logo

པད་མ་དབྱངས་ཅན་གྱི་སྙན་ངག་ཚན་པ་བརྒྱད། ཁྲི་སེམས་དཔས་བསྒྱུར།

རྩོམ་པ་པོ།:ཁྲི་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-08-10 ཀློག་གྲངས།:
ས་གཞིར་སེར་ཁ་གས་དུས་སྙན་ངག་ཁ་བའི་འཇིག་རྟེན་དུ་འཐིམ།

སྟོང་ཆའི་ཟུར་དེ་ས་མཐོར་བསྐྱུར་རོགས།
འཇིག་རྟེན་བྱེད་པོའི་ཕྱག་བྲིས།
འཁྱག་ཤུར་ཤུར།
དགུན་འཁྱག་གི་མཚན་མོར།
ཁ་བ་ཚམ་ཚོམ་མེད་པར་བབས་བྱུང་།
དུར་ས་མེད་པའི་མི་ཚང་དང་།
དམའ་སར་གཏོར་བའི་འོ་ངད་ལ།
བསྔགས་རྗོད་བྱེད་མཚམས་ཇི་ལྟར་འཇོག་ཨང་།
བྱ་རྒོད་མཁའ་ལ་ལྡིང་། བྱ་རྒོད་ཀྱི་སྟེང་དུ་སུ་ཞིག་འཕགས་མྱོང་།
བྱ་རྒོད་ཀྱིས་དག་ཞིང་གི་གསང་བ་དང་།
སྤྲིན་པའི་སེམས་དོན་ཡང་ཐོས་སྲིད།
དེ་ནི་ལྷ་ཡི་བཀའ་ལུང་སྟེ། དཀྱིལ་འཁོར་དུ་ཟུག་ཅིང་།
བྱིན་རླབས་ཀྱི་ཁྲག་རྒྱུན་ལོ་ཟླའི་མཚམས་སུ་བཞུར། ལམ་བར་དུ།
སྟག་མའི་མེ་ཏོག་ཁྲ་ལ་མེར་བཞད་ངེས།
སྨུག་པོའི་གདུང་རྒྱུད་ཀྱི་སྐྱེ་འཕེལ།
གནའ་ནས་ད་བར་བརྒྱུད་དེ། དག་ཞིང་གི་ལམ་ཁ་བསྙོར།
རི་ཀླུང་རེ་རེར་བཅངས་པའི་དྲན་པ།
གནའ་བོའི་མགུར་དབྱངས་སུ་གྱུར།

མཚན་གཞས།
ཟླ་བའི་ཉ་གང་མཚར་རྒྱས་ནི་སྨག་རུམ་གྱི་བཀག་རྒྱ་དང་།
སྐྱི་པགས་སྟེང་ཤུད་དེ་འཕུར་བའི་སྐད་བརྡ་ཡིན།
དེས་མཚན་མོ་འཇམ་མཉེན་དང་གསལ་ཐིང་ངེར་གཏོང་།
སྐབས་འདིར།
ངས་གཙང་བོའི་རོལ་མོ་ཅི་དགར་སྤྱོད་ཀྱིན།
རྨི་ལམ་སང་ཞོགས་ཀྱི་སྐྱ་རེངས་ལ་བཅོལ་ནས།
མི་ཚེ་ཕྱེད་ཀ་བརྩེ་བར་དྲངས།
འདི་ལྟ་བུའི་དུས་སྐབས་ཁྲོད། ལྷིང་འཇགས་ཀྱིས་ཁེར་རྐྱང་སྦྲུམ།
ལོ་ཟླ་འགྱེལ་སོང་། སུ་ཞིག་མཐོང་ལམ་གྱི་སྣེ་མོར་འགྲེངས་ཏེ།
སྟོན་ནམ་གྱི་སྐྱོ་གཞས་ལ་ཅོ་འདྲི་བར་བྱེད།
མཚན་མོས་སྨག་རུམ་ལ་བྱིལ་བྱིལ་གཏོང་རོགས་མཛོད།
ཆུ་ཐིགས་གཅིག་གི་རྦ་རླབས་དང་།
གཤོག་པ་ལེབ་མོ་ཞིག་གི་ང་རྒྱལ་དང་སྡུག་ཡུས་ལ་གུ་ཡངས་གཏོང་རོགས།
ཀྱེ། གླུ་སྐད་དེ་སྐྱ་རེངས་གྱི་སྔོན་ལ་སད་དུ་འཇུག་རོགས།

སྤྲིན་པ་ནི་ནམ་མཁའི་ཁོལ་བོ་ཡིན་ནམ།
མཐོ་ས་ཞིག་ཏུ། རྡོ་བས་བཞེངས་པའི་ཁང་པ་ཞིག་དང་།
ས་འདམ་གྱིས་བརྩིགས་པའི་གཞིས་ཀ་ཞིག
དེ་ནི་རྙིང་རལ་དུ་གྱུར་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་དང་མཚུངས།
དེས་ང་ལ་ཅེར་ནས་བརྗོད་འདོད་ཀྱི་གཏམ་མགྲིན་པ་ནས་ཁེགས་སོང་།
ངས་སྔར་བཞིན་མགོ་བོ་དགྱེ་ནས་རྩིག་གྱང་དཀར་དམར་ལ་ཅེར་ཅིང་།
སེམས་ནས་འཕྱུར་བའི་འོ་མ་བྲང་ཁོང་དུ་བསྐྱིལ།
གནས་འདི་རུ། སུ་ཞིག་ཡུམ་གཤིས་ཀྱི་གཏམ་སྨྲ་བར་གོམས་ཡོད།
ཡོད་ཚད་རང་བྱུང་ཁམས་ལ་སྤྲོད་རོགས།
ངས་རང་ཉིད་ཆར་ལ་གཞའ་བའི་ཁང་བྱིའུ་ཞིག་ཏུ་བརྫུས་ནས།
བྱ་འདབས་འོག་ཏུ་སྦས།
ངས་སུ་ཞིག་ཐོག་མའི་སྐུལ་སློང་མཁན་དང་།
སྤྲིན་པ་ནི་ནམ་མཁའི་ཁོལ་པོ་ཡིན་མིན་ལ་བསམ་བློ་གཏོང་མི་འདོད།

ཤམ་བྷ་ལའི་དྭ་ཕྲུག
ཉི་མ་བླ་རིའི་དབུ་རྩེར་ཡིབས།
ནམ་མཁའི་ངོས་གཞན་རབ་རིབ་ཏུ་གྱུར།
ཆར་ཐིགས་འགའ་མིག་ཀོང་དུ་དཔྱངས།
རླུང་འཚབ་འཚུབ་ངང་རི་བོའི་ཕག་ཏུ་བཞུད།
རྡོག་འོག་གི་གོས་ལྗང་།
སྨུག་པ་ལང་ལོང་གིས་གཡོགས།
རྣམ་གཡེང་ཁྲོད། བྱ་གླག་གི་གཤོག་པས།
ཞེད་སྣང་གི་རླུང་བུ་ལྡང་དུ་བཅུག
རྩྭ་ཆུ་བསྙེགས་པའི་ལུག་ཚེ་ཐར་ཞིག
ཁེར་རྐྱང་ངང་ཅི་བྱ་གཏོལ་མེད་དུ་ལུས་ཤིང་།
སྔགས་ཡིག་བརྗེད་པའི་ལྷ་པ་ཞིག་དང་འདྲ་བར།
གཞན་རྟེན་གྱི་བྲང་གཞུང་དུ།
གྲོགས་མེད་ཁེར་འགྲོ་བྱེད།

ཟླ་བཅུ་པ།
ཟླ་དགུ་པའི་རྗེས་སུ།
སྐྱི་པགས་ཀྱིས་འགོག་ཐབས་བྲལ་བའི་རྒྱས་སྤྲོས།
ལོ་ཟླའི་ཟབ་སར་ཡིབས།
དོན་དངོས་ལ་གཡོལ་ཏེ། བདེན་དོན་སྦས།
སུ་ཞིག་གིས་ཁ་ལ་ལྕང་ལྕུག་ཐོགས་ཏེ།
དགུན་དང་འབྲེལ་བའི་གནད་དོན་བཟོའམ།
ཁ་བས་ས་གཞི་གཡོགས་ལ་ཉེ།
དམིགས་མེད་དུ་འཁྱམ་པའི་ནོར་ནག་དང་ལྷན་དུ་ཁེར་རྐྱང་སྦས།
འགུལ་སྐྱོད་ཁྲོད། གྲང་འཁྱག་གངས་ལྟར་སྤུངས།
གྲོ་སྙེ་ཡི་མགོ་ལྕོག་ནི། རླུང་ལ་བཏབ་པའི་གཡོལ་མེད་ཀྱི་ལས་འཕྲོ་ཡིན།
རྡོ་ཡིས་ལྷ་སྐུའི་ཤུལ་རྗེས་རང་གི་བཞིན་དུ་བརྐོས།
རྟོགས་བཟོ་ལས་འཁྲུངས་པའི་སྐད་བརྡས་དངོས་བྲིས་ལ་བསྒུགས།
དུས་ཚོད་ཀྱིས་སྒོ་ལྕིབས་ཁྲོད་བསྐུངས་པའི་གཏམ་རྒྱུད་ཚན་བཤུས་བྱས།
དགོན་ནང་གི་དག་གཙང་དང་། དགོན་འདབས་ཀྱི་ཟང་ཟིང་ཁྲོད།
ནམ་མཁའ་དང་སྤྲིན་པས་མཛའ་མཐུན་བསྐྱངས་ན་དགའ་ཨང་།

ཐང་རྒོད།
ན་ཟུག་སྐྱེས་དུས།
དབུགས་ཀྱི་འབྱིན་རྔུབ་ཀྱང་གྲིའི་རྣོ་དབལ་བཞིན་ཚ་སྟེ།
ཁོང་དུ་སོག་ལེ་འཐེན་འཐེན་བྱེད།
དེ་ལྟ་བུའི་གནས་བབ་ཡུན་ནས་ཡུན་དུ་བསྐྱངས་པས།
ངས་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་མི་སྡོད་ག་མེད་བྱུང་།
ཆོས་དཔེ་ཞིག་བྱ་ཁྱུང་དགོན་པའི་དཔྲལ་བར་དཔྱངས་འདུག
དེ་ནི་མར་མེ་རྐང་གཅིག་དང་འདྲ་བར།
འབྱུང་འགྱུར་གྱི་གང་ཞིག་གཡོ་ཞིང་བསྒུལ།
ངས་སེམས་ངལ་ཡོངས་སུ་བསལ་ཞིང་།
ཀྱག་ཀྱོག་ཏུ་འབབ་པའི་རྨ་ཆུ་བརྒྱུད་ནས།
བདེན་དོན་ལག་ཏུ་བསྣམས་ཤིང་གཟབ་གཟབ་ངང་ཁྱིམ་ལ་ལོག
སྐབས་དེར། མི་ཞིག་གིས་རྡོ་རིང་གི་གས་ཆག་ཁྲོད་ནས་ཡི་གེ་འཚོལ་ལ།
དེ་དག་རེ་རེ་བཞིན་གཤིབ་ནས་སང་ཉིན་བསྒྲིགས་ཤིང་།
མི་རྣམས་ཀྱིས་ངོས་ཟིན་པའི་དབྱིབས་སུ་བཟོས།
བློ་ཡུལ་ལས་འདས་པ་ཞིག་ལ། ཁ་བ་ལེབ་མོ་ཞིག་གིས་སྟོན་ཁ་བདས་ཤིང་།
དེ་རིང་གིས་གནའ་བོའི་དྲན་པ་བསུབ་ཏེ།
སྟོན་འབྲས་དགུན་གྱི་ཐང་རྒོད་ལ་བསྩལ།

སྒྲོལ་མའི་སེམས་ནང་གི་མཆོད་རྟེན་དཀར་པོ།
དབུ་ལྕང་སྐེད་པའི་མཚམ་སུ་དཔྱངས་དུས།
འཚོ་བ་ཏག་ཏག་པུས་མོའི་བར་དུ་ནུབ།
སྒྲོལ་མའི་རུམ་ཁོང་དུ་ཉར་བའི་སེམས་དོན།
གཞོན་ཤ་རྒྱས་པའི་གདོང་དུ་མངོན།
གཙང་བོའི་ཕར་ངོགས་ཀྱི་ཨ་ཇོ།
སྤོས་སྒྲོམ་དང་རིང་ཙམ།
སྒྲོལ་མ་དང་ཉེ་ཙམ།
སྒྲོལ་མ་ཐེ་ཚོམ་ངང་མདུན་དུ་སྐྱོད་མཚམས་བཞག་པས།
ཁམ་བུའི་མེ་ཏོག་ཡལ་འདབས་ཀུན་ཏུ་ཁྱབ།
སྟོན་མཇུག་སླེབས་བྱུང་། སྒྲོལ་མས་གྲོ་སྙེ་འཐུ་བ་ནི།
རང་གི་སེམས་དོན་འཐུ་བ་དང་མཚུངས།
འགའ་ཞིག་མིག་ལ་གཙེས། འགའ་ཞིག་ལག་པས་འཆིང་ཐབས་བྲལ།
མིག་ཟུང་རྩྭ་གསེང་དུ་བསྐུངས་ནས།
ཕར་ངོགས་ཀྱི་ཨ་ཇོ་ལ་ལྐོག་ལྟ་བྱེད།
སེམས་པ་ཅུང་ཟད་གཡེང་བའི་བར་ནས།
སེམས་ནང་གི་མཆོད་རྟེན་དཀར་པོ།
ཕར་ངོགས་ཀྱི་ས་གཞིའི་སྟེང་དུ་བཞེངས་སོང་།

སྐོར་ལམ་གྱི་གསང་བ།
གནམ་ས་ལྷིང་ཞིང་འཇགས།
བསང་དུད་ལང་ལོང་ཞིག་ཞོགས་པ་ལས་ཀྱང་སྔ་མོར་སད།
སྤྲིན་པ་དཀར་པོ་ནི་དར་གོས་ཡུགས་གཅིག་དང་མཚུངས།
སྐར་མ་ཐར་ཐོར་ཞིག་གནམ་གྱི་མཐའ་རུ་དཔྱངས།
རྡོག་པ་མང་པོས་ཆག་ཆག་ཐེབས་པའི་ལམ་འདི་དང་།
བསང་དུད་སྒོར་ཕྱུངས་སའི་གསང་བ་གཉིས་བརྗེ་པོ་བརྒྱབ།
ཕྲེང་རྡོག་ཕར་གཅིག་བགྲང་ཚེ།
དགེ་འབྲས་ལྷུང་ཡོང་།
ངས་ལྷ་ནི་མི་མཐོང་སྟེ། ལྷ་ནི་སྤྲིན་པའི་སྟེང་དུ་བཞུགས།
མ་ཎི་འཁོར་ལོ་དལ་གྱིས་འཁོར་ནས།
སྐྱེ་བ་འདིའི་ལྗིད་ཚད་ཕྱི་མར་སྤྲད།
སེམས་པ་འདི་མ་ཎིའི་འཁོར་སྒྲ་དང་བསྟུན་ནས་ལྷོད་ལ་བབས་བྱུང་སྟེ།
སྤྲིན་པའི་མཉེན་ལྕུག་དང་འདྲའོ། །
འབྲེལ་ཡོད་འོས་སྦྱོར།