logo

གླེན་ཕྲུག

རྩོམ་པ་པོ།:ལྕགས་ཀྱི་ལོ་མས་བསྒྱུར། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-08-21 ཀློག་གྲངས།:
གླེན་ཕྲུག
ཡེ་ཧྲིན་ཐའོ་ཡིས་བརྩམས། ལྕགས་ཀྱི་ལོ་མས་བསྒྱུར།

       གླེན་ཕྲུག་གི་རུས་དང་མིང་ལ་ཅི་སྐད་ཟེར་བ་སུས་ཀྱང་མི་ཤེས།
       ཁོ་སྐྱེས་མ་ཐག་བདག་མེད་བྱིས་གསོ་ཁང་གི་གྱང་ཁའི་འཐེན་སྒམ་ཆེན་པོར་བསྙལ་བ་རེད། ཀ་ཡེ་རིགས་ཀྱི་བུ་ལོ་དག ཁྱོད་ཚོས་འཐེན་སྒམ་དེ་རིག་མྱོང་ངམ། དེ་ནི་གཏིང་ཟབ་ལ་ཞེང་ཆེ་བ་རོ་སྒམ་ཞིག་དང་ཀུན་ནས་མཚུངས།
       སུ་ཞིག་གིས་ཕྲུ་གུ་བཙས་མ་ཐག་བསྙོར་མ་བཏུབ་ན། ནམ་གུང་གི་དུས་སུ་འཐེན་སྒམ་དེ་རུ་གསང་སྟབས་ཀྱིས་འཇོག་པས། དེ་ཉིད་སུ་ཚང་གི་ཡིན་མིན་ཤེས་མཁན་ནི་ཡེ་ནས་མེད་དོ། །ཉིན་གཉིས་པར་བདག་མེད་བྱིས་གསོ་ཁང་གི་གཉེར་བས་འཐེན་སྒམ་དུ་བུས་པ་ཞིག་ཉལ་ཡོད་པ་མཐོང་ནས་བདག་གིར་བླངས་ཏེ་བསྙོར་པ་རེད། བུས་པ་དེར་མ་མ་ཞིག་བཙལ་ནས་ནུ་མ་བསྣུན་པས། ཨ་མའི་ནུ་ཞོ་ལྟ་བུའི་རོ་མངར་བ་ཞིག་ག་ལ་ཡིན་ཏེ་ཡིན་མི་སྲིད། དེ་ལྟར་གླེན་ཕྲུག་གིས་རོ་ཞན་པའི་འོ་མ་འཐུངས་ནས་ནར་སོན་པ་རེད།
       ལོ་གཉིས་ལ་བུད་ནའང་ལུས་མཚག་ཞན་ལ་ཤ་ཞུད། གདོང་ན་ལོ་ལོན་དག་གི་གཉེར་མ་ལྟ་བུ་ཤར་ཤུར་ཡང་བབས་ཡོད། ཁོས་ངག་ལས་འ་འུར་འ་འུར་གྱི་སྒྲ་འབྱིན་པ་ལས་སྐད་ཆ་སྨྲ་མི་ཤེས་ལ། གང་ཡང་འབོད་ཀྱང་མི་ཤེས་པས། སུ་ཞིག་གིས་ཁོ་ལ་འོ་བྱས་ནས་གཅེས་གཅེས་དང་སྐད་ཆ་བསླབས་པ་ཡིན་ནམ། ཐ་ན་ཁོ་དགོད་ཀྱང་མི་ཤེས།
       ཉིན་ཞིག་མ་མས་དགའ་སྤྲོའི་ངང་ཁོ་རང་པང་བཏབ་ཅིང་། ཁ་གློངས་ནས་རྩེད་མོ་བརྩེས། མོས་ཀ་ར་ཙོང་ཙི་ཁ་ལ་བཟུང་ནས་བྱིས་པར་འཇིབ་ཏུ་བཅུག་མོད། སྟབས་ཉེས་ནས་གསར་སྐྱེས་ཀྱི་མདུན་སོ་རྣོན་པོས་མ་མའི་ཁ་ཤ་ཕིགས་སོང་། དེ་མ་ཐག་ན་ཟུག་བེར་བེར་སྐྱེས་ཤིང་ཁྲག་དམར་འཛགས་བྱུང་བས། མོས་བྱིས་པའི་མགོ་ལ་ལན་གཉིས་བརྡེགས་པ་དང“གླེན་ཕྲུག་འདི་ཨང”ཞེས་ཞེར་བཏབ་པས་ན། “གླེན་ཕྲུག”ཅེས་པའི་མིང་ཡང་དུས་དེ་ནས་ཐོགས་པ་རེད།
       གླེན་ཕྲུག་ལོ་དྲུག་ལ་སོན་པའི་ཚེ་བདག་མེད་བྱིས་གསོ་ཁང་ནས་སྒོར་བུད་པ་དང་ཤིང་མཁན་ཞིག་གིས་དགེ་ཕྲུག་ཏུ་བླངས། ཁོས་སྟ་རེ་གནམ་ལ་ཁྱོགས་དཀའ་སྟེ། དཔུང་བ་ལྕུག་ལྕུག་འདར་བཞིན་ཤིང་གི་ཤུན་པགས་ཙམ་ལས་གཞོག་མི་ནུས། སོག་ལེ་ཕར་འདེད་ཐུབ་ན་ཚུར་དབྱུང་དཀའ་བས་རྒྱུན་དུ་གདོང་རྩ་དམར་པོར་གྱུར་འགྲོ། དེ་ལྟ་ནའང་དགེ་རྒན་གྱིས་ཐོག་མར་ལན་འགར་བརྡེགས་རྗེས་ད་གཟོད་ཡོ་བསྲང་བགྱིད། འོན་ཀྱང་ཁོ་རང་ངུ་མི་སྲིད་ལ། གཏན་ནས་ན་ཟུག་མེད་པ་ལྟར་སྣང་། ཁོས་སྟ་རེས་འཕྱར་ཐུབ་ཚོད་ཀྱིས་ཕྱར་ནས་ཤིང་གཅོད་པ་དང་སོག་ལེ་འདེད་ནུས་ཚོད་ཀྱིས་དེད་ནས་ཤིང་འདྲ་བའི་ངལ་བ་སྐྱོང་། ཁོའི་ཚུགས་ཀ་དེ་ལྟ་བུ་མཐོང་ནས། ཇི་འདྲའི་གླེན་པ་ཞིག་རེད་ཨང་ཞེས་ཁྱིམ་མཚེས་རྣམས་གླེང་ངོ་། །
       ནམ་ཟླ་ཤིན་ཏུ་འཁྱག་པའི་མཚན་མོ་ཞིག་ལ། གླེན་ཕྲུག་དང་དགེ་སྤུན་གཉིས་ཀྱིས་ད་དུང་ཤིང་ལས་བྱེད་བཞིན་མཆིས། ཁྱིམ་ཚང་ཕྱུག་པོ་ཞིག་ཡོད་པ་ལ་ཐོག་སོ་ལྔ་ཅན་གྱི་དྲོད་ཁང་བར་ཆོད་ཅན་ཞིག་རིངས་པའི་སྟབས་ཀྱིས་དགོས་ཕྱིར། དགེ་རྒན་གྱིས་ཁོ་གཉི་གར། ཤིང་ལེབ་མཆིས་སོ་ཅོག་སང་ཉིན་ནམ་མ་ལངས་སྔོན་དུ་དྲས་ཚར་པ་གྱིས། ཇི་སྲིད་མ་ཚར་བར་དུ་ཉལ་མི་ཆོག་ལ། དུས་ལྟར་མ་འགྲུབ་ཚེ་ནན་ཏུར་ལསཀྱིས་བརྡུང་ངེས་ཡིན་ཞེས་གདམས་རྗེས་ཉལ་དུ་ཕྱིན།
       དགེ་རྒན་གཟིམས་རྗེས། གླེན་ཕྲུག་གིས་དགེ་སྤུན་ལ་ངག་འཇམ་པོས། ཐང་ཆད་པའི་ཐོག་ལ་ནམ་ཟླ་ཡང་ཤིན་ཏུ་འཁྱག་པས་ཁྱོད་སོང་ལ་ཉོལ་ཞེས་གཞམས་སྒོ་བྱེད།
       ལན་དུ་དགེ་སྤུན་གྱིས་ངས་ཀྱང་སྔ་མོ་ནས་མིག་སྐྱིབས་ཡར་མི་ཐེག་མོད། འོན་ཀྱང་ཤིང་རྣམས་དྲས་མ་ཚར་ན་སང་ཉིན་དགེ་རྒན་ལ་ཇི་ལྟར་ཞུའམ་ཟེར་བར། གླེན་ཕྲུག་གིས་དང་ག་རྡུང་བཞིན་ང་ཡོད་པས་ཁྱོད་རང་ཞེད་དགོས་དོན་མེད་དེ་ཉལ་སྐྱིད་བྱོས་དང་བླའོ། །ཟེར་བ་དང་། ནམ་ལངས་པའི་ཚེ་ན་དྲས་ཀྱི་བགྱི་བ་ཐམས་ཅད་འགྲུབ་ཐག་ཆོད་ཡིན། ཉལ་ཐུལ་གཅིག་གིས་འཁྱག་སྲིད་པས་ངའི་དེ་ཡང་ཁོབ་ཅིག གང་ལྟར་ང་རང་ཉལ་རྒྱུ་མིན་ཞེས་བསྒོས།
       དགེ་སྤུན་གྱིས་གླེན་ཕྲུག་གི་མལ་ཐུལ་རལ་པོ་འོག་ལ་བཏིངས་ཤིང་དེའི་ཐོག་ལ་རང་གི་མལ་ཐུལ་བརྩེགས། འདྲིལ་ལོག་ཚ་པོ་ཞིག་གིས་ལུས་པོ་ཚིར་དུ་གཅུད་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམས་སོ། །
       གླེན་ཕྲུག་གི་སེམས་སུ་དགེ་སྤུན་གྱིས་རང་གི་ངག་བཞིན་བསྒྲུབས་བྱུང་སྙམ་ནས་ཡིད་ཚིམས་ཤིང་མགུ་གང་། རང་གི་མལ་ཆས་རལ་པོ་དེས་ཀྱང་དགེ་སྤུན་ལ་རྨི་ལམ་གྱི་ཞིང་ཁམས་བསྐྲུན་པས་དགའ་སྣང་ཡེལ་ཡེལ་བ་ཞིག་སྐྱེས་བྱུང་། ཁོས་རྐྱོང་སྐུམ་གྱི་བར་མ་ཆད་པར་ཤིང་ལེབ་དྲས་པས་ལག་པ་གྲང་ནས་འཕྱིད་ལ་ཁད་དུ་གྱུར་ཅིང་། ཧ་ལམ་ཚོར་བའང་མེད་སྣང་ཤར། སྒེའུ་ཁུང་གི་དྲ་སུག་བར་ནས་རླུང་བུ་ཤིག་ཤིག་ལྡང་པས་སྣུམ་ཀོང་གི་མར་མེ་ཡོམ་ཡོམ་འགུལ་ཞིང་། ཐིག་ཤིང་གིས་བཏབ་པའི་ཐིག་རྩ་ཡང་མཐོང་དཀའ། ཁོས་ཡིད་སེམས་རྣལ་དུ་ཕབ་སྟེ་བག་སྤྲོ་སྤྲོ་ངང་འདྲ་ཤིང་གི་སྦྱོར་བའི་ཡན་ལག་འབའ་ཞིག་ལ་འཇུག་པ་ལས་རྣམ་གཡེང་དུ་མི་འགྲོ་བས་ན། དངོས་གནས་འདྲ་ཤིང་འཕྲུལ་འཁོར་ཞིག་དང་གཉིས་སུ་མེད།
      སྐྱ་རེངས་དང་པོ་གཉིས་པའི་ཡོལ་བ་རིམ་གྱིས་ཕྱེ་བྱུང་ལ་ནམ་ལངས་པའང་ཤིན་ཏུ་སྔ། གླེན་ཕྲུག་གིས་ཞག་གང་བོར་དྲས་ནའང་ད་དུང་ཤིང་ལེབ་གཉིས་དྲས་མ་ཚར་བ་རེད། དགེ་རྒན་གཉིད་ལས་སད་པའི་ཚེ་ཤིང་འདྲ་བའི་སྒྲ་གོ་བྱུང་། བལྟར་ཕྱིན་དུས་གླེན་ཕྲུག་གཅིག་པུས་ཤིང་འདྲ་བཞིན་ཡོད་པ་ལས། དགེ་ཕྲུག་གཞན་དེ་ནི་བལ་ཚངས་རལ་པོ་ཞིག་གི་ཁུད་ན་གཉིད་ཀྱི་གཏིང་ལ་ལྷུང་འདུག དགེ་རྒན་འཕྲལ་མར་ཞེ་སྤོ་གཏིང་ནས་ལངས་ཏེ་མལ་ཐུལ་ཧད་ཀྱིས་ཕྱིས། ལན་འགར་བརྡེགས་པ་ན། གླེན་ཕྲུག་གིས་མཐོང་ནས་འཕྲལ་དུ། དེ་ནི་དགེ་སྤུན་ལན་པ་མིན་ཏེ། ངས་ཉལ་དུ་བཅུག་པ་ཡིན་པས། དགེ་རྒན་ལགས་ཀྱིས་ཁོང་ལ་རྡེག་པར་མི་རིགས་ལགས་ཞེས་ཞུ་བ་བྱས་མོད།དགེ་རྒན་ལྷག་ཏུ་ཁྲོས་ཏེ། སྡེ་ཚང་གི་ལས་ཀ་དུས་ལྟར་མ་འགྲུབ་པའི་ཉེས་པ་ཐམས་ཅད་ཁྱོད་ཀྱིས་བཟོས་པས། ཉེས་ཆད་ཁྱོད་ལ་མི་གཅོད་སུ་ལ་གཅོད་ཅེས། ཤིང་གི་ཁྲེ་ཙེ་བཟུང་ནས་མགོ་རྐ་ལག་མེད་པར་བརྡེགས་ཤིང་། གླེན་ནག་ཁྱོད་ཀྱིས་གཞན་ལ་སྒྱིད་ལུག་གི་གླགས་བསྒོས། ད་དུང་བདག་གི་བྱ་གཞག་བརླགས། དངོས་གནས་གཏེ་བོ་ཚ་པོ་རང་རེད་ཅེས་གཤེ་ཞིང་སྤྱོས།
       དེ་མིན་ད་དུང་གླེན་ཕྲུག་ལ་ཇ་ཐུན་གཉིས་བཀག་སྟེ། ཚང་མས་སྨྱོ་བཟའ་དང་ཧམ་འཐུང་བྱེད་དུས་གླེན་ཕྲུག་ལོགས་སུ་ལྟོགས་བསྲན་གྱིས་སྡོད་དགོས་བྱུང་།
       ཉིན་ཞིག་ལ། གླེན་ཕྲུག་གིས་ཁྱིམ་ཚང་ཞིག་ནས་ལས་ཀ་གྲུབ་སྟེ་ཕྱིར་ལྡོག་པའི་ལམ་བར་དུ་ས་རུབ་སོང་། སྨག་རུམ་གྱི་ཀློང་ནས་དལ་བུར་བགྲོད་སྐབས། གློ་བུར་དུ་རྐང་སྣེ་ཅི་ཞིག་ལ་ཐོགས་སོང་། ཡར་བླངས་ནས་ལྟ་དུས་ལྗིད་ཏིག་ཏིག་གི་ཁུག་མ་ཞིག་རེད། ལམ་སྒྲོན་འོག་ཏུ་སླེབས་ཏེ་ཞིབ་ཏུ་བལྟས་ཙ་ན། དཀར་ཞིང་གསལ་ལ་འོད་ལམ་ལམ་འཚེར། གོ་རེ་སྣུམ་གོར་ཆུང་ཆུང་གི་དབྱིབས་དང་འདྲ། གླེན་ཕྲུག་གིས་དེ་དག་དངུལ་ལོར་ཡིན་པ་མ་ཤེས་ཁར། སེམས་སུ་འདི་དག་བདག་ལ་དགོས་མཁོ་སྤུ་ཙམ་ཡང་མེད་གཤིས། ཁྱིམ་ལ་ཁྱེར་ཀྱང་སྔར་བཞིན་ཐུག་པ་དཀར་ཡོལ་དོ་དང་མལ་ཐུལ་རལ་པོ་སྤྱོད་དགོས་པ་ལ་འགྱུར་བ་གཏོང་མི་སྲིད་སྙམ་མོད། ཡིན་ཡང་རྒྱུ་མཚན་ཅི་ཡིན་མི་ཤེས་ཏེ། དགེ་རྒན་ནི་འདི་ལ་ཧ་ཅང་དགའོ། །
       ཁོས་བསམ་མནོ་ཇི་ལྟར་བཏང་ནའང་དེའི་རྒྱུ་མཚན་ཧ་མ་གོ། ཡང་སེམས་སུ་དེ་ལ་བསམ་བློ་བཏང་ནས་ཅི་བྱའམ། མཁོ་ནི་ཡེ་ནས་མི་འདུག་པས་གཡུག་ན་འགྲིག་གོ་སྙམ་ནས་སྙིགས་སྒམ་ལ་འདོར་བར་བརྩམས་པའི་ཚེ་ན། གློ་བུར་བློ་འགྱུར་ཏེ། འདི་ཉིད་ཡང་སྙིང་སུས་བོར་བ་ཡིན་ནམ། གལ་སྲིད་དེ་ཡང་དགེ་རྒན་དང་འདྲ་བར་འདི་ལ་མཆོག་ཏུ་དགའ་ན། བོར་བརླག་བྱུང་བས་ངེས་པར་ཡ་ཆུང་སྐྱོ་བས་ཁེངས་ཤིང་། ལྷག་ཏུ་སྙིགས་སྒམ་ལ་གཡུགས་ནས་མ་རྙེད་ཚེ་མཆི་མ་ཆར་བཞིན་དུ་ཟགས་ཏེ་ཤི་འཐམས་རོ་འཐམས་སུ་ངུ་སྲིད་པས། ཁ་མལ་དེ་ག་ནས་བཙལ་དུ་འོང་མཁན་ལ་བསྒུག་རྒྱུ་བྱས་སོ། །
       མཚན་གྱི་ཚོང་སྤོགས་པ་རྣམས་ཁྱིམ་ལ་ལོག་ཅིང་ཆང་རྐྱལ་རྣམས་ཀྱང་སྔར་ནས་བསྐྱལ་ཟིན། རྟོག་བཤེར་ཉེན་རྟོག་དག་ཀྱང་རིམ་བཞིན་མི་མཐོང་བར་གྱུར། ཚོང་ཁང་དག་ཀྱང་སྒོ་བརྒྱབ་པས་སྲང་ལམ་སྟོང་སིང་ངེར་གནས། གློག་སྒྲོན་ཁོ་ནས་ཁུ་སུམ་གྱི་འོད་ཟེར་འཕྲོ་བཞིན་གདའ། གླེན་ཕྲུག་གིས་ཁུག་མ་འཚོལ་དུ་འོང་མཁན་མི་གཅིག་ཀྱང་མ་མཐོང་བས། ཨ་མཚར་རོ་སྙམ་སྟེ། ཇི་སྟེ་ཁུག་མ་ནི་གློག་སྒྲོན་འདིས་བོར་བ་མིན་ནམ་བསམ་ཞིང་། མིན་ན་ཐམས་ཅད་གཉིད་དུ་ཡུར་ནའང་ཁོས་ད་དུང་མིག་ཟུང་བགྲད་ནས་མི་གཉིད་དོན་ཅི་ཡིན་ནམ་གྱི་རྣམ་རྟོག་འཕྲོས།དུས་དེར་ལོགས་སུ་གོམ་པའི་ཐྲིག་སྒྲ་ཞིག་གྲག་བྱུང་། དེ་ནི་དངངས་ཤིང་དབུགས་རྒོད་པ་ཅན་ཞིག་ཡིན་སྟབས། ཁོའི་སེམས་སུ་དངོས་པོ་འདིའི་བདག་པོ་ཡིན་བསམ་སྟེ། གློག་འོད་འཕྲོ་ཕྱོགས་ནས་ཕར་ལྟ་དུས། མིག་མཐའ་ན་མཆི་ཞགས་འཚེར་བའི་ཨ་ཕྱི་རྒན་མོ་ཞིག་ཡིན་ཞིང་། མིག་གིས་ལམ་དེད་ནས་འགྲོ་བས་ལོགས་སུ་འགྲེང་འདུག་པའི་གླེན་ཕྲུག་མ་མཐོང་།
       “ཨ་ཕྱི་ལགས།”ཞེས་གླེན་ཕྲུག་སྔུན་ལ་གཏུགས། ཨ་ཕྱི་ལགས་ཀྱིས་ཁུག་མ་ཞིག་ཏུ་དཀར་ཞིང་སྒོར་ལ་མདངས་དང་ལྡན་པ་མང་པོ་བདོག་པ་དེ་འཚོལ་བཞིན་ཡོད་དམ། འདི་ཨེ་རེད་ལགས། ཞེས་བསྟན་པ་ན། དཀོན་མཆོག་གསུམ་པོས་གཅིག་མཁྱེན། མགྱོགས་སྟབས་ང་ལ་སྤྲོད་རོགས། ཟེར་ཞིང་། དེ་འཕྲལ་ཨ་ཕྱི་རྒན་མོ་དགའ་བའི་འཛུམ་རྒྱ་གྲོལ་བྱུང་། ཡིན་ནའང་རྒས་ཤིང་རིད་པའི་མཁུར་ཚོས་ནི་ཤིན་ཏུ་མི་སྡུག་པ་ཞིག་རེད་ཨང་།
       དགེ་རྒན་གྱིས་གླེན་ཕྲུག་ད་རུང་ཕྱིར་མ་ལོག་པ་ཤེས་ནའང་དེ་ནི་མར་ནང་གི་སྤུ་བཞིན་སྣང་འཇོག་ཏིལ་ཙམ་ཡང་མི་བྱེད་དེ། ཆུ་རུ་འཇིངས་ནས་ཤི་མེད་ན་མགོ་སྐོར་གྱི་སྒྱུས་འཁྱེར་བ་ཉིད་དུ་བསམ་མོ། །
       གླེན་ཕྲུག་མུན་ནག་ལག་སྙོབ་ཀྱིས་ནང་དུ་སླེབས། ཁང་པའི་ནང་ཅི་ཡང་མི་མཐོང་། དགེ་རྒན་དང་དགེ་སྤུན་རྣམས་གཉིད་དུ་ཡུར། སྔུར་བ་ཐོག་འཁྱུག་པ་ལྟར་གྲག ལག་སྙོབ་ཏུ་མལ་ཐུལ་ཧྲུལ་པོ་ལ་ཝ་མོ་ཁུངས་འཛུལ་ལྟར་འཛུལ།
       ཕྱི་ཉིན་སྔ་མོ་ནམ་ལངས་དུས། དགེ་སྤུན་གྱིས་གླེན་ཕྲུག་ལོགས་སུ་ཉལ་འདུག་པ་ཚོར། བསྒུལ་ནས་གཉིད་བསླངས། མདང་དགོང་གང་དུ་སོང་ངམ་ཞེས་དྲིས་ཚེ། གླེན་ཕྲུག་གིས་བརྒྱུད་རིམ་གསལ་པོར་བརྗོད། དགེ་སྤུན་གྱིས་མཉན་རྗེས། ལག་པ་མལ་ཐུལ་ལས་བསྲིངས་ཏེ། ཐོད་ལ་མཛུབ་མོ་བཙུགས་ནས། ཅི་འདྲའི་གླེན་པ་ལ་ཨང་ཞེས་བརྙས།
       ཡང་ཉིན་ཞིག གླེན་ཕྲུག་གི་ལས་ཀ་བགྱི་སའི་ཁྱིམ་ཚང་དེ་གས་གདུང་འཇོག་ཆོ་ག་སྤེལ། སྲོལ་ལྟར་སྒོང་བག་དང་ཅོང་རྡོག་གི་བགོ་སྐལ་སྩོལ། གླེན་ཕྲུག་ལ་སྒོང་བག་གཉིས་དང་ཅོང་རྡོག་གཉིས་ཐོབ།
       ཕྱིར་ལོག་པའི་ལམ་ཁར་གླེན་ཕྲུག་མུ་གེ་ཅན་སྐོར་ཞིག་དང་ཕྲད། ཉམ་ཐག་གི་བུད་མེད་དང་བྱིས་པ་གཅེར་བུ་དག་ནི་ཆེས་སྙིང་རྗེ་ཞིང་བལྟར་མི་བཟོད་དེ། བུད་མེད་ལ་ལས་བྱིས་པ་གོན་པ་ཐེད་ཅིང་བཙོག་པོའི་ཁུད་དུ་གཅུད་ནས་རྒྱབ་ལ་ཁུར། ལ་ལས་བྲང་ལ་གླན་ནས་ནུ་མ་བསྣུན། སྡུག་བསྔལ་གྱི་འོ་དོད་འབོད་པའི་ཚུལ་ནི་མྱ་ངམ་ཐང་ན་ཁྭ་ཏ་ཁྱུ་ཞིག་ལུས་འདུག་པ་དང་མཚུངས།
       མུ་གེ་ཅན་དག་གི་མིག་མདངས་ཁོའི་ལག་གི་སྒོང་བག་དང་ཅོང་རྡོག་ལ་ཟུག་ནས་སྟེར་རེ་བའི་ཉམས་བསྟན་པས་ཁོ་ཡ་མཚན་བྱུང་། སེམས་སུ་ཁོ་ཚོས་བཟའ་འདོད་པ་ཡིན་ནམ། སྒོང་བག་ནི་མངར་ཆ་ལྡན་ལ་ཅོང་རྡོག་ནི་ཚྭ་ཞད་འདྲེས་པ་ཁོ་ཚོས་ཤེས་ཀྱིན་མེད་པ་འདྲ་ཡི། གང་ལྟར་ཁོ་ཚོར་རོ་མྱོང་བྱེད་དུ་བཅུག་ན་བླའི། ང་ལ་ནི་ཕྱིར་ལོག་ན་རང་སྐལ་ཟ་མ་དཀར་ཡོལ་དོ་ཡོད་པ་ཡིན་ཞེས་དྲན།
       གླེན་ཕྲུག་གིས་སྒོང་བག་དང་ཅོང་རྡོག་མུ་གེ་ཅན་དག་ལ་སྦྱིན། ཡོངས་རྫོགས་སྦྱིན་བྱུང་བ་ནི་མུ་གེ་ཅན་དག་གི་བློ་ཡུལ་ལས་འགོང་པ་ཞིག་སྟེ། དེ་མུར་ཁ་རོག་ཅིང་འཇགས་པར་གནས། སྒོང་བག་དང་ཅོང་རྡོག་སྙོམ་པར་བགོས་ནས་ཀུན་ལ་བགོ་བཤའ་བརྒྱབ། ཁ་ནས་ཞིབ་བུར་ལྡད་ཅིང་རིངས་པའི་སྟབས་ཀྱིས་མིད་པར་མི་བྱ་ཞིང་། རི་སིལ་དང་ཤིང་ཏོག་ལྟར་ཞིམ་པོའི་ཉམས་ཀྱིས་བཟའ། གླེན་ཕྲུག་ལོགས་སུ་བསྡད་ནས་དེ་དག་ཐོས་མཐོང་ནས་བྲོད་པ་མཆོག་ཏུ་བསྐྱེད།
       ཁྱིམ་མཚེས་ཀྱིས་སྔ་ས་ནས་གླེན་ཕྲུག་ལ་དེ་རིང་གསོལ་རས་སྤམ་མཐོ་བ་འཁྱེར་ཡོང་རྒྱུ་བདོག་པ་ཤེས་པས། དེ་སྔ་ནས་སྒོ་ཁར་བསྒུགས་བསྡད་ཡོད། གླེན་ཕྲུག་སླེབས་མ་ཐག་མདུན་དུ་བཅར་ནས་ན་རེ། གདུང་འཇོག་ཆོ་གའི་སྒོང་བག་དང་ཅོང་རྡོག་ཅི་ཙམ་འདུག ཕྱེད་ཀ་ང་ལ་བསྟབས་ཤོག་ཟེར་སྐད།
       གླེན་ཕྲུག་གིས་ལག་ཟུང་སྟོང་བ་སྔུན་ལ་བསྒྱིངས་ནས་དགོད་ཞོར་དུ། ཁྱོད་ཀྱིས་སྔ་མོ་ནས་མི་ལབ་དོན་ཅི་ཡིན་ནམ། ངས་སྒོང་བག་དང་ཅོང་རྡོག་མ་ལུས་མུ་གེ་ཅན་ཚོར་བྱིན་པ་ཡིན་པས་ཐུགས་རྒྱལ་མ་བཞེངས་ལགས་ཞེས་བཤད།
       ཁྱིམ་མཚེས་ཀྱི་ངོ་མདངས་རྫ་མགོར་སྨུག་པ་འཐིབས་པ་ལྟར་གྱུར་ཅིང་མཆིལ་མའི་ཐུ་ལུ་གཏོར་བཞིན་སྒྲ་རིང་དུ་བསྲིངས་ནས“ཁྱོད······ཁྱོད······གླེན་ནག་ཁྱོད”ཅེས་དམའ་ཕབ།
       ཉིན་འདིར་བཟོ་གྲྭ་ཐམས་ཅད་ལས་ཀ་མཚམས་བཞག་ཅིང་། ཚོང་ཁང་རྣམས་ཀྱང་ངལ་གསོ་བྱས། རྒྱུ་མཚན་ནི་རྒྱལ་པོས་ཁྲོམ་དཀྱིལ་ནས་གཏམ་བཤད་མཛད་རྒྱུ་ཡིན་པས་རེད་དེ། མང་ཚོགས་ཡོངས་རྫོགས་མཉན་དུ་འགྲོ་བ་ཡིན། རྒྱལ་པོ་ནི་མཆོག་ཏུ་དཔའ་མཛངས་ལྡན། རྟག་ཏུ་ཁྱིམ་མཚེས་རྒྱལ་ཁབ་ལ་དམག་འཐབ་མཛད་ནའང་རྒྱལ་ཁ་རྐྱང་རྐྱང་ལས་ཕམ་པའི་དཔེ་མེད། འོན་ཏེ་ད་རེས་གདོད་ནས་ཕམ་ཁ་བྱུང་སོང་།
       གླེན་ཕྲུག་ཀུན་དང་ལྷན་དུ་ཁྲོམ་དཀྱིལ་ལ་སླེབས། མི་མང་བརྒྱ་ཚོགས་སྟོང་འདུས། དབྱར་གྱི་གྲོག་ཚང་ཁ་ཕྱེ་པ་ལྟར་སྣང་། གླེན་ཕྲུག་དལ་བུར་སྔུན་ལ་འཚངས། སྟེགས་བུའི་དྲུང་དུ་སླེབས་ཤིང་། མགོ་བོ་དགྱེ་ནས་ལྟ་དུས། རྒྱལ་པོའི་བཞིན་རས་མཚོན་ཆ་ཁ་ཕྱེ་པ་དང་འདྲ་ལ། སྤྱན་ལས་ཁོང་ཁྲོའི་མེ་ལྕེ་འབར། ཁའི་འགྲམ་གྱི་སྨ་ར་མེ་མདའི་མདེལ་རྩེ་དང་འདྲ་ཞིང་། ཁོས་མུ་མཐུད་དུ་གཏམ་བཤད་གནང་སྟེ། སྔར་བྱུང་མ་མྱོང་བའི་བརྙས་བཅོས་རེད་ཨང་། འདི་འདྲའི་བརྙས་བཅོས་ཆེན་པོ་མྱངས་མྱོང་མེད་དེ། རྒྱལ་ཁ་གཞན་ལ་སྟེར་ག་ལ་རུང་ངམ། ཞེ་ཁྲོ་བའི་དགྲ་བོ་ཨང་། གཅིག་ཀྱང་མ་ལུས་གསོད་སྙིང་འདོད་ཅིང་། ད་ལྟ་བདག་གི་དྲུང་དུ་ཡོད་ཚེ་དེ་མ་ཐག་ཏུ་སྐེ་སོ་བཅད་ན་གཟོད་བདག་གི་ཁྲོ་བ་ཞི་བར་འཚལ།
       ཁྲོམ་དཀྱིལ་ན་རྒྱལ་པོ་ཁོ་ནས་ངར་སྐད་སྒྲོག་པ་ལས་སྒྲ་གཞན་མེད། གླེན་ཕྲུག་གིས་རྒྱལ་པོ་རབ་ཏུ་སྙིང་བརྩེ་བ་སྟེ། ཇི་སྟེ་ཁོང་ཉིད་དེ་ལྟར་ཁྲོས་དྲགས་ཚེ། ངེས་པར་དྲན་མེད་དུ་བརྒྱལ་སྲིད་སྙམ་ན་ཡང་། ད་ལྟ་ཁོང་གི་དྲུང་ན་སྐེ་གཅད་ཆོག་གི་དགྲ་བོ་མི་གདའ་བས་ཅི་བྱར་ཡོད། གླེན་ཕྲུག་ལ་གློ་བུར་འཆར་སྒོ་ཞིག་བྱུང་སྟེ། སྐད་ཆེན་པོས། རྒྱལ་པོ་ལགས། དགྲ་བོར་བསྒུག་དགོས་མ་མཆིས། གལ་སྲིད་མི་གཅིག་བསད་དེ་ཁྲོ་བ་ཞི་ལགས་ན། ཕྲན་ཉིད་གསོད་རོགས་མཛོད་དང་། ཞེས་ཞུས་པར།
       “གླེན་ནག གླེན་ནག”ཅེས་ཁྲོམ་དཀྱིལ་ནས་བསྟུད་མར་དེ་སྐད་འུར་བྱུང་མོད། དེ་ནི་ཁྱི་སྤྱང་གི་སྐད་འཛིངས་པ་དང་འདྲ། རྒྱལ་པོའི་གཏམ་བཤད་རི་གཟར་གྱི་རྦབ་རྡོ་ལྟ་བུ་ཡང་མཚམས་གཅོད་ཕོད་པ་དེ་འདྲའི་གླེན་རྟུག་ཅིག་ག་ལ་ཡོད་ཅེས་མི་དམངས་ཤུབ་དི་རེ་སོང་།
       འོན་ཀྱང་ཀུན་གྱི་བློ་ཡུལ་ལས་འགོངས་པ་ཞིག་ལ་རྒྱལ་པོའི་བཞིན་གྱི་ཁྲོ་གཉེར་བསྡུས་ནས་སྤྱན་ལས་སྙིང་རྗེའི་འོད་རླབས་འཕྲོས། དགའ་བའི་ཞལ་ལ་འཛུམ་པའི་མདངས་ཤར་ནས། གླེན་ཕྲུག་ལ་བཤད་རྒྱུར། ཁྱོད་ཀྱིས་བདག་ལ་བསླབ་བྱ་གནང་བར་བཀའ་དྲིན་ཆེའོ། །བདག་ནི་ཆགས་སྡང་གི་བདུད་ཀྱིས་བརླམས་ནས་དགྲ་ལ་སྡང་ཞིང་གསོད་འདོད་ཀྱང་། ཁྱོད་ལ་ནི་དགྲ་ཟུན་གྱི་ཁྱད་མེད་པར་བཟོད་པའི་གོ་ཆས་ཆས་ཤིང་བྱམས་པའི་ཡ་ལད་བསྒོས་ཏེ། དགྲ་བོའི་ཕྱིར་དུ་འཆི་ཡང་ཕོད་ན། བདག་ཁྱོད་ལ་མི་དོ་སྟེ། བདག་ཁྱོད་ལ་ངོ་གནོང་ངོ་། །ཞེས་ཟེར་ཞིང་། རྗེས་ཕྱོགས་བདག་གིས་དུས་དང་ནམ་དུ་ཡང་དམག་འཐབ་མི་བྱའོ། །ཞེས་གསུངས།
       རྒྱལ་པོས་གླེན་ཕྲུག་ཕོ་བྲང་ལ་གདན་དྲངས་ནས་བཏུང་བ་ཆང་གི་སྐྱེམས་བཟང་ལ་རོལ། རྒྱལ་པོས་གླེན་ཕྲུག་ནི་ཤིང་བཟོ་ཞིག་ཡིན་པ་རྟོགས་ནས་དུས་གཏན་དུ་དམག་འཁྲུག་མི་སློང་བའི་དྲན་རྟེན་དུ་སྒོ་ཆེན་ཞིག་བཞེངས་སུ་བཅུག
       གླེན་ཕྲུག་གིས་བཞེངས་མགོ་བརྩམས་ཤིང་བཞེངས་པ་ལ་བཞུན་ཆ་མངོན་པར་དོད། སྒོ་ཆེན་ངོས་སུ་ཞི་བདེ་མཚོན་པའི་ལྷ་མང་དུ་བརྐོས་ཏེ། རོལ་མོའི་ཕྱག་མཚན་སྣ་ཚོགས་བསྣམས་ཤིང་། གཅན་གཟན་མང་པོས་ལྷ་ཚོགས་ཀྱི་ཞབས་འོག་ན་དཀྲོལ་བདུང་འབུད་གསུམ་ལ་ཉན་ཡོད། ད་དུང་ཚིང་ཚིང་ནགས་ཀྱི་རྩྭ་རྩི་ལྗོན་པས་ཀྱང་རླུང་བུའི་འགྲོས་དང་བསྟུན་ནས་དགའ་བའི་ཞབས་བྲོ་འཁྲབ་བཞིན་མཆིས།
       སྒོ་ཆེན་ལེགས་པར་གྲུབ། སྒོ་འབྱེད་པའི་ཉིན་མོར་རྒྱལ་པོ་སྐུ་དངོས་སུ་ཕེབས་ནས་མེ་ཏོག་གི་ཕྲེང་བ་ཞིག་སྒོ་ཆེན་གྱི་དཀྱིལ་ལ་བཀལ། རྒྱལ་འབངས་ཐམས་ཅད་བཀྲ་ཤིས་རྟེན་འབྲེལ་ཞུ་རུ་འོངས་ཤིང་། ཀུན་གྱིས་གླེན་ཕྲུག་ལ་དགའ་འབོད་བྱེད། གླེན་ཕྲུག་གནམ་ལ་བཀྱགས། གླེན་ཕྲུག་ལ་བསྟོད་པའི་མེ་ཏོག་གཏོར།
       སྒོ་ཆེན་བརྒྱུད་ནས་འགྲོ་འོང་ཅོག་གིས་མཛུབ་མོས་ཡང་ཡང་བསྟན་ནས། འདི་ནི་གླེན་ཕྲུག་གི་གྲུབ་འབྲས་ཡིན་ནོ་ཞེས་བཤད་དོ། །

མཆན།
ཆད་པ་བཅད་པའི་ལས།
འབྲེལ་ཡོད་འོས་སྦྱོར།