logo

བླ་མེད་ཀྱི་ཞི་བ་དང་དལ་བ།

རྩོམ་པ་པོ།:ཚི་གུ་ཡིས་བསྒྱུར། ཡོང་ཁུངས།:མི་རྒོད་རྩོམ་རིག་འཕྲིན་སྟེགས། དུས་ཚོད།:2023-09-08 ཀློག་གྲངས།:
པད་མ་ཚེ་བརྟན། བླ་མེད་ཀྱི་ཞི་བ་དང་དལ་བ།
ཧྭ་སིན་གྱིས་བརྩམས།(སོག་པོ)
ཚི་གུ་ཡིས་བསྒྱུར།

       པད་མ་ཚེ་བརྟན་གླེང་ཡོང་དུས། ངོ་མི་ཤེས་མཁན་ཕལ་ཆེར་མེད་སྙམ། བོད་དང་བོད་ཀྱི་རིག་གནས་སམ་ཡང་ན་གློག་བརྙན་ལ་དོ་སྣང་ཡོད་མཁན་ཞིག་ཡིན་དུས། ཀྲུང་གོའི་གསེར་བྱ་གློག་བརྙན་གཟེངས་རྟགས་ཚུད་པའི་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བྱ་དགའ་མང་པོ་བླངས་མྱོང་བའི་བོད་སྐད་གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»མཁྱེན་ངེས་ཏེ། ང་རང་གིས་བརྗོད་འདོད་པའང་གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»གྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཡིན།
       པད་མ་ཚེ་བརྟན་ལགས་ཐོག་མར་ངོ་ཤེས་དུས་ནི་ལུའུ་ཞུན་རྩོམ་རིག་སློབ་གླིང་གི་གྲངས་ཉུང་མི་རིགས་རྩོམ་རིག་ལོ་ཙཱ་བའི་མཐོ་རིམ་བགྲོ་གླེང་འཛིན་གྲྭའི་ནང་ཡིན། ངས་ངོ་ཤེས་པའི་ཁོང་ནི་ཁུ་སིམ་མེར་རང་ཉིད་དགའ་བའི་གློག་བརྙན་ཞིག་ཕབ་པར་སྤྲོ་ཞིང་། ཐུགས་ལྷོད་ལྷོད་ངང་གང་ཞིག་རྩོམ་འགྱུར་གྱི་སྒྲུང་དེ་བློས་བསླངས་བྱེད་བཞིན། བོད་རྒྱ་ཡིག་རིགས་གཉིས་ཀྱི་སྐད་ཁོངས་ལ་ལྟ་ཞིབ་སྒོས་ལོ་ཙཱའི་ཁ་ཕྱོགས་གདམ་གསེས་བྱ་ཐུབ་མཁན་ཞིག་ཡིན་པས་ན། ཁོའི་གློག་བརྙན་ལ་དགའ་བའི་ལྟད་མོ་བ་དང་རྩོམ་ཡིག་ཀློག་མཁན་གང་མང་མང་ཞིག་གིས་རིམ་བཞིན་ཁོ་ལ་དོ་སྣང་འབྱུང་བཞིན་ཡོད། ཁོ་ནི་ལྷོད་ཀྱུག་གེར་གནས་པ་ལ་གཞན་དྲིང་མི་འཇོག་པའི་མི་ཞིག་སྟེ། སྨྲ་བ་ཉུང་ཞིང་ངག་ཚིག་དལ་ལ་འཇམ་པ་བྱིའུ་ཞིག་དཀྲོག་འགྲོ་བསམ་བསམ་ཞིག་འདུག
       ད་ལོའི་དཔྱིད་མགོར། ངས་པད་མ་ཚེ་བརྟན་གྱིས་བསྒྱུར་བའི་སྒྲུང་རྩོམ་གྱི་ཕྲེང་བ་སྤེལ་མར་བཀླགས་པ་ཡིན། བསྒྱུར་རྩོམ་དེ་དག་གི་ཚིག་སྦྱོར་ལ་ལོ་ཙཱའི་ཤུལ་རྗེས་གང་ཡང་མི་སྣང་ནའང་། རིག་གནས་གཞན་གང་དེའི་ཉིང་བཅུད་སོ་ན་གནས་ཡོད། པད་མ་ཚེ་བརྟན་གྱིས་ལོ་ཙཱ་བྱས་པའི་སྒྲུང་རྩོམ་བཀླགས་ཤིང་ཁོའི་གློག་བརྙན་ལ་ལྟ་སྐབས། ངའི་འདུ་ཤེས་ཀྱི་ཀློང་དུ་འབྱམས་པའི་ཆོས་ལུགས་དང་སྙན་ངག་ལྟ་བུའི་ཀུན་རྫོབ་ཀྱི་བོད་དེ་ཉིད་འཚོ་བའི་ཆོས་ཉིད་ཀྱིས་ཕྱུག་པའི་དོན་དམ་གྱི་བོད་ཤིག་ཏུ་བསྐྱེད་ཡོང་།
       ངས་བསམ་ན། པད་མ་ཚེ་བརྟན་གྱི་ཕུགས་བསམ་ཡང་གནད་འདིའི་སྟེང་གནས་ཡོད་སྙམ།
       ཁོས་ཐབས་ཤེས་སྣ་ཚོགས་པ་ཞིག་གི་སྒོ་གླེགས་ཕྱེས་ཏེ་བོད་དང་བོད་ཀྱི་རིག་གནས་ཀྱི་ངོ་བོ་ཕྱིར་མངོན་པར་བརྩོན་བཞིན་མཆིས།
       དེ་ལ་ངག་རྒྱུན་ཁྲོད་ཀྱི་བོད་ནི་སྐྱེས་བུ་གཞན་དག་གི་སྣང་ངོར་ཧ་ཅང་གསང་བ་ལྐོག་གྱུར་གྱི་གནས་ཤིག་སྟེ། ལ་ཤས་ཀྱིས་ལྷ་རུ་བཞེངས་ཤིང་། ལ་ཤས་ཀྱིས་འདྲེ་རུ་སྨྲ། འོན་ཀྱང་ཕ་རོལ་བས་ཇི་ལྟར་རྟོག་བཟོ་བྱས་ནའང་བོད་སྔར་བཞིན་བོད་དེ། ཡུལ་གྲུ་དེའི་འཚོ་བ་གཞན་དང་མི་འདྲ་བ་གང་ཡང་མེད་ལ། གནས་དེའི་འགྲོ་བ་ཀུན་ཀྱང་མི་ཡུལ་གྱི་འགྲོ་བ་གཞན་དང་མ་འདྲ་བའི་ཆ་གང་ཡང་མེད་པར། ཉི་ཟླའི་འཆར་ནུབ་ཀྱི་རྟེན་འབྲེལ་ལ་འཁྲེང་གིན། ཟས་གོས་གནས་མལ་བསྐྲུན་པ་དང་། སྐྱེ་རྒ་ན་འཆིའི་ལྡོག་མེད་ཀྱི་ལས་དབང་ཉམས་སུ་མྱོང་བཞིན་ཡོད། ཚུལ་འདི་ལ། རྒྱའི་རྩོམ་པ་པོ་ཧྥུན་ལིང(冯良)གིས། “གཞན་དང་མི་འདྲ་ས་གཅིག་ཡོད་པ་ནི་ཡུལ་གྲུ་དེ་ན་འཚོ་ཞིང་བཞེས་པའི་མི་རྣམས་ཚུལ་འཆོས་གསོག་གསོབ་ལ་གོམས་མེད་པ་དེའོ”ཞེས་པ་ནང་བཞིན་ནོ། །
       པད་མ་ཚེ་བརྟན་གྱིས་རང་གི་གསར་རྩོམ་དང་སྐད་གཉིས་ལོ་ཙཱ་ཡི་འཇོན་ནུས་ལ་བརྟེན་ནས་གནས་དེ་ཡི་སོ་སོ་སྐྱེ་བོ་དག་གི་ཕལ་བའི་མི་ཚེ་དང་ཁ་བ་ཅན་གྱི་དད་པའི་བྱིན་རླབས་མཚོན་བརྗོད་སྒོས་རྒྱུས་མེད་ཀྱི་མི་དེ་དག་ལ་བོད་ཀྱི་འཚོ་བ་གཤའ་མ་དེའི་རྒྱུད་ཀྱི་ཆ་ཤས་དག་མངོན་ཐུབ་ཀྱིན་ཡོད་དེ། དེའི་ནང་དུ་ཁོང་གི་ཞི་བ་དང་དལ་བ་ཡང་འདུ།
       དབྱར་ཟླ་བདུན་པའི་ཕྱི་དྲོ་ཞིག་གི་རིང་ལ། པད་མ་ཚེ་བརྟན་ངེད་གཉིས་ཀྱིས་རྩོམ་རིག་ལོ་ཙཱའི་སྐོར་ནས་ཁ་བརྡ་བྱས་པ་ཡིན།

ཞི་བ།
       བོད་མི་དམངས་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་ཉན་བཞིན་འཚར་ལོངས་བྱུང་བ་ཞིག་ཡིན་པས། རྣ་བ་ཞལ་ཞལ་དུ་ཉན་རྒྱུར་ལོབས་ཡོད། པད་མ་ཚེ་བརྟན་གྱིས་བོད་མིའི་རྒྱུད་ཀྱི་ཞི་ཞིང་དུལ་བ་དེ་རྒྱུན་འཛིན་སྒོས་གློག་བརྙན་གྱི་ལག་ཐབས་སུ་སྤྱད་དེ་བོད་ཀྱི་ཞི་བའི་ནང་སྙིང་ངོ་མ་བོ་འབྲི་འགོད་བྱེད་ཀྱིན་ཡོད། ཁོང་གིས་ཟིང་ཆ་མེད་པའི་སྨྱུ་གུའི་འདུ་འགོད་ཀྱིས་བོད་མི་དང་བོད་ཀྱི་སྒྲུང་རབས་འབྲི་བཞིན་ཡོད་དེ། ཡ་ཡོ་བྲལ་བའི་ལོ་ཙཱའི་ཤེས་ཚད་ལ་བརྟེན་ནས་བོད་གནའ་རབས་ཀྱི«མི་རོ་རྩེ་སྒྲུང»དང་དེང་རབས་སྒྲུང་རྩོམ་སྐོར་ཅིག་རྒྱ་ཡིག་ཏུ་བསྒྱུར་བ་དེ་དག་སྒྲུང་ཡང་མོ་ཀློག་རྒྱུར་དགའ་བའི་ཀློག་མཁན་དག་གི་མིག་གི་དགའ་སྟོན་གསར་པ་ཞིག་ཏུ་འཕོས་སུ་བཅུག་ཡོད། གློག་བརྙན་དང་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་རུང་། ཁོང་གི་བརྩམས་ཆོས་ཀློང་གི་ཉིན་མཚན་དེ་ཞི་བར་གནས་ཡོད་པ། སྒེའུ་ཁུང་ཕྱི་རོལ་གྱི་ཟང་ཟིང་གི་འཇིག་རྟེན་དེ་ང་དང་རྒྱང་ཐག་གིས་ཕྱེ་ཡོད་པ་ནང་བཞིན། ངས་བརྩམས་ཆོས་དེ་དག་ཁྲོད་ཀྱི་མི་སྣ་དེ་དག་དང་ཁ་བརྡ་གློད་ཀྱིན་པ་དང་འདྲ་ཨང་།
       ང་རང་ཁོའི་ཡི་གེའི་ཁྲོད་ཀྱི་ཞི་བ་དང་ངོ་བོ་དབྱེར་མེད་འདྲེས་སོང་། 
       “ངུ་སྐད་དེ་མུ་མཐུད་དུ་གྲག་བཞིན་འདུག ལུག་རྫི་གཅོད་པ་སྦྲ་སྒོ་ལས་ཕྱིར་བུད་དུས། ཕྱི་རོལ་ཏུ་དངོས་གནས་ཁ་བ་བབས་འདུག་པས་ཁོ་ནི་རེ་ཞིག་ཡ་མཚན་སོང་། ནམ་མཁའི་དབྱིངས་སུ་སྐར་ཚོགས་ཀྱི་མིག་ཟུང་བར་མེད་དུ་འཛུམ་ཞིང་། དཀར་གསལ་ཟླ་བས་ཁ་བའི་ཡུལ་ལྗོངས་འདིར་སྔར་མེད་ཀྱི་མཛེས་ཆོས་ཤིག་བསྣན་ཏེ། ལུག་རྫི་གཅོད་པའི་ཡིད་སེམས་དབང་མེད་དུ་དྲངས། བསམ་བློ་ཏོག་ཙམ་བཏང་རྗེས་ཁོ་མྱུར་དུ་བྱིས་པའི་ངུ་སྐད་གྲག་སའི་ཕྱོགས་སུ་སོང་། ཁོ་དང་བར་ཐག་ཅུང་རིང་བའི་ཁ་བའི་ཁྲོད་དུ་དངོས་པོ་ཞིག་འོད་ཡུག་ཡུག་བྱེད་བཞིན་ཡོད་པས། ཁོ་ལ་དེ་འཕྲལ་ཞེད་སྣང་ཞིག་སྐྱེས་ཏེ་གོམ་པ་སྤོ་མཚམས་དབང་མེད་དུ་བཞག ཡུད་ཙམ་ནས་སླར་ཡང་རང་ཤུགས་ཀྱིས་སྤོབས་པ་ཞིག་སྐྱེས་ཏེ་དངོས་པོ་དེའི་གན་ལ་ཕྱིན། ཨ། དེ་ནི་དངོས་གནས་བྱིས་པ་ཞིག་རེད། བཙས་མ་ཐག་པའི་བྱིས་པ་དམར་རྗེན་ཞིག་སྟེ། ལུས་ཧྲིལ་བོ་ཁ་བ་ལྟར་དཀར་ཞིང་ཟླ་འོད་འོག་ཏུ་འོད་ཀྲིག་ཀྲིག་ཏུ་སྣང་། ཁོ་སྒུར་ནས་ཞིབ་ལྟ་བྱས་པ་ན། ཏག་ཏག་ལ་རྨི་ལམ་ཁྲོད་དུ་ཁོའི“ཆུང་མས”པང་ཡོད་པའི་བྱིས་པ་དེ་རེད། ཐོག་མར་ཁོ་ལ་སྐྲག་སྣང་ཞིག་སྐྱེས་ན་ཡང་། བྱིས་པ་དེའི་བཅོས་མིན་གྱི་འཛུམ་མདངས་མཐོང་བས་སྙིང་ཉེ་བའི་ཚོར་བ་ཞིག་གིས་པང་ལ་བཟུང་བ་དང་། ནམ་ཟླ་གྲང་འཁྱག་འདིའི་ནང་དུ་བྱིས་པ་དམར་རྗེན་འདི་ཕྱིད