མཐུན་སྤུན་ཟླ་དག་དང་ཆུང་དུས་ནས་ང་རང་འཚར་ལོངས་འབྱུང་སའི་རིག་གནས་ཁོར་ཡུག་དག་ཀྱང་བོར་སོང་ལ། ཐ་ན་ངའི་སྐད་བརྡའི་མ་ལག་ཀྱང་ཁོར་ཡུག་གི་དབང་གིས་གོ་ལྡོག་སོང་།
       ཅང་ནན་དུ་ལོ་ངོ་ཉི་ཤུ་ལ་བསྡད་རྗེས། ང་རང་ཐོག་དང་པོར་ཁཱ་ཧྲི་ལ་ཡོང་བ་ཡིན། ཨ་ཕའི་ཕ་ཡུལ་དུ། ཐམས་ཅད་ཡུ་གུར་རིགས་རྐྱང་རྐྱང་ཡིན་པའི་སྡེ་བ་རུ། ལུག་རའི་གྱང་ཐུང་གི་འགྲམ་དུ། ངས་རྒྱ་སྐད་ཀྱིས་ཨ་ཁུའི་བུ་མོ་ལ་ཁ་བརྡ་བྱས། “ད་ལོ་ཁྱོད་རང་མཐོ་འབྲིང་ལོ་རིམ་དུ་བ་ཡིན་ནམ།” ཁོ་མོས་མགོ་བོ་ཡར་འདེགས་སྐབས་ཧ་ལས་པའི་མིག་མདངས་དང་ཧོན་ཐོར་བའི་ཉམས་འགྱུར་མཐོང་བྱུང་། ང་རང་ཡང་རང་གིས་བསམ་བཞིན་མ་ཡིན་པར་རྒྱ་སྐད་ཀྱིས་ཁ་བརྡ་གློད་པར་དངངས་འདར་ཞིག་བརྒྱབ། ངའི་བུ་དང་ན་མཉམ་པའི་བུ་མོ་འདིས། ཁོ་མོའི་ལེ་བདའ་དང་གསལ་འདེབས་མཚོན་པའི་མིག་མདངས་ཀྱིས། ངའི་གང་འདོད་དུ་རྒྱ་སྐད་ཀྱི་ཁྲོད་དུ་ལྟུང་འགྲོ་བའི་སྨྲ་ལྕེ་ཚུར་བཀུགས་ཏེ། སླར་ཡང་ཡུ་གུར་རིགས་ཀྱི་སྐད་བརྡའི་ཁྲོད་དུ་བཙུད། ང་རང་གནས་དེ་རུ་གློང་གློང་བོར་གྱུར་ཞིང་། མྱུར་དུ་ད་ཅིའི་དྲི་བ་དེ་ཕ་སྐད་ཀྱིས་བསྐྱར་ཟློས་ཐེངས་གཅིག་བྱས།
       ཁོ་མོས་ང་དང་སྨྲ་བརྗོད་ཅིག་འཕྲོག་རྩོད་བྱེད་པ་རེད། ཁཱ་ཧྲི་ཞེས་པའི་སྟོབས་ཆེ་བའི་སྐད་བརྡའི་ཁོར་ཡུག་འདིས་ཁོ་མོ་ལ་རོགས་རམ་བྱས་ཤིང་། ཁོ་མོས་རྒྱལ་ཁ་བླངས་སོང་། ཡུལ་འདི་རུ་རྒྱ་སྐད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་ཐབས་མེད་པའི་རྣམ་པ་ནི། ང་རང་ལྷོ་ཕྱོགས་སུ་ཡོད་དུས་ཕ་སྐད་ཀྱི་སྨྲ་ལྕེ་ལྐུགས་སུ་བཅུག་པའི་རྣམ་པ་དང་ཨ་ན་མ་ན་རེད། ང་རང་གིས་ཅུང་ཟད་ཁ་ཚོན་གཅོད་མི་ཐུབ་པ་ནི། ཡུ་གུར་སྐད་བརྡའི་ཁོར་ཡུག་ཁྲོད་དུ་བསྡད་དེ་རྒྱ་སྐད་མི་ཤེས་པའི་བུ་མོ་འདི་ལ་ཕངས་སེམས་སྐྱེས་དགོས་སམ། ཡང་ན་རྒྱ་སྐད་རྐྱང་བའི་ཁོར་ཡུག་ཏུ་བསྡད་དེ་ཕ་སྐད་དོར་བའི་རང་ཉིད་ལ་འཁང་ར་བྱེད་འོས་སམ།
