logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་གསུམ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-04 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ལྔ་བ།
       ཉིན་འདི་འགར། ཞིང་ཆེན་ཕྱིའི་ཚགས་པར་སྟེང་དུ་འཕྲིན་གསར་ཐུང་ཐུང་ཞིག་སྤེལ་འདུག་སྟེ། རང་ཁུལ་གྱི་མིང་ལ་འབྲུག་འབུམ་ཟེར་བའི་ན་གཞོན་ཞིག་གིས་ཁོ་ཚོའི་ས་ཆར་ཞོར་ལས་བྱེད་དུས་ཆུ་རུ་ལྷུང་བའི་སློབ་ཆུང་སློབ་མ་ཞིག་སྐྱབས་ཟེར་འདུག་ལ། པུའུ་ཡིས་དེ་ནི་རང་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་ཁྱབ་སྒྲོག་གི་ཡིག་ཆ་གལ་ཆེན་དུ་འདོད་དེ་ཁོ་བོ་དེ་ལ་བཅར་འདྲིར་སྐུལ། 
       དེ་ནི་ཤིན་ཏུ་མཐའ་འཁོབ་ཀྱི་རི་གྲོང་ཆུང་ཆུང་ཞིག་སྟེ་གཞུང་ལམ་གྱི་ཆ་རྐྱེན་ཤིན་ཏུ་ཞན། ངོས་མི་སྙོམས་ཤིང་འདམ་རྫབ་ཀྱིས་ཁེངས་འདུག་པའི་སྟེང་ཟམ་པ་དང་གཞུང་ལམ་སྐྲུན་བཞིན་པར་ཕྲད་པས། བསྐྱར་སྐྲུན་འཛུགས་སྐྲུན་མཚམས་སུ་སཱང་ཐ་ནའི་འཇེམ་འཁོར་དེ་རེ་འདུག་རེ་བསྐྱོད་བྱེད་དགོས་བྱུང་སྟེ། ལེ་དབར་བརྒྱ་ལྷག་
གི་བར་ཐག་དེར་དུས་ཚོད་བཞི་ཤ་སྟག་བསྐྱོད་དགོས་བྱུང་།
       འབྲུག་འབུམ་ཚང་གི་ཁྱམས་དཀྱིལ་དུ་དར་ལྕོག་ལྷབ་ལྷུབ་གཡོ་བའི་དར་ཤིང་རིང་བོ་ཞིག་བསླངས་ཡོད་ཅིང་།མ་ཉིད་སྔོན་ནས་འདས་འདུག ཕ་ནི་མཚམས་ལ་བསྡད་འདུག་པ་དང་། ཆུང་མ་ལུག་རྫིར་སོང་འདུག་ལ་ཤུལ་དུ་ད་དུང་བསམ་ཤེས་མེད་པའི་བུ་ཆུང་གཉིས་འདུག ཤིང་སས་གྲུབ་པའི་ཁང་བ་གྱན་འགའ་ལོ་མང་རིང་སླར་བསྐྲུན་མ་བྱས་པས་ཞིག་རལ་དུ་གྱུར་འདུག་པ་དང་། ཁ་ར་ཁར་བོང་བུ་ཞིག་བཏགས་འདུག་ལ། ཁྱམས་རར་ཁྱིམ་བྱ་འགའ་རྒྱུགས་བཞིན་པ། སྒོ་ཁྱམས་སུ་ཤིང་རྟ་འཁོར་ལོ་རྙིང་ཧྲིལ་ཞིག་བཞག་འདུག་པ་བཅས་ལས་ཁོ་ཚང་ནི་དབུལ་ཞིང་དད་ལྡན་ཅན་གྱི་ཁྱིམ་ཞིག་ཡིན་པ་དངོས་སུ་མཐོང་ཐུབ། འབྲུག་འབུམ་གྱིས་ང་ཚོ་ཚ་ཐབ་སྟེང་དྲངས་ཏེ་བཏུང་བཅའ་སྟབས་བདེ་ཞིག་བསྒྲིགས་རྗེས་ཁ་བརྡ་བྱེད་མགོ་བརྩམས།
       འབྲུག་འབུམ་གྱིས་མི་བསྐྱབས་པའི་བརྒྱུད་རིམ་ནི་འདི་ལྟ་སྟེ། འབྲུག་འབུམ་གྱིས་ལན་ཀྲུའུ་ཡི་སྒེར་གཉེར་ཁང་བ་མཛེས་སྤྲོས་ཀུང་ཟི་ཞིག་ཏུ་ལོ་གཅིག་རིང་ལས་གཡོག་བྱས། ཁོ་ཕ་ཡུལ་དུ་ལོག་ན་འདོད་མོད་ཀྱང་ཡང་ཁེ་བདག་མདུན་འཚོ་བའི་འགྲོ་སོང་ལས་གཞན་སྒོར་གཅིག་ཀྱང་ལེན་མ་ཐུབ། ཁེ་བདག་གིས་བསམ་གཟས་ནས་དེ་ལྟར་དུས་འགྱངས་བྱེད་པ་མིན་ན་ཡང་དེ་རུ་སྐུང་ཞིང་འདི་རུ་གཞའ་བས། ཏག་ཏག་ཉིན་དེར་ཁོས་ཁེ་བདག་གཞུང་སྒྲུབ་ཁང་དཀྱུས་མར་ལོག་ཡོད་པ་ཐོས་པས་ལྡེམ་རྩིབ་གྲི་ཆུང་ཞིག་ཕུ་ཐུང་ནང་སྦས་ཏེ། གལ་ཏེ་ཁོས་ད་དུང་གླ་ཕོགས་མི་སྟེར་ན་རང་སྲོག་གཅོད་རྒྱུའི་འཇིགས་སྐུལ་བྱེད་བསམ་མོད། ཡིན་ནའང་ལམ་བར་དུ་ཡུར་རྐའི་འགྲམ་ཞིག་ཏུ་བྱིས་པ་ཞིག་གིས་སྲོག་སྐྱོབས་རོགས་ཞེས་སྨྲེ་སྔགས་འདོན་བཞིན་པ་དང་། བྱིས་པ་གཞན་གཅིག་ཆུ་ནང་དུ་ལྷུང་ཞིང་སྐེ་དཀྲིས་དམར་བོ་ཁོ་ན་ཆུ་ཁར་གཡེང་ཡོད་པ་མཐོང་། འབྲུག་འབུམ་གྱིས་གནས་ཚུལ་འཚབ་ཆེན་ཡིན་པ་རྟོགས་པས་བསམ་དབང་དྲན་དབང་མེད་པར་ལྭ་བའང་མ་ཕུད་པར་ཆུ་ནང་དུ་མཆོངས། ཆུ་དེ་འདྲའི་གཏིང་ཟབ་པ་ཞིག་མིན་ཡང་འབྲུག་འབུམ་གྱིས་བྱིས་པ་དེ་ཇི་ལྟར་ཡར་བླངས་ཀྱང་ལེན་མ་ཐུབ། འབྲུག་འབུམ་གྱིས་ཆུའི་གཏིང་དུ་ལག་མྱོང་བྱས་ཚེ་མ་གཞིར་ལྭ་བ་སྡོང་རྩད་ཅིག་གམ་ལྕགས་སྐུད་གང་ཡིན་ཞིག་ལ་དཀྲིས་བརྒྱབ་སྟེ་བྱིས་པ་ཅི་ལྟར་ཀྱང་མཐར་དཀའ་བར་གྱུར། གློ་བུར་འབྲུག་འབུམ་གྱིས་ཐབས་ཤིག་རྙེད་པ་སྟེ་ལག་གི་གྲི་ཡིས་ལྭ་བ་དྲས་ཏེ་བྱིས་པ་སྐྱབས་པ་རེད། བྱིས་པ་ཆུ་ཁར་བླངས་ཏེ་ཅུང་ཙམ་ངལ་གསོས་རྗེས་བྱིས་པ་གཞན་པ་དེས་ཁྲིད་དེ་བུད་སོང་། ཡིན་ནའང་འབྲུག་འབུམ་གྱི་ལུས་ཡོངས་ཆུས་བརླན་ཞིང་ལྭ་བ་སྐམ་སྟེ་ཁེ་བདག་འཚོལ་དུ་སོང་དུས་ཁེ་བདག་གིས་གནས་ཚུལ་རྟོགས་ནས་བྲོས་སོང་འདུག འབྲུག་འབུམ་གྱིས་གླ་ཕོགས་ལེན་མི་ཐུབ་པ་རྟོགས་པས་ལག་སྟོང་དུ་ཕ་ཡུལ་དུ་ལོག སྲོག་སྐྱབས་པའི་བྱིས་པའི་ཁྱིམ་མི་དང་སློབ་གྲྭས་བྱིས་པར་དོན་རྐྱེན་བྱུང་སྟེ་མི་ཞིག་གིས་སྐྱབས་པའི་བརྒྱུད་རིམ་ཤེས་རྗེས། ཐབས་བརྒྱ་ཇུས་སྟོང་གིས་འབྲུག་འབུམ་ཡིན་པ་ཤེས་ཤིང་། ལག་ཏུ་ཁ་བཏགས་དང་སྒོར་འགའ་བཟུང་སྟེ་ཁོ་ཚང་ལ་དྲིན་ལན་ཞུས་ཕྱིར་བསླེབས་ཀྱང་། འབྲུག་འབུམ་གྱིས་ཁ་བཏགས་ལས་སྒོར་ཅི་ཡང་མ་བླངས་ཏེ། སེམས་སུ་འདི་ནི་མི་རང་ཁིས་གང་གིས་ཀྱང་བསྒྲུབས་འོས་པའི་བྱ་བ་ཞིག་རེད་དེ། སོ་སོའི་སྐྱེས་ཐོབ་ཀྱི་ནུས་པ་ལས་གཞན་གང་ཡང་མིན་སྙམ་པས། སྡེ་དམངས་ཀྱིས་འབྲུག་འབུམ་ལ་བཟུང་བའི་རྣམ་འགྱུར་ཡང་ཤིན་ཏུ་ལེགས། འབྲུག་འབུམ་གྱི་སྙིང་སྟོབས་ཀྱིས་ང་ལ་སེམས་འགུལ་ཟབ་མོ་ཐེབས། འབྲུག་འབུམ་གྱི་བབ་ཆགས་པའི་སྐད་ཆ་བརྒྱུད་པ་དང་། སྡེ་མིའི་ཁྲོད་རྒྱུས་ལོན་བྱས་པའི་གནས་ཚུལ་འོག་ཏུ་ངས་ཞིང་གྲོང་གི་ན་གཞོན་ཕལ་བ་ཞིག་གི་གཞུང་དྲང་བྱམས་ལྡན་གྱི་ཁྱད་དུ་འཕགས་པའི་ཀུན་སྤྱོད་མཐོང་བྱུང་། ངས་ཁོས་གླ་ཕོགས་སློང་སྟངས་ཀྱི་ཐབས་ལམ་ལ་བསྔགས་བརྗོད་བྱེད་མི་འདོད་ཀྱང་། ཁོ་ལ་འབབ་འོས་པའི་གླ་ཕོགས་ཀྱང་མི་འཐོབ་པར་སྐྱོ་བ་སྐྱེས། ངས་འབད་བརྩོན་གྱིས་ཁོའི་གཤིས་བཟང་དེ་ཁྱབ་སྒྲོག་བྱེད་རྒྱུ་དང་ཆབས་ཅིག ཁེ་བདག་གནག་སེམས་ཅན་དེ་འཚོལ་རོགས་བྱས་ཏེ་ཁྲིམས་ལུགས་ཀྱི་ལམ་ལུགས་སྟེང་ནས་ཁོར་འབབ་འོས་པའི་གླ་ཕོགས་ལེན་པའི་སེམས་པ་མཚོན་པར་བྱས།
       ནམ་མཁའ་རིམ་བཞིན་གནག་པར་གྱུར་ཞིང་ཡང་ཆར་བ་ཆེན་པོ་བབས་བྱུང་བས་ལམ་དེ་བས་མི་བཟང་བ་རྟོགས་པས་ཁ་ལོ་བར་དཀའ་ཁག་བྱིན་སོང་། འབྲུག་འབུམ་གྱིས་བློ་དཀར་སེམས་དཀར་གྱིས་ང་ཚོ་བཀག་འགོག་བྱས་པས་ངའང་ཞག་འདུག་བྱེད་པར་གྲ་སྒྲིག་བྱས། སྐབས་དེར་སྡེ་བའི་ལས་བྱེད་མི་སྣ་མཁའ་ལེས་ང་ཚོ་ཡོང་དོན་ཤེས་པས་ཡོང་སྟེ་ངའི་ལག་པར་འཇུས་ཏེ་ཁོ་ཚང་ལ་མགྲོན་དུ་ཕེབས་པར་ནན་སྐུལ་བྱས་ཤིང་། ཁོས་ད་དུང་འབྲུག་འབུམ་གྱི་སྔོན་ཐོན་གྱི་དོན་མང་བོ་ཤེས་ཟེར་བས། ངས་ཀྱང་དོན་ལ་ལ་ཞིག་ངེས་པར་སྡེ་བའི་ལས་བྱེད་མི་སྣ་དང་འབྲེལ་འདྲིས་བྱ་དགོས་པར་དཔོག་སྟེ་ཁོ་ཚང་ནས་ཞག་འདུག་བྱེད་རྒྱུ་ཐག་བཅད།
       ང་དང་ཁ་ལོ་བས་སྡེ་བའི་ཚོང་ཁང་ཆུང་ཆུང་ཞིག་ནས་འོ་མ་ཤོག་སྒམ་དོ་དང་ཀ་ར་ཤིང་ཏོག་ཙམ་ཉོས་ཏེ་མཁའ་ལེ་ཚང་གིས་སྣེ་ལེན་བྱས་པའི་དྲིན་གཟོ་རུ་ཁྱེར། མཁའ་ལེས་ངེད་ཚོའི་སྟེང་སྤྲོ་སེམས་རབ་ཏུ་བརྟས། ཁོས་ང་ཚོར་ཆང་འདྲེན་པ་དང་ཡང་སྐམ་ཤ་གསར་བ་བཙོས་མ་སྡེར་གཞོང་ཆེན་པོ་གང་ཁྱེར་ཡོང་སྟེ་ཅོག་ཙེ་སྟེང་བསྒྲིགས་ནས་ཁོ་ཚང་གིས་དེ་རིང་སོ་མ་བླངས་པའི་སྐམ་ཤ་ཡིན་ཟེར། མཚན་དེར་ངས་ཆང་འཐུང་མི་འདོད། རྒྱུ་མཚན་ནི་ང་དང་མཁའ་ལེ་གཉིས་ཀྱིས་ཐེངས་དང་བོར་ངོ་ཤེས་པ་ཡིན་པས་ངས་ཁོར་འགྲོ་སོང་གི་སྡུག་མང་བོ་བཀལ་མི་འདོད། གཞན་ཡང་ངས་བྱ་བའི་ལས་ཐོག་གི་འགན་འཁུར་སྐབས་ལགས་ན་གལ་ཏེ་ཆང་འཐུང་བ་མང་ན་དོན་ལོག་པར་འཛིན་ཡང་སྲིད། ཡིན་ནའང་ངས་ཇི་ལྟར་རྫི་བྱས་ན་མཁའ་ལེས་དེ་ལྟར་ང་ནི་མཁར་གྲོང་གི་ལས་བྱེད་པ་ཆེན་མོ་སྟེ། མགོ་འཕང་མཐོ་ཞིང་འབྲེལ་འདྲིས་བྱེད་དཀའ་བ་ཞིག་ཏུ་འདོད་པར་དོགས་པས་མཐར་འུ་ཐུག་ཐབས་ཟད་ཀྱིས་སྦུ་རག་དམ་བེ་འགའ་སློང་། ཡིན་ནའང་ཅང་མ་འཐུང་བར་ང་བཟི་སོང་། ཕྱི་ཉིན་ཞོགས་པར་མལ་ལས་སད་དུས་མགོ་ནང་དུ་མ་གེ་མོག་གེ་ཞིག་རེད། མདང་ཆང་འཐུང་རྗེས་ཁ་བརྡ་ཅི་ཞིག་བྱས་པའང་མི་དྲན། རྗེས་སུ་ངས་ད་གཟོད་ཁོ་ཚང་གིས་ང་བཟི་རུ་འཇུག་ཆེད་ལྐོག་ཏུ་སྦུ་རག་ནང་དུ་ཆང་དཀར་བསྲེས་པས་རེད།
       ཕྱིར་ལས་ཁུངས་སུ་བསླེབས་དུས་ཉིན་གུང་དུ་ཐོན་འདུག སྒྲོལ་མས་ང་ལ་ཁ་པར་ཡོང་སྟེ་གྲོགས་པོ་འགས་ཟ་ཁང་དུ་ཟ་མ་ཟ་འདོད་པས་ངའང་ཞུགས་ཟེར་མོད། ང་མདང་གི་བཟི་སྟོབས་དང་ད་དུང་མྱུར་དུ་རྒྱུ་ཆ་འགའ་འབྲི་དགོས་པས་སེམས་བྲེལ་དོན་འཁྲུགས་སུ་གྱུར་ཏེ་ཟ་ཁང་དུ་ཟ་མ་ཟ་རུ་འགྲོ་མ་འདོད་པས། ཁྱོད་རང་ཉིད་འགྲོ་རོགས། ངས་ཡུལ་དུ་གང་ཡིན་ཞིག་འཐུང་པས་ཆོག་ཅེས་པར། སྒྲོལ་མ་དེ་མུར་ཁྲོས་ཏེ་ཁྱོད་ང་དང་མཉམ་དུ་བྲོ་མི་འཁྲབ་ལ་ང་དང་མཉམ་དུ་ཟ་མའང་མི་ཟ་ན་ཐད་ཀར་ང་དང་མཉམ་དུ་མལ་རྒྱུའང་བསྐྱུར་དང་ཆོག་གི་ཟེར་བར། ངས། སྐད་ཆ་དེ་འདྲ་ལབ་དོན་ཅི་རེད། ང་ལ་ལས་འགན་ཡོད་པ་མ་ཡིན་ནམ་ཞེས་པར། སྒྲོལ་མས། ཁྱོད་ཀྱིས་ཤེས་པ་ནི་བྱ་བ་དང་བྲི་རྒྱུ་ཁོ་ན་ལས་གཞན་གྱི་ཚོར་བར་འདང་སྤུ་ཙམ་ཡང་མི་བརྒྱག་ཟེར། ངས། བྲི་བྱ་ནི་དུས་བྲེལ་ཆེ་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན། པུའུ་རུ་སྒུག་ནས་སློང་བཞིན་འདུག་པས་ངས་འགོར་འགྱངས་སུ་བཏང་ན་ག་ལ་འོས། ཁྱོད་ཀྱིས་ཧ་གོ་བར་གྱིས་ཨང་ཞེས་བཤད་མ་ཐག་ཁ་པར་གྱི་སྒོ་གཏན་ཟིན།
       དུས་ཚོད་ནི་ཤེས་མེད་ཚོར་མེད་དུ་དབྱར་མགོར་བསླེབས་བྱུང་། གཡང་སྐྱིད་ཀྱིས་གོ་བ་ཡིན་ན་ཁྲི་སྲོང་རྫོང་མཁར་གྱི་ཡུལ་ལྗོངས་ནི་དཔེ་མེད་པ་ཞིག་རེད་ཟེར་བས་ཚེ་ལོ་དང་མོ་གཉིས་གནས་དེར་སོང་ནས་ཉིན་འགར་རྩེ་གཡེང་བྱེད་རྒྱུ་བྱས།
       ཁྲི་སྲོང་རྫོང་ནི་རྨ་ལྷོ་རྫོང་གི་ཤར་ཕྱོགས་ཀྱི་སྤྱི་ལེ་བརྒྱའི་ཕ་རོལ་གྱི་རྨ་ཆུའི་ཁུགས་སོ་རུ་ཡོད་པས་མཁའ་དབུགས་དྲོ་ཞིང་ས་ཞིང་གཤིན། རྒྱང་རིང་དུ་འཁྱོག་པའི་རི་བོའི་ཚོགས་ནི་མཁའ་དབྱིངས་སུ་འཁྱུག་པའི་གཡུ་འབྲུག་གི་ཚོགས་དང་འདྲ་ལ། མདུན་དུ་རྒྱུ་བའི་ཆུ་བོ་ནི་རྟ་ཕོ་ཁྱུ་ཡིས་ལྷང་ལྷང་གི་མཚེར་སྐད་འབྱིན་བཞིན་མདུན་དུ་རྒྱུག་པ་དང་འདྲ་ཞིང་། ཚང་ཚིང་དུ་འཛིངས་པའི་ལྗོན་ཤིང་སྣ་ཚོགས་ལ་དེ་བས་གདོད་མའི་ཚལ་གྱི་མཛེས་པས་ཕྱུག་པས། དེ་ནི་ཐག་ཉེ་རིང་ཀུན་ཏུ་གྲགས་པའི་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡིན།
       སྤྱིར་ཡིན་ན་ཚེ་ལོ་འགྲོ་རྩིས་མེད་ཀྱང་། ཡང་གཡང་སྐྱིད་ཀྱིས་ང་ཚོ་ལ་ད་དུང་གཉེན་སྒྲིག་གི་གནང་བ་ཉིན་འགའ་ཡོད་པས། གལ་ཏེ་ད་ལོ་མ་སྤྱད་ན་རྗེས་སུ་གོ་མི་ཆོད་ཅེས་པར། ཚེ་ལོས་ཀྱང་དེ་ནི་བདེན་པར་དཔོག་སྟེ་མཉམ་དུ་སོང་ངོ་། །
       ཚེ་ལོས་མདོག་ནག་སྐྱ་ཅན་གྱི་ཕྱི་ལྭ་ཆ་ཚང་ཞིག་གྱོན་ཞིང་། གཡང་སྐྱིད་ཀྱིས་ཕྱི་རུ་བོད་ལྭ་ཕྱུ་བ་གྱོན་ལ། རྐང་བར་ཚོང་རར་ཁྱབ་བརྡལ་ཆེ་བའི་ཀོ་ལྷམ་དམར་སྨུག་ཁ་ཆུང་ཅན་ཞིག་གྱོན་ཏེ། སྤྱི་སྤྱོད་རླངས་འཁོར་ནང་་བསྡད་དེ་སྔ་མོ་ནས་ཁྲི་སྲོང་རྫོང་དུ་ཐོན། མཛེས་ལྗོངས་འགར་རྒྱུ་རྗེས། ཁོ་ཚོས་ལྷིང་འཇགས་ཀྱི་ནགས་གསེང་ཞིག་ཏུ་བསིལ་གཡེང་ངལ་གསོ་ཡིས་ཁ་བརྡ་བྱས། གནས་འདི་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མཛོད་ཆེན་པོ་ཞིག་གི་རྟིང་མ་ཡིན། དམར་རྙོག་གི་རྨ་ཆུ་དེ་ཆུ་མཛོད་ཀྱི་དྭངས་སྙིགས་ཕྱེ་བ་བརྒྱུད་དྭངས་གཙང་ནང་གསལ་ངང་འབབ་ཅིང་། སྔོ་ཞིང་གཡའ་དག་པའི་ནམ་མཁའི་འོད་ཟེར་འོག་ཏུ་མིག་རྒྱ་རྒྱང་བསྐྱེད་ཀྱིས་བལྟས་ཚེ། དེ་ནི་སྔོ་མདོག་གི་ཁ་བཏགས་ཤིག་དང་ཤིན་ཏུ་མཚུངས། གཡང་སྐྱིད་ཀྱིས་རྨ་ཆུར་ལུས་འཁྲུད་ཆུ་རྐྱལ་བྱེད་ཅེས་པར། ཚེ་ལོས་མགོ་བོ་གཡུག་བཞིན་བཤད་རྒྱུར། དེ་ནི་ཇི་འདྲའི་ཉེན་ཁ་ཆེ་བ་ལ་ཨང་། སྟབས་མ་ལེགས་པར་ཆུས་འཁྱེར་ན་ཅི་བྱེད་ཅེས་པར། གཡང་སྐྱིད་ཀྱིས། ཁྱོད་ཆུར་རྐྱལ་མི་ཤེས་སམ་ཞེས་པར། ཚེ་ལོས་མགོ་བོ་གཡུག་བཞིན་སླར་འདྲི་རྒྱུར། ཁྱོད་ཀྱིས་ཤེས་སམ་ཞེས་པར། གཡང་སྐྱིད་ཀྱིས་མགོ་བོ་ལྡེམ་བཞིན། ཁྱོད་སོང་སྟེ་ངའི་རྐྱལ་རྩལ་ལ་བལྟས་ན་ཇི་འདྲའི་བཟང་ཨང་ཞེས་པར། ཚེ་ལོས་འགྲོ་ཞོར་འདྲི་ཞོར་གྱིས། ཁྱོད་ཀྱི་རྐྱལ་རྩལ་ནི་ཇི་ལྟར་སྦྱངས་པ་ཡིན་ནམ། ཅིའི་ཕྱིར་སྔོན་ཆད་ཁོ་བོར་གཏན་ནས་གླེང་མ་མྱོང་ཞེས་པར། གཡང་སྐྱིད་ཀྱིས། རྒྱུ་མཚན་ནི་སྔོན་ཆད་ཆུར་བརྐྱལ་བའི་གོ་སྐབས་མེད་སོང་བས་མིན་ནམ། ད་ཅིག་བཤད་ན་བུ་མོ་ཚོ་ཆུར་བརྐྱལ་ན་ཚང་མས་འཕྱ་སྨོད་བྱེད་པས་དོན་འདི་མ་གླེང་བ་ཡིན། དོན་གྱིས་ང་ཆུང་དུས་ནས་ཆུ་ལ་བརྐྱལ་ཤེས་ཏེ། དེ་དུས་དབྱར་ཁ་བསླེབས་མ་ཐག་ང་དང་ལྕམ་སྲུང་དག་སྡེ་བའི་སྔུན་གྱི་ཆུ་འགྲམ་དུ་སོང་སྟེ་གསང་འཁྲུས་བྱས། འཁྲུད་ཀྱིན་འཁྲུད་ཀྱིན་སུ་ཞིག་གིས་ཆུ་བརྐྱལ་སྐོར་གླེང་བ་ན། ངའི་སེམས་སུ་དེ་མ་ཐག་ཆུ་ལ་བྱང་བའི་སྐྱེས་སྟོབས་ཅན་གྱི་བ་ལང་དང་། རྟ་དང་། ཕག་སོགས་དྲན་པས་ཅུང་ཙམ་རིང་བསླབས་པ་ཙམ་གྱིས་ཆུར་བྱང་སོང་བ་མ་ཟད། སུ་ལས་ཀྱང་ངར་བར་གྱུར་ཟེར། རྨ་ཆུའི་འགྲམ་དུ་བསླེབས་པ་ན། གཡང་སྐྱིད་ཀྱིས་མོ་ཆུའི་ཟབ་སར་རྐྱལ་དུ་འགྲོ་རྒྱུ་ཟེར་བར། ཚེ་ལོ་ཉེན་ཁར་སྐྲག་སྟེ་དེ་མུར་མགོ་བོ་གཡུག་བཞིན་ང་ཚོའི་ཆུ་དེ་ནི་གྲམ་ཆུ་རེད། འདི་ནི་རྨ་ཆུ་ཡིན་པས་མགོ་འཐོམས་མི་རུང་ཨང་ཞེས་པར། གཡང་སྐྱིད་ཀྱིས། ཆུར་མི་བྱང་བའི་མི་ཞིག་ལ་མཚོན་ན་ཆུ་རྫ་ནང་དུའང་ནུབ་ཤི་ཐེབས་ངེས། ཡང་ཆུར་བྱང་བའི་མི་ཞིག་ལ་མཚོན་ན་ཆུའི་ཆེ་ཆུང་ལ་འབྲེལ་བ་མེད། ལོ་འདི་དག་རིང་། རྨ་ཆུའི་འགྲམ་དུ་ལོ་རེར་རྨ་ཆུར་རྐྱལ་བའི་བྱ་འགུལ་ཆེན་པོ་སྤེལ་བཞིན་འདུག་ཀྱང་ཉེན་ཁའི་དོན་ཅི་ཡང་མ་བྱུང་། དེས་རྨ་ཆུའི་ཆུར་ཡང་སྐྲག་མི་དགོས་པ་དེ་གསལ་བཤད་བྱས་ཡོད། མི་བདེན་ན་ཁྱོད་ཀྱིས་ངའི་ཚུལ་ལ་ལྟོས་ཟེར་བར། ཚེ་ལོས་གཡང་སྐྱིད་ཀྱི་གནས་ལུགས་ལ་ཁ་ཡ་མི་ཡོང་བ་རྟོགས་པས། ཆུ་ཁར་རྐང་བ་བརྐྱངས་ཏེ་ཕྱོགས་གཅིག་ནས་རྐང་བ་འཁྲུད་པ་དང་ཕྱོགས་གཅིག་ནས་གཡང་སྐྱིད་ཀྱི་རྐྱལ་རྩལ་ལ་མི་ལྟ་རང་དབང་མ་བྱུང་། གཡང་སྐྱིད་ཀྱིས་དོར་ཐུང་ཁོ་ན་གྱོན་ཏེ་གོམ་སྟབས་རེ་རེས་ལྟ་ཕྱོགས་ཀྱིས་ཆུའི་ཟབ་ས་ཞིག་ཏུ་བསླེབས་སྙམ་སྟེར་དུས་གཞི་ནས་ཡན་ལག་བརྐྱངས་ཏེ་ཆུར་བརྐྱལ་མགོ་བརྩམས། གཡང་སྐྱིད་ཆུ་ལ་རྐྱལ་བཞིན་རྐྱལ་བཞིན་གློ་བུར་ཚེ་ལོར་ལག་གཡུག་བྱེད་བཞིན་ཅི་ཞིག་འུར་བ་དང་ཆབས་ཅིག་མགོ་དང་བཅས་པ་ཆུ་ལ་བྱིངས་ཏེ་ཅི་ཡང་མི་མཐོང་བར་གྱུར། ཚེ་ལོས་གཡང་སྐྱིད་མ་མཐོང་བས་སེམས་སུ་དོན་ལོག་གང་ཞིག་དྲན་ཞིང་གློ་བུར་བྲེལ་འཚུབ་ལངས་བྱུང་། ཁོར་ཅི་ཞིག་ལ་འདང་བརྒྱག་དབང་ཡང་མ་བྱུང་བར་ལུས་གོན་དང་བཅས་ཏེ་ཆུ་རུ་འཛུལ་བྱུང་། ཁོས་ཆུ་ཡི་དཀྱིལ་ཕྱོགས་སུ་གོམ་སྟབས་འཁྱར་འཁྱོར་འགའ་སྤོས་མ་ཐག་ཁོ་ཆུས་འཁུར་སོང་། དེ་རྗེས་དྲན་རྒྱུ་ཅི་ཡང་མ་བྱུང་། ཁོ་དབང་བོ་ལས་སད་དུས་ལྟག་རྒྱབ་ཏུ་བུ་མོ་ཞིག་གིས་ངུ་སྐད་སྒྲོག་བཞིན་མར་གནོན་ཡར་ལྷོད་ཀྱི་ཉམས་འགྱུར་སྟོན་བཞིན་འདུག་སྟེ། དུས་དེར་ཏག་ཏག་གཡང་སྐྱིད་ཁོའི་རྒྱབ་ཏུ་ཞོན་ཏེ་ཁོག་པར་བླུགས་པའི་ཆུ་ཕྱིར་བཙིར་གནོན་བྱེད་བཞིན་འདུག ཚེ་ལོས་མགོ་བོ་ཤེད་ཀྱིས་བཀྱགས་ནས་བལྟས་ཚེ། མན་ཆད་ཀྱི་ཆུ་འགྲམ་གྱི་ཕ་བོང་ཆེན་པོ་ཞིག་གི་རྩར་ཕོ་མོ་ཆ་ཞིག་འདུག གློ་བུར་དུ་བུ་ཕོ་དེས་བུ་མོ་དེར་ཕུད་བརྒྱག་ཅིག་བྱས་པར་བུ་མོ་དེ་ཕ་བོང་ཆེན་པོ་དེའི་འགྲམ་གྱི་ཆུ་ནང་དུ་ལྷུང་སོང་། དེའི་རྗེས་བུ་ཕོ་དེ་དེ་འཕྲལ་སྣང་མེད་དུ་ཡལ་སོང་། ཚེ་ལོར་རང་ཉིད་རྨི་ལམ་བན་བུན་ཁྲོད་བགྲོད་པ་དང་མཚུངས་པའི་སྣང་བ་ཞིག་ཤར་ཞིང་ཅི་ཞིག་སྨྲ་འདོད་མོད་ཀྱང་ཅི་ཡང་སྨྲ་མ་ཐུབ།
       གཡང་སྐྱིད་ཀྱིས་ཚེ་ལོ་བརྒྱལ་བ་ལས་སངས་པ་མཐོང་བས་དགའ་སྐྱོ་འདྲེས་མས་བཤད་རྒྱུར། ཚེ་ལོ་ལགས། དེ་རིང་ཁྱོད་ཀྱིས་ང་སྐྲག་ཏུ་བཅུག་བྱུང་། ཁྱོད་ཆུར་རྐྱལ་མི་ཤེས་ན་ཅིའི་ཕྱིར་ཆུའི་གཏིང་སར་འཛུལ་བ་ཡིན་ནམ་ཞེས་པར།
       ཚེ་ལོས་སྐད་ཆ་བཤད་མཁན་ནི་གཡང་སྐྱིད་ཡིན་པ་ཤེས་པས། ལྐུགས་མ་ངང་གིས། ཁྱོད།  ཁྱོད། ཁྱོད་ཀྱང་ཆུའི་ནང་དུ་ནུབ་པ་མ་ཡིན་ནམ། ཅིའི་ཕྱིར་ད་དུང་ང་ལ་སྐད་ཆ་ཇི་བཞིན་བཤད་ཐུབ། ཁྱོད་ནི་མི་ཡིན་ནམ་འདྲེ་ཡིན། ཡང་ན་ངས་རྨི་ལམ་རྨི་བཞིན་པ་ཨེ་རེད་ཅེས་དྲིས།
       གཡང་སྐྱིད་ཀྱིས་ཧ་མ་གོ་བར་བཤད་རྒྱུར། ང་བདེ་ལེགས་ཡིན་པ་མ་ཡིན་ནམ། ཁྱོད་ཀྱིས་ཅིའི་ཕྱིར་འདི་ལྟ་བུའི་ཉོག་བཤད་བརྒྱག་པ་ཡིན་ནམ་ཞེས་པར།
       ཚེ་ལོས་ཕལ་ཆེར་གཡང་སྐྱིད་ཀྱིས་ཅི་ཞིག་སྨྲ་བཞིན་པ་མ་རྟོགས་པ་འདྲ་སྟེ་ཁེར་བཤད་ཁོ་ནས། རྨི་ལམ་ནང་རེད། རྨི་ལམ་ནང་ཁོ་ཐག་རེད། སྔོན་ཏག་ཏག་ངས་ད་དུང་མན་ཆད་ཀྱི་ཕ་བོང་མདུན་དུ་སྐྱེས་པ་ཞིག་གིས་སྐྱེས་མ་ཞིག་ཆུའི་ནང་དུ་ཕུད་བརྒྱག་བྱས་སོང་བ་མཐོང་ཟེར།
       གཡང་སྐྱིད་ཀྱིས་མན་ཆད་ལ་བལྟས་ཤིང་བལྟས་རྗེས། ཁྱོད་ཀྱིས་ཡང་ཅིའི་ཕྱིར་འདི་ལྟ་བུའི་ཉོག་བཤད་བརྒྱག་པ་ཡིན། མན་ཆད་ནས་མི་གཏན་ནས་མི་འདུག་ཅེས་སྨྲས།
       ཚེ་ལོས། ངོ་མས་བཤད་པ་ཡིན། ངས་མིག་གིས་བལྟས་བལྟས་རིག་རིག་ལ་ཁོས་མོ་ཆུའི་ནང་དུ་ཕུད་བརྒྱག་བྱས་བྱུང་ཟེར།
       གཡང་སྐྱིད་ཀྱིས། ཁྱོད་ཀྱིས་མི་ཞིག་གིས་ཁྱོད་རང་ཆུའི་ནང་དུ་ཕུད་བརྒྱག་བྱས་སོང་ཟེར་འདོད་པ་ཡིན་ནམ་ཞེས་དྲིས་པར།
       ཚེ་ལོས། མིན། མིན། འདི་ནི་གང་གི་གང་ཞིག་རེད་དམ་ཟེར།
       གཡང་སྐྱིད་ཀྱིས། དེ་ཡིན་ན་ལུས་ཕུང་ཞན་སོང་བས་ཁོ་ཐག་རེད། མིག་རབ་རིབ་ཏུ་གྱུར་བས་ཀླད་པར་འཕྲུལ་སྣང་བྱུང་བས་རེད། གལ་ཏེ་ཁྱོད་ཀྱི་ཀླད་པ་དྭངས་རྗེས་ངས་ཐོག་མར་འཕངས་པའི་དྲི་བར་ལན་ཐོབ་ཅེས་བཤད།
       ཚེ་ལོས་རིག་པ་འཐུམ་པའི་ངག་གིས། སྐད་ཆ་གང་ཞིག་ཅེས་དྲིས།
       གཡང་སྐྱིད་ཀྱིས་ཕྱིར་དྲན་སད་དུ། ཁྱོད་ཇི་ལྟར་ཆུར་ལྷུང་བའི་དོན་དེ་ཟེར་བ་ཡིན་ཞེས་པར།
       སྐབས་དེར་ཚེ་ལོའི་རྣམ་ཤེས་གསལ་བར་གྱུར་ཅིང་ཐོགས་པ་མེད་པའི་སྐད་ཆས། ངས་ཆུའི་འགྲམ་དུ་ཁྱོད་ཆུར་བརྐྱལ་བར་ལྟ་དུས། ཁྱོད་ཀྱིས་ཁོ་བོར་ཅི་ཞིག་འུར་རྗེས་ཆུའི་ནང་དུ་ཡིབས་ཏེ་ཡུན་རིང་ཕྱིར་མི་འབུད་པས་ཁོ་བོས་ཁྱོད་ལ་རྐྱེན་ངན་བྱུང་སོང་སྙམ་སྟེ་ཆུའི་གཏིང་ཟབ་ལའང་བསམ་ཁོམ་མ་བྱུང་བར་ཆུར་འཛུལ་ནས་ཁྱོད་སྐྱོབ་ཏུ་ཡོང་མོད། ཆུའི་གཏིང་ཟབ་སར་སླེབས་དུས་རྐང་འོག་གི་རྡོ་ཞིག་ལ་ཐོགས་ནས་ཆུའི་ནང་དུ་འགྱེལ་སོང་ཞེས་ཟེར།
       གཡང་སྐྱིད་ཀྱིས་ཁྲོ་བའི་ངང་། ངོ་མས་གླེན་པ་ཞིག་རེད། ངས་འུར་བརྒྱག་པ་ནི་ཁྱོད་ཀྱིས་ངའི་ཆུའི་རྐྱལ་རྩལ་བཟང་བོ་ལ་ལྟོས་ཟེར་བ་ཡིན་ཏེ། ང་ཆུའི་གཏིང་དུ་འཛུལ་རྗེས་སྐར་གཉིས་གསུམ་ནང་ཆུའི་ངོས་ནས་དབུགས་བརྗེས་མི་དགོས་པ་ཡིན། ང་ཆུའི་ཁར་བུད་དུས་ཁྱོད་མི་འདུག་ཅིང་མཐོང་བྱུང་བ་ནི་ལྭ་བ་ནག་པོ་གྱོན་པའི་མི་ཞིག་གིས་རྐང་གཉིས་ཆུའི་ཁར་གཡུག་བཞིན་འཁུར་འགྲོ་བ་དེ་རེད། ཁྱོད་ཡིན་པ་ཁོ་ཐག་ཆོད་པས་མྱུར་དུ་ཆུའི་དཀྱིལ་གྱི་ཆུ་ཤུགས་ལ་བརྟེན་ནས་གདོང་ལེན་ཐུབ་ཅིང་ཁྱོད་རང་སྐྱབས་ཟེར་བར།
       ཚེ་ལོས། ང་ཆུ་ལ་ནུབ་རྗེས། ཆུ་ཁམ་འགའ་འཐུང་རྗེས་ཅི་ཡང་མི་དྲན་ཟེར།
       གཡང་སྐྱིད་ཀྱིས། རེད་ཡ། ཁྱོད་ད་བར་དུ་བློ་འཐུམ་ཞིང་མི་སད། ངས་ཁྱོད་ཀྱི་ཕོ་བའི་ནང་གི་ཆུ་ཕྱིར་བཙིར་གནོན་བྱས་པ་དང་། ཡང་ཁ་ཁར་སྦྱར་ནས་དབུགས་འབྱིན་རྔུབ་ཡང་ཡང་བྱས་པས་གཟོད་ཁྱོད་སྐྱབས་བྱུང་། ཞེས་སྨྲ་བཞིན་དུ་ཡང་ངུས་བྱུང་།
       ངུས་ཚར་རྗེས། གཡང་སྐྱིད་ཀྱིས་ཚེ་ལོ་ཕྱོགས་གཅིག་ནས་ཉི་མར་ལྡེ་རུ་འཇུག་པ་དང་། ཕྱོགས་གཅིག་ནས་ཆུ་འགྲམ་དུ་ངལ་གསོ་རུ་བཅུག རང་གིས་ད་དུང་ཅུང་བརླན་ཆགས་ཡོད་པའི་ཚེ་ལོའི་ལྭ་བ་ཞིག་གྱོན་ནས་ཆུ་ཁའི་སྟོད་དུ་རང་གི་ལྭ་བ་ལེན་དུ་སོང་། ལྭ་བ་དང་དངོས་པོ་གཞན་རྣམས་ཚང་མ་འདུག་མོད། ཡིན་ཡང་རྐང་ལྷམ་ཡ་གཅིག་མི་འདུག གཡང་སྐྱིད་སླར་ཡོང་སྟེ་ཚེ་ལོར་འདྲི་དུས། ཚེ་ལོས་རང་ཉིད་ཆུར་འཛུལ་དུས་ཤིན་ཏུ་འཚུབ་པས་གཡང་སྐྱིད་ཀྱི་རྐང་ལྷམ་ཡ་གཅིག་དྲུད་ནས་ཆུར་སོང་བ་དྲན་བྱུང་།
       ཅུང་མ་འགོར་བར་ལྭ་བ་ཉི་མས་སྐམ་སོང་། ཚེ་ལོ་ཡང་ངལ་སོས་སོང་། གཡང་སྐྱིད་ཀྱིས་རང་གི་ལྭ་བ་དང་རྐང་བ་གཡོན་པའི་ལྷམ་གྱོན་པ་དང་གྱོལ་གྱིན་གྱོལ་གྱིན་ལམ་དུ་འགྲོ་ཐབས་བྱས།
       ཚེ་ལོས། ལྷམ་ཡ་གཅིག་གོན་ནས་ཅི་ལྟར་ལམ་དུ་འགྲོའམ། ཡང་ཅིག་བཤད་ན་ཁྱེར་སོང་ཡང་གཅིག་མེད། དེ་བས་འདི་རུ་འཕངས་ཏེ་དྲན་རྟེན་དུ་བཞག་ན་རེད་ཟེར་བར། གཡང་སྐྱིད་ཀྱིས་ཐོས་རྗེས་དེ་མུར་ཕུད་དེ་ཆུའི་འགྲམ་གྱི་རྩྭ་གསེབ་ཏུ་གཡུགས་སོང་།
དྲུག་པ།
       ཧུར་བརྩོན་དང་བྲེལ་འཚུབ་ཀྱི་ལས་སྣོན་བརྒྱུད། ང་ཡི་རྒྱུ་ཆ་ཚགས་སྒྲིག་ཡར་སྤྲོད་བྱེད་ཐུབ་སོང་། དགོང་མོ་ཡུལ་ལ་ལོག་པ་དང་སྒྲོལ་མར་འཚམས་འདྲི་ཞུས་པར། མོས། ཁྱོད་ཀྱིས་ཁོ་མོར་སྐད་ཆ་བཤད་མི་འདོད་པ་མིན་ནམ་ཟེར། ངས། མི་སྲིད་ལགས་ཞེས་པར། མོས། དེས་ན་ངས་ཁ་པར་གཏོང་དུས་ཅིའི་ཕྱིར་སྒོ་གཏན་པའི་རྣམ་པར་བཞག་གམ་ཟེར་བར། ངས། ང་སྐྲག་པ་ནི་ཁྱོད་ཀྱིས་མུ་མཐུད་རྙོག་དྲ་བཟོས་ཏེ་ངའི་དུས་ཚོད་འགོར་འགྱངས་སུ་གཏང་བར་དོགས་པས་ཡིན་ཞེས་དྲང་མོར་སྨྲས།
       སྒྲོལ་མས། ཁྱོད་ཀྱིས་འདི་ལྟར་བྱས་ན་མི་ལ་བརྩི་བཀུར་མེད་དྲག་སོང་བ་མ་རེ་དམ། ང་ནི་དེ་འདྲའི་གནས་ལུགས་མི་བརྩི་བའི་བུད་མེད་ཅིག་རེད་དམ་ཟེར་བར།
       ངས། དེས་ན་ཁྱོད་ཀྱིས་ཡང་ཁ་པར་བཏང་ནས་ཅི་བྱེད་བསམ་པ་ཡིན་ཞེས་པར།
       སྒྲོལ་མས། དེ་རིང་དྲོས་ཇའི་དུས་སུ་རྨ་ལྷོ་རྫོང་ནས་ཐོན་པའི་ལས་གྲོགས་ཀླུ་སྐྱིད་ཡོང་ནས་ཁྱོད་འབོད་ཀྱིན་འདུག མོས་ཁྱོད་དང་ངོ་ཐུག་འདོད་འདུག དོན་ཞིག་ལ་ཁྱོད་ཀྱིས་རོགས་རམ་བྱེད་པར་རེ་བ་ཞུ་བཞིན་འདུག མ་བསམ་ས་ནས་ང་ལ་ཡང་འདི་ལྟ་བུའི་རྣམ་འགྱུར་ཞིག་རེད་ཟེར།
       སྒྲོལ་མས་བཤད་པའི་ཀླུ་སྐྱིད་ནི་མོའི་སྔོན་ཆད་ཀྱི་ལས་ཁུངས་ཀྱི་ཀླུ་མོ་སྐྱིད་རེད། མོ་དང་འབྲེལ་བ་མི་བཟང་རྒྱུ་མེད། ངས་ཀྱང་མོ་ངོ་ཤེས།
       དེ་ནས་ངས། ངས་རོགས་བྱེད་དགོས་ན་གཞུང་སྒྲུབ་ཁང་དང་ཡུལ་ནས་བཤད་པས་ཆོག གལ་ཏེ་རོགས་བྱེད་ཐུབ་པ་ཞིག་ཡིན་ན་ངས་ཅི་ནུས་ཀྱིས་རོགས་བྱེད་ངེས། ཅིའི་ཕྱིར་ངེས་པར་དུ་ཟས་ཅོག་སྟེང་བཤད་དགོས་པ་ཡིན་ནམ། ཡང་ཅིག་བཤད་ན་ཕྱི་ནས་ཟ་མ་ཟོས་ན་ང་ལ་ལས་སྣོན་བྱས་ཏེ་རྒྱུ་ཆ་འབྲི་བའི་དུས་ཚོད་མེད་སོང་བ་རེད་ཅེས་བཤད།
       སྒྲོལ་མས། ཆོག་གི། ཆོག་གི། ཆོག་གི། གང་ལྟར་ཀྱང་ནམ་ཡང་ཁྱོད་ལ་གནས་ལུགས་འདུག རྗེས་སུ་ང་ལ་སྐད་ཆ་ཅི་ཞིག་ཡོད་ཀྱང་ཁྱོད་ལ་མི་བཤད་ཅེས་ཟེར་བ་དང་ཆབས་ཅིག་ཐབ་ཁང་ནང་འཛུལ་སོང་།
       ཟ་མ་ཟ་བའི་དུས་སུ། ངས་འཇམ་སྙན་གྱི་སྐད་ཆས་ཀླུ་སྐྱིད་ཀྱིས་ཁོ་བོར་དོན་ཅི་ཞིག་རོགས་བྱེད་དུ་འཇུག་མིན་སྐོར་དྲིས་དུས། སྒྲོལ་མས། ཀླུ་སྐྱིད་ཀྱི་བུ་མོ་ཆུང་བ་ཁུལ་སློབ་འབྲིང་གི་དཀྱིལ་སྙིང་འཛིན་གྲྭར་ཞུགས་འདོད་པས་ཁྱོད་ཀྱིས་སློབ་གཙོར་རེ་ཞུ་ཞིག་བྱེད་རོགས་ཟེར། ངས། དཀྱིལ་སྙིང་འཛིན་གྲྭར་ཞུགས་ན་རྒྱུགས་ལེན་བརྒྱུད་དགོས་པ་ལས་ཞུགས་འདོད་ན་ཞུགས་ཆོག་པ་ཞིག་མ་རེད་ཅེས་པར། སྒྲོལ་མས། མོའི་བུ་མོས་རྒྱུགས་བླངས་པར་སྐར་འགའ་ལས་མི་ཆད་པས་ཕངས་པ་ལ་ཞེས་ཟེར། ངས། ངས་སློབ་གྲྭའི་འགོ་ཁྲིད་ཀྱང་མི་ཤེས། དེའི་སྟེང་གལ་ཏེ་སློབ་སྦྱོང་ལ་ཞན་ན་དཀྱིལ་སྙིང་འཛིན་གྲྭར་བཅུག་ཀྱང་སྟོང་ཟད་མ་ཡིན་ནམ་ཞེས་པར། སྒྲོལ་མས། ཁྱོད་ཀྱིས་སྒྲུབ་མི་ཐུབ་ན་མི་ཐུབ་ཅེས་ཤོད། སྟོང་བཤད་དེ་འདྲའི་མང་བོས་ཅི་བྱེད་ཅེས་ཟེར།
       བྲེལ་མ་འཚུབ་ཀྱིས་དགོང་ཟས་རོལ་རྗེས་སྒྲོལ་མ་སྐོར་བྲོ་འཁྲབ་ཏུ་བུད་སོང་།
       ང་སྨྲ་མི་ཤེས་པའི་ཚོར་སྣང་དྲག་པོ་ཞིག་གིས་མནར་བྱུང་། བྲི་ཤོག་བཏིང་སྟེ་མུ་མཐུད་སྒྲུང་གཏམ་ཐིག་ཤུར་འགའ་བྲིས་རྗེས་ད་ཡང་མར་འབྲི་མ་ཐུབ། ཀླད་པ་ཧྲིལ་བོར་ཁྱབ་ཡོད་པ་ནི་སྒྲོལ་མའི་ཤབ་ཤུབ་སྨྲ་བའི་གཟུགས་བརྙན་རེད། ང་ལ་ལུས་སེམས་གཉི་ག་ཐང་ཆད་པའི་སྣང་བ་ཞིག་བྱིན་ཞིང་ལྟ་ཕྱོགས་ཤིག་གིས་ལི་ཐོ་ལ་བལྟས་ཚེ་ཟླ་དགུའི་ཚེས་ཉེར་དགུ་ཉིན་རེད། ཅུང་མ་འགོར་བར་རྒྱལ་སྟོན་དུས་ཆེན་གྱི་གནང་སྐབས་རིང་མོ་བསླེབས་སྲིད་པས། གནང་སྐབས་རིང་མོ་འདི་ང་ཚོས་ཞིང་ཆེན་གྲོང་ཁྱེར་གྱི་སྡོད་ཁང་གསར་བ་ནང་རོལ་རྩིས་ཡོད། ངས་སྒྲོལ་མར་བཤད་མྱོང་སྟེ། གྱོས་པོ་དང་གྱོས་མོ་གཉིས་ལ་མ་ཕྲད་པར་ཕལ་ཆེར་ལོ་ཕྱེད་རིང་འགོར་སོང་བས་ཁོང་ཚོ་གྲོང་ཁྱེར་ལ་ཞུས་ཏེ་ཉིན་འགར་གླེང་མོལ་བཟང་བོ་ཞིག་བྱེད་འདང་ཡོད།
       སྒྲོལ་མ་བྲོ་འཁྲབ་ནས་ཕྱིར་སླེབས། ངས་སྐད་ཆ་བསྒྱུར་ནས་ཞིང་ཆེན་གྲོང་ཁྱེར་དུ་དུས་སྟོན་རོལ་རྒྱུའི་དོན་དེར་གྲོས་མོལ་བྱས་རྐྱེན་སྒྲོལ་མ་དགའ་སྤྲོ་ཆེན་པོ་སྐྱེས་པས་དེ་འཕྲལ་རྒན་པ་ཚོར་འབྲེལ་གཏུགས་བྱས།
       ངས་ཐོག་མར་གྱོས་མོར་འབྲེལ་བ་བྱས། གྱོས་མོས་སྨྲས་པར། བུ་ཞོར་ལས་སུ་བུད་སོང་ལ་མནའ་མར་མངལ་ཆགས་ཡོད་པས་འགུལ་བསྐྱོད་མི་བདེ་རྐྱེན་གཉོར་སྐྱོང་བྱེད་མི་དགོས་པས་དངོས་གནས་ཁོམ་རྒྱུ་མི་འདུག་ཟེར། དེ་ནས་ཨ་ཕར་ཁ་པར་བཏང་དུས་ཨ་ཕས་ང་ཚོས་ཁོང་ཞིང་ཆེན་གྲོང་ཁྱེར་གྱི་ཁྱིམ་དུ་དུས་ཆེན་རོལ་བར་ཞུ་རྒྱུ་ཡིན་པ་ཤེས་པས་སེམས་རབ་ཏུ་དགའ་སྟེ་ཁས་བླངས།
       རྒྱལ་སྟོན་དུས་ཆེན་སྟེང་། ངས་ནུ་བོས་ཁ་པར་ནང་ནས་བཤད་པའི་དུས་ཚོད་དང་རླངས་འཁོར་གྱི་ཨང་རྟགས་ལྟར་རླངས་འཁོར་ས་ཚུགས་སུ་ཨ་ཕར་སྒུག་ཏུ་སོང་། ངས་རྒྱ་སྲང་ནས་སྤེལ་བཞིན་པའི་ཁང་བ་ཚོང་བའི་ཁྱབ་བསྒྲགས་ཡིག་ཤོག་ཅིག་ལ་ལྟ་བཞིན་ཕ་ཡུལ་ནས་ཡོང་བཞིན་པའི་རླངས་འཁོར་རེ་རེར་བལྟས། ངས་ཨ་ཕ་རླངས་འཁོར་ལས་མར་འབབ་པའི་སྐབས་སུ་བསམ་གཟས་ནས་ཁོང་ལ་དྲི་བརྡ་མ་བཏང་བར་ཁྱབ་བསྒྲགས་ཡིག་ཤོག་གིས་གདོང་སྨད་བཀབ་སྟེ་ཁོང་ལ་ཅི་ལྟ་བུའི་ཚོར་ཤེས་ཤིག་ཡོད་པར་བརྟག ཨ་ཕ་རླངས་འཁོར་ལས་བབས་རྗེས་ཐོག་མར་ཕྱོགས་བཞིར་ལྟ་རྟོག་ཅིག་བྱས་ཤིང་སུ་ཞིག་ཁོང་ལེན་དུ་ཡོང་མེད་པ་མཐོང་བས་སེམས་ཆུང་གིས་རླངས་འཁོར་ས་ཚིགས་ཕྱི་རུ་གོམ་འགའ་སྤོས་རྗེས་ཡང་ཕྱིར་སྣུར་བྱས། ངས་ཁོང་ངའི་ཕྱོགས་སུ་ཕེབས་བཞིན་པ་མཐོང་བ་དང་ཁ་ཕྱིར་འཁོར་ཏེ་མ་མཐོང་བའི་རྣམ་པའམ་གཏན་ནས་ངོ་མི་ཤེས་པའི་ཚུལ་བསྟན། ཨ་ཕས་ཚུལ་དེ་མཐོང་བ་དང་མཉམ་དུ་གློ་ལུད་ཅིག་བརྒྱབ་སྟེ་ཁོ་བོར་འདྲི་རྒྱུར། རྒན་ལགས། ཁྱེད་ལ་དྲི་རྒྱུ་ཞིག་ལ་འདི་ནས་མཁར་བྱང་གི་འཁོར་ཚིགས་སུ་ཅི་ལྟར་འགྲོ་དགོས་སམ་ཞེས་པར། ང་ཁ་ཕྱིར་འཁོར་ཞིང་ཁྱབ་བསྒྲགས་ཡིག་ཤོག་གཡུགས་ཏེ་དེ་མ་ཐག་ཨ་ཕར་འཐམས་བྱུང་།
       ཕྱིར་ཡུལ་དུ་ལོག་པའི་ལམ་བར་དུ། ངས་ཨ་ཕར་ཁྱེད་རླངས་འཁོར་ལས་བབས་རྗེས་སྒོའི་ཕྱིར་གོམ་འགའ་སྤོས་རྗེས་ཡང་ཕྱིར་སྣུར་བྱེད་དགོས་དོན་ཅི་ཡིན་ཞེས་དྲིས་པར། ཨ་ཕས། ཞིང་ཆེན་གྱི་མཁར་གྲོང་འདི་འདྲ་ཆེ་ཞིང་ཐོག་ཁང་དང་སྲང་ལམ་བགྲངས་ལས་འདས་པས་གལ་ཏེ་སོང་ནོར་ན་ཅི་ལྟར་བྱ་ཞེས་པར། ངས་ཡང་། དེས་ན་རྗེས་ནས་ཅིའི་ཕྱིར་ང་ལ་མཁར་བྱང་གི་འཁོར་ཚིགས་དྲིས་པ་ཡིན་ནམ་ཞེས་པར། ཨ་ཕས། ངས་བལྟས་ཚེ་མི་དེ་ཁྱོད་དང་ཤིན་ཏུ་འདྲ་མོད་ཡང་ཁོ་ཐག་གཅོད་མ་ཕོད་པས་བསམ་གཟས་ནས་ཚོད་ལྟ་ཞིག་བྱས་པ་ཡིན། ངས་ཀྱང་བུ་ཡིས་ཕ་ལ་སྦ་མ་སྦས་རེས་རྩེ་བཞིན་པ་མིན་ནམ་ཞེས་དོགས་པ་ཟོས་པས་ཡིན་ཟེར།
       ཨ་ཕ་ཁྱིམ་དུ་དྲངས་ཤིང་དྲོས་ཇ་འཐུང་རྗེས་སྒྲོལ་མ་དཀྱིལ་སྙིང་ཐང་ཆེན་དུ་ཞིང་ཆེན་མཁར་གྲོང་གི་སྐོར་བྲོ་འགྲན་སྡུར་ལ་ལྟ་རུ་སོང་ཞིང་། ངས་ཨ་ཕ་ཁྲིད་དེ་མི་དམངས་གླིང་ཀར་རྩེད་འཆམ་དུ་སོང་།
       སྟོན་ཟླ་དང་པོའི་གླིང་ཀ་ནང་ནི་མེ་ཏོག་རྣམ་པར་བཀྲ་ཞིང་ལྗོན་ཤིང་གཡུ་ལྟར་སྔོ་བའི་མཛེས་སྡུག་དཔག་ཏུ་མེད་པའི་དུས་ཤིག་རེད། སྐལ་བཟང་མེ་ཏོག་དང་། སྒྲོན་མེ་མེ་ཏོག མེ་ཏོག་སེར་ཆེན་སོགས་ནི་ཚོམ་བུ་དང་ཚོམ་བུ། ལེབ་མོ་དང་ལེབ་མོ་བྱས་ནས་ཁ་དོག་དང་བཟོ་ལྟ་སྣ་ཚོགས་ཤིང་། གསོམ་སྡོང་དང་དབྱར་སྡོང་དང་མ་གལ་སོགས་ཀྱིས་ཉི་འོད་དང་ནམ་མཁའ་བསྒྲིབས། ངེད་གཉིས་སོང་ཙམ་དང་བསྡད་ཙམ་གྱིས་མཚེའུ་ཞིག་གི་འགྲམ་དུ་བསླེབས། ནུབ་ཁའི་མཚམས་སྤྲིན་དེ་ལྷིང་འཇགས་ཀྱི་མཚོ་ངོས་ལ་འཕོས་ཚེ་གཟི་འོད་ལམ་ལམ་འབར། བསིལ་རླུང་ཞིག་དལ་གྱིས་ལྡང་བས་ཆུ་ངོས་སུ་རིམ་པ་དང་རིམ་པའི་རླབས་རིས་ཕྲ་མོར་ཡོམ་ཞིང་། ཡོམ་འགུལ་བྱེད་བཞིན་པའི་རླབས་རིས་ཕྲ་མོ་ནི་བགྲང་ལས་འདས་པའི་གསེར་མིག་ཆ་ཡིས་རྡེབ་ཙམ་རྡེམ་ཙམ་བྱེད་པ་དང་ཀུན་ནས་མཚུངས། མཚེའུ་ཆུ་དྭངས་པས་མཚོ་ཞབས་མཐོང་ཐུབ་ལ། རྒྱ་ཆེར་འདལ་བའི་པདྨའི་མེ་ཏོག་བར་དུ་གསལ་ལ་མི་གསལ་བའི་ཉ་ཕྲུག་འགའ་སྤྲོ་དགས་ཕར་བརྐྱལ་ཚུར་བརྐྱལ་བྱེད་ཅིང་ལྟ་ན་སྡུག ཕ་རྒན་ལངས་བསྡད་པའི་དུས་ཚོད་རིང་དྲག་པས་རྐང་བས་མ་ནུས་པར་གྱེས་དགོས་བྱུང་། མཚེའུའི་སྣེ་གཞན་དེར་བཟོ་དབྱིབས་ངོ་མཚར་བའི་བཅོས་མའི་རི་ཞིག་འདུག་ལ་རིའི་རྟིང་མར་སྐམ་ཤུད་སྟེགས་ས་ཞིག་འདུག བྱིས་པ་རྣམས་དགའ་སྤྲོའི་ངང་ཤུད་རྩེད་བྱེད་ཅིང་ཨ་ཕས་བྱིས་པ་རྣམས་ལ་བལྟས་ཏེ་ང་ལ་པེ་ཅིང་དུ་ཡོད་པའི་ཞི་ལིའི་སློབ་སྦྱོང་དང་། འཚོ་བ། ལུས་ཕུང་བཅས་ཅི་འདྲ་ཡིན་པའི་སྐོར་དྲིས་བྱུང་ལ། ད་དུང་ཞི་ལི་འགྲོ་ས་ཐག་རིང་སོང་། མ་གཏོགས་ཁོམ་གསེང་གི་གནང་སྐབས་རེ་ཡོད་དུས་གན་དུ་ཁྲིད་དེ་མཉམ་དུ་རྩེ་ཞིང་ལྷན་འཛོམས་ཀྱི་བདེ་སྐྱིད་མཉམ་རོལ་ཅིག་བྱས་ན་ཇི་འདྲའི་བཟང་ཨང་ཟེར། ཨ་ཕས་སྐད་ཆ་འདི་དག་བཤད་དུས་གདོང་ལ་སྐྱོ་མདངས་གིས་ཁེངས་ཞིང་གཞི་ནས་ད་སྔོན་གྱི་དགའ་སྤྲོ་དེ་ཡལ་སོང་།
       ཨ་ཕ་གླིང་ཀའི་ཟུར་གཅིག་གི་རྒོད་སྐྱེས་སྲོག་ཆགས་ཡོད་སར་སོང་སྟེ་དེ་ཡི་སྲོག་ཆགས་སྣ་ཚོགས་ལ་ལྟ་འདོད་ཆེ་འདུག ཁོང་ཡར་སྔོན་གནས་དེར་སོང་མྱོང་མོད། ཡིན་ནའང་ལྟ་ས་དེ་ལོ་གཅིག་སྔོན་དུ་ཁེ་བདག་ཅིག་གིས་གླས་རྗེས་མཁར་ནུབ་ཁྲའོ་ནན་གྱི་རི་སྐེད་དུ་སྤར་ཞིང་སྲོག་ཆགས་གླིང་ཀ་ཆེན་པོ་ཞིག་ཏུ་བསྐྲུན་ལ། སྲོག་ཆགས་ཀྱི་སྣ་ཁ་དང་ཁ་གྲངས་ཇེ་མང་དུ་བཏང་བ་མ་ཟད་སྲོག་ཆགས་རྒོད་པོ་འགའ་ཡང་ཕྱི་རོལ་གྱི་ར་བར་གསོ་སྐྱོང་བྱེད་བཞིན་འདུག ངས་ཨ་ཕར། ཉི་མ་མི་སྔ་བས་ང་ཚོ་ནང་ཁ་ཆེད་དུ་སྲོག་ཆགས་གླིང་གར་འགྲོ་ཞེས་བཤད།
       ཚེ་ལོ་དང་གཡང་སྐྱིད་གཉིས་རྨ་ཆུའི་འགག་ནས་ཕྱིར་བསླེབས་རྗེས་དེ་འཕྲལ་ཁྱིམ་དུ་ལོག ཁྱིམ་འདི་ནི་རྫོང་ནས་བགོས་པའི་གཡང་སྐྱིད་ཀྱི་སོ་ཕག་འདྲེས་མས་གྲུབ་པའི་གྱེན་གཅིག་ཅན་གྱི་སྙོམས་ཁང་ཞིག་རེད། ནང་གི་བར་སྟོང་ཅུང་ཆུང་སྟེ་མི་གཉིས་ཤོངས་ཙམ་གྱི་མལ་ཁྲི་ཞིག་དང་། འབོལ་ཁྲི་རིང་ཙམ་ཞིག ཅོག་ཤུར་གཅིག ཡིག་འབྲིའི་ཅོག་ཙེ་གཅིག སྔས་སྟེགས་གཉིས། ལྕགས་ཐབ་གཅིག གཙབ་ཤིང་གཅིག གཞན་སྟབས་བདེའི་ཟངས་ང་དང་དཀར་ཡོལ་འཁྲུས་གཞོང་བཅས་འགའ་ལས་བསྒྲིགས་མེད་མོད། འོན་ཀྱང་གཡང་སྐྱིད་སྔར་བཞིན་ཡིད་ཚིམས་ཡོད་པ་མ་ཟད། བདག་གཉེར་བྱས་ཏེ་གྲལ་དག་ཅིང་གཙང་མར་བྱས་འདུག
       ཁོ་ཚོ་ཡུལ་ལ་ཐོན་རྗེས། ཚེ་ལོའི་ལུས་ཕུང་ད་དུང་ཕྱིར་འཁོར་མེད་ཅིང་ལྭ་བའང་མི་གཙང་བས། ཐོག་མར་ཁོ་ལ་ལྭ་བ་བརྗེས་སུ་བཅུག་ཅིང་འབོལ་ཁྲིའི་སྟེང་སྡོད་དུ་བཅུག་སྟེ་ངལ་གསོ་རུ་བཅུག་ལ། རང་གིས་གཙང་སྤྲ་བྱེད་ཅིང་མེ་གསོས་བཟའ་བཏུང་བསྐོལ་ནས་བྲེལ་བས་ཡང་ཡང་འཁོར།
       ཟ་མ་ཟོས་ཚར་རྗེས། ཚེ་ལོས་ཐོག་ལྭ་ཕུད་དེ་མལ་ཁྲིར་འགོས་ཤིང་གཉིད་འདོད་དུས། གཡང་སྐྱིད་ཀྱིས་གཞི་ནས་བཀག་བྱུང་།
       གཡང་སྐྱིད་ཀྱིས་བཤད་རྒྱུར། སོང་སྟེ་འཁྲུས་ཤིག་བྱོས་ཤིག ཁྱོད་ཀྱི་ལུས་སུ་མི་གཙང་ལྗན་ལྗིན་གྱིས་གོས་ཡོད་པར་ལྟོས་དང་ཟེར།
       ཚེ་ལོའི་སྐྲག་སྣང་ད་དུང་འཇགས་མེད་པས། འཁྲུས་ཅི་བྱེད་རྒྱུ། ཁྱོད་ཀྱིས་འཁྲུས་བྱོས་ཞེས་བཤད་མ་ཐག་ངའི་ལུས་སུ་བྱ་པགས་ལྟ་བུའི་སྐྲང་འབུར་གྱིས་ཁེངས་འགྲོ་ཞེས་བཤད།
       གཡང་སྐྱིད་ཀྱིས་དགོད་བཞིན་དུ། སྐྲག་རྒྱུ་ཅི་ཡོད། རྨ་ཆུའི་ནང་དུ་འཁྲུས་བྱོས་ཟེར་བའང་མིན་ཟེར།
       ཚེ་ལོས་དུས་ཚོད་ལ་བལྟས་ཤིང་བལྟས་རྗེས། དུས་ཚོད་བཅུ་ལྷག་བརྒལ་ཟིན། མཁར་རྫོང་འདིར་འཁྲུས་ཁང་གཉིས་མ་གཏོགས་མེད་པས། སྐབས་འདིར་སོང་ཡང་གྲལ་ལ་བསྒྲིགས་ཐུབ་རྒྱུ་མ་རེད་ཅེས་བཤད།
       གཡང་སྐྱིད་ཀྱིས། དེས་ན་ཁྱིམ་ནས་བཀྲུ་ཆོག ཁྱོས་ལྭ་བ་ཚང་མ་ཕུད་དང་ངས་ཁྱོད་ལ་བཀྲུ་རོགས་བྱེད་ཅེས་ཟེར་བཞིན་ཆུ་འཁོལ་ཚ་དེམ་གང་ཆུ་འཁྱག་ལྕགས་ཟོ་བྱེད་ཀའི་ནང་གསབ་བྱུང་།
       རྒྱུ་མཚན་ནི་ཉིན་འདི་འགར་འཁྲུས་མ་བྱས་པས། ལུས་སྟེང་དུ་རྔུལ་ཆུའི་ཤུལ་རྗེས་དང་རྔུལ་དྲེག་མི་ཉུང་བ་ཡོད་པ་ཁོ་ཐག་ཡིན། ལྷག་པར་དུ་རྨ་ཆུའི་ཁ་ཡི་དཀའ་ལས་དེར་བརྒྱུད་རྗེས་མགོ་དང་ལུས་སུ་ད་དུང་བྱེ་རྡུལ་མི་ཉུང་བ་ཡོད། ཚེ་ལོས་བཀྲུ་སླ་བའི་གནས་ཚང་མ་བཀྲུས་ཚར་རྗེས་གཡང་སྐྱིད་ཀྱིས་ཁོའི་སྒལ་གཞུང་ཕུར་བྱུང་། མོས་ཕུར་བ་ཞིབ་ཅིང་ཤེད་འདོན་པས་ཚེ་ལོ་བདེ་སྣང་གིས་ཟིན་ཞིང་སྣ་སྒྲ་ཨིན་ཨིན་འབྱིན།
       གཡང་སྐྱིད་ཀྱིས། ཅི་འདྲ་རེད། འདི་ནི་རྨ་ཆུར་འཁྲུས་བྱས་པ་ལས་ཀྱང་མི་སྐྱིད་དམ་ཞེས་པར།
       ཚེ་ལོས། དོན་དེ་མི་གླེང་བར་ཞུ། དོན་དག་གླེང་མ་ཐག་ངའི་སེམས་འཇིགས་པས་འཁུམས་འགྲོ་ཟེར་བར།
       གཡང་སྐྱིད་ཀྱིས། དོན་དེ་འཇིགས་ཡོད་ཉེན་མེད་སྒོ་ནས་ཕར་བསྐྱལ་བ་མིན་ནམ། ད་ཅི་ཞིག་ལ་སྐྲག་ཨང་ཞེས་བཤད།
       ཚེ་ལོས། དེ་ནི་ང་རང་གི་དོན་དེར་ཁོ་ནར་མ་ཡིན་ཏེ། ད་དུང་བུ་མོ་ཞིག་གིས་བུ་ཕོ་ཞིག་ཆུའི་ནང་ལ་ཕུད་བརྒྱག་བྱས་པའི་རྣམ་པ་དེ་ཡང་ཡང་མིག་མདུན་དུ་མངོན་པས་ཡིན་ཟེར།
       གཡང་སྐྱིད་ཀྱིས། གཡང་ལ་བོ། སྐབས་དེར་ཁྱོད་དབང་བོ་ཤོར་ཏེ་རང་གི་ཚེ་སྲོག་ཀྱང་སྲུང་དཀའ་མོད། ཅིའི་ཕྱིར་ད་དུང་མི་ལ་འཇིགས་སྣང་སྟེར་བའི་དོན་དག་དེ་འདྲ་མཐོང་སྲིད་ཨང་། ཁོ་ཐག་ལ་གསོན་པོར་འདྲེ་མཐོང་བ་འདྲ། རྗེས་སུ་ད་ཡང་འདི་ལྟ་བུའི་འཁྲུལ་གཏམ་མ་བཤད་ཅིག ཡང་ཅིག་བཤད་ན་ངའི་ལུས་སུའང་བྱ་པགས་ལྟ་བུའི་སྐྲང་འབུར་གྱིས་ཁེངས་ངེས་ཟེར།
       ཚེ་ལོས་གཡང་སྐྱིད་འཇིགས་སྐྲག་བྲེལ་འཚུབ་ཀྱི་ཉམས་ཀྱིས་ཁེངས་ཡོད་པར་ལྟ་བ་དང་། ཡང་སྐབས་དེར་རང་ཉིད་རྣམ་རིག་མི་གསལ་བའི་རྣམ་པར་ལུས་ཡོད་པར་བསམ་སྟེ་རང་གི་ལྟ་བ་རྒྱུན་འཁྱོངས་བྱེད་མི་ཕོད་པར་མྱུར་མོར་སྨྲ་རྒྱུར། མི་བཤད། མི་བཤད།ཅེས་ཟེར།
       ཚེ་ལོས་ཆུང་མས་རང་གི་སྒལ་གཞུང་ཕུར་བཞིན་པའི་བདེ་སྣང་ཅི་འདོད་མྱོང་བཞིན་འདུག གློ་བུར་དུ། གཡང་སྐྱིད་ཀྱིས་ལྷག་ཡོད་པའི་ཆུ་ཟོ་ཕྱེད་ཀ་དེ་ཚེ་ལོའི་མགོ་ནས་མར་ཕོད་པ་ན་ཚེ་ལོ་སྐྲག་སྟེ་རྐུབ་སྟེགས་ལས་ལངས་སྟེ་གནམ་ལ་ལྡིང་བྱུང་།
       མཚན་མོ་དེར། ཚེ་ལོས་རྨི་ལམ་འཇིགས་པོ་ཞིག་རྨིས་བྱུང་། ད་དུང་མི་བསད་སོང་ཟེར་བའི་གཤེད་གཏམ་སྨྲས་ཏེ་གཡང་སྐྱིད་སྐྲག་སྟེ་ཞག་གང་བོར་རྫི་ཁ་མ་ཟུམ།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།