་ཉེན་ཆེའོ་སྙམ་ནས་རང་གི་སྐ་རགས་བཀྲོལ་ཏེ་རུམ་ལ་འཇུག་རྩིས་བྱས། སྐབས་དེར། འཕྲུལ་སྣང་ཡིན་པར་དོགས་པས་ཁོ་ལ་སླར་ཡང་འཇིགས་སྔངས་ཤིག་སྐྱེས་ནས་བྱིས་པ་གཡུགས་ཏེ་ཕྱིར་སྦྲ་ནང་དུ་འབྲོ་རྩིས་བྱས་མོད། སེམས་རྣལ་ལ་ཕབ་ནས་ཅིས་ཀྱང་བལྟ་དགོས་སྙམ་སྟེ་བལྟས་པ་ན་དེ་མི་འཁྲུལ་མེད་དུ་མཐོང་བ་དང་སྙིང་རྗེ་ཚུལ་ལ་བལྟས་ཀྱིན་བལྟས་ཀྱིན་ད་ཅིའི་བསམ་ཚུལ་དེ་ལ་ངོ་གནོངས་ཤིང་འགྱོད་པ་སྐྱེས་པ་དང་། འདི་འདྲའི་བྱིས་པ་དམར་རྗེན་ཞིག་ཁ་བའི་ནང་དུ་བསྐྱུར་ན་ཤིན་ཏུ་མི་འོས་ཞེས་རང་གིས་རང་ལ་ལེ་བདའ་བྱེད་བཞིན་བྱིས་པ་རུམ་ལ་བཅུག་ནས་སྦྲའི་ཕྱོགས་སུ་སོང་། མ་གཞིར་བྱིས་པ་དེའི་ལུས་པོ་ཕྱི་གསལ་ནང་གསལ་ཞིག་ཡིན་ལ། ཡ་ཆུང་ཁོག་གི་དོན་ལྔ་སྣོད་དྲུག་ཀྱང་དབུགས་ཀྱི་རྒྱུ་བ་དང་བསྟུན་ནས་ལྷེམ་ལྷེམ་དུ་འགུལ་བཞིན་པ་མཐོང་ཐུབ།”
       —པད་མ་ཚེ་བརྟན་གྱི་བརྩམས་སྒྲུང«གངས»ཞེས་པ་འདིའི་ནང་དུ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཐབས་རྩལ་སྤྱད་དེ་དཀོན་མཆོག་གི་ཐུགས་རྒྱུད་ལས་གཏམས་པའི་བྱིས་པ་གཉིས་དང་བྱང་ཆུབ་ཀྱི་སེམས། སྒྱུ་མའི་ལུས་པོ་དག་གིས་གཉེན་ཉེ་ཚོ་བ་དག་དཀའ་ངལ་ལས་བགྲོད་པར་གྲོགས་དན་མཛད་ནའང་། མཐའ་མར་མིའི་རྒྱུད་ཀྱི་དུག་གསུམ་ལས་འཇིག་རྟེན་མི་ཡུལ་དང་གཏན་བྲལ་བྱ་རུ་བཅུག་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། གཏམ་རྒྱུད་ཁྲོད་ཀྱི་རང་བྱུང་གི་རྣམ་པ་དེ་ཞི་ཞིང་དུལ་བ། ཟླ་འོད་དང་ཁ་བ། སྐར་མ། མཚན་མོ་སོགས་ཞི་བར་གནས་པའི་གྲང་ལྷགས་ཀྱི་བདེ་དྲོད་དེས་ཡིད་དྲངས་འགྲོ། འདི་ལྟའི་བདེ་དྲོད་ཀྱིས་ཁྱབ་པའི་ཞི་བ་དེའི་བྱིན་རླབས་ཁྲོད་བྱིས་པ་ཞིག་མི་ཡུལ་དུ་སྐུ་བལྟམས། གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་སེམས་ཁམས་ཀྱི་འཕྱོ་འཇགས་ཡོད་ཅོག་ཞི་བའི་ཁྲོད་གནས་འདུག་པར། འདི་ལྟ་བུའི་ལྷིང་འཇགས་ཀྱི་བྲོ་བ་སྟུག་པོའི་སྒྲུང་རྩོམ་གྱི་བློས་བསླངས་ཁྲོད་དུ་བོད་མིའི་བྱང་སེམས་ཀྱི་བློ་ཁོག་དེ་མུན་པའི་ལྟོ་བ་རུ་དལ་བུར་ཁ་ཕྱེ་གྱིན་པའི་གངས་ལྷ་མེ་ཏོག་ཅིག་དང་གཉིས་སུ་མེད་པ་ལ་ཨང་།
       ངས་ཁོ་ལ་ལོ་ཙཱའི་མཛེས་དཔྱོད་དང་གདམ་གའི་སྐོར་ལ་བཀའ་འདྲི་ཞུས་པར། པད་མ་ཚེ་བརྟན་གྱིས“བདག་གིས་རྣམ་ཀུན་རང་ཉིད་ཀློག་སྤྲོ་བའི་བརྩམས་ཆོས་དེ་དག་ལོ་ཙཱ་བྱེད་ཀྱིན་པ་དང་། སྒྲུང་ཐུང་ངུའི་རིགས་ཡིན་ན་ཕལ་ཆེར་དབུགས་ཐེངས་གཅིག་གིས་ལོ་ཙཱ་བྱས་པ་ཡིན”ཟེར།
       ཁོ་རང་ཆེས་དགའ་བའི་བོད་ཀྱི་རྩོམ་པ་པོ་ནི་སྟག་འབུམ་རྒྱལ་ཡིན་པ་དང་། ལྷག་པར་དུ་ཁོའི་ཁྱིའི་སྐོར་གྱི་སྒྲུང་ལ་ཁོ་རང་དེ་བས་དགའ། དཔེར་ན།«སྒོ་ཁྱི»དང«ཁྱི་རྒན» «ཧ་པ་གསོས་པའི་ཟིན་ཐོ»སོགས་ལྟ་བུར་ཤིན་ཏུ་ཉེ་བོ་ཡོད་ཟེར། ཁྱི་འདི་དག་སྐོར་གྱི་སྒྲུང་ཀློག་ན་ཀློག་པ་པོ་དག་གིས་བོད་ཀྱི་དེང་རབས་རྩོམ་རིག་གི་ཕྱོགས་ཙམ་མཐོང་ཐུབ་པར་བརྗོད་དེ། སྒྲུང་དེ་དག་གི་ཁ་མཚར་དགོད་བྲོ་དང་གཏམ་རྒྱུད་ཀྱི་བྱུང་རིམ། མཚོན་ཐབས་བཅས་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་། བོད་ཀྱི་བླ་གནས་སུ་གྱུར་བའི་རིག་གནས་ཀྱི་ཉིང་བཅུད་འགྲེལ་བརྗོད་ཐུབ་པའི་གསར་རྩོམ་གྱི་ཀུན་སློང་དེས་མི་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་པར་བྱེད། བདག་གིས་པད་མ་ཚེ་བརྟན་གྱི་ལོ་ཙཱའི་བརྩམས་ཆོས་དག་ཀློག་པའི་དུས་སུ། སློབ་ཆུང་ལོ་རིམ་བཞི་པ་འགྲིམ་བཞིན་པའི་བུ་མོས་ཀྱང་དེའི་ཁྲོད་ཀྱི«སྒོ་ཁྱི»ཞེས་པ་ཀློག་གིན་འདུག ཁོ་མོས་བཀླགས་གྲུབ་རྗེས་ཡི་རང་དང་བཅས“ཁྱི་དེར་ངོ་མས་སྙིང་རྗེ་ཤོར་བ་ལ་ཨང་། བདག་པོར་བློ་དཀར་བའི་ཁྱི་དཔེ་མེད་ཅིག་ཡིན་ནའང་། མཇུག་འབྲས་དེ་འདྲའི་ཡ་ང་བ་ལ་ཨང”ཟེར།
       བདག་གི་སེམས་སུ་ཀློག་པ་པོ་ཆེ་མ་ཆུང་གསུམ་གྱི་ཡིད་དབང་འཕྲོག་ཏུ་འཇུག་པའི་བརྩམས་ཆོས་འདི་འདྲ་བ། མ་ཡིག་དང་བུ་ཡིག་གང་ཡིན་ཡང་ལེགས་འགྲུབ་བྱུང་བའི་བརྩམས་ཆོས་ཡག་པོ་ཞིག་མ་ཡིན་ནམ་སྙམ་བྱུང་།

དལ་བ།
      “ངམ་གནག་གི་རང་གཤིས་ལ་སྲ་མཁྲེགས་ཀྱི་རང་བཞིན་ལྡན་ཞིང་། བྱ་བྱེད་འཁོབས་ནའང་ལོ་ཟླའི་སྒམ་བརླིང་གི་རང་ཚུགས་བརྟན། ངས་སྙིང་ཉེ་བའི་ཐ་སྙད་དེ་དག་ཐོས་བྱུང་། ཆུ་མིག་བཞིན་ལྷུང་ལྷུང་བཞུར་ཅིང་ཕ་བོང་བཞིན་ལྷུན་ནེར་འགྱིང་བའི་རྗོད་པ་སྟེ། བདག་གི་ཕ་སྐད། གསལ་གསལ་དག་དག་ཏུ་ངའི་སར་བསྙེགས་ནས་ཐོན། ང་རང་ཧ་ལས་བཅུག་བྱུང་། འདི་ནི་ང་དང་ང་འདྲའི་རིགས་རྒྱུད་འདི་ཡི་བུ་རབས་ཚ་རྒྱུད་དག་གི་ཆེས་ཐོག་མར་མཐོང་བའི་ཕ་སྐད་ཀྱི་གློག་བརྙན་ཡིན། མ་ཟད་ཀྲུང་གོའི་གློག་བརྙན་གྱི་མི་ལོ་བརྒྱའི་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་ཀྱི་ལོ་ངོ་བརྒྱའི་ངང་སྒུག་གོ”
       གོང་གསལ་གྱི་ཚིག་འདི་ནི་པད་མ་ཚེ་བརྟན་གྱི་གློག་བརྙན«རྩྭ་ཐང»(པད་མ་ཚེ་བརྟན་གྱི་སྒྲུང་རྩོམ«རྩྭ་ཐང»གློག་བརྙན་དུ་བཅོས་པ)ཐད་ལ་སྤེལ་བའི་གློག་བརྙན་དཔྱད་བརྗོད་རེད། རྩོམ་མཁན་གྱིས་བཤད་རྒྱུར། གློག་བརྙན་ཐུང་ངུ་འདི་བརྒྱུད་ནས་ཁོས་པད་མ་ཚེ་བརྟན་གྱི་གློག་བརྙན་འཇིག་རྟེན་ལ་མཐའ་མེད་པ་ཤེས་བྱུང་ཟེར།
       པད་མ་ཚེ་བརྟན་གྱི་གློག་བརྙན་པར་སྒོ་དང་རྩོམ་རིག་སྐད་བརྡའི་ཁྲོད་བོད་རང་མཚན་པའི་ཚིག་ཅིག་མཐོང་ཐུབ་པ་ནི། དལ་བའོ། །
       དལ་བ། འདི་ནི་ཆེས་དམིགས་བསལ་གྱི་ཚིག་ཅིག་ཡིན་པ་སྨྲས་མ་དགོས་ཏེ། ཁྱད་པར་དུ་ཡོད་ཚད་མྱུར་ཚད་དང་ཡང་ན་མྱུར་ཚད་ལས་བརྒལ་འགྱུར་གྱི་ལོ་རབས་འདིའི་ནང་དུ།
       ཁྱོད་ཀྱི་མཐོང་ངོགས་སུ་གནམ་མཐའི་མཚམས་ཀྱི་རྩྭ་ཐང་ཡངས་པོ་རུ་ནག་ཐིག་གཉིས་ཕར་གཡོ་ཚུར་གཡོ་ངང་འཇུར་ཡོང་དུས། ངང་སྒུག་གི་སེམས་བྱུང་དེ་ཇི་ལྟའི་འཚབ་འཚུབ་དང་ཐེ་ཚོམ་གྱི་རྒྱ་རུ་ཚུད་ངེས་པ་ལ་ཨང་། དེ་ནས་སིང་སིང་གི་གླུ་སྐད་ཅིག་ཕ་མཐའ་གཞལ་དཀའི་རྩྭ་ཐང་གི་མཁའ་དབྱིངས་སུ་གྲགས་འོང་དུས་གླུ་སྐད་དེས་ཁྱོད་ཀྱི་སེམས་རྒྱ་མཐའ་མེད་པ་ཞིག་ཏུ་བསྐྱེད་ངེས།
       བོད་ལྗོངས་ཀྱི་དལ་བ་དང་། དལ་བའི་བོད་ལྗོངས་བླ་ན་མཐོ། ལྷབ་ལྷུབ་བསྐྱོད་པའི་དར་ལྕོག བར་མེད་དུ་འཁོར་གིན་པའི་མ་ཎི་འཁོར་ལོ། ལྷབ་ལྷབ་ཏུ་འབར་བའི་མཆོད་མེ། བསང་དུད་ལང་ལོང་། ཆོས་སྐད་ལྷང་ལྷང་། བར་སྣང་ན་གར་དུ་རྩེན་པའི་རླུང་རྟ། ད་དུང་ཡུལ་དེ་ན་འཚོ་བཞེས་གནང་གིན་དགའ་སྐྱོ་འདུ་བྲལ་དང་སྐྱེ་འཆིའི་འཁོར་སྐྱོད་ལ་འཁྲེང་བཞིན་པའི་སྐྱེ་བོ་དག རེ་རེ་ནས་རེ་རེ་བཞིན་པད་མ་ཚེ་བརྟན་གྱི་སྒྲུང་རྩོམ་དང་རྩོམ་རིག་ལོ་ཙཱ།  གློག་བརྙན་བཅས་བརྩམས་ཆོས་མི་འདྲ་བ་སྣ་གསུམ་གྱི་ལམ་ཁ་ནས་དལ་བ་དལ་བུར་ཀློག་མཁན་དང་ལྟ་མཁན་དག་གི་མིག་མདུན་དུ་བབ་ཆགས་སྤྲོས་བྲལ་ངང་བཤམས་ཐུབ་ཡོད།