       ཕྱིས་སུ། ངས་ཡང་ནས་ཡང་དུ་ལུག་རའི་གྱང་ཐུང་འགྲམ་དུ་ཚ་མོ་ལ་ཁ་བརྡ་བྱས་པའི་རྣམ་པར་ཕྱིར་དྲན་བྱས། དོན་དམ་པར་རང་གིས་རང་ལ་ཁ་བརྡ་བྱེད་པ་རེད། ནང་དོན་གཅིག་པའི་སྐད་ཆ་ཞིག་ངས་རེབ་གཉིས་ལ་བཤད་པ་རེད། ཐེངས་གཅིག་ལ་རྒྱ་སྐད་ཀྱིས་བཤད་པ་དང་། ཐེངས་ཅིག་ཤོས་ལ་ཡུ་གུར་སྐད་ཀྱིས་བཤད་པ་རེད། ཡང་དག་པའི་སྒོ་ནས་བཤད་ན། ངས་ནི་རང་གི་རྒྱ་སྐད་ལ་ལོ་ཙཱ་ཐེངས་ཤིག་བྱས་པ་དེའོ། །ཚ་མོའི་མིག་མདངས་ཀྱིས་ངའི་དྲི་བའི་མཚམས་བཅད། ཁོ་མོའི་ལེ་བདའ་དང་ཉེན་བརྡ་མཚོན་པའི་མིག་མདངས་ཀྱིས་ང་རང་ལ་རྟོགས་སད་འདི་འདྲ་བྱུང་སྟེ། གནས་འདི་ནི་ཨ་ཕའི་ཕ་གཞིས་ཡིན་ཡང་ང་རང་ནི་འདིར་འོངས་པའི་ལམ་མགྲོན་ཙམ་ཡིན་པས། ངས་ཅིས་ཀྱང་འདི་གའི་སྐད་བརྡའི་གོམས་གཤིས་ལ་བརྩི་བཀུར་བྱ་དགོས། ཚ་མོ་ལྟོས་ཚོད་ཀྱིས་ཉམ་ཆུང་ཞིག་ཡིན་རུང་གཟབ་དོགས་ཀྱིས་ཁེངས་པའི་མིག་མདངས་སུ་ཧ་ཅང་སྟོབས་ཆེན་གྱི་དངོས་པོ་ཞིག་ཡིབ་ཡོད་པ་དང་། མཁྲེགས་འཛིན་དང་འགྲན་རྩོད་ཀྱིས་ཁེངས་ཤིང་། རང་དབང་མེད་པར་ང་རང་ཁོ་མོའི་སྐད་བརྡའི་ཁོར་ཡུག་ཏུ་བཙུད་སོང་། སྐབས་དེར། ཁོ་མོས་བལྟ་བའི་ང་ཡི་ཚུགས་ཀ་ནི། གཙང་འགྲམ་དུ་རྐང་བ་ཡ་གཅིག་ཆུ་ངོགས་སུ་སྤོས་པ་དང་། རྐང་བ་ཡ་གཅིག་ཆུ་ངོས་སུ་སྤོས་ཏེ་རང་ཚུགས་མི་ཐུབ་པར་ཡོད་པའི་མི་ཞིག་དང་ཡང་དག་མཚུངས་སོ། །ཁོ་མོའི་བྲེད་ཤ་དེས་ང་ལ་གང་ཡིན་འདི་ཡིན་མེད་པར་ཡིད་འགུགས་ཐེབས། ཁོ་མོས་མིག་མདངས་བེད་སྤྱད་ནས་རྐང་བ་ཡ་གཅིག་ཆུ་ངོས་ལས་མྱུར་དུ་ཕྱིར་མི་འཐེན་པར་གཙང་ཆུ་རྩུབ་མོས་འཁུར་ཉེན་ཡོད་པའི་མི་ཞིག་སྐྱོབ་ཀྱིན་ཡོད་པ་དང་འདྲ་ཞིང་། ང་རང་གིས་ཀྱང་གོམ་གང་ཕྱིར་བསྣུར་ཏེ་ང་དང་ཁོ་མོ་བར་གྱི་སྐད་བརྡའི་འཕྲོག་རྩོད་ཁྲོད་བྱུང་རྒྱལ་དུ་བཙིར་མནོན་དང་ན་ཟུག་ཐེབས་པའི་ཉེ་ལག་རྩ་རྒྱུད་ལ་མྱུར་སྐྱོབ་དང་སྲུང་སྐྱོང་མི་བྱེད་རང་དབང་བྲལ།
       ང་རང་སླར་ཡང་ཡུ་གུར་སྐད་བརྡའི་ཁྲོད་དུ་ལོག་པ་ན། ཁོ་མོ་བློ་བདེ་བག་ཕེབས་སུ་གྱུར་ཞིང་། ཕལ་ཆེར་ང་རང་ཉེན་ཁའི་ཆུ་རླབས་ཁྲོད་ནས་ཕྱིར་བསྐྱབས་འོངས་པ་དང་མཚུངས། ངས་ནི་རང་གི་སྨྲ་ལྕེ་རྒྱ་སྐད་ཀྱི་ཁྲོད་ནས་ཕྱིར་དྲུད་འོངས་པ་ན། སྨྲ་ལྕེ་ཅུང་གྱོང་ཞིང་མི་བདེ་བ་ཞིག་རེད། ནོངས་འགྱོད་དང་དགོངས་དག་སེམས་སུ་སྐྱོར་ཏེ་ཁོ་མོའི་མདུན་དུ་འགྲེང་སྐབས། ས་ཁོངས་གཞན་ཞིག་དང་རིག་གནས་གཞན་ཞིག་གིས་རང་གི་ལུས་སྟེང་ལ་བརྒྱབ་པའི་རྟགས་མཚན་དེ་ནི་ཅིས་ཀྱང་སྦ་གསང་མི་ཐུབ་པ་ངས་གཞི་ནས་རྟོགས་སོང་། འདི་དག་ནི་ཁོ་མོ་ལ་མཚོན་ན་ཆ་རྒྱུས་མེད་པའི་ལྕགས་ཐམ་ཞིག་ཡིན་པས། ཁོ་མོའི་དྭངས་གཙང་གི་མིག་ཟུང་ལས་ཐར་ཐུབ་བམ།
ཁཱ་ཧྲིའི་ཚ་མོ་དང་ངེད་གཉིས་བར་དུ་བྱུང་བའི་སྐད་བརྡའི་འཕྲོག་རྩོད་ཀྱིས། ཅང་བྱང་ཧྲ་ཝན་དུ་ཡོད་པའི་ངའི་ཚ་བོ་པཱ་ཧ་ཏེའར་སྐད་གཉིས་སློབ་གྲྭ་ནས་རྒྱ་ཡིག་སློབ་གྲྭར་སྤོར་བར་འཕག་འཚག་བརྒྱབ་པའི་གནས་ཚུལ་ཡིད་ལ་དྲན་བྱུང་། སྐད་བརྡ་གཉིས་ཀྱིས་སྨྲ་ལྕེ་གཅིག་ལ་འཕྲོག་རྩོད་བརྒྱབ་པ་སྟེ།  པཱ་ཧ་ཏེའར་སྐད་རིགས་གཉིས་ཀྱི་བར་དུ་བློ་ཉིས་འགལ་དུ་ལུས་འདུག ཁོས་ཕ་སྐད་བསྐྱུར་ཐུབ་ཀྱི་མེད་ཅེས་བརྗོད་པ་ལས་ཁོས་ཤིན་ཏུ་ནས་ཤིན་ཏུ་རྒྱུས་མངའ་ཆེ་བའི་ཁོར་ཡུག་འདི་བློས་ཐོངས་ཀྱི་མེད་ཅེས་བརྗོད་ན་འོས། རྒྱ་ཡིག་སློབ་གྲྭར་གནས་སྤོར་བ་ནི་ཁོའི་དེ་སྔའི་ཁོར་ཡུག་གི་རྒྱུས་མངའ་ཡོད་པ་མཐའ་དག་བརྗེ་གསོར་བྱེད་དགོས་པ་དེ་རེད། ཁོའི་དགེ་རྒན་དང་སློབ་གྲོགས། གྲོགས་པོ། དེ་མིན་ཁོའི་ཕྱི་རོལ་གྱི་འབྲེལ་འདྲིས་ཡོད་ཚད་སྐད་བརྡའི་བརྗེ་སྒྱུར་དང་བསྟུན་ནས་བརྗེ་སྒྱུར་བྱེད་དགོས། མིའི་འཇིག་རྟེན་ཧྲིལ་བོ་སྐད་བརྡ་ཡིས་བསྒྲིབས་ཤིང་གཡོགས་ཡོད། ཁོས་སློབ་གྲྭ་ཁོ་ན་བརྗེ་བ་ག་ལ་ཡིན་ཏེ། སྐད་བརྡ་ཡི་འཇིག་རྟེན་ཞིག་བརྗེ་དགོས་འདུག་པས། འགྱུར་ལྡོག་ཆེན་པོ་འདི་ལ་ཁོ་རང་དངངས་སྐྲག་སྐྱེས་བཞིན་གདའ།
       ཁོས་རྒྱའི་སྐད་ཡིག་གི་སློབ་གྲྭ་དང་ཡུ་གུར་སྐད་ཡིག་གི་སློབ་གྲྭ་གང་གདམ་པའི་ཐད་ལ་ཤ་ཉེ་རྣམས་ཀྱིས་རྩོད་གླེང་བྱས་ནས་མཚམས་མི་འཇོག་པས། པཱ་ཧ་ཏེའར་ནི་ཕ་མ་གཉིས་ཀྱི་འདུམ་ཐབས་མེད་པའི་བསམ་འཆར་ཐ་དད་པའི་བར་དུ་གྲོགས་མེད་ཁེར་རྐྱང་དུ་ལུས་འདུག འདི་ལྟ་བུའི་འགུལ་སྐྱོམ་བརྒྱུད་སྐབས་ཀྱི་བྱིས་པ་ཞིག་གི་སེམས་ཁུར་དང་བློ་མི་བདེ་བའི་སེམས་ཁོང་གི་སྡུག་བསྔལ་དེ་ལ་ངས་རྒྱུས་ལོན་བྱེད་ཐུབ།
       པཱ་ཧ་ཏེའར་ངའི་ཅང་ནན་གྱི་ཁྱིམ་དུ་ཡོང་མྱོང་། སྐབས་དེར། རྒྱ་ཡིག་གིས་ཁོའི་ཆ་ཤས་ཙམ་དང་གནས་སྐབས་ཙམ་མ་གཏོགས་ལ་བདག་གིར་བཟུང་མེད། མང་ཆེ་ཤོས་ཁོས་ཡུ་གུར་སྐད་ཀྱིས་ང་ལ་ཁ་བརྡ་བྱེད་པ་ཡིན། ཕྱིས་སུ་ཁོས་སྨྲ་ལྕེ་གྱོང་བོ་དེ་ཕ་སྐད་ཀྱི་ཁྲོད་ནས་ཧུར་ཐག་གིས་ཚུར་བཀུགས་ཏེ། ཤིན་ཅང་གི་སྐད་གདངས་འདྲེས་ཤིང་བདེ་ལྕུག་མེད་པའི་རྒྱ་སྐད་ཀྱིས་ངའི་བུ་དང་བུ་མོ་གཉིས་ལ་ཁ་བརྡ་བྱེད། བུ་དང་བུ་མོ་གཉིས་ལ་ཁ་བརྡ་བྱེད་པའི་བར་གླེགས་སུ་ངས་བཟོད་བསྲན་མ་ནུས་པར་ཁོའི་སྨྲ་མི་དག་པའི་རྒྱ་སྐད་ཀྱི་བཤད་མཚམས་བཅད་དེ། སུན་རག་བར་དུ་ཁོའི་རྒྱ་སྐད་ཀྱི་སྒྲ་འབྱིན་སྟངས་ཡ་མ་བརླ་དེར་དག་བཅོས་བྱས།
       ངའི་བུ་དང་བུ་མོ་གཉིས་ཀྱི་སྨྲ་ལྕེ་སྔ་མོ་ནས་རྒྱ་སྐད་དང་དབྱིན་སྐད་ཀྱིས་བདག་གིར་བཟུང་ཚར་ཞིང་། ཁོ་གཉིས་ཀྱིས་ཡུ་གུར་སྐད་ཆ་ཏོག་ཙམ་ཡང་ཧ་མི་གོ དེ་ཡང་ངའི་རང་རྒྱུད་ནས་བྱུང་བའི་སྐད་བརྡའི་ཚོར་བ་དང་སྐྱེས་སྟོབས་ཀྱི་ཤེས་རབ་ལ་རག་ལས་པ་ཡིན་ནམ་ཅི། ཁོ་གཉིས་ཀྱི་དབྱིན་ཡིག་གི་སྦྱངས་འབྲས་དཔེ་མེད་དུ་ལེགས་པོ་འདུག པཱ་ཧ་ཏེའར་གྱིས་སྐད་བརྡ་གཞན་ཞིག་བཀོལ་སྤྱོད་བྱེད་སྐབས་ཀྱང་ཡུ་གུར་སྐད་ཇི་བཞིན་སྨྲ་དག་པོ་ཡོང་བར་རེ་ལྟོས་ཀྱིས་ཁེངས། པཱ་ཧ་ཏེའར་གྱིས་རྒྱུན་དུ་བློ་ཉིས་འགལ་གྱི་སྒོ་ནས་ང་ལ་བལྟ་ཞིང་། ཕལ་ཆེར་ངའི་སྨྲ་ལྕེ་ལ་ནད་བྱུང་ཡོད་པ་ལས་རང་གི་སྐད་བརྡར་གནད་དོན་ཡོད་པར་བསམ་གི་མེད་པ་འདྲ། ངས་ཀྱང་སེམས་གཏིང་ནས་ཁོས་ངའི་ཕ་སྐད་ཀྱི་གནས་བབ་ལ་སེམས་ཁུར་གནང་གི་ཡོད་པ་དང་དུ་ལེན་སྲིད། ངས་ཕ་སྐད་ཀྱིས་ཁོ་དང་ཁ་བརྡ་བྱེད་སྐབས། རྒྱུན་དུ་ནོངས་སེམས་ཀྱི་སྒོ་ནས་སྐད་ཆ་བཤད་མཚམས་བཞག་སྟེ་རྒྱ་སྐད་ཀྱིས་ཡུ་གུར་སྐད་ཀྱི་འཐུས་ཚབ་བམ་ཁ་སྣོན་བྱས་པ་དང་། ཡང་ན་ཡུ་གུར་སྐད་ཀྱི་མིང་བརྡ་ཁ་ཤས་ཁོ་ལ་དྲིས་པ་ཡིན། ཡུན་རིང་བོར་ལྷོ་ཕྱོགས་སུ་འཚོ་བ་རོལ་བས། ངའི་ཕ་སྐད་གཞི་ནས་ཞན་འགྱུར་གྱི་འགོ་བརྩམས་ཤིང་། མ་གཞི་སྨྲ་སྒོ་ཕྱེས་མ་ཐག་འབྱུང་སྲིད་པའི་ཡུ་གུར་སྐད་ཀྱི་མིང་བརྡ་དེ་དག ད་ལྟ་སྨྲ་ལྕེ་ལས་ཟད་དེ་ཀླད་པའི་དྲན་འཛིན་གྱི་མཛོད་ཁང་དུ་བཙའ་ཡིས་ཟིན་ཞིང་རྡུལ་གྱིས་བསྒྲིབས་ནས། ཆག་གྲུམ་ཐ་ཐོར་དུ་གྱུར་ཡོད།
       ངས་ནི་རང་ཉིད་ཀྱིས་རྒྱ་སྐད་ལ་བརྟེན་ནས་གོ་བརྡ་གང་ལེགས་སྤྲོད་ཐུབ་པར་འདོད་ཅིང་། ཕ་སྐད་ཀྱི་ཁྲོད་དུ་གང་འདོད་དུ་རྒྱ་སྐད་བསྲེས་ནས་སྨྲ་བ་འདི་དག་ལ། པཱ་ཧ་ཏེའར་གྱིས་ཡང་ཡང་དག་བཅོས་བྱས་སོང་། ངས་ཁོའི་སྨྲ་མི་དག་པའི་རྒྱ་སྐད་ལ་དག་བཅོས་བྱས་པ་ཇི་བཞིན། ཁོས་ངའི“ཡུར་རྒྱ་སྦྲགས་བཤད”ལ་འགྲིག་འདུག་ཡེ་ནས་མི་བསམ་ཞིང་། ངས་ཕ་སྐད་སྨྲ་བའི་སྐབས་སུ་སྐད་གདངས་ཀྱི་ཉམས་ཤོར་བ་དང་། ཚིག་འབྲུ་རྒྱུན་མཐུད་མི་ཐུབ་པ། མིང་བརྡའི་འབྲེལ་མི་ཆགས་པ་སོགས་ལ་ཁོས་ཅི་མི་སྙམ་པར་ཁྲེལ་དགོད་བྱེད། སྐབས་འདི་ལ། ཁོས་ཁྱོན་ནས་དབང་ཤེད་བཟུང་ཞིང་། སླད་སྐྱོན་ཆ་ཙམ་མེད་པའི་ཕ་སྐད་ཀྱིས་ངའི་ཡུར་རྒྱའི“སྦྲགས་སྐད”ལ་ཁྱད་གསོད་དཔྱིས་་ཕྱིན་པ་བྱེད། རང་གི་དྭངས་གཙང་གི་ཕ་སྐད་ཀྱི་ཆེད་དུ་ང་རྒྱལ་དང་ཡིད་ཚིམས་པའི་སྐབས་སུ། ཁོས་ཕལ་ཆེར་བློས་དཔག་གི་མེད་པ་ཞིག་ནི། ཁོའི་ཡིད་དུ་འོངས་པའི་ཕ་སྐད་དེ། ང་རང་སྡོད་སའི་ཁོར་ཡུག་འདི་རུ། ང་མ་གཏོགས་ཧ་གོ་བའི་མི་གཉིས་པ་སུ་ཞིག་མཆིས་སམ།
ལྔ།
       ཆུང་དུས་ནས་བཟུང་སྐད་བརྡ་སྣ་ཚོགས་ཀྱིས་ང་རང་ལ་བདའ་འདེད་བྱས་ཤིང་། སྐད་བརྡ་སྣ་གང་གི་ལག་འོག་ནས་ཀྱང་ཕལ་ཆེར་ཐར་ཐུབ་པ་མ་བྱུང་། ཨ་ཕའི་ཡུ་གུར་སྐད་དང་ཨ་མའི་ཀན་སུའུ་ཧོས་སྐད་མཉམ་བསྲེས་ཀྱིས་ངའི་ཆེས་ཐོག་མའི་ཐོས་འཛིན་ལ་དབང་བསྒྱུར་བྱས། ངས་སྐད་ཆ་བཤད་ཤེས་མ་ཐག་ནས་བཟུང་། ཁྱིམ་མཚེས་ཀྱི་ཧ་སག་སྐད་ཀྱིས་ང་རང་གི་མཐའ་ནས་སྲུབས་ཀ་ཙམ་ཡང་མི་སྐྱུར་བར་ཡོངས་སུ་བསྐོར། ངས་ཧ་སག་གི་སྐད་ཆར་བརྟེན་ནས་ཁྱིམ་མཚེས་ཀྱི་བྱིས་པ་དག་དང་མཉམ་དུ་རྟ་ལ་ཞོན་པ་དང་། ལུག་འཚོ་བ། ཞོ་བསྙལ་བ་སོགས་འབྲོག་ལས་ཀྱི་འཚོ་བར་གོམས། ངའི་ཧམ་སེམས་ཆེ་བའི་སྨྲ་ལྕེ་ལ་ཧ་སག་པའི་ཞོ་དང་འོ་མ། སྣུམ་གོར་གྱིས་བསླུ་བྲིད་ཐེབས་ཤིང་། ངས་བློས་བཏང་བའི་རིན་ཐང་ཉག་ཅིག་ནི་རང་གི་སྨྲ་ལྕེའི་མདུད་པ་གྲོལ་ཏེ་ལྕེ་རྩེ་བཀུག་ནས་སྨྲ་བའི་ཧ་སག་སྐད་ལ་བསྟུན་ཅི་ཐུབ་བྱས་པ་དང་། འོ་ཇའི་ངོས་སུ་འཁྱིལ་བའི་ཞིམ་མངར་སྤྲི་ཤུན་ལ་དང་བ་འཆོར་བ་ཇི་བཞིན་རང་གི་ལྕེ་རྩེ་རུ་ཧ་སག་གི་སྐད་ཆ་གང་དགར་འདུར་རྒྱུག་དང་མཆོངས་ལྡིང་། འགྲེ་ལོག་རྒྱག་ཏུ་བཅུག ཕྱིས་སུ་ངའི་ལྕེ་རྩེས་སྣུམ་ཕྱེའི་སྐྱོ་མ་ཁྲོད་ཀྱི་བརྔོས་ཟིན་པའི་འབྲས་དང་ཁྲེ་ཡི་བྲོ་བ་མི་གཅིག་པ་སོ་སོར་འབྱེད་ཐུབ་པ་ཇི་བཞིན་དུ། ཁཱེད་རའེ་ཡེ་དང་ནཱ་དབྱི་མན། ཝོ་ཝ་ཁི་སོགས་ཧ་སག་ཚོ་བ་ཁག་གི་སྒྲ་གདངས་འབྱིན་སྟངས་ལ་ཧེ་བག་ཕྲན་ཙམ་ཡོད་པ་དག་ཀྱང་སོ་སོར་འབྱེད་ཐུབ་པ་ཡིན།
       ང་རང་སློབ་གྲྭ་ཆེན་མོ་འགྲིམ་སྐབས་ཀྱི་ཤིན་ཅང་འཛིན་གྲྭ་ནི་སློབ་མ་བཞི་བཅུ་ལྷག་དང་མི་རིགས་བཅུ་ཁ་ཞིག་གིས་གྲུབ་པ་ཡིན་པས། སློབ་གྲོགས་བར་དུ་མཚམས་རེར་ཧ་སག་སྐད་བཤད་པ་དང་། མཚམས་རེར་ཡུ་གུར་སྐད་བཤད་པ། མཚམས་རེར་རྒྱ་སྐད་བཤད་པ། མཚམས་རེར་སོག་སྐད་དང་ཨུ་རུ་སུའི་སྐད་ཆ་བཤད་པ་ཡིན། ང་ཚོའི་སྐད་བརྡའི་བརྗེ་སྒྱུར་ཧ་ཅང་མགྱོགས་པས་ཉེ་གམ་གྱི་མི་རྣམས་ཧ་ལས་ཀྱི་འདུག ང་རང་གི་སྨྲ་ལྕེ་ལའང་འདི་ནས་ལྷོད་གྲོལ་འབྱུང་བའི་གོ་སྐབས་བྱུང་། འདི་འདྲའི་ཁྱད་དུ་འཕགས་པའི་ཐུན་མོང་གི་ཁོར་ཡུག་དབུས་སུ། སྐད་བརྡ་གང་ཞིག་གིས་ཀྱང་འཚོ་བའི་ཁྲོད་དུ་ལྟོས་བཅས་ཀྱིས་དབང་ཤེད་འཛིན་ཐུབ་ཀྱི་མེད་པ་དང་། ཚང་མས་མི་རིགས་སོ་སོའི་སྐད་བརྡ་མཉམ་བསྲེས་ཀྱི“སྐད་བརྡ་ཁྱད་པར་བ”ཞིག་གིས་ཚ་ཚ་འུར་འུར་ངང་ཁ་བརྡ་གློད་ཅིང་། སྨྲ་ལྕེ་དག་མི་རིགས་སོ་སོའི་སྐད་བརྡ་ཡི་མཚོ་མོ་རུ་ཕར་རྐྱལ་ཚུར་རྐྱལ་བྱེད་པར་གདའ། རྒྱ་སྐད་ཀྱི་ཐ་སྙད་དེ་དག་གིས་མི་རིགས་སོ་སོའི་སྐད་བརྡ་ལ་ཟུར་བརྒྱན་པ་ན། རང་ཉིད་ཀྱིས་བཤད་ཚར་རྗེས་རང་ཉིད་ཀྱང་ངོ་མཚར་ཞིང་། མ་གཞི་འདི་ནི་སྐད་བརྡའི་མ་ལག་གང་ཞིག་ཡིན་ནམ་སྙམ། གལ་ཏེ་འདི་ལྟ་བུའི་ཁོར་ཡུག་ཏུ་ལོ་ངོ་དུ་མར་བསྡད་ན། “གྲངས་ཉུང་མི་རིགས་སློབ་མས་རྒྱ་ཡིག་སློབ་གྲྭར་རྒྱུག་སྤྲད”པའི་སློབ་མ་ཞིག་གིས་སྐད་བརྡའི་མ་ལག་གསར་བ་ཞིག་གསར་གཏོད་མི་བྱེད་པའི་ངེས་པ་མེད་སྙམ། སྐབས་དེར། འཛིན་གྲྭའི་བུད་མེད་སློབ་མ་རྣམས་ཀྱིས་ཡི་གེ་གྲུ་བཞི་མས་བྲིས་པའི་བརྩེ་དུང་ཡི་གེ་རྒྱང་དུ་སྤྱུགས་འགྲོ་བ་མ་ཟད། ཁྱིམ་མི་ལ་སྤྲིངས་པའི་འཕྲིན་ཡིག་ཀྱང་རང་མི་རིགས་ཀྱི་ཡི་གེས་འབྲི་བ་ཡིན། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། གལ་ཏེ་ཁོ་མོ་ཚོས་ཀྱང་ལྷོ་ཕྱོགས་སུ་འཚོ་བ་རོལ་བ་ཡིན་ན། རྒྱ་ཡིག་གི་མཚོ་འཇིངས་སུ་བསྣུབས་འགྲོ་ངེས་ཡིན་ལ། གལ་ཏེ་རྒྱ་ཡིག་དང་ཁ་བྲལ་བ་ཡིན་ན། གོམ་གང་སྤོ་རྒྱུའང་ཁག་པོ་ཡིན་སྲིད།
       ས་ཆ་ཞིག་ཏུ། སྐད་བརྡ་ཞིག་གིས་ཐེག་ཏུ་ཁུར་བའི་རིག་གནས་ཀྱི་དྲག་ཞན་ནི། སྐབས་ལ་ལར་སྐད་བརྡ་དེ་བེད་སྤྱོད་པའི་མི་གྲངས་ཀྱི་མང་ཉུང་ལ་འབྲེལ་བ་དམ་པོ་ཡོད་པ་རེད། ཧ་ས་ཁུ་སི་ཐཱན་གྱི་ནུབ་བྱང་གི་མཐའ་མཚམས་སུ་ཆགས་པའི་ཐཱ་ཁྲིན་གྲོང་ཁྱེར་ལ་མཚོན་ན། ཧ་སག་གི་སྐད་ནི་ང་རང་འབྲོག་ཁུལ་དུ་འགྲོ་བྱེད་ཀྱི“ལམ་ཡིག”ཡིན། ས་ཆ་འདི་རུ་ཧ་སག་སྐད་ནི་རྒྱ་ཡིག་གི་ཕན་ཆད་ནས“ལམ་ཡིག་སྐད་བརྡ”གཉིས་པར་གྱུར་ཡོད་དེ། ཨུ་རུ་སུ་དང་ཐཱ་ཅི་ཁི། ཐཱ་ཐཱ་ཨེར། ཞི་ཕོར། མོང་གོལ། ཝུ་ཙི་པེར་ཁི། ཁི་ཨེར་ཁུ་ཙི་སོགས་གྲངས་ཉུང་མི་རིགས་ཚང་མས་ཀྱང་ཧ་སག་སྐད་བཤད་ཤེས་པ་དང་། རྒྱ་རིགས་ཀྱི་བྱིས་པ་མི་ཉུང་བ་ཞིག་ཀྱང་ཧ་སག་སྐད་ཀྱི་སློབ་གྲྭར་འགྲིམ་བཞིན་ཡོད།
       ཡུ་གུར་སྐད་དང་ཧ་སག་སྐད་ཀྱི་ཁྲོད་དུ། སྐད་བརྡ་ཞེས་པ་ཐད་སྒྱུར་བྱས་ན“སྨྲ་ལྕེ”ཞེས་པའི་དོན་ཡིན། སྐད་བརྡ་ཞིག་ཤེས་མི་ཤེས་དེ་ལ“མི་རིགས་དེའི་སྨྲ་ལྕེ་ཤེས་མི་ཤེས”ཞེས་བརྗོད་པ་ཡིན་ལ། སྐད་བརྡ་སྣ་མང་ཤེས་མཁན་དེ་ལ“སྨྲ་ལྕེ་མང་པོ་ཅན”ཞེས་བརྗོད་པ་ཡིན། ཐཱ་ཁྲིན་གྲོང་ཁྱེར་དང་ཁ་བྲལ་རྗེས། ངས་སྨྲ་ལྕེ་གཞན་གཉིས་མི་དཀུམ་ཐབས་མེད་དུ་གྱུར——ངའི་ཧ་སག་སྐད་དང་ཡུ་གུར་སྐད་གཉིས་མཉམ་དུ་སྤྱུགས་དགོས་བྱུང་། ཀོང་ཏུང་ཡུལ་སྐད་དང་ཧི་ནན་ཡུལ་སྐད། ཧྲང་ཧེའི་ཡུལ་སྐད། ཉིན་པའོ་ཡུལ་སྐད་བཅས་ཀྱིས་བཞུད་ལམ་རིང་མོ་ནས་ང་ལ་གཙེས་ཤིང་། ངས་ནི་རྒྱའི་སྤྱི་སྐད་ཀྱིས་ས་གནས་སོ་སོའི་ཡུལ་སྐད་ཀྱི་ཤྭ་འོད་འཕྲེད་ཀྱིས་བཅད་མཐར། ད་གཟོད་རང་ཉིད་ཤིན་ཅང་དང་བྲལ་ནས་ནང་ལོགས་སུ་ཡོང་ཞིང་། ངའི་གཟི་བརྗིད་ཀྱིས་ཁེངས་པའི“སྨྲ་ལྕེ”གཞན་དེ་གཉིས་ནི་མཚོ་ངོགས་སུ་སྐྱུར་བའི་གྲུ་ཆུང་གཉིས་དང་འདྲ་བར། རྒྱ་མཚོ་ཆེན་པོའི་མཐོངས་ཡངས་སུ་ཁ་ལོ་སྒྱུར་ཐབས་གཏན་ནས་བྲལ་བ་རྟོགས་སོང་།
       ཅང་ནན་དུ་ཐོག་མར་ཡོང་དུས། ངའི་སྨྲ་ལྕེ་ནི་ཡའོ་ཅང་གཙང་བོ་བཞིན་ཁོད་ཡངས་པའི་ཡུས་ཡའོ་ཡུལ་སྐད་ཀྱི་གཙང་ངོས་ཀྱི་འདམ་ཉ་ཞིག་དང་འདྲ་བར། རླབས་རྒྱུན་གྱི་འཕྲེང་བ་ཞིག་སློང་ཐབས་ཡེ་ནས་མེད། “ལེ་བར་ལྔ་ན་གོམས་སྲོལ་རེ། ལེ་བར་བཅུ་ན་ཡུལ་སྐད་རེ།”ཞེས་པའི་ཁ་དཔེ་དར་བའི་ཡུས་ཡའོ་གྲོང་གསེབ་ཏུ་བསླེབས་རྗེས། སྤྱི་སྐད་ཀྱིས་རང་ཉིད་ཀྱི་དཀའ་ངལ་གཏན་ནས་སེལ་མ་ཐུབ། ལོ་ཕྱེད་ཀ་ཞིག་གི་དུས་ཡུན་ནང་། ཡུལ་སྐད་དང་ཁ་གཏད་དུ་ལངས་ཏེ། ང་རང་ཁྱོན་ཡོངས་ནས་སྨྲ་བ་འགག་ཅིང་བློ་གྲོས་ཉམས་པའི་རྟུལ་ཞུགས་ཀྱི་ཀློང་དུ་ཕྱིངས་སོང་། ང་རང་སྨྲ་ལྕེ་བསྡམས་པའི་མི་ཞིག་ཏུ་གྱུར། རང་གི་སྨྲ་ལྕེ་རང་གིས་བསྡམས་ཤིང་རང་གི་རྐང་ལག་རང་གིས་བསྡམས་ཏེ་གོམ་གང་མདུན་དུ་སྤོ་མ་ཐུབ། ཡུལ་སྐད་ཀྱིས་ངའི་སྨྲ་ལྕེ་བསྒེགས་ཤིང་། ངའི་ཕྱི་རོལ་ཡུལ་དུ་བསྲིངས་པའི་བསམ་པའི་ཐོས་ཚོར་ཡང་རྩ་བ་ནས་བཅད་དེ། ང་རང་ལྐུགས་ཤིང་འོན་པ་ཞིག་ཏུ་བསྒྱུར། མི་གཞན་པས་རང་ལ་རྒྱུས་ལོན་ཡོང་བའི་ཆེད་དུ། ངས་སྟབས་བདེ་བའི་ཡུལ་སྐད་ནས་འགོ་བཟུང་སྟེ། རང་ཉིད་ཀྱི་སྨྲ་ལྕེ་ལ་རྒུད་སྐྱོབ་བྱེད་འགོ་བརྩམས་པ་ཡིན།
       སྐད་བརྡ་སྣ་གཅིག་མང་དུ་ཤེས་ན། མི་ཞིག་གི་བསམ་བློ་བརྗེ་རེས་ཀྱི་ཁྱབ་ཁོངས་ལྡབ་སྟོང་འགྱུར་ཁྲི་འགྱུར་གྱིས་ཇེ་ཆེར་འགྲོ་བ་ཡིན་ཙ་ན། འདི་ནི་གྱོང་རེག་པ་ཞིག་མིན་པར་གནས་བབ་ལེགས་པོ་ཞིག་བདག་བཟུང་བྱས་པ་རེད། སྐད་བརྡ་ནི་སྙིང་སྟོབས་རིགས་ཤིག་མདུན་དུ་འདེང་བྱེད་ཀྱི་བརྒྱུད་ལམ་ཡིན་པས། ཁྱོད་རང་ཕྱི་ཡུལ་དུ་ཁྲིད་ཅིང་བསམ་བློ་རྒྱང་རིང་དུ་བསྙེགས་ཐུབ། རྒྱ་སྐད་ཀྱིས་འདི་ལ་མདུན་ལམ་ཟེར། མདུན་ལམ་ནི་མི་ཞིག་ལ་མཚོན་ན་ཇི་འདྲའི་གལ་འགངས་ཆེ་བ་ལ། ཕལ་ཆེར་ཤི་གསོན་ལ་འབྲེལ་བའི་དོན་དག་ཆེན་པོ་ཞིག་གོ །

མ་ཡིག་གི་ཁུངས། ༢༠༡༤ལོའི«མི་རིགས་ཀྱི་རྩོམ་རིག»(རྒྱ་ཡིག)འདོན་ཐེངས་བདུན་པ།
འབྲེལ་ཡོད་འོས་སྦྱོར།