logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་གཉིས་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-28 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

གསུམ་པ།
       རྨི་ལམ་ཐེངས་གཅིག་གིས་སད་དུས། ང་དང་སྒྲོལ་མ་བར་སྔོན་ལྟར་དོན་དག་ཅི་ཡང་མ་བྱུང་བ་འདྲ། ཉིན་བཞིན་ལས་ཚོགས་གྲོལ་རྗེས་མོས་མོ་རང་གི་དོན་དག་བསྒྲུབས་ལ། ངས་སྔར་བཞིན་རང་གི་བྲི་བྱ་བྲིས་པ་ཡིན། དགོང་མོ་དེར། ངས་ཤོག་ལྷེ་བཅུ་གཉིས་བྲིས་རྗེས་ངལ་གསོ་གྲབས་བྱེད་དུས་དུས་ཚོད་ནམ་གུང་གི་གཅིག་ལྷག་ཏུ་སླེབས་འདུག ངས་གཉིད་ནས་སྔུར་བ་འཐེན་བཞིན་ཡོད་པའི་སྒྲོལ་མ་གཉིད་ལས་སློང་ཨེ་སྲིད་སྙམ་སྟེ་གློག་མ་བཀར་བར་ཐད་ཀར་སྒེའུ་ཁུང་བརྟོལ་ནས་འོངས་པའི་མོག་འོད་ལ་བརྟེན་ནས་ལག་མྱང་གིས་མལ་ཁྲིའི་སྟེང་འགོས་མོད་ཀྱང་། སྟབས་མ་ལེགས་པར་མོའི་རྐང་བའི་སྟེང་སྤོས་པས་མོས་ན་ཟུག་གིས་དེ་མུར་རྐང་བ་བསྐུམས་པ་དང་ཆབས་ཅིག་ལུའུ་རྐུན། ཁྱོད་རང་ཉིད་གཉིད་མི་འདོད་ན་དེ་ཆོག་གི ད་དུང་གཞན་གཉིད་དུ་མི་འཇུག་དོན་ཅི་ཡིན་ཟེར་བར། ངས་མྱུར་དུ། ཐུགས་བརྒྱལ་མ་བཞེངས། ཐུགས་བརྒྱལ་མ་བཞེངས། ངས་བསམ་གཟས་ནས་བྱས་པ་ནི་མིན་ཞེས་ཅི་ལྟར་འགྲེལ་ཡང་སྒྲོལ་མས་གཏན་ནས་ཀུ་ཡངས་སུ་མི་གཏོང་། ངས་ངོ་དགའ་བྱེད་བཞིན་མོའི་གན་གྱི་མལ་ཐུལ་ལྷག་མ་དེ་དྲུད་དེ་གོན་ནས་མལ་བར་བརྩམས་དུས་མོས་ང་ལ་རྡོག་ཐོས་ཅིག་གཞུས་ནས་མལ་ཁྲི་ལས་སར་འཕངས། ངས་མོ་དང་འཁོན་འཛིངས་བྱེད་མི་འདོད་པས་གཅིག་པུ་དཔེ་ཁང་གི་མལ་ཁྲི་ཆུང་བའི་སྟེང་སོང་ནས་ཉལ་བ་ཡིན།
       ཉིན་གཉིས་པའི་ཞོགས་པར་མལ་ལས་ལྡང་དུས་ང་ད་དུང་ཁོང་ཁྲོ་མ་དྭངས། ཡིན་ནའང་། སྒྲོལ་མར་དོན་གང་ཡང་མ་བྱུང་བའི་རྣམ་པ་མངོན་འདུག མོས་ཇི་ལྟར་དེ་ལྟར་བྱས་ན་ངའི་སེམས་པར་མོས་དེ་ལྟར་ངའི་མ་ཉེས་ཁ་གཡོག་ལ་སྣང་དོགས་ཅི་ཡང་བྱེད་ཀྱིན་མེད་པ་འདྲ་བས་ངས་སྙན་པོ་མིན་པའི་སྐད་ཀྱིས། ཁྱོད་ཀྱིས་གནས་ལུགས་རྟོགས་ཀྱང་ཀུ་ཡངས་མེད་པ་དེ་ཅི་ཡིན་ཞེས་པར། མོས། ང་བར་སྐབས་དེར་གཉིད་ཆེས་ཞིམ་དུས་རེད། ཁྱོད་ངའི་རྐང་བའི་སྟེང་སྤོས་པས་ངས་ན་ཟུག་བསྲན་དཀའ་སོང་། ན་བ་ཙམ་ཅི་སྐྱོན་ཡང་། ཡིན་ནའང་རྐྱེན་དེས་ང་ཞག་གང་བོར་གཉིད་མ་ཐུབ་ཅེས་ཟེར།
       ངས་མདང་དགོང་རང་ཉིད་ནོར་བ་ཤེས་ལ། དོན་དངོས་སུ་དཀའ་ལས་ལ་གཏད་པ་སྒྲོལ་མ་ཡིན་པ་རྟོགས་མོད་ཀྱང་། ཡང་རང་ཉིད་ཉམ་ཆུང་བྱེད་མི་འདོད་པས་སྐད་ཆ་དང་གནས་ལུགས་འཕྲོག་ནས་ཁྱོད་ཞག་གང་བོར་གཉིད་མ་ཐུབ་པ་ནི་རྗེས་མའི་དོན་རེད། ཡིན་ཡང་སྐབས་དེར་ང་མལ་ཁྲི་སྟེང་འགོས་སུ་མི་འཇུག་དོན་ཅི་ཡིན་ཞེས་བརྗོད།
       སྒྲོལ་མས་ང་འདི་ལྟར་ཡོད་པ་མཐོང་བས་ངའི་ཕྲག་པར་རྡེབ་བཞིན་འཛུམ་དམུལ་དམུལ་གྱིས། ཆོག་གི། ཆོག་གི། ད་སྤོ་མ་ལངས། རྗེས་སུ་ཁྱོད་ཀྱིས་ངའི་རྒྱུན་ལྡན་གྱི་ངལ་གསོ་ལ་བར་ཆད་མ་བྱས་ན་དོན་གཞན་ཚང་མ་ཁྱོད་ཀྱིས་རང་དགར་ལྟར་བྱོས་ཞེས་ཟེར།
       སྒྲོལ་མས་དེ་ལྟར་བཤད་པས་ངའི་སེམས་ལྷོད་མ་བབས་ཤིང་མདང་མོས་ང་ལ་བསྐྱེད་པའི་སེམས་ནད་མཐའ་དག་ཞི་བར་གྱུར། ངའི་ཆུང་མ་ནི་འདི་འདྲ་ཞིག་སྟེ། དོན་གྱིས་ཁོ་བོས་གནས་ལུགས་རྟོགས་ཀྱང་ཀུ་ཡངས་མེད་ཅེས་བརྗོད་པ་དེ་འདྲ་ཞིག་གཏན་ནས་མིན། གང་ལྟར་འདས་སོང་བའི་དོན་དག་ལ་མི་དགའ་བའི་སྣང་བ་ཅི་ཡང་མེད།
       ཉིན་གཉིས་པའི་ཞོགས་པར་ནམ་གསལ་མ་ཐག གཡང་སྐྱིད་མལ་ལས་ལྡང་ཞིང་ཚེ་ལོའི་རོགས་རམ་འོག་ཏུ་འོ་ཇ་ཞིམ་པོ་ཟངས་པ་གང་བསྐོལ་ཅིང་། སྒུག་ནས་ན་རྒས་ཨ་མྱེས་དང་ཨ་ཕ། ཨ་མ་སོགས་མལ་ལས་བཞེངས་རྗེས་ཚང་མ་ཅོག་ཙེ་བཞག་ཡོད་པའི་ཚ་ཐབ་སྟེང་དྲངས་ཤིང་དཀར་ཡོལ་འབྲུག་མའི་ནང་དུ་ཁ་སར་དམར་པོ་གསུམ་རེ་འཕངས་རྗེས་འོ་ཇ་བླུགས་ཤིང་སྐེད་པ་སྒུར་ནས་དཀར་ཡོལ་ཐོག་མ་ཨ་མྱེས་དང་། གཉིས་པ་ཨ་ཕ། གསུམ་པ་ཨ་མ་བཅས་རང་ཉིད་ཚ་བོའི་ཆུང་མ་ཡིན་པའི་ཚུལ་གྱིས་ཁོང་ཚོའི་མིང་ནས་བརྗོད་ཅིང་རིམ་པར་ཕུལ། རྒན་པ་དག་ནི་བསམ་ཤེས་གུས་ལུགས་ཅན་ཡིན་པས། ཐོག་མར་ཡིད་དུ་སློབ་གྲྭའི་དཔེ་ཆ་བ་བུ་མོ་ཞིག་གིས་གུས་སྲོལ་ཤེས་སམ་སྙམ་པ་མ་ཟད། ད་དུང་སྐྲག་བཞིན་པ་ནི་སྔོན་ཚ་མོའི་སར་བཞག་པའི་མོས་ཁ་སང་གི་གནམ་སར་ཕྱག་འབུལ་ཆོ་གའི་སྟེང་དུ་ང་ཚོའི་འབོད་སྟངས་བརྗེས་མོད་ཀྱང་། སླད་ཆད་རྒྱུན་འཁྱོངས་བྱེད་ཐུབ་ངེས་སམ་ཞེས་འདོད་པ་དེ་ལགས་ཀྱང་། ད་ལྟ་མཐོང་བའི་གནས་ཚུལ་ནི་འདི་འདྲ་ཡིན་པས་དགའ་སྟེ་ཁ་ཡང་ཟུམ་མི་ཐུབ་པར་གྱུར།
       གཡང་སྐྱིད་ཀྱིས་རྒན་པ་དག་ལ་འོ་ཇ་དྲངས་ཤིང་བཞེས་གསོལ་ཞུས་རྗེས་སྐེད་སྒུར་ཕྱིར་ནུར་གྱིས་སྒོར་སོང་།
       ཨ་མྱེས་ཀྱིས་གཡང་སྐྱིད་ཀྱི་གྲིབ་གཟུགས་རྗེས་སུ་ལྟ་བཞིན་ཚེ་ལོར། ཇི་འདྲའི་བཟང་བའི་བུ་མོ་ཞིག་རེད་ཨང་། མོ་ངེད་ཚང་ལ་ཡོང་བ་ནི་ཁྱོད་ཀྱི་བདེ་སྐྱིད་ཡིན་ལ། ངེད་ཚོའི་བདེ་སྐྱིད་ཀྱང་རེད། ཁྱོད་ཀྱིས་རང་གི་ཚེ་གང་བོར་མོ་སྡུག་ལ་སྦྱོར་མི་རུང་ཡ་ཞེས་སྨྲས་པར།
       ཚེ་ལོས་དགའ་སྤྲོ་ཆེན་པོས། དེ་ལྟར་བྱ་ཁོ་ཐག་ཡིན་ལགས་ཞེས་ལན་བཏབ།
       ཅུང་མ་འགོར་བར་ཡང་ཨ་ཞང་ཚང་མཉམ་དུ་འདུས་བྱུང་། འདུས་ཏེ་གཉེན་ཚང་གི་ཁྱིམ་སོ་སོར་རེས་མོས་ལྟར་མགྲོན་ཏུ་ཕེབས།
       ཉིན་གསུམ་ནི་ཨ་ཞང་ཚང་སྐྱེལ་མ་བྱེད་པའི་ཉིན་ཡིན་ལ། མནའ་མ་ཐེངས་དང་པོར་རང་ཡུལ་དུ་ལོག་པའི་ཉིན་ཡིན། མགྲོན་པོ་ཚོ་ལམ་དུ་མ་ཆས་གོང་གཉེན་ཚང་གཙོ་བོ་ཚང་གིས་ཁོང་ཚོར་ཆེས་མཐའ་མའི་རྟ་ཐོག་ཏུ་ཕེབས་པའི་ཟ་མ་གྲ་སྒྲིག་བྱས། ཟས་བཞེས་རྗེས་མགྲོན་པོ་ཚོས་སོ་སོས་རྟ་ཐོག་ཏུ་ཕེབས་པའི་ཆང་ཕོར་པ་གསུམ་རེ་བཞེས་ཤིང་སྟོན་མོའི་སྐབས་ཞང་མགྲོན་དུ་བཅོས་པའི་དངོས་པོ་རྣམས་བསྡུས་ཏེ་མག་པ་དང་མནའ་མ་གཉིས་དང་མཉམ་དུ་ལམ་དུ་ཆས།
       ཚེ་ལོ་མག་པར་གྱུར་རྗེས་ཐེངས་དང་པོར་གཡང་སྐྱིད་ཚང་ལ་ཨ་ཞང་དང་ཨ་ནེར་ལྟ་རུ་སོང་། ཁྱིམ་དུ་འབྱོར་རྗེས་གཡང་སྐྱིད་ཀྱིས་དབལ་རས་བླངས་ཤིང་གཉེན་རྟགས་མཚོན་པའི་སྐྲ་ལུང་གི་བརྒྱན་ཆ་བཏགས་ཏེ་ཚེ་ལོ་དང་མཉམ་དུ་ཨ་མར་ཕྱག་ཕུལ་འཚམས་འདྲི་ཞུས་པ་མ་ཟད། ད་དུང་དངོས་སུ་སྒྱུག་པོ་དང་སྒྱུག་མོར་ཨ་ཕ་དང་ཨ་མ་ཞེས་བོས། གུས་ཕྱག་འཚམས་འདྲི་ཚར་རྗེས། ཨ་ནེས་གཡང་སྐྱིད་ཀྱིས་གཉེན་སྟོན་སྟེང་དུ་ཁ་བརྗེས་མིན་དྲིས་པ་སྟེ། རྒྱུ་མཚན་ནི་མོ་ཡང་དོན་འདིར་སེམས་ཚེགས་བྱེད་བཞིན་པའི་རྐྱེན་ཡིན། དེར་ཚེ་ལོས་མྱུར་དུ། ཨ་མ། ཁ་བརྗེས་ཟིན། ད་དུང་བོས་པའི་སྐད་མཐོ་ཞིང་འཇམ་ཞེས་པར། གཡང་སྐྱིད་ཀྱིས་ཤེས་བཞིན་དུ། ཨ་མ་ལགས། ང་ནི་ཁོ་ཚོའི་ཚ་མོ་ཡིན་པས་བསད་དང་ནའང་ཁ་བརྗེས་མི་ཐུབ་ཟེར། ཨ་ནེས་བུ་མོས་བསྒྲུབས་པ་ལེགས་པ་ཤེས་པས་དགའ་སྤྲོ་ཆེན་པོས་གཡང་སྐྱིད་ཀྱི་ཕྲག་པར་རེག་བཞིན་ཐོད་པར་འོ་འགའ་བྱས།
       གུས་འབུལ་རྫོགས་རྗེས། ཚེ་ལོ་དང་གཡང་སྐྱིད་གཉིས་གཉེན་ཉེ་དག་གི་ཁྱིམ་དུ་མགྲོན་དུ་ཕེབས། གཉེན་ཉེ་དག་གིས་མག་པ་དང་མནའ་མར་འགྲུལ་བསུ་བྱས་རྗེས་ཡང་ཁོ་ཚོས་བཀོལ་མྱོང་བའི་དཀར་ཡོལ་ནང་དུ་སྒོར་གསུམ་མམ་ལྔ་སོགས་བཞག་སྟེ་མག་པ་དང་བག་མར་ལེགས་སྐྱེས་སུ་གནང་སྟེ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་མཚོན་པར་བྱས། དེ་ལྟར་གཡང་སྐྱིད་ཀྱི་མ་ཡུམ་ཁྱིམ་གཞིས་ནས་ཕྱིར་སླེབས་རྗེས་ཁོ་གཉིས་ཀྱིས་ད་གཟོད་བཟའ་ཟླའི་འཚོ་བ་རོལ།
       མཚན་མོ་དེར། ཚེ་ལོས་གཡང་སྐྱིད་ལ་ཁྱོད་ཀྱིས་ཇི་ལྟར་ཁ་བརྗེས་པ་ཡིན་ནམ་ཞེས་དྲིས་པར། གཡང་སྐྱིད་ཀྱིས། སྐབས་དེའི་ངང་ཚུལ་ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར་རེད། ཚང་མས་གལ་ཏེ་ཁ་མི་བརྗེས་ན་ཆོ་ག་སྤེལ་ཐབས་མི་འདུག་ཅེས་འུར་པ་ལྟར་རེད། ཡང་ཅིག་བཤད་ན། ངའི་སེམས་ནས་ཀྱང་སྔོན་ནས་གྲ་སྒྲིག་ཡོད། གལ་ཏེ་དུས་ལྟར་ཁ་མ་བརྗེས་ན་མི་ཚང་མས་ངེད་གཉིས་ནི་ཕུ་ནུའི་འབྲེལ་བ་ཡིན་སྙམ་སྲིད་ཅེས་ཟེར།
བཞི་པ།
       གཟའ་སྤེན་པའི་ཉིན་ཞིག་ལ། ངས་སྒོ་གཏན་ནས་ཕྱི་རུ་ཆས་དུས་སྒྲོལ་མས་ཞིང་ཆེན་གྲོང་ཁྱེར་གྱི་ནུབ་ཕྱོགས་ས་ཁུལ་དུ་ཁང་བ་གསར་བ་བསྐྲུན་བཞིན་ཡོད་ལ་ཚོང་བཞིན་པའི་སྒང་རེད། ཁོ་ཚོའི་ལས་ཁུངས་ཀྱི་མི་མང་བོས་དེར་སོང་ནས་མིང་ཐོ་འགོད་པ་དང་ཁང་པར་ལྟ་བཞིན་འདུག་པས་ང་ཡང་འགྲོ་དགོས་པ་མིན་ནམ་ཟེར་བར། ངས། ཁྱོད་ཀྱིས་བྱེ་བྲག་གི་རིན་གོང་ཨེ་ཤེས། གལ་ཏེ་གོང་མཐོ་ན་ང་ཚོས་ཉོ་ཐུབ་པ་མ་རེད་ཅེས་པར། མོས། རིན་གོང་ནི་ཐོག་ཁང་གི་རིམ་པ་དང་གནས་ཡུལ། འཁོར་ཕྱོགས་དང་རྒྱ་ཁྱོན་ཆེ་ཆུང་གིས་ཐག་གཅོད་བྱེད་བཞིན་ཡོད་དེ། སྨིད་གྲུ་བཞི་བརྒྱད་ཅུ་ཅན་དང་། བརྒྱ་དང་བཅུ་གཅིག་ཅན། བརྒྱ་དང་སུམ་ཅུ་ཅན་བཅས་ཆེ་ཆུང་མི་གཅིག འགོ་རྩོམ་པའི་གོང་ནི་རྨི་གྲུ་བཞི་རེའི་རིན་གོང་སྒོར་སུམ་སྟོང་ཆིག་བརྒྱ་རེད། ཆེས་དཀའ་བར་སྒོར་བཞི་སྟོང་ལྷག་རེད་ཅེས་པར།
       ངའི་ཡིད་དུ་ཁང་བ་འདིའི་མགོ་རྩོམ་པའི་རིན་གོང་མི་མཐོ་ལ། རིན་གོང་གི་མཆེད་ཚད་ཅུང་ཆེ། གདམས་གསེས་ཀྱི་གོ་སྐབས་ཅུང་མང་སྙམ་སྟེ་མ་རྩོམ་བཞག་ཅིང་སྒོར་འགའ་ཁྱེར་ཏེ་སྒྲོལ་མ་དང་མཉམ་དུ་ལམ་དུ་ཆས།
       དོན་གྱིས་ཁོ་བོས་ཀྱང་སྔར་ནས་ཞིང་ཆེན་གྲོང་ཁྱེར་དུ་ཁང་བ་ཞིག་ཉོ་རྩིས་ཡོད།
       ཁོ་བོ་ད་ལོ་ལོ་བཞི་བཅུ་ལྷག་ལ་སླེབས་ཟིན། བྱ་བ་ལས་པའི་ལོ་ཡང་ལོ་ཉི་ཤུ་ལྷག་ཡོད། གྲོང་གསེབ་ཏུ་དང་། རྫོང་མཁར་དུ། ཁུལ་རིམ་པར་བཅས་ལས་ཁུངས་ཀྱི་བརྗེས་སྤོར་དང་བསྟུན་ནས་ཁང་བ་ཡང་མི་ཉུང་བ་ཞིག་བརྗེས་ཟིན། སྔོན་ཆད་ཀྱི་གཞུང་གི་ཁང་བ་བཅོས་བསྒྱུར་བྱས་པའི་རྗེས་ནས་ད་ལྟ་ཡི་སྒེར་དབང་རྒྱུ་ནོར་དུ་གྱུར་བ་མ་ཟད་བར་སྟོང་ཡང་ཆེ་ཞིང་སྐྱིད། གནས་ལུགས་ལྟར་བརྗོད་ན་བདག་མིག་སྔར་གྱི་འཚོ་བའི་ཁོར་ཡུག་ལ་གོམས་ལོབས་སུ་གྱུར་མོད། ཡིན་ནའང་། ཆུ་ནི་དམའ་སར་འབབ་པ་དང་། མི་ནི་མཐོ་སར་སྙེག་ཟེར་བ་བཞིན་བལྟས་བལྟས་རིག་རིག་ལ་གཞན་དག་ཚང་མར་ཞིང་ཆེན་གྲོང་ཁྱེར་དུ་ཁང་བ་ཡོད་པ་ནས་བཟུང་། ང་དང་སྒྲོལ་མའང་འཚུབ་ཆ་ཅུང་ཆེ། གང་ལྟར་ཀྱང་ཞིང་ཆེན་གྲོང་ཁྱེར་གྱི་ཕྱོགས་ཐད་ནས་ཁུལ་དང་བསྡུར་ན་ལྡབ་འགྱུར་གྱིས་བཟང་སྟེ། མ་འོངས་པའི་ལོག་སར་གཏན་འཁེལ་བྱས་ཆོག ཡང་ཅིག་བཤད་ན་ང་ཚོའི་གནས་འདི་མཚོ་ངོས་ལས་ཅུང་མཐོ་བས་ང་ཡི་ལོ་བརྒྱད་ཅུར་སླེབས་ལ་ཉེ་བའི་ཨ་ཞང་དང་ཨ་ནེ་སུ་ཡང་འདུག་མི་བཟོད། གལ་ཏེ་ང་ལ་ཞིང་ཆེན་གྲོང་ཁྱེར་དུ་ཁང་བ་ཞིག་ཡོད་ཚེ་ཁོམ་སྐབས་སུ་ཁོང་གཉིས་བོས་ཏེ་སྐྱིད་རེ་བརྒྱག་ཏུ་བཅུག་ཀྱང་ཆོག་པས་དེ་ནི་ཤིན་ཏུ་ལེགས་པའི་དོན་བཟང་ཞིག་རེད།
       ང་ཚོ་ཁང་སྐྲུན་གནས་གཞི་རུ་སླེབས་བྱུང་། ནུབ་ནས་ལྷོ་རུ་གཤགས་པའི་ཡུར་ལམ་ཞིག་གི་འགྲམ་དུ་ལས་བཟོ་མི་སྣས་མྱུར་དུ་གྲུབ་ལ་ཉེ་བའི་ཐོག་ཁང་ཞིག་གི་སྟེང་དུ་ཁང་བའི་ཕྱི་ཡི་ཨར་བཟོ་ལས་བཞིན་འདུག སྟབས་བདེར་ཕུབ་པའི་ཁང་བ་ཚོང་ཁང་གི་སྔོན་དུ༼金海湾 གསེར་ཆུ་ཁུགས་གཞིས་ཀཞེས་མིང་འཛིན་བྱང་བུ་བཀལ་འདུག ནང་གི་ལས་བཟོ་མི་སྣ་དག་བྱ་བར་བྲེལ་བའི་སྒང་རེད། ང་དང་སྒྲོལ་མས་ཐོག་མར་ཐོག་ཁང་ཇུས་བཀོད་དཔེ་རིས་སྤྱི་ལ་བལྟས་པ་དང་། དེ་ནས་ཞིབ་ཕྲ་ཡིས་རིན་གོང་ངེས་ཟིན་བྱས་པ་ཡིན། ཡུར་ཆུའི་ངོགས་ཀྱི་ཐོག་ཁང་ཞིག་གི་འཁོར་ཕྱོགས་དེ་འདྲ་མི་འོས་ཀྱང་རིན་གོང་བདེ་བ་མ་ཟད། མིག་སྔར་ཞིག་རལ་དུ་ཡོད་པའི་ཡུར་ལམ་དེའང་གནས་འདིའི་མ་འོངས་པའི་མཛེས་ལྗོངས་སུ་འགྱུར་བར་གདོན་མི་ཟ་སྙམ་བཞིན་མགོ་རྨོག་གྱོན་ཞིང་ལས་བཟོ་མི་སྣ་དང་མཉམ་དུ་ཐོག་ཁང་དེའི་རིམ་པ་སོ་སོར་ལྟ་རྟོག་ཏུ་སོང་ཞིང་། ཁང་བའི་སྤྱིའི་རྣམ་པ་དང་། རིན་གོང་སོགས་རྐྱེན་གང་མང་ཞིག་གིས་མཐར་ཐོག་ཁང་རིམ་པ་གསུམ་པར་སྨིད་གྲུ་བཞི་མ110ཅན་ཞིག་ཉོ་བར་གཏན་འཁེལ་བྱས།
       ཁང་བ་གཏན་འཁེལ་བྱས་བྱུང་། ཡིན་ནའང་མ་རྩ་ནི་གནད་དོན་དུ་གྱུར་སོང་། ང་ཚོའི་ཐོག་མའི་འཆར་གཞི་ཡིན་ན་ལོ་མང་རིང་གསོགས་པའི་སྒོར་མོ་ཚང་མའི་སྟེང་ངེད་གཉིས་ཀྱི་ཕལ་ཆེར་སྒོར་ཁྲི་ཉི་ཤུ་ལྷག་ཡོད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་བཞག་ན་ཐད་ཀར་སྒོར་ཚང་མ་རྩིས་ཆོག་པར་བྱས་ཡོད་མོད། ཡིན་ནའང་ང་ཚོ་སྡོད་ཁང་སྤྱི་གསོག་མ་དངུལ་ཁང་དུ་སྒོར་མོ་ལེན་དུ་སོང་དུས་འགན་འཁུར་བས་མ་དངུལ་ཡོད་ཚད་སྔོན་ལ་ཁང་བ་ཉོས་པའི་ལས་བཟོ་བ་ཚོས་བསྐྱིས་ཚར་སོང་བས་སྐར་གཅིག་ཀྱང་མི་འདུག་ཟེར་བས། ང་ཡི་མུག་པར་གྱུར་ཀྱང་བྱ་ཐབས་བྲལ་བས་ཐོག་མའི་མ་དངུལ་བྱིན་ཅིང་ཆད་ལྷག་རྣམས་དངུལ་ཁང་དུ་བསྐྱིས་པ་ཡིན།
       ཟླ་འགའི་རྗེས་སུ་ལྡེ་མིག་ལག་ཏུ་འབྱོར་རྗེས་ང་ཚོས་ཡང་སྒོར་མོ་བསྐྱིས་ཏེ་སྟབས་བདེས་མཛེས་སྤྲོས་བྱས།
       ལོ་སར་ཚར་ལ་ཉེ། ཡིན་ནའང་གཉེན་སྒྲིག་གི་གནང་བའི་དུས་ཚོད་ད་དུང་མ་ལངས། ཚེ་ལོ་ད་དུང་ཉིན་འགའ་འདུག་ན་འདོད་མོད། ཡིན་ཀྱང་གཡང་སྐྱིད་ཀྱིས་ལས་ཚོགས་ལ་ཞུགས་ཞེས་སྨྲས། ཚེ་ལོས། ཁྱོད་ནི་བྱ་བར་ཇི་འདྲའི་བརྩོན་སེམས་ཆེ་ཨང་། གཉེན་སྒྲིག་གི་ཟླ་བ་སྐྱིད་པོའང་མི་རོལ་ཟེར་བར། གཡང་སྐྱིད་ཀྱིས། ང་བརྩོན་སེམས་ཆེ་བས་ནི་མིན། གཙོ་བོ་ད་ལྟ་དཔྱིད་མགོ་ཡིན་པས་ཕྱོགས་ཡོངས་སྐྱ་ཐེར་རེ་ཡོད་པས་ས་གང་ཞིག་ཏུ་རྩེད་སའང་མི་འདུག ཡང་ཅིག་བཤད་ན་ཡུལ་ནས་ཀྱང་དཔྱིད་ལས་ལ་བྲེལ་ངེས་པས་ངེད་གཉིས་བསྡད་ཀྱང་དོན་ཆེར་མེད། དེ་བས་ད་དུང་གཉེན་སྒྲིག་གི་གནང་བའི་ཉིན་འགའ་གསོག་ནས་ནམ་ཟླ་ལེགས་དུས་ཤིག་ལ་གནས་གང་ཞིག་ལ་འཆམ་དུ་སོང་ན་འོས་ཞེས་པར།
       ཚེ་ལོས་ཀྱང་ཞིབ་འདང་ཞིག་བརྒྱབ་རྗེས་བདེན་པར་གོ་བས། དུས་མཚུངས་སུ་ཁྱིམ་མིར་གནས་ཚུལ་གསལ་བཤད་ངང་གཡང་སྐྱིད་དང་མཉམ་དུ་སྔ་མོ་ནས་ལས་ཁུངས་སུ་སླེབས།
       ཚེ་ལོ་ནི་ཤང་གི་དྲུང་ཡིག་ཡིན། ལས་ཚོགས་སུ་ཞུགས་མ་ཐག་དོན་ཤིན་ཏུ་མང་བོ་སྒྲུབ་དགོས། དཔེར་ན་ལོ་ཡི་ཐོག་མའི་འཆར་གཞི་འབྲི་བ་དང་། འགོ་ཁྲིད་ལ་གོང་རིམ་གྱི་ཡིག་ཆ་ཞུ་འབུལ། གོང་རིམ་ལ་ཤང་གི་བྱ་བའི་འགུལ་བསྐྱོད། ལོ་སར་སྐབས་ཀྱི་སྤྱི་ཚོགས་བདེ་འཇགས་སོགས་ཡར་ཞུ་བྱེད་དགོས། ཉིན་དེར། བུ་མོ་ཞིག་གིས་རྫོང་ངལ་རྩོལ་མི་དོན་ཅུའུ་ཡི་ངོ་སྤྲོད་ཡི་གེ་བཟུང་སྟེ་ཤང་དུ་མིང་ཐོ་འགོད་དུ་སླེབས། བུ་མོའི་གཟུགས་ཕྲ་ཞིང་མཛེས་ཏེ། ལྷག་པར་དུ་སྣའི་གཟེངས་ཕྲ་བའི་གཡས་གཡོན་གྱི་ནག་པོ་ནང་སྔོན་པོ་འདྲེས་པའི་མིག་ཟུང་གིས་མིའི་ཡིད་དུ་མཚོ་ཆུ་ལྟ་བུའི་གཡུ་སྔོན་གྱི་མཛེས་པ་ཞིག་སྟེར། ངོ་སྤྲོད་ཡི་གེ་སྟེང་གསལ་བ་ལྟར་ན། མོའི་མིང་ལ་ཡོས་ལན་ཟེར་ལ། ཧྲང་ཧྭེ་མིང་གྲགས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་སློབ་ཆེན་ཞིག་ནས་མཐར་ཕྱིན་པ་ཡིན་འདུག་ལ། ཆེད་ལས་ནི་རོལ་དབྱངས་ཡིན་འདུག་པས་ཚེ་ལོའི་སེམས་སུ་སྒྱུ་རྩལ་སློབ་གླིང་གི་ཚད་མཐོའི་སློབ་མ་ཞིག་ཅིའི་ཕྱིར་ཤང་སྲིད་གཞུང་དུ་ལས་བགོས་བྱས་པ་ཡིན་ནམ། མོས་སློབ་པའི་ཆེད་ལས་ཀྱིས་ཤང་སྲིད་གཞུང་གི་སྲིད་དོན་གྱི་སྣེ་ཙམ་ཡང་མི་ཟིན་པས་ནོར་འཁྲུལ་འདྲ་བྱུང་བ་མིན་ནམ་ཞེས་ཡིད་གཉིས་སྐྱེས་སུ་བཅུག བུ་མོས་ཚེ་ལོའི་ཡིད་གཉིས་ཀྱི་རྣམ་འགྱུར་མཐོང་བས་དབུགས་རིང་ཞིག་ཕྱུངས་ཏེ། ཞིང་ཆེན་དང་ཁུལ་སྒྱུ་རྩལ་ལས་ཁུངས་ཀྱིས་ལས་མི་བྲེལ་ཕྲི་བྱེད་བཞིན་འདུག རྫོང་དུའང་སྒྱུ་རྩལ་ལས་ཁུངས་ཆ་ཚང་ཞིག་མི་འདུག ད་དུང་ཆོག་བྱུང་། དཀྱོགས་མཚམས་གང་མང་ཞིག་བརྒྱུད་རྗེས་ད་གཟོད་འཕྲོ་རིམ་འཕྲོར་ཤང་རིམ་པར་ལས་བགོས་བྱས་བྱུང་བས་ཟ་སྐལ་ཞིག་བྱུང་སོང་ཟེར།
       ཚེ་ལོ་ཡིས་ཡོས་ལན་ཁྲིད་དེ་ཤང་ཨུའི་ཧྲུའི་ཅི་འཕྲིན་ལས་ཀྱི་གཞུང་སྒྲུབ་ཁང་དུ་སོང་ཞིང་། གཞི་རྩའི་གནས་ཚུལ་ཡར་ཞུ་ཞུས། ཧྲུའི་ཅིས་ཡང་གནས་ཚུལ་མང་པོ་ཞིག་རྒྱུས་ལོན་བྱས་རྗེས་ཚེ་ལོར་ཡོས་ལན་བུད་མེད་ཚོགས་གཙོ་སར་ཁྲིད། སླད་མར་ཡོས་ལན་ཤང་སྲིད་གཞུང་གི་མི་སྣ་ཞིག་ཡིན་པའི་ཆ་ནས་བུད་མེད་ཚོགས་པའི་ལས་ཀ་སྒྲུབ་མགོ་བརྩམས།
       གཡང་སྐྱིད་ཀྱང་ལས་ཁུངས་སུ་སླེབས་མ་ཐག་བྱ་བར་བྲེལ་མགོ་བརྩམས། མོ་ལས་ལོ་གཉིས་ཀྱིས་ཆེ་བའི་མིང་ལ་ཀླུ་མོ་སྐྱིད་ཟེར་བའི་ལས་གྲོགས་ཤིག་ལ་བྱིས་པ་སྐྱེས་རན་པས་མོའི་ལས་འགན་དེ་འཕྲལ་མར་འཁུར་མཁན་མེད་ཀྱང་གཡང་སྐྱིད་ཀྱིས་འཁུར་རྗེས་མོ་སྨན་ཁང་དུ་བྱིས་པ་བཙའ་རུ་བུད་སོང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།