       ཁོང་གིས་སྙན་ངག་མཁན་གྱིས་སྙན་ངག་ལོ་ཙཱ་བྱས་ན་ཡག་ཐོག་ཡག་བརྩེགས་ཡིན་པ་དེ་བཞིན་སྒྲུང་རྩོམ་མཁན་གྱིས་སྒྲུང་ལོ་ཙཱ་བྱས་ན་ཤིན་ཏུ་ཡག་ཟེར། དེའི་རྒྱུ་མཚན་ནི་རྩོམ་རིག་ལོ་ཙཱ་བྱེད་པར་བརྗོད་བྱ་ཁོ་ན་བསྒྱུར་བ་མ་ཡིན་པར་གཙོ་བོ་མ་ཡིག་གི་དབྱངས་ཀྱི་མཚམས་ཚིགས་དང་སེམས་ཁམས་དེ་ཉིད་ངོས་ཟིན་རྒྱུ་གལ་ཆེ་བར་བརྗོད། མ་ཟད་བོད་རྩོམ་གྱི་བརྗོད་པའི་ངག་གི་ཕྲེང་བ་དེ་ལ་དལ་བའི་ཁྱད་གཤིས་ཤིག་ཡོད་པར་བརྗོད། ཁོང་གིས་ད་དུང་སྐད་བརྡ་གཉིས་ཕན་ཚུན་བརྗེ་བ་ལ་ངེས་པར་དུ་མ་རྩོམ་གྱི་ཁྱད་ཆོས་དང་ཉམས་འགྱུར་སོར་གནས་ཐུབ་དགོས་པ་དང་ཆབས་ཅིག་འགྱུར་ཡིག་གི་བྱང་ཆ་ལ་དང་དོད་བྱ་དགོས་ཟེར།
      ཁོའི་ལོ་ཙཱའི་བརྩམས་ཆོས་དག་བཀླགས་པར། ང་ལ་ཀློག་མཁན་ཞིག་གི་ངོས་ནས་ལོ་ཙཱ་པར་ཐུགས་རྗེ་ཞུ་དགོས་པའི་ངོས་ཟིན་ཐོབ། ཁོ་ནང་བཞིན་ལོ་ཙཱའི་ཕྱག་ལས་ལ་ཤ་ཐང་དུ་འབད་པ་དག་གི་ངལ་རྩོལ་གྱི་འབྲས་བུ་ལས་ངས་ཀྱང་སྒེའུ་ཁུང་ཞིག་གསར་དུ་ཕྱེ་བ་ནང་བཞིན་རང་གི་འཚོ་བ་དང་རྒྱང་ཐག་གིས་ཆོད་པའི་ལྗོངས་ཆེན་པོ་ཞིག་མཐོང་ཐུབ་པ་བྱུང་།«Dསྡེ་བའི་ཀླན་ཀ»(ཚེ་རིང་དོན་གྲུབ་ཀྱིས་བརྩམས)ནང་གི་བསོད་སྐྱབས་ཀྱིས་རང་གི་དཔོན་ས་ཆུང་ཆུང་དེ་དང་ཁ་ངོ་ཡི་ཕྱིར་མི་སེར་ལ་བཤུ་གཞོག་རབ་དང་རིམ་པ་བྱས་པས་མཐའ་མར་རང་ཉིད་ཀྱི་རྐང་སྣེ་རྡོ་ལ་ཐོག་པའི་གཏམ་རྒྱུད་དེས་ཁ་དགོད་བཞིན་ཁོག་ལ་སྡུག་ཅིག་འཇོག་ཅིང་།«ཁྱི་རྒན»(སྟག་འབུམ་རྒྱལ་གྱིས་བརྩམས)ལས་སྐྱ་བྷེ་ཡིས་ཁྱི་རྒན་ཞིག་གི་བེམ་པོ་འཕེན་ཐབས་མ་འགྲིག་པར་མྱི་ཁ་དང་སྡིགས་དམོད། ཐ་ན་གྱོད་ལ་ཐུག་པ་བཅས་བྱུང་རིམ་ཚར་དུ་དངར་ཡོད་པ་དེས་བོད་མིའི་རྒྱུད་ཀྱི་དད་པ་དང་འཚོ་བ་རོལ་སྟངས། མི་ཚེ་ལྟ་ཚུལ་སོགས་མངོན་པར་མཚོན་ཐུབ་ཡོད།«ཉིན་གཅིག་གི་ཆོ་འཕྲུལ»(སྟག་འབུམ་རྒྱལ་གྱིས་བརྩམས)ནི་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་དམིགས་སུ་བཟུང་ཡོད་པས་ཀྱང་གབ་དོན་ཟབ་པའི་བསྡུས་བརྗོད་ཀྱི་གཏམ་རྒྱུད་ཅིག་སྟེ། བལྟས་མ་ཐག་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ཀྱག་ཀྱོག་གང་ཡང་མེད་པར་ཆུ་བཞུར་བཞུར་དུ་རྒྱུག་ནའང་རྩོམ་པ་པོས་ནང་བསྟན་མཚན་ཉིད་རིག་པའི་ཡུལ་དུས་ཀྱི་དགོངས་པ་གཞིར་བཟུང་མི་སྣ་གཙོ་བོའི་ཉིན་གཅིག་གི་འགྱུར་ལྡོག་དེ་རབས་གསུམ་གྱི་འཚོ་བའི་གནས་སྟངས་ལྟར་འབྲི་བཞེངས་ཐུབ་པ་དེས་སྒྲུང་རྩོམ་ཁྲོད་ཡུལ་དུས་ཕན་ཚུན་བརྗེ་བསྒྱུར་ཐུབ་ཡོད།
       སངས་རྒྱས་ཆོས་ལུགས་ཀྱིས་མི་རིགས་འདིའི་བླ་ན་མཐོ་བའི་བྱམས་སྙིང་རྗེ་དང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའི་འདུ་ཤེས་དེ་ཡིས་མི་རིགས་འདི་ལ་ཚེ་རབས་ཀུན་ཏུ་མྱངས་མི་ཚར་བའི་བསོད་ནམས་ཀྱི་ཚོགས་གསོག་ཏུ་བཅུག་ཡོད།
       མཚམས་འདིར། པད་མ་ཚེ་བརྟན་གྱིས་རྒྱ་ཡིག་ཏུ་ལོ་ཙཱ་བྱས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི«མི་རོ་རྩེ་སྒྲུང»སྐོར་མི་གླེང་ཐུ་མེད་དེ། «མི་རོ་རྩེ་སྒྲུང»གི་འབྱུང་ཁུངས་རྒྱ་གར་ཡིན་ནའང་། བོད་དང་སོག་པོ་སོགས་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱབ་ཁོངས་སུ་དར་ཞིང་འཕེལ་བར། མི་རིགས་དེ་དག་གི་དམངས་ཁྲོད་རྩོམ་རིག་གི་ཁྱད་ནོར་དུ་བརྗོད་ཀྱང་ཆོག གཏམ་རྒྱུད་ཀྱི་སྐུད་སྣེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བདེ་སྤྱོད་བཟང་པོ་རོ་དངོས་གྲུབ་ཅན་ལེན་དུ་མངགས་པ་ལས་ལམ་བར་དུ་རོ་དངོས་གྲུབ་ཅན་གྱིས་བཤད་པའི་གནའ་གཏམ་དག་ཡིན། རོ་དངོས་གྲུབ་ཅན་ལ་ངག་ཚིག་གཅིག་ཀྱང་ཤོར་མི་ཉན་པའི་སྟབས་ཀྱིས་གཏམ་རྒྱུད་ཀྱི་མུར་གཏམ་རྒྱུད་བྱུང་བ་དེ་དག་སྒྲིག་གཞི་ཐུན་མོང་མ་ཡིན་པ་ཞིག་སྟེ། གནའ་དེང་ཀྲུང་ཕྱི་གང་ཡིན་ཡང་།«མཚན་ཞག་སྟོང་རྩ་གཅིག་གི་གཏམ་རྒྱུད»སོགས་རེ་གཉིས་མ་གཏོགས་འགྲན་དུ་མེད་དོ། །
       ངས་དེ་སྔ་སོག་པོའི«མི་རོ་རྩེ་སྒྲུང»བཀླགས་མྱོང་བར། དེ་ཉིད་བོད་ཀྱི«མི་རོ་རྩེ་སྒྲུང»དང་འོ་ཆུ་གཅིག་ཏུ་འདྲེས་ཡོད།  བྱིས་དུས་ཀྱི་ང་རང་ངོ་མཚར་བའི་གནའ་གཏམ་དེ་དག་གི་རྒྱུད་དུ་སྟོང་བསམ་གྱིས་གཡེང་ཡོད། ད་ལྟ། པད་མ་ཚེ་བརྟན་གྱིས་ལོ་ཙཱ་བྱས་པའི«མི་རོ་རྩེ་སྒྲུང»རྒྱ་འགྱུར་མའི་གློག་རྡུལ་དེབ་ངའི་གློག་ཀླད་ནང་བཅུག་ཡོད། ངས་གཏམ་རྒྱུད་དེ་དག་བཀླགས་ཀྱིན་བཀླགས་ཀྱིན་རང་ཉིད་ལྷ་སྒྲུང་ནང་བཞིན་གྱི་བྱིས་དུས་སུ་སླེབས་པར་སྙམ།
       དེབ་ཧྲིལ་པོ«སྤུན་ཟླ་དྲུག»དང«དྲན་ལན་འཇལ་བ»སོགས་གཏམ་རྒྱུད་ཉེར་བཞི་ཡིས་གྲུབ། གཏམ་རྒྱུད་ཀྱི་དོན་གྱི་བྱུང་བ་དང་ལོ་ཙཱའི་སྒྲོམ་གཞི་ཕུད་ད་དུང་བོད་ཀྱི་གཏམ་དཔེ་དང་ངག་རྒྱུན། དམངས་གླུ་བཅས་ཀྱང་ལོ་ཙཱ་བྱས་ཡོད།
       “རྒོད་པོ་ཁྲིད་ན་མཐུར་མདའ་རིང་དགོས། སྡོང་རྒན་གཅོད་ན་སྟ་ཡུ་རིང་དགོས”དང“མེ་ཆུང་དུས་མ་བསད་ན་རྩྭ་ཐང་མེས་འཚིག་ཉེན་ཆེ། ཆུ་ཆུང་དུས་མ་བཀག་ན་ལུང་པ་ཆུས་འགེང་ཉེན་ཆེ”“ཁྱུང་དར་མའི་ལོ་ལ་གནམ་འཕང་གཅོད། གནམ་ཁ་ཞེང་ཆེ་རུང་ཡ་མི་ང་། བུ་དར་མའི་ལོ་ལ་འཇིག་རྟེན་འགྲིམ། ས་ཁ་ཞེང་ཆེ་རུང་ཡ་མི་ང”ཞེས་པ་སོགས་སུ་བོད་མིའི་འཚོ་གནས་ཀྱི་ཤེས་རབ་དང་དཔའ་བའི་གདེངས་དང་ལྡན་པའི་ཡ་རབས་སྤྱོད་བཟང་དེ་སྟོན་ཐུབ་ཡོད།
       “ས་རུབ་ནས་མུན་པ་འཐིབས་ན་ཡང་། །དགུང་ཉི་མ་ཤར་བའི་དུས་ཤིག་ཡོད། །དགུང་ཉི་མ་ཤར་རི་རྩེ་ནས་ཤར། །སྨག་མུན་པ་མཐའ་ནས་རང་སངས་ཡིན། །ས་འཁྱག་ནས་ལྷགས་པ་ལྡང་ན་ཡང་། །དབྱར་དྲོད་སྐོར་འཛོམ་པའི་དུས་ཤིག་ཡོད། །རྩྭ་རྩི་ཤིང་ལོ་འདབ་རྒྱས་པ་ན། །དགུན་ལྷགས་པ་གར་སོང་ཆ་མེད་ཡིན། །”དམངས་གླུ་འདིའི་རྒྱ་ཡིག་གི་ལོ་ཙཱ་བཀླགས་པས་ཀྱང་འགལ་འཛོལ་གྱི་ཆ་གང་ཡང་མཐོང་རེ་སྐན།
       པད་མ་ཚེ་བརྟན་གྱིས་རྒྱ་ཡིག་ཏུ་ལོ་ཙཱ་བྱས་པའི«མི་རོ་རྩེ་སྒྲུང»དེ་ཚིག་སྦྱོར་གྱི་སྟེང་ནས་ལོ་ཙཱའི་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པར་མ་ཟད། ཤ་ལྷོད་པོའི་དཔེ་ཀློག་ཁྲོད་ང་ཚོས་གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ཀྱིས་གླུ་ལེན་བཞིན་ཡོས་རྔོད་བཞིན་པའི་རྣམ་པ་དེ་གསལ་བོར་མཐོང་ཐུབ་པ་དེ་ལས། ས་དང་བར་སྣང་གི་ཁྱོན་ཡོངས་སུ་ཁེངས་པའི་དལ་བ་སྟེ། ས་དང་བར་སྣང་གི་ཁྱོན་ཡོངས་སུ་ཁེངས་པའི་བླ་ན་མཐོ་བ་དེ་རྙེད་ཐུབ།

འཚོལ།
       པད་མ་ཚེ་བརྟན་དང་ཁ་བརྡ་བྱས་པའི་ཕྱི་དྲོ་དེར། གློག་བརྙན་གྱི་འཁྲབ་གཞུང་རྩོམ་མཁན་ཚེ་རིང་དོན་འགྲུབ་ཀྱང་ཡོད། པད་མ་ཚེ་བརྟན་ལས་ཚེ་རིང་དོན་འགྲུབ་བཤད་ལ་དགའ་ཞིང་ཁོ་པད་མ་ཚེ་བརྟན་གྱི་ལོ་ངོ་ཉི་ཤུའི་རིང་གི་གྲོགས་པོ་ཡིན་པའི་ཆ་ནས་པད་མའི་སྐོར་ལ་པད་མ་རང་ལས་ཀྱང་ཆ་རྒྱུས་ལྡན།
       གོ་རིམ་ལྡོག་སྟེ་བརྗོད་པ་ནི་དལ་ཞིང་ལྷོད་ལ། གོ་རིམ་ལྡོག་སྟེ་བརྗོད་པའི་དལ་ལྷོད་ཀྱི་ཁྲོད་ནས་པད་མ་ཚེ་བརྟན་འཚར་ལོངས་བྱུང་བའི་བརྒྱུད་རིམ་དེ་གློག་བརྙན་ཞིག་དང་འདྲ་བར་ངའི་མིག་ལམ་དུ་དལ་གྱིས་བཤམས་ཡོང་།
       པད་མ་ཚེ་བརྟན་གྱི་ཕ་ཡུལ་ནི་མཚོ་སྔོན་ཨ་མདོའི་བོད་རིགས་ས་ཁུལ་རྨ་ལི་མའི་འགྲམ་གྱི་རོང་མ་འབྲོག་གི་གྲོང་སྡེ་ཞིག་རེད། ཁོ་སློབ་ཆུང་འགྲིམ་དུས་རྒྱལ་ཁབ་ཀྱི་ཆུ་གློག་ས་ཚིགས་ལས་ཁུངས་ཤིག་ཁོ་ཚོའི་སྡེ་བའི་ནང་དུ་ཡོད་ལ་སྔོན་ཙ་ན་ལས་སྣེ་པ་བརྒྱ་སྐོར་ལྷག་ཙམ་ཡོང་ནས་ཆུ་གློག་ས་ཚིགས་དེ་ཞིག་གསོ་བྱེད་ཀྱིན་ཡོད། ཁོ་ཚོས་ཚོམས་ཁང་བསྐྲུན་ཡོད་ཅིང་རྒྱུན་དུ་གློག་བརྙན་སྟོན་གིན་ཡོད། རྒྱལ་ནང་ནས་ཐོན་པའི་གློག་བརྙན་ལས་གཞན་ད་དུང་ཕྱིའི་གློག་བརྙན་ཁ་ཤས་ཀྱང་མཐོང་ཐུབ་ཀྱིན་ཡོད་དེ་དཔེར་ན་ཆ་ཕི་ལིན་གྱི«དེང་གི་དུས་རབས»དང«བོའུ་རྙིང»② «ཙཱའོ་ལོ»སོགས། གང་ལྟར་གློག་བརྙན་གྱིས་ཆུང་དུས་ཀྱི་པད་མ་ལ་ཕྱིའི་ཆ་འཕྲིན་དང་སྒྱུ་རྩལ་གྱི་ཆ་འཕྲིན་མང་པོ་ཞིག་སྩོལ་ཐུབ་ཡོད།
       1987ལོར་པད་མ་ཚེ་བརྟན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཕ་ཡུལ་ནས་ལོ་ངོ་བཞི་ལ་སློབ་ཆུང་གི་དགེ་རྒན་བྱས། སྐབས་དེར་པད་མས་རང་ཉིད་ཀྱི་ཕུགས་འདུན་རྙེད་ཡོད་པར་མ་ཟད་མི་རིགས་ལ་དུངས་པ་ཟབ་པའི་འོས་འགན་ལྕི་མོ་ཞིག་འགོག་མེད་དུ་རྒྱུད་ལ་སྐྱེས་པས། ཁོས་བརྒྱུད་རིམ་ལྡན་པའི་ངང་རང་མི་རིགས་ཀྱི་རིག་གནས་བསླབ་ནས་དེ་རྒྱུད་འཛིན་བྱས་ན་སྙམ།
       1991ལོར་པད་མས་ནུབ་བྱང་མི་རིགས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ལ་རྒྱུགས་འཕྲོད་པས་རེ་བ་ཡིད་བཞིན་དུ་འགྲུབ། ཆེད་ལས་དེར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཟེར་ཡང་དོན་ལ་ཅུང་རྙོག་དྲ་ཆེ་སྟེ་བོད་རིག་པ་དང་འབྲེལ་བའི་རྨང་གཞིའི་སྐོར་ཡོད་ཚད་སྦྱང་དགོས། བོད་ཁུལ་གྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་དེ་ནང་ལོགས་ས་ཁུལ་གྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་དང་ཅུང་མ་འདྲ་བ་ཡོད་དེ། ནང་ལོགས་ས་ཁུལ་དུ་གནའ་བོའི་རྩོམ་རིག་དང་ཉེ་རབས་རྩོམ་རིག དེང་རབས་རྩོམ་རིག་བཅས་དབྱེ་བ་ཅུང་གསལ་བོ་ཡོད་ཅིང་ཕྲ་ཞིང་ཕྲ་བར་རྩོམ་རིག་ཕྱོགས་ཀྱི་བློ་སྦྱོང་ལ་གཙིགས་ཆེན་བྱེད། བོད་ཁུལ་དུ་ཆེད་ལས་འདི་མ་གཏོགས་རིག་ཚན་ཕྱོགས་ལ་ཕལ་ཆེར་ཆེད་ལས་རིགས་གཞན་པ་མེད། དེ་བས་རྩོམ་རིག་དང་ལོ་རྒྱུས། སྐད་བརྡ། ཆོས་ལུགས། ཐ་ན་གནམ་རིག་སྐར་རྩིས་སོགས་ཀྱང་སྦྱང་དགོས་ལ་ཚན་ཁག་མང་ཆེ་ཤོས་ཆེད་ལས་འདིར་བརྟེན་ནས་རྒྱུད་འཛིན་བྱེད་དགོས་པར་ཐུག་ཡོད། ཏག་ཏག་སྐབས་དེ་དུས་ཁོས་ད་གཟོད་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ལོ་ཙཱ་བྱེད་མགོ་མགོ་བརྩམས་པ་རེད།
       ཁོས་རྩོམ་རིག་ལོ་ཙཱ་ནི་ཕར་བསྒྱུར་ཚུར་བསྒྱུར་གྱི་ཕྱོགས་གཉིས་ཀ་ཟིན་ཡོད་ཟེར།
       ངས་སྐད་ཆའི་མཚམས་བཅད་དེ་ཁོ་ལ། བོད་རྒྱ་སྐད་གཉིས་ཕར་བསྒྱུར་ཚུར་བསྒྱུར་གྱི་ཁྱད་པར་དང་དབྱེ་བའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་སྐད་བོད་ཡིག་ཏུ་བསྒྱུར་ན་རང་མི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་དང་། མི་རིགས་སྐད་ཡིག་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་ཟེར། ཡང་བོད་སྐད་རྒྱ་ཡིག་ཏུ་བསྒྱུར་ཚེ་ཀློག་མཁན་དེ་བས་མང་བ་ཞིག་གིས་རང་མི་རིགས་ཀྱི་རིག་གནས་དང་དེ་བཞིན་འཚོ་གནས་སྐོར་ཤེས་རྟོགས་ཐུབ་ཀྱི་ཡོད་གསུངས་བྱུང་།
       ཚེ་རིང་དོན་གྲུབ་ཀྱིས“པད་མ་ཚེ་བརྟན་ནམ་ཡིན་ཡང་མི་རིགས་འདིའི་ན་གཞོན་དག་གི་དབུ་ཁྱུད་དུ་ཆགས་ཚར་ཡོད”ཟེར། སྐབས་དེར་པད་མ་ཚེ་བརྟན་ལགས་ལོགས་ཤིག་ན་ཙོག་ཡོད་ཅིང་འཛུམ་དམུལ་ལེར་ཅི་ཡང་མི་སྨྲ་བར་འདུག དེ་ནི་ཁོའི་གྲོགས་པོས་གླེང་བཞིན་པ་ཁོ་མ་ཡིན་པར་གཞན་ཞིག་ཡིན་སྣང་སྐྱེས། ཁོ་ཁེངས་པ་སྐྱུང་བཞིན་ཞི་ཞིང་དུལ་བར་གཞན་ལ་ངོམས་སོ་མི་བྱེད་པའི་མི་ནང་རྫོངས་སྟུག་པ་ཞིག་ཡིན། འདི་ཡང་བོད་མི་སྤྱི་ལ་ཡོད་པའི་ཐུན་མོང་གི་གཤིས་ཀ་ཞིག་ཅི་ལ་མིན།
       2000ལོར། པད་མ་ཚེ་བརྟན་གྱིས་གཞུང་ཞབས་པའི་ལས་གནས་བསྐྱུར་ཏེ་ཡང་བསྐྱར་ཐོས་པ་འཚོལ་བའི་ལམ་དུ་ཞུགས། ཁོས་རང་ཉིད་ཀྱི་མ་ཡུམ་སློབ་གྲྭའི་ནང་རྒྱུགས་འཕྲོད་ཅིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ལོ་ཙཱ་ཆེད་ལས་པའི་རབ་འབྱམས་པར་གྱུར། དེ་ཡང་དཔོན་གནས་བསྙེག་རྒྱུ་ནི་ཁོའི་མི་ཚེ་འདུན་ལམ་མ་ཡིན་པས་སོ། །སྐབས་དེ་དུས་ཀྱི་པད་མ་ཚེ་བརྟན་ནི་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་དང་ལོ་ཙཱ་བྱེད་མཁས་པའི་ན་གཞོན་འཇོན་ཐང་ཅན་ཞིག་སྟེ། ཁོའི་བརྩམས་ཆོས«གངས»དང«བསླུ་བྲིད»སོགས«མི་རིགས་རྩོམ་རིག»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ལྗང་མྱུག» «སྦྲང་ཆར» «གངས་རྒྱན་མེ་ཏོག»སོགས་ཀྱི་སྟེང་བཀོད་དེ་བསྟུད་མར་རྒྱལ་ནང་ནས་རྩོམ་རིག་གི་བྱ་དགའ་གང་མང་བླངས་མྱོང་།
       རྩོམ་རིག་དང་གློག་བརྙན་དབར་ལ་ནང་གནས་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་ཁོ་ཐག་རེད། པད་མས་རྩོམ་རིག་གི་རྒྱུད་སྐུད་ལ་བརྟེན་བཞིན་གློག་བརྙན་གྱི་རྒྱལ་ཁམས་འགྲིམ། རྗེས་སུ་ཁོ་རང་པེ་ཅིང་གློག་བརྙན་སློབ་གླིང་དུ་བསྐྱོད་ནས་ཁོའི་གློག་བརྙན་གྱི་མི་ཚེའི་ལེའུ་འབྲི་འགོ་བརྩམས།
       2002ལོར་ཁོས་གློག་བརྙན་གྱི་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་ཀ་གཅིག་ལྕོགས་སུ་མཛད་དེ་རྩོམ་སྒྲིག་འཁྲབ་ཁྲིད་གནང་པའི་གློག་བརྙན་ཐུང་ངུ«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ལ་སློབ་གྲྭ་ཆེན་མོའི་གློག་བརྙན་དུས་ཆེན་གྱི་བརྙན་ཐུང་འགྲན་ཁུལ་ནས་བྱ་དགའ་རེག་རྗེས་པད་མ་ཚེ་བརྟན་ལ་བསྟུད་མར་བྱ་དགའ་མི་ཉུང་པ་ཞིག་ཐོབ།
       པད་མ་ཚེ་བརྟན་གློག་བརྙན་ཕབ་བསྐྲུན་པ་ཡིན་པའི་ཆ་ནས་ཐོག་མའི་དགའ་བ་དེ་མ་ལྷོད་པར་འདུག ཁོས་བོད་མི་རིགས་ཀྱི་འཚོ་བ་ལྐོགས་ཤུན་ཅན་དུ་གཏང་མི་འདོད་པར་ཆེས་སྤྱིར་བཏང་དང་ཆུ་བུར་གྱི་མིག་གིས་མཐོང་ཐུབ་པའི་བོད་ཀྱི་རིག་གནས་ལྟད་མོ་བའི་མིག་ཁར་བཤམ་ན་སྙམ། ཁོང་གིས་གསུངས་རྒྱུར། མིག་སྔར་གྲངས་ཉུང་མི་རིགས་བརྗོད་བྱ་བྱས་པའི་གློག་བརྙན་མང་དག་ཅིག་ཕྱི་ཤུན་ཙམ་ལས་ནང་སྙིང་ཅུང་སྟོང་བར་འདུག་ཅིང་། མི་རིགས་གང་དེའི་རིག་གནས་ཀྱི་མཐོང་སྣེ་སྤྱད་པ་ཉུང་ལ་མཛེས་དཔྱོད་ཀྱི་ལྟ་བ་ལའང་མཐོ་འཚམ་པའི་སྣང་ཚུལ་དག་རང་ཤུགས་ཀྱིས་ཐོན་ནས་ཡོད། ཁོས་སྣང་ཚུལ་འདི་རིགས་ཀྱིས་ཕྱིའི་རྣམ་པར་དོ་སྣང་བྱས་པ་ཙམ་ལས་ནང་བཅུད་ལ་གོ་བ་གཏིང་ཟབ་ཆགས་མེད་པར་འདོད་ཅིང་དེ་ནི་རྩ་བ་དོར་ནས་ཡལ་གར་འཇུས་པ་དང་གཉིས་སུ་མེད་སྙམ་ཡོད། དེ་བས་གྲངས་ཉུང་མི་རིགས་ལ་སོ་སོ་རང་མཚན་པའི་རྩོམ་པ་པོ་དང་འཁྲབ་ཁྲིད་པ། ལོ་ཙཱ་བ་དགོས་གལ་ཆེ་ཞིང་མི་རིགས་གང་དེའི་རིག་གནས་དང་མ་ལག་གཅིག་ཏུ་འདྲེས་པའི་མཐོང་སྣེ་ཡིས་ལྟ་ཞིབ་བྱེད་དགོས་པར་འདོད།
       ཡར་སྔོན་ཏག་ཏག་ལ་པད་མ་ཚེ་བརྟན་གྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་གཅིག་ལྕོགས་མཛད་པའི་གློག་བརྙན«འཚོལ»ཞེས་པ་ལ་སྐབས་བཅུ་གཉིས་པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་གསེར་ཕོར་གཟེངས་རྟགས་དