སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་དང་པོ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-15
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
སྔོན་འགྲོའི་གཏམ།
གླེང་གཞི།
མི་ཚོས་ཁོ་བོར་ཅི་ལྟ་བུ་ཞིག་ལ་འཚོ་བ་ཟེར་ཞེས་དྲིས་ཚེ། ཁོ་བོས་འཚོ་བ་ནི་མངར་སྐྱུར་ཁ་ཚ་ཡི་བྲོ་བ་སྣ་ཚོགས་པ་ཞིག་གོ་ཞེས་བརྗོད་ངེས།
གཅིག
རྫོང་ནས་གསེར་ཆེན་ཁུལ་དུ་ལས་གནས་སྤར་ཏེ་མི་འགྱངས་པའི་ཉིན་ཞིག་ལ། ཁོ་བོས་ནུབ་འཚལ་འཐུང་རྗེས་དཔེ་ཁང་དུ་སོང་སྟེ་མུ་མཐུད་རང་གི་སྒྲུང་རྩོམ་འབྲི་བའི་མགོ་བརྩམས་པ་ན། རྒྱ་མཚོ་ལགས། དོ་ནུབ་ངེད་གཉིས་སྒོའི་ཕྱིར་སོང་སྟེ་སྐོར་བྲོ་རེ་འཁྲབ་ཡ། ཉིན་འདི་འགར་ཁུལ་གྱིས་དམངས་ཚོགས་ཀྱི་རིག་གནས་ཁྱབ་སྤེལ་གཏང་ཆེད། རིག་གནས་ཅུའུ་ཡི་མིང་ལ་ཤའོ་ཡུན་ཟེར་བའི་བུ་མོ་ཞིག་མངགས་ཏེ་ཚང་མར་སྐོར་བྲོ་གསར་བ་ཞིག་ཁྲིད་བཞིན་འདུག བུ་མོ་དེ་བྲོ་འཁྲབ་ན་ངར་བ་མ་ཟད། སྐྱེས་གཟུགས་ཀྱང་མཛེས་ཤིང་སྡུག མོའི་རྗེས་འབྲངས་ཏེ་སྐོར་བྲོ་སྦྱོང་མཁན་ངོ་མས་ཉུང་ཉུང་ཙམ་མ་རེད། ཐ་ན་ཕྱི་གླིང་བའང་རྗེས་འབྲངས་ཏེ་འཁྲབ་ཀྱིན་འདུག་ཅེས་ཆུང་མ་སྒྲོལ་མས་སྨྲས་བྱུང་། ངས་དེར་དོ་སྣང་མི་ཆེ་བར། ཁྱོད་སོང་འདོད་ན་སོང་ཞིག ང་ད་དུང་བྲེལ་བའི་སྒང་ཡིན་ཞེས་པར།སྒྲོལ་མས་ཅུང་ཙམ་མི་དགའ་བའི་ཚིག་གིས། ཅི། འདི་རྒྱུན་དུ་འདི་འདྲ་ཞིག་ཨང་། གཞན་དག་སྒོའི་ཕྱིར་འགྲིམ་དུས་ཏག་ཏག་ཨ་འགྲིག་ཆ་འགྲིག་རེད། ཁྱོད་ཀྱིས་ཅིའི་ཕྱིར་ཁོ་བོར་ཐེངས་གཅིག་ལའང་སྡེབ་སྟེ་མི་འགྲོའམ་ཟེར་བར།
ཁོ་བོས། ཁྱོད་ལ་ཁྱིམ་མཚེས་མཚོ་མོས་འགྲོ་རོགས་བྱེད་པ་མ་ཡིན་ནམ། ཡང་ཅིག་བཤད་ན་ཁྱོད་ཀྱང་བྱིས་པ་མ་རེད། ངས་ཅིའི་ཕྱིར་མཉམ་སྡེབ་བྱེད་དགོས་པ་རེད་དམ་ཞེས་པར།
སྒྲོལ་མས། དེས་ན་ཁྱོད་གཅིག་པུ་བསྡད་དེ་ཅི་བྱེད་ཟེར་བ་ཡིན་ནམ་ཟེར་བར།
ངས། ཉེ་ཆར་ངས་བྲི་བྱ་འགའ་འབྲི་བཞིན་པ་མི་མཐོང་ངམ་ཞེས་པར།
སྒྲོལ་མས་ཕྱོགས་གཅིག་ནས་རྐང་ལྷམ་བརྗེས་པ་དང་། ཕྱོགས་གཅིག་ནས་མགོ་ཡང་ཡར་མི་འགྱོགས་པར། འབྲི། འབྲི། འབྲི། ཁོམ་སྐབས་རེ་ཡོད་ཚེ་འབྲི་རྒྱུ་མ་གཏོགས་མི་ཤེས། གསེར་གྱི་བྱིས་པ་ཞིག་བྲིས་ཟིན་ཀྱང་སྲིད། དངོས་གནས་དཔེ་ཆ་བ་གླེན་པ་ཚད་ལྡན་ཞིག་རེད། འཚོ་བར་ཅུང་ཙམ་ཡང་རོལ་མྱོང་མི་ཤེས་ཞེས་བྱམས་པ་དང་འདྲ་ལ་ཁོང་ཁྲོའི་དང་ཡང་མཚུངས་པའི་སྐད་ཆ་དེ་འདྲ་ཞིག་སྨྲས་རྗེས་སྒོ་ཕྱེ་སྟེ་ཕྱིར་ཆས།
ང་དང་སྒྲོལ་མ་ཡང་ཕན་ཚུན་བརྩེ་བ་ཟབ་པའི་བཟའ་ཟླ་གཉིས་ལ་བརྩིས་ཆོག་མོད། ཡིན་ནའང་དགའ་དད་མོས་ཞེན་ཕྱོགས་ནས་ཁྱད་པར་ཤིན་ཏུ་ཆེ། ཁོ་བོ་ནི་ད་ལྟ་གསེར་ཆེན་ཁུལ་དྲིལ་སྒྲོག་པུའུ་ཡི་དྲིལ་སྒྲོག་ཚན་དཔོན་ཡིན་པས། དུས་རྒྱུན་རྩོམ་རིག་གསར་རྩོམ་ལ་སྤྲོ་བ་ཆེ། དྲུང་ཡིག་ནས་བརྩམས་སྟེ་དྲིལ་སྒྲོག་ལས་བྱེད་དང་། ཤང་གི་སྲིད་འཛིན་ནས་དྲིལ་སྒྲོག་ཚན་དཔོན་བར། ལས་ཞུགས་ཀྱི་དུས་ཚོད་མང་ཆེ་བ་ཚང་མ་གཞུང་ཡིག་ཡིག་ཆ་དང་འབྲེལ་ནས་ཡོང་བ་ཡིན། ཐོག་མར་མགོ་བརྩམས་དུས། ཁོ་བོས་རང་གི་ཀླད་ཆེན་ལ་སྐྲག་འཇིགས་སློང་ཐེངས་གཅིག་གི་རྗེས་སུ་མཚན་མོར་གཉིད་བཤད་བརྒྱག་པའི་སྐྱོན་དེ་སྤོ་སྒྱུར་དང་ཡང་ན་གཞུང་ཡིག་ཁོ་ན་འབྲི་བའི་བྲོ་མེད་ཀྱི་རྣམ་པ་དེ་ཕྱིར་སྤྲོད་བྱ་ཆེད། ཁོམ་གསེང་གི་སྐབས་སུ་སྙན་ངག་གམ་རྩོམ་ཐུང་རེ་བྲིས་པ་ཡིན་ལ། རྟིང་སོར་དེའང་རང་གི་རྩོམ་འབྲིའི་ནུས་པ་སྦྱོང་བརྡར་དང་། ཁོམ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་བའི་ཐབས་མཆོག་ཅིག་ཏུ་འཁུམས་ཏེ། རིམ་བཞིན་མཐའ་འཁྱོངས་པར་གྱུར་ལ། དུས་ཡུན་རིང་བོ་བྱིན་པ་ན་གོམས་གཤིས་སུའང་གྱུར་བ་རེད། ལྷག་པར་དུ་ཉེ་ཆར་ཚགས་པར་དང་དུས་དེབ་སྟེང་བསྟུད་མུར་སྒྲུང་ཐུང་འགའ་བཀོལ་རྗེས། ཁོ་བོ་རྩོམ་ཡིག་གསར་རྩོམ་ལ་དེ་བས་སྤྲོ་བ་འཕེལ་ལ། ཁོ་བོས་གསར་རྩོམ་གྱི་སྤྲོ་སྐྱིད་ལོངས་སུ་སྤྱོད།
སྒྲོལ་མ་ནི་ཁུལ་ཡིག་ཚགས་ཁང་གི་དོ་དམ་མི་སྣ་ཡིན་ལ། བྱ་བའི་ཁོམ་གསེང་སྐབས་སུ་ཁྱིམ་དོན་བདག་གཉེར་ལས་གཞན་ཤོ་སྦག་བརྒྱག་པ་དང་། བྲོ་འཁྲབ་པའམ། ལྷག་པར་དུ་ལོ་འདི་འགའི་རིང་གནས་འདི་ལ་སྐོར་བྲོ་དར་བ་ནས་བཟུང་མོ་སྐོར་བྲོར་དུངས་ཡོད་པ་འདྲ་ཞིང་། ཁོ་བོའི་གསར་རྩོམ་གྱི་སྤྲོ་སྣང་ལ་དེ་བས་ཁོང་དགོད་བྱེད་པར་གྱུར། ངས་ཀྱང་ཤེས་ཏེ། གསར་རྩོམ་ལ་མི་དགའ་བའི་མི་ཞིག་ལ་མཚོན་ནས་བཤད་ན་གསར་རྩོམ་ནི་དངོས་གནས་དཀའ་ཁག་ཆེ་བའི་ཕྱི་དོན་ཞིག་རེད། འདི་ནི་ལ་ཕུག་དང་སྔོ་ཚོད་སོ་སོར་དགའ་མཁན་ཡོད་པ་དེ་ཡིན། ཡིན་ནའང་མོའི་འདོད་ཚུལ་ཡིན་ན་གསར་རྩོམ་ནི་མདུན་ལམ་གཞན་པ་མེད་པའམ་ཡང་ན་ཀླད་སྐྱོན་ཡོད་པའི་མི་སྣ་འཇོན་ཐང་ཅན་གྱིས་ད་གཟོད་རང་ལུས་འབུལ་བའི་ཐང་ཆད་ངལ་དུབ་ཅན་གྱི་བྱ་བ་ཞིག་རེད་འདོད། འདི་ལ་ཁོ་བོ་མོས་མཐུན་བྱེད་ཐབས་ཡེ་ནས་མི་འདུག ཡིན་ཏེ། ང་ཡི་ཀླད་པ་མི་ལ་ལ་བཞིན་གྱི་དེ་འདྲ་ཞིག་མི་གསལ་ལ། ང་ཡི་དཔོན་ལམ་ཡང་ཀྱ་གེ་ཀྱོག་གེ་ཞིག་ཡིན་མོད། འོན་ཀྱང་ངའི་འདོད་ཚུལ་ཡིན་ན་འདི་དག་ནི་གསར་རྩོམ་ལ་ཁག་འགེལ་བྱ་མི་རུང་སྟེ། འདི་དག་དང་མཚུངས་པའི་འགལ་ཟླ་དང་རྩོད་རྙོག་ནི་ད་དུང་མི་ཉུང་བ་ཡོད། ཡིན་ནའང་སྐད་ཆ་ལྡོག་སྟེ་བཤད་ན། ཁྱིམ་གང་ཞིག་ལ་ཁ་རྩོད་ཚིག་རྩོད་ཉུང་ངུ་རེ་མེད་དམ། གལ་ཏེ་བཟའ་ཟླ་ཟུང་གི་མི་ཚེ་གང་བོར་ཁྱོད་བདེ་ང་བཟང་ཡིན་ཚེ། དེ་ལྟ་བུའི་བྲོ་བ་མེད་པའི་མི་ཚེར་ད་གཟོད་དོན་སྙིང་ཅུང་ཙམ་ཡང་མི་ལྡན་ནོ། །མ་འགོར་བའི་ཉིན་འགའི་སྔོན་ལ། ངས་རང་གི་འཚོ་བའི་བརྒྱུད་རིམ་རྒྱུ་ཆ་བྱས་ཏེ་སྒྲུང་རྩོམ་རིང་གྲས་ཤིག་འབྲི་བའི་མགོ་བརྩམས་ཤིང་། ཁོ་བོས་འཚོ་བའི་རྣམ་པར་མྱོང་ཚོར་བྱས་པ་ལ་བརྟེན་ཏེ་མཚོན་འདོད་པ་དེ་ཡིན། ཁོ་བོས་ཧུར་བརྩོན་གྱིས་བློ་རྩེ་གཅིག་ཏུ་སྒྲིམ་སྟེ་ཉུང་ཙམ་ཉུང་ཙམ་བྲི་བར་བྱ་སྟེ། གཤམ་གྱི་གྲིབ་གཟུགས་བསྣན་པའི་ཡིག་འབྲུའི་ཚན་པས་ཀློག་པ་པོར་རྗེན་པར་བརྗོད་པ་ནི་ཏག་ཏག་སྒྲུང་རྩོམ་འདི་ཉིད་བྲིས་ཟིན་པའམ་ཡང་ན་ད་ལྟ་འབྲི་བཞིན་པའི་སྒང་གི་འབྲེལ་ཡོད་དོན་ཚན་དག་ཡིན་ནོ། །
༡
ཚེ་ལོ་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་རང་མོས་ཀྱིས་འབྲོག་ཁུལ་རྨ་ལྷོ་རྫོང་དུ་བྱ་བར་ཞུགས། རྫོང་དུ་འབྱོར་རྗེས་ཡང་ཁོ་བོ་ཅུང་ཐག་ཉེ་བའི་མགར་ཁྲི་ཤང་དུ་ལས་བགོས་བྱས་ལ། ཚེ་ལོས་ཤང་དུ་མིང་ཐོ་འགོད་པའི་བྱ་བ་བསྒྲུབས་ཚར་མ་ཐག་སླར་རྫོང་ཡིག་ཚགས་ཁང་དུ་རང་གི་མཛའ་མོ་གཡང་སྐྱིད་འཚོལ་དུ་སོང་། གཡང་སྐྱིད་ནི་ལོ་གཅིག་སྔོན་ནས་གནས་འདིར་བྱ་བར་ཞུགས་ཟིན་པས། ཚེ་ལོ་ནི་ཏག་ཏག་གཡང་སྐྱིད་ལ་དམིགས་ནས་གནས་འདིར་ཡོང་བ་རེད། ཚེ་ལོ་ནི་སྤྲོ་སེམས་རབ་ཏུ་ཁེངས་བཞིན་གཡང་སྐྱིད་གན་དུ་སླེབས་ཚེ་མོས་སྤྲོ་སེམས་འཁོལ་བས་དགའ་བསུ་བྱེད་པར་བསམ་མོད། མ་བསམ་ས་ནས་མོས་སེམས་སྡུག་ཆེན་པོ་ཞིག་དང་སེམས་དོན་ལྕི་མོ་ཞིག་ཡོད་པའི་རྣམ་པ་བསྟན་བྱུང་།གཡང་སྐྱིད་ཀྱིས་གུས་པའི་ཚུལ་གྱིས་ཚེ་ལོ་ལ་བརྡ་བརྒྱབ་པ་སྟེ། འཁྱག་སིབ་སིབ་ཀྱི་ཁ་བརྡ་འགའ་བྱས་རྗེས་ཡང་མི་ཆ་ཡོད་ལ་གཏམ་ཆ་མེད་ཀྱི་ཚུལ་གྱིས། ཚེ་ལོ་ལགས། ཁྱོད་ལ་སློབ་ཆེན་གྱི་ཡོན་ཚད་ཡོད་པས་ཞིང་ཆེན་དང་ཁུལ་རིམ་པར་ལས་ཁུངས་ཤིག་བཙལ་ན་མི་ལེགས་སམ། རྒྱུགས་ནས་ས་ཐག་འདི་འདྲའི་རིང་བོ་ཞིག་ལ་ཡོང་སྟེ་ཅི་བྱ་ཞེས་དྲིས།
ཚེ་ལོས། ང་ནི་ཁྱོད་ལ་དམིགས་ཏེ་ཡོང་བ་ཡིན་པ་ཁྱོད་ཀྱིས་དངོས་གནས་མི་ཤེས་སམ་ཞེས་པར།
གཡང་སྐྱིད་ཀྱིས། དེས་ན་ཁྱོད་ཀྱང་ཤང་ཞིག་ཏུ་མ་སོང་ན་མི་ཆོག་གམ་ཞེས་པར།
ཚེ་ལོས། འདི་ཡང་རྩ་འཛུགས་ཀྱི་བཀོད་བསྒྲིགས་རེད། རྫོང་དུ་བྱ་བ་བགོས་པའི་སློབ་ཆེན་པ་གང་ཡིན་ཡང་ཐོག་མར་གཞི་རིམ་དུ་སྦྱོང་བརྡར་ལ་འགྲོ་དགོས་པའི་རེ་བ་འདོན་བཞིན་འདུག མགར་ཁྲི་ཤང་རྫོང་དང་ཐག་ཤིན་ཏུ་ཉེ། འདི་ནི་ཁོ་བོར་མཚོན་ན་སྦྱོང་བརྡར་གྱི་དམིགས་ཡུལ་འགྲུབ་སོང་བ་མ་ཟད། ངེད་གཉིས་བར་གྱི་ཕན་ཚུན་འགྲོ་འོང་ལའང་སྟབས་བདེ་བཟོས་པས་ཕྱོགས་གཉིས་ཀར་ལེགས་པའི་དོན་བཟང་ཞིག་ཡིན་མོད། ཅིའི་ཕྱིར་ཁྱོད་ཡིད་མི་ཚིམ་པ་ཡིན་ནམ།ཞེས་པར།
གཡང་སྐྱིད་ཀྱིས། ཨེད—ཞེས་དབུགས་རིང་ཞིག་ཕྱུངས་རྗེས་ཅི་ཞིག་བཤད་དགོས་པའང་མི་ཤེས་པའི་ཚུལ་མངོན་བྱུང་།
གཡང་སྐྱིད་ཀྱི་རྣམ་འགྱུར་དེར་ལྟ་བཞིན་ཚེ་ལོས་ཐེ་ཚོམ་གྱི་སེམས་ཀྱིས། གཡང་སྐྱིད་ལགས། ངེད་གཉིས་ཀྱི་གཉེན་སྒྲིག་རྒན་པ་ཚོས་སྔོན་ནས་གཏན་ཁེལ་བྱས་ཟིན། ཡར་སྔོན་ཡིན་ན་ཁྱོད་ལའང་ངོ་རྒོལ་གྱི་བསམ་འཆར་ཅི་ཡང་མི་འདུག དེས་ན་ད་དུང་སྟབས་མི་ལེགས་པའི་དོན་གཞན་ཡོད་དམ།ཞེས་དྲིས་པར།
གཡང་སྐྱིད་ཀྱིས་ཀྱང་ཡིད་གཉིས་སེམས་ཀྱིས། ཨེད། ཅི་ལྟར་བཤད་དམ། ངས་འདང་བརྒྱབ་པ་ཡིན་ན་ད་ལྟ་ད་དུང་ངེད་གཉིས་ཀྱི་ལོའང་ཆེ་བའི་ཚད་མིན་པས། གཉེན་སྒྲིག་གི་དོན་དེ་ད་དུང་དལ་མོ་བྱས་ཆོག་པར་འདོད་ཅེས་པར།
ཚེ་ལོས་ཡང་། ངས་ཀྱང་དེ་ལྟར་འདང་བརྒྱབ་པ་ཡིན། ངེད་གཉིས་ཀྱིས་མུ་མཐུད་ཁ་བརྡ་བྱས་ཏེ་ཐོག་མའི་བརྩེ་དུང་གི་སྤྲོ་སྣང་དེ་ཅི་དགར་ལོངས་སུ་སྤྱད་ཆོག་ལ། ངེད་གཉིས་ཀྱི་བརྩེ་དུང་དེ་གོམ་གང་མདུན་སྤོས་ཀྱིས་གཏིང་ཇེ་ཟབ་ཏུ་བཏང་ཆོག་མོད། ཡིན་ཡང་། རྒན་པ་ཚོ་སྐྲག་བཞིན་པ་ནི་ནམ་རིང་ན་རྨི་ལམ་ཇེ་མང་དུ་སོང་སྟེ་དོན་གཞན་འབྱུང་བར་དོགས་པ་དེ་ཡིན། ད་ལྟ་ཉི་མའང་གཏན་འཁེལ་བྱས་ཟིན་པས་ཅི་ལྟར་དལ་མོ་བྱེད་དགོས་སམ་ཞེས་དྲིས།
དེར་གཡང་སྐྱིད་ཀྱིས། རྒན་པ་དག་གི་སྐད་ཆར་ཁྱོད་ཀྱིས་དེ་ལྟར་ནན་ཏན་བྱེད་བཞིན་ཡོད་དམ་ཞེས་པར།
ཚེ་ལོས། སྲིད་པ་རྒད་པོའི་གཏམ་དཔེ་ལ། རྒན་པ་དག་གི་གཏམ་ལ་ཉན་ན། མི་ཚེ་གང་བོར་སྡུག་བསྔལ་མེད་ཟེར་བ་བཞིན། ཁོང་ཚོའི་གཏམ་ལ་གནས་ལུགས་ཡོད་ཁོ་ཐག་ཡིན་པ་རེད་ཟེར་བར།
གཡང་སྐྱིད་ཀྱིས་ཡང་དབུགས་རིང་ཞིག་ཕྱུངས་རྗེས་མགོ་བོ་སྒུར་བྱུང་།
དེར་ཚེ་ལོས། གཡང་སྐྱིད་ལགས། བལྟས་ཚོད་ཀྱིས་ཁྱོད་ལ་ད་དུང་སེམས་དོན་གང་ཞིག་ཡོད་པ་འདྲ། ཁྱོད་ཀྱི་ཨ་མས་རྒྱུ་བླངས་པ་ཉུང་སོང་བར་མ་བཟོད་པ་ཨེ་རེད་ཅེས་པར།
གཡང་སྐྱིད་ཀྱིས། དེ་མ་རེད། མོས་རྒྱུ་སྐར་ལི་གང་མ་བླངས་ཀྱང་ང་དང་འབྲེལ་བ་ཆེར་མེད་ཅེས་པར།
ཚེ་ལོས། འདི་ནི་སྤོ་བཤད་ཨེ་ཡིན་ནམ་ཨང་། རྒྱུ་ལེན་པ་ཁྱོད་དང་ཅིའི་ཕྱིར་འབྲེལ་བ་མེད་དམ་ཟེར་བར།
གཡང་སྐྱིད་ཀྱིས། ངེད་ཁ་གཉིས་ནི་ཤ་ཉེ་ཡིན་པ་མ་ཟད་། ཚང་མ་ཞིང་གྲོང་ནས་སྐྱེས་པ་ཡིན་པས་ཕྱུག་པོ་ཚང་ཡང་མིན། འདི་ཕྱོགས་ནས་རྒྱུ་མང་ཙམ་སློང་ན་དེ་ཕྱོགས་སུ་རྒྱུ་ཇེ་ཉུང་དུ་འགྲོ་བ་ཡིན་པས་རྒྱུ་ཡི་ཕྱོགས་ནས་མང་པོ་ལེན་དགོས་དོན་མི་འདུག དེའི་སྟེང་ངེད་གཉིས་ཀར་བྱ་བ་ཡོད་པས། གལ་ཏེ་གཉེན་བསྒྲིགས་ཚེ་སྒོར་མོ་མེད་པར་སེམས་འཁུར་བྱེད་དོན་མེད་ཟེར་བར།
ཚེ་ལོས། དེས་ན་ད་དུང་ཁྱོད་ལ་བསམ་ཚུལ་ཅི་ཡོད་དྲང་མོ་ཤོད། གལ་ཏེ་གནས་ལུགས་ལྡན་ན་ཁོ་བོས་རྒྱབ་སྐྱོར་བྱས་ཆོག་ཅེས་བཤད།
གཡང་སྐྱིད་ཀྱིས། ངས་ངེད་གཉིས་ཀྱི་གཉེན་དོན་དེ་རྒན་པ་ཚོས་གྲོས་བསྡུར་བརྒྱུད་ནས་ཐག་བཅད་པ་མ་ཟད། ངེད་གཉིས་ཀྱི་བསམ་འཆར་ལ་ཉན་པའང་ཤེས་མོད་ཀྱང་། ངས་ཚོར་བ་ཞིག་ལ་ཅི་ལྟར་ཀྱང་ངེད་གཉིས་ཀྱི་གཉེན་དོན་གྱི་དུས་ཚོད་དེ་ཅུང་འཚུབ་དྲག་སོང་འདོད། ངས་རང་གི་གནས་ས་དེ་རང་གི་ཨ་ཞང་ཚང་ཡིན་པ་དྲན་ཐེངས་རེར་སེམས་སུ་ཤིན་ཏུ་དོགས་མི་བདེ་བར་འདུག་ཟེར་བར།
ཚེ་ལོས། དེ་མི་སྐྱོན་དེ། རྒྱུ་མཚན་ནི་ངའི་ཨ་ཕ་ནི་ཁྱོད་ཀྱི་ཨ་ཞང་དངོས་མིན་པ་ཁྱོད་ཀྱིས་མི་རྟོགས་པ་ཅི་ལ་སྲིད་ཨང་ཟེར།
གཡང་སྐྱིད་ཀྱིས། ངའི་ཨ་མའི་ཁ་ནས་ཐོས་པ་ལྟར་ན། ཨ་མ་ནི་ཆུང་དུས་སུ་མོའི་ཨ་མས་ཁྲིད་དེ་ཁྱོད་ཚང་ལ་ཡོང་བ་ཡིན་ཏེ། ངེད་ཚོའི་བར་ལ་ཁྲག་འབྲེལ་གྱི་ཆ་ཅི་ཡང་མི་འདུག་ཅེས་པ་མིན་ནམ་ཞེས་པར།
ཚེ་ལོས། བདེན་འདུག དོན་དེ་བཞིན་རེད། དེས་ན་ཁྱོད་ཀྱིས་ད་དུང་ཅི་ཞིག་ལ་ཐེ་ཚོམ་ཟ་བ་ཡིན་ནམ་ཞེས་པར།
གཡང་སྐྱིད་ཀྱིས་སྔར་བཞིན་ཁོག་པོ་སྒོས། གནས་ཚུལ་འདི་འདྲ་ངས་རྗེས་ནས་ད་གཟོད་ཤེས་པ་ཡིན། སྔོན་ཆད་ངས་ཁྱོད་ཀྱི་ཨ་ཕར་རང་གི་ཨ་ཞང་ངོ་མར་ལྟ་སྟངས་བཟུང་བ་ཡིན་ལ། ཁོ་ཚོས་ཀྱང་ཚ་མོ་ངོ་མར་ངོས་བཟུང་བ་ཡིན་པས་གཉེན་བསྒྲིགས་རྗེས་ངས་ཁྱོད་ཀྱི་ཁྱིམ་མིར་ཇི་ལྟར་འབོད་དགོས་པ་ཡིན་ནམ་ཟེར།
ཚེ་ལོས། ང་ཡང་གཅིག་འདྲ་རེད། སྔོན་ཆད་ཁྱོད་ཀྱི་ཨ་མར་ཁ་ཕྱོགས་དུས་ཨ་ནེ་ངོ་མ་ཡིན་པ་བཞིན། གཞུག་ཕྱོགས་འབོད་ཕྱོགས་བརྗེས་དགོས་འདུག དཀའ་ཁག་འདི་ཙམ་ང་ཚོ་ཚང་མས་ཁྱད་བསད་ཅིག་བྱེད་དགོས། གལ་ཏེ་ངེས་ངེས་འབོད་ཕྱོགས་བརྗེས་མི་ཐུབ་ཚེ་སྔོན་ལྟར་བོས་ཀྱང་ཅིས་མི་ཆོག་ཅེས་ཟེར།
གཡང་སྐྱིད་ཀྱིས་ཚེ་ལོས་ཁ་བརྡ་དེ་འདྲ་ཞིག་བྱས་པ་ལ་སླར་ལན་མེད་པར་མགོ་བོ་ནང་དུ་ཡང་ཡང་ལྕོག
གཉིས།
དབྱར་གཞུང་གི་ནམ་ཟླ་ནི་ཉི་མ་ཆེས་རིང་དུས་རེད། སྒྲོལ་མས་ནུབ་འཚལ་འཐུང་རྗེས་སླ་ང་དང་དཀར་ཡོལ་ཡང་མ་བཀྲུས་པར་རིག་གནས་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཏུ་འགྲོ་གྲབས་བྱེད། ངར་སྡང་སེམས་མེད་པར། བློ་མཐུན་སྒྲོལ་མ་ལགས། ཁྱོད་ཀྱིས་སླ་ང་དང་དཀར་ཡོལ་བཀྲུས་རྗེས་སོང་ན་མི་ཆོག་གམ་ཞེས་པར།སྒྲོལ་མས། དེ་ལྟར་ན་རྗེས་སུ་ལུས་རྒྱུ་རེད་ཅེས་ཟེར།
ངས། རྗེས་སུ་ཅུང་ཙམ་ལུས་པས་ཅི་སྐྱོན། ཉི་མ་ད་དུང་སྔ་འདུག ཡང་ཅིག་བཤད་ན་དེའང་ལས་ཞུགས་ལ་འགྲོ་བ་མ་ཡིན་ཞེས་པར།
སྒྲོལ་མས། སྒྱིད་ལུག སླ་ང་དང་དཀར་ཡོལ་བཀྲུ་རྒྱུ་དེ་ང་གཅིག་པུའི་འགན་འཁུར་མ་རེད། ཁྱོད་ལ་ལག་པ་ཐོགས་མེད་པ་ཡིན་ནམ་ཟེར།
བལྟས་བལྟས་ལ་སྒྲོལ་མ་ཁོང་ཁྲོ་ལངས་བཞིན་པ་འདྲ་བས། ཕྱོགས་གཅིག་ནས་ངས། ཡ་ཡ་ཡ། ངས་འཁྲུད། ངས་འཁྲུད་ཅེས་ཉམ་ཆུང་ངང་དང་ལེན་བྱས་པ་དང་། ཕྱོགས་གཅིག་ནས་མཛའ་སེམས་ཀྱིས་མོ་སྒོའི་ཕྱིར་བསྐྱལ།
ཟངས་པ་དང་དཀར་ཡོལ་སྣོད་གཞོང་སོགས་བཀྲུས་ཚར་རྗེས། ངས་དུས་ཚོད་གསུམ་རིང་ལ་རྩོམ་ཡིག་བྲིས། གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་བྱུང་ཚུལ་གྱིས་ངས་གཞི་ནས་སྒྲོལ་མས་སྔོན་ཏག་ཏག་ཁོ་བོར་བསྐྱལ་ཡོང་བའི་མི་དགའ་བའི་སྣང་བ་མཐའ་དག་བརྗེད་སོང་། སྒྲོལ་མ་ནང་དུ་ལོག་དུས། ཏག་ཏག་ངས་མ་རྩོམ་ཉར་ཚགས་བྱས་ཏེ་ངལ་གསོ་རྩིས་ཡོད། མོས་ངའི་གདོང་མདོག་ལ་ཡང་ལྟ་བསྐྱར་ལྟ་ཞིག་བྱས་རྗེས། ཡང་བདག་ཉར་གཙང་མ་བྱས་ཡོད་པའི་ཐབ་ཀར་ལྟ་བཞིན་གདོང་ནས་ཡིད་ཚིམ་པའི་མདངས་ཤིག་ག་ལེར་མངོན་བྱུང་། མོས་འཇམ་ཞིང་སྤྲོ་སྣང་ཆེན་པོའི་ངག་གིས་། རྒྱ་མཚོ་ལགས། དོ་དགོང་ང་སྐོར་བྲོ་འཁྲབ་ཏུ་སོང་དུས་འཁྲབ་མགོ་ད་དུང་བརྩམས་མེད། ང་དང་མཚོ་མོས་བུ་མོ་ཞའོ་ཡུན་ལ་ཁྱིམ་ཐབ་སྐོར་གྱི་དོན་དག་མང་བོ་གླེང་ཟེར།
ངས་དེ་མུར། ཁྱོད་ཚོས་ཅི་ཞིག་ཁ་བརྡ་བྱས་པ་ཡིན་ནམ། ང་ནང་དུ་དྲུད་མེད་དམ་ཞེས་པར།
སྒྲོལ་མས། མཚོ་མོས་བུ་མོ་ཞའོ་ཡུན་ལ་སྙིང་གྲོགས་ཡོད་མེད་དྲིས་པ་ལ། ཞའོ་ཡུན་གྱིས་བཤད་ན་ད་དུང་མེད་ཟེར། མཚོ་མོས་ཡང་སྒྲོལ་མ་ལ་ཞི་ལི་ཞིག་ཡོད་། ཁོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཡོད། ངས་ཁྱོད་གཉིས་ངོ་སྤྲོད་བྱས་ཏེ་དགའ་རོགས་བསྒྲིག་ན་ཅི་འདྲ་རེད་ཅེས་པར། ཞོའོ་ཡུན་གྱིས་མོ་ནི་འབྲིང་རིམ་ཆེད་སྦྱོང་སློབ་མ་ཞིག་ཡིན་པས་དེའི་ལྟ་བུའི་གྲགས་ཆེན་སློབ་གྲྭའི་ཤེས་ཡོན་པ་ཆེན་མོར་མཐོ་སྙེག་བྱེད་ཐབས་མི་འདུག་ཟེར་བར། ངས་མྱུར་དུ། ཁྱོད་སྐྱེས་འབྲས་འདི་འདྲའི་མཚར་བའི་སྟེང་བྲོ་འཁྲབ་པར་དེ་བས་མཁས་པས། ང་སྐྲག་པ་མིན་ན་ཁྱོས་ངའི་བུ་མིག་ལ་ཐོགས་རྒྱུ་མ་རེད་ཅེས་པར། ཞོའོ་ཡུན་ད་ཡང་ཁ་མ་གྲགས་ཟེར།
ངས། དེ་ནི་མོས་ངག་འཇམ་པོས་ཁས་མ་བླངས་པ་མ་རེད་དམ། དགའ་རྒྱུ་ཅི་ཡོད་ཅེས་པར།
སྒྲོལ་མས། བུ་མོ་ཞོའོ་ཡུན་གྱི་ཕ་ནི་ཁེ་བདག་ཆེན་པོ་ཞིག་རེད། མོས་ངེད་ཚོ་བྲོ་འཁྲབ་ནས་ཐང་ཆད་དུས་མི་རེར་བཏུང་བཅའ་དམ་བུ་རེ་སྦྱིན་ངེས་རེད། འདི་ནི་ཅིའི་དོན་དུ་ཡིན་ནམ་ཟེར་བར།
ངས་མཚར་སྣང་ཅི་ཡང་མེད་པར། སྦྱིན་བདག་ཆེན་མོ་ཞིག་གི་བུ་མོས་ཚང་མར་བཏུང་བཅའ་དམ་བུ་གང་ཉོས་པར་ཡ་མཚན་རྒྱུ་ཅི་ཡོད། དེ་ནི་མི་མང་གི་སྔོན་དུ་མི་ཆོས་བཀྲམ་ནས་ཚོང་བ་ཙམ་མ་ཡིན་ནམ། དེ་ལ་སྨྲ་བའི་རིན་ཐང་ཅི་ཞིག་ཡོད་དམ་ཞེས་པར།
སྒྲོལ་མས། ཞོའོ་ཡུན་གྱིས་ང་དང་མཚོ་མོས་བུ་བུ་མོའི་གཉེན་སྒྲིག་གི་དོན་དག་གླེང་རྗེས་ད་གཟོད་ངང་ཚུལ་འདི་འདྲ་མངོན་བྱུང་། བཤད་དཀའ་བ་ནི་མོར་དངོས་གནས་སེམས་འགུལ་ཐེབས་སོང་ནའང་ཐང་གི ཡང་ཅིག་བཤད་ན་དེ་ནི་མོའི་བསམ་པ་མཚོན་བྱེད་ཅིག་ཀྱང་རེད་འདུག་པས། ཁྱོས་མོར་ཁྱད་གསོད་མ་བྱེད། ཁྱོད་ཀྱིས་དེ་འདྲ་མངོན་འདོད་ཀྱང་མངོན་ཐུབ་སྲིད་པ་མ་རེད། མཚོ་མོས་ཁྱོད་སེམས་ཆུང་ཞིག་རེད་ཅེས་འཕྱ་རྒོད་བྱེད་ཅིང་། ད་ལྟའི་བར་མོ་ལ་མགྲོན་ཞུས་གང་ཡང་མ་བྱས་ཟེར་ཞེས་པར།
ངས་ཉན་ཞིང་ཁྲོས་ཏེ། ང་རྒྱ་མཚོ་ད་དབུལ་ཡང་ཟླ་རེར་སྒོར་སྟོང་གསུམ་བཞིའི་ཕོགས་ཡོད། ཟ་མ་ཅོག་ཙེ་གཅིག་གཉིས་ཙམ་གྱི་མགྲོན་ཞུས་ཀྱི་ནུས་པ་ད་དུང་ཡོད། རེད་མོད་ཀྱང་། ངས་ཏག་ཏག་མོར་མགྲོན་ཞུས་བྱེད་མི་འདོད། ཅི་རེད། ཁྱོད་ཚོ་གཞུག་ནས་སྒོར་སོང་རྗེས་རབ་ཡིན་ན་དོན་འདི་འདྲའི་སྐོར་མི་གླེང་བར་ཞུ་ཞེས་བཤད་རྗེས་གཅིག་པུ་མལ་ཁྲིའི་སྟེང་འགོས་ཏེ་གཉིད།
༢
ཉིན་འདི་འགའི་རིང་ལ། ཚེ་ལོས་ཕྱོགས་གཅིག་ནས་ལས་གནས་གསར་བའི་བྱ་བར་གོམས་ཐབས་བྱེད་བཞིན་འདུག་ལ། ཕྱོགས་གཅིག་ནས་གཡང་སྐྱིད་ལ་གཉེན་སྒྲིག་གི་དོན་དག་གྲོས་བསྡུར་བྱེད་བཞིན་འདུག གཡང་སྐྱིད་དང་ངོ་ཕྲད་བདེ་བའི་ཕྱིར་དུ་ཁོས་འཕྲུལ་རྟ་གསར་མིན་ཞིག་ཉོས་ཏེ་ཁོམ་པ་རེ་ཡོད་དུས་དེ་མུར་རྫོང་མཁར་དུ་རྒྱུགས། གཡང་སྐྱིད་ཀྱིས་ཀྱང་ཧུར་བརྩོན་སྒོས་ཁོ་ལ་ཐབས་ཁྲིད་ཇུས་སྟོན་བྱས་ཏེ་ཁོ་གཉི་ག་བྲེལ་འཚུབ་ཀྱི་སྤྲོ་སྣང་ཁྲོད་འཐིམས་འདུག རེད་མོད་ཀྱང་ཆེས་ཁོམ་པ་མེད་པ་ནི་སྔར་བཞིན་ཁོ་ཚོའི་ཁྱིམ་ཚང་གཉིས་རེད། གཡང་སྐྱིད་ཚང་གིས་སྔོན་ནས་རྫོངས་པ་དང་སྟོན་ཐོག་གི་བཟའ་བཅའ་སྟབས་བདེ་རེ་གྲ་སྒྲིག་བྱས་ཟིན་པ་མ་ཟད། སྟོན་ཐོག་གི་བག་རོགས་དང་ཨ་ཞང་ལ་ཕེབས་དགོས་པའི་མི་སྣའང་གཏན་འཁེལ་བྱས་ཟིན། བག་རོགས་ནི་གཡང་སྐྱིད་ཀྱི་གཉེན་ཉེ་ཨ་ཅེ་ཞིག་ཡིན་ལ། མོས་བུ་བུ་མོ་གཉི་ག་བཙས་ཡོད་པས་བུ་བུ་མོ་ཉིས་འཛོམས་ཅན་དང་ལོ་རུས་སྤར་ཁའང་བག་གསར་དང་ཤིན་ཏུ་མཐུན་པའི་བུད་མེད་ཅིག་ཡིན། འགྲུལ་བ་གཞན་པ་ནི་ཁྱིམ་རྒྱུད་གཉེན་ཉེ་ནང་གི་སྟག་ཤར་བཅུ་གཉིས་ཡིན། ཚེ་ལོ་ཚང་གི་མིས་མནའ་མའི་ཕྱོགས་ལ་ཕུལ་དགོས་པའི་གསེར་དངུལ་གྱི་རྒྱན་ཆ་སྣ་ཚོགས་དང་། གྱོན་པའི་རིགས་སམ། གཉེན་སྟོན་སྟེང་ངེས་པར་དགོས་པའི་ཤ་ཁོག དུ་ཆང་། ཁ་བཏགས། གདན་གསར། གཡང་མདའ་བཅས་གྲ་སྒྲིག་བྱས་ཟིན། མྱུར་དུ་གནམ་ལོ་གསར་བ་ཚེས་རན་འདུག ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་དུས་དེ་ནི་ཁོ་གཉིས་ཀྱི་གཉེན་སྟོན་གྱི་དུས་ཡིན་པ་ཤེས་པ་བཞིན་སྔ་མོ་ནས་རང་རང་གི་ཁྱིམ་དུ་ལོག་སོང་།གཉེན་སྟོན་གྱི་ཉིན་ནི་རྒྱ་ལོའི་ཚེས་གསུམ་ཉིན་རེད། ཡིན་ནའང། གཉེན་སྟོན་ནི་ཉིན་སྔོན་མ་ནས་བུ་མོ་ཚང་གི་ཕྱོགས་ནས་མགོ་རྩོམ་དགོས་ཏེ། རྒྱ་ལོའི་ཚེས་གཉིས་ཉིན་གྱི་ཕྱི་དྲོ་བུ་མོའི་ཁྱིམ་གྱིས་སྒམ་སྣོན་ཇ་ཕུལ་གྱི་མི་མང་སྐྱེལ་མ་བྱས་ཚར་རྗེས་བུའི་ཕྱོགས་ཀྱི་ཕོ་ཉ་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་གྲ་སྒྲིག་རྒྱུས་ལོན་བྱས་ལ། ཉིན་གཉིས་པའི་སྔ་མོར་བག་རོགས་ཐོག་མར་གཡང་སྐྱིད་ཚང་ལ་ཡོང་ནས་གཡང་སྐྱིད་ལ་རོགས་རམ་གྱིས་གོས་ཀྱི་མཐའ་བརྒྱན་ཅན་གྱི་བོད་ལྭ་དམར་སྨུག་གྱོན་ཅིང་། ཚར་ལུང་བཅུ་གཉིས་ཅན་གྱི་དངུལ་གྱི་རྣ་ལུང་བཏགས་ལ། དཀྱིལ་སྦོམ་ཞིང་མཐའ་གཉིས་ཕྲ་བ། སྐྲའི་རྟིང་མར་ད་དུང་ལན་བུ་མང་པོས་གྲུབ་པའི་ན་དར་བུད་མེད་ཀྱི་རལ་བ་གསུམ་འདུག་པའི་དཀྱིལ་གྱི་རལ་བ་སྦོམ་པོའི་སྟེང་ཆ་མོས་བརྒྱན་ཞིང་། རྒྱབ་ཏུ་མནའ་མའི་ཁྱད་ཆོས་མཚོན་པའི་དབལ་རས་འཁུར། གཡང་སྐྱིད་ཀྱི་གཟུགས་ཕྲ་ཞིང་གདོང་མཛེས་པའི་སྟེང་། ཁྱད་ཆོས་ལྡན་པའི་མཛེས་སྤྲོས་འདི་ཡིས་དེ་བས་ཀུན་གྱི་མིག་དབང་འཕྲོག་ཅིང་ཡིད་དབང་བཀུགས་པར་གྱུར། མ་འགྱངས་པར་ཡང་བག་གླུ་ལེན་པའི་བུད་མེད་བཅུ་ཁ་དང་གཉེན་སློང་བའི་བར་བ་སོགས་སླེབས་ལ། ཚང་མས་མྱུར་དུ་ནངས་འཚལ་འཐུང་རྗེས་མནའ་མ་སྐྱེལ་བའི་ཆོ་ག་སྤེལ་ཅིང་། དེ་ནས་དངོས་སུ་སྐྱེལ་ནས་གནས་ཚང་ཕྱོགས་ཀྱི་བགྲོད་ལམ་སྟེང་ཆས།
དེ་རིང་གི་བྱ་འགུལ་གཙོ་བོ་ནི་མག་པ་ཚང་གི་ཕྱོགས་ཡིན་ཏེ། ལམ་དུ་ཨ་ཞང་ཚང་གིས་མནའ་མར་བཀྲ་ཤིས་ཁ་གཡང་འབོད་པའི་ཆོ་ག་སྤེལ་རྗེས་མག་པའི་སྡེ་འདབས་སུ་འབྱོར། དེ་རུ་མག་པ་ཚང་གིས་སྔར་ནས་ལམ་འགྲམ་དུ་ལུད་འགྱིག་གི་མེ་སྒང་ཆེན་པོ་བརྒྱབ་ཅིང་འགྲམ་དུ་འོ་ཇ་དང་མངར་ཆང་བསྲོས་ལ། ཅོག་ཙེ་སྟེང་དུ་ལུག་ཤ་དང་། འཁུར་བ་སྣ་ཚོགས་པའི་སྡེར་ཁའི་ཕྱོགས་གསུམ་དུ་བལ་གདན་བཏིང་ནས་གྲལ་བཅོས་ཏེ་ངེད་ཚོ་བསུ་བའི་གྲ་སྒྲིག་བྱས་འདུག ཨ་ཞང་ཚང་གིས་ཆང་བསུའི་མཆོད་ཁ་མཆོད་རྗེས་རྟ་ལས་བབས་པ་དང་ལོ་དང་རུས་ཀྱི་ཆེ་ཆུང་ལྟར་གདན་དུ་བཞུགས་ལ། ཡུལ་སྲོལ་ལྟར་བར་བ་གྲལ་དཀྱིལ་དུ་བཞུགས་སུ་བཅུག གཉེན་ཚང་གིས་གྲལ་གྱི་གོ་རིམ་ལྟར་ཡང་ཡང་ཁམས་བདེའི་འཚམས་འདྲི་བྱེད་ཅིང་ཇ་ཆང་ཟས་གསུམ་འདྲེན་ལ། མནའ་མ་བསུ་བའི་འགན་འཁུར་པ་བུ་མོ་ཚེ་གོ་ཆེད་དུ་རྟ་ལས་མ་བབས་པའི་མནའ་མ་དང་བག་རོགས་ལ་འབྲས་ཁུ་མངར་མོ་འདྲེན་དུ་སོང་། མནའ་མས་སེམས་འཁུར་བྱེད་པ་ནི་མག་པའི་ཁྱིམ་དུ་འཛུལ་རྗེས་ད་དུང་ཆོ་ག་སྣ་ཚོགས་སྤེལ་བ་དེ་ཡིན་པས། ཆབ་གསང་མི་བདེ་རྐྱེན་ཟ་འཐུང་ལ་གཟབ་པས་ཚེ་གོས་ཀྱང་ན་རག་མ་བྱས། རྟ་ལས་བབས་རྗེས་བག་རོགས་གྱིས་གཡང་སྐྱིད་ཀྱི་གྱོན་གོས་གྱོན་ཚུལ་བདེ་མིན་དང་། སྐེ་རགས་དམ་མིན། ཆབ་གསང་ལ་འགྲོ་དགོས་མིན་སོགས་དྲིས་ལ། མནའ་མའི་ལན་བཟང་བོ་བྱིན་པའི་རྗེས་སུ་ཡང་བསྐྱར་མནའ་མའི་མདུན་རྒྱབ་ཏུ་དཔྱངས་ཡོད་པའི་དབལ་རས་དང་བརྒྱན་ཆ་གཞན་དག་སོགས་ཚགས་སྒྲིག་གང་ལེགས་བྱས་རྗེས་ད་གཟོད་སེམས་བདེ་བའི་ངང་འབྲས་ཁུ་མངར་མོ་འཐུང་མགོ་བརྩམས།
ཡུན་ཐུང་རིང་གི་ཟས་བཞེས་ངལ་གསོའི་རྗེས་སུ། ཨ་ཞང་ཚོ་ཡང་བསྐྱར་རྟར་བཅིབས་ཤིང་གླུ་མ་འགའི་སྣེ་ཁྲིད་འོག་ཏུ་ཕྱོགས་གཅིག་ནས་གླུ་སྙན་མོར་རོལ་བ་དང་ཕྱོགས་གཅིག་ནས་གཉེན་ཚང་གི་སྒོའི་ཕྱོགས་སུ་བསྐྱོད།
དུས་འདིར། ཚེ་ལོས་ལུས་སུ་ཕྲུག་དང་། མགོ་ལ་ལི་མོ(གུས་ཞྭ)། རྐང་བར་འཇུར་རྟ་ཡུ་རིང་གྱོན་ཞིང་ཕྱོགས་གཅིག་ནས་སྔོན་དུ་ཕེབས་པའི་འགྲུལ་བར་གུས་བསུ་དང་། ཕྱོགས་གཅིག་ནས་མནའ་མ་ཕེབས་པར་སྒུག ཡིན་ནའང་། ཨ་ཞང་ཚང་གིས་སྡེ་འདབས་དང་སྒོ་ཁའི་ཆོ་ག་ཚང་མ་སྤེལ་ཚར་ཏེ་ཁྱིམ་དུ་འཛུལ་དུས། ཁ་འགོ་བས་མག་པ་ཚང་གི་ཁྱིམ་གང་བོ་གཞའ་རུ་བཅུག ཚེ་ལོས་རྒྱུ་མཚན་ཅི་བཞིན་མི་རྟོགས་པས་སེམས་སུ་ནང་དུ་ཡིབས་པ་ནི་ཤིན་ཏུ་མི་གུས་པར་འདོད་དེ་མནའ་མ་བསུ་བར་འགྲོ་བསམ་དུས། ཨ་ཕས་བཀག་སྟེ་སྨྲ་རྒྱུར། མིག་སྔར་ད་དུང་ངོ་འཕྲད་མི་རུང་། ངོ་ཕྲད་སྔ་ན་རྟེན་འབྲེལ་མི་ལེགས་ཞེས་པར། ཁྱིམ་གང་བོས་སྒུག་སྟེ་གནམ་སར་མཆོད་འབུལ་སྐབས་སུ་ད་གཟོད་ཕྱི་རུ་ཡོང་སྟེ་མནའ་མ་དང་ཨ་ཞང་ཚང་ལ་ངོ་ཕྲད།
ཚེ་ལོས་ལུས་སུ་མཛེས་བརྒྱན་གྱིས་སྤྲོས་ཤིང་གཙགས་དྲུབ་གོས་ཀྱིས་ངོ་གདོང་བཀབ་ཡོད་པའི་མནའ་མའི་སྔོན་དུ་སོང་སྟེ་ངག་འཇམ་པོས་འཚམས་འདྲི་བྱས་པར་གཡང་སྐྱིད་ཀྱིས་ཀྱང་སླར་ལན་མཚོན་པའི་མགོ་བོ་ཅུང་ཟད་ལྕོག དེའི་རྗེས་སུ་ཁོ་ཚོ་ཁ་འགོ་བའི་སྣེ་ཁྲིད་འོག་ཏུ་བལ་གདན་སྟེང་དུ་ལངས་ཏེ་གནམ་མཆོད་ཆོ་གའི་མགོ་བརྩམས། སྔར་སྒོ་ཁར་མནའ་མ་བསུ་བའི་འགན་འཁུར་བའི་བུད་མེད་ཚེ་གོས་ཤིང་གི་སོ་མང་སོ་གཉིས་མ་ཟེར་བ་བཟུང་སྟེ་མནའ་མའི་རལ་བར་གཡས་གཡོན་སོ་སོར་ཐེངས་གསུམ་རེ་ཤད་རྗེས། དབལ་རས་ཀྱི་མགོ་རྒྱན་གྱི་རས་སྐུད་གཉིས་མཉམ་དུ་སྦྲེལ་བས་གཞི་ནས་གཉེན་སྒྲིག་པ་མཚོན། འཕྲོར་མག་པ་དང་མནའ་མས་ཁྱིམ་གྱི་རྒན་པར་གུས་ཕྱག་འབུལ་བ་དང་ཐུགས་རྗེ་ཞུས། ཚེ་ལོས་ཕྱག་འཚལ་བ་ཤིན་ཏུ་ནན་ཏན་ཡིན་ཏེ་ཕྱག་འཚལ་ཐེངས་རེ་རེར་སྐེད་པ་སྒུར་གང་ཐུབ་དང་ཐོད་པ་སར་གཏུགས་ཡག་བྱས་ཏེ་ཕ་མའི་བཀའ་དྲིན་མཚོན་ཀྱང་། མདུན་གྱི་རྒྱན་ཆས་གཡོགས་ཏེ་ཕྱག་འཚལ་མི་བདེ་བའི་གཡང་སྐྱིད་ཀྱིས་ཚབ་མཚོན་རང་བཞིན་གྱིས་སྐེད་པ་ཙམ་སྒུར། སྡེ་མི་ཚང་མས་གཡང་སྐྱིད་ཀྱིས་ཁ་བསྒྱུར་དེ་ཨ་ཕ་དང་ཨ་མར་འབོད་དགོས་ཚུལ་འུར་པས། གཡང་སྐྱིད་ཀྱིས་ཤིན་ཏུ་དོགས་མི་བདེ་ཞིང་སྐད་དམའ་བའི་ཚུལ་གྱིས་ཕ་མར་བོས་ལ། ཨ་མ་གཉིས་ནས་ཀྱང་སྐད་མཐོན་པོས་འབོད་པར་ནན་སྐུལ་མ་བྱས་མོད། ཡིན་ནའང་སྡེ་མི་ཚོས་ཁ་མི་ཉན་ཞིང་། གལ་ཏེ་སྐད་མཐོན་པོས་ཚང་མས་ཐོས་པ་ཞིག་མ་བོས་ན་ཆོ་ག་འདི་སྤེལ་ཚར་བ་མ་རེད་ཟེར། ཚེ་ལོས་བདེན་པར་སྙམ་སྟེ་སེམས་ཤིན་ཏུ་འཚབ་ཀྱང་ཅི་བཤད་དགོས་པ་མ་ཤེས། གཡང་སྐྱིད་ཀྱིས་དོན་འདི་འདྲར་སླེབས་པ་མཐོང་བས་སྐད་མཐོན་པོས་ཨ་ཕ། ཨ་མ་ཞེས་བོས། ཕྱག་འཚལ་ཚར་རྗེས་ཕ་མ་གཉིས་ནས་ཀྱང་ཁོ་གཉིས་ལ་བཀྲ་ཤིས་བདེ་ལེགས་མཚོན་པའི་ལེགས་སྐྱེས་མི་དམན་པ་གནང་།
དེ་རྗེས་ཡང་རིམ་བཞིན་བར་བ་བཅོ་བ་སོགས་ཀྱི་གོ་རིམ་འགའ་བསྒྲུབས།
ཉིན་འདིའི་ཆོ་ག་སྤེལ་དེ་མཇུག་རྫོགས་ཏེ་ཨ་ཞང་ཚང་རེ་རེ་གཉེན་ཚང་གི་ཁྱིམ་ཚང་རེ་རེས་བསུས་སོང་རྗེས་བག་རོགས་ཁོ་ན་མནའ་མ་དང་མཉམ་དུ་གནས་ས་རུ་བསྐྱུར་ཞིང་། མོ་གཉིས་ལ་འགྲུལ་བསུ་བྱེད་པའི་འགན་ཡང་ཚེ་ལོའི་སྟེང་དུ་བབས། ཚེ་ལོས་མོ་གཉིས་དགའ་བའི་བཟའ་བཅའ་མང་པོ་ཚ་ཐབ་སྟེང་གི་ཅོག་ཙེ་སྟེང་བསྒྲིགས་ཤིང་ཡང་ཡང་ལག་གཏོད་དང་ཇ་ཁ་བསྣན་ཏེ་མོ་གཉིས་ཀྱིས་ཟ་འཐུང་ཡིད་ཚིམས་ཡོང་བར་ཡང་ཡང་སྐུལ།
དགོང་མོར། ཚེ་ལོས་མནའ་མ་དང་བག་རོགས་ལ་ཉལ་ས་བཅོས་རྗེས་ཁང་བ་གཞན་པ་ཞིག་ཏུ་ངལ་གསོ་རུ་བུད་སོང་། ཚེ་ལོས་ཤེས་ཏེ། མགྲོན་པོ་ཚོས་ད་དུང་སྟོན་མོར་རོལ་མ་ཚར་བ་མ་ཟད། བག་རོགས་ཀྱང་ད་དུང་འགྲོགས་ཡོད་པས་རང་ཉིད་འགྲུལ་བ་དང་བག་རོགས་ཀྱི་སྔོན་དུ་ཅི་ལྟར་མནའ་མ་གསར་བ་དང་མཉམ་དུ་ཉལ་ཨང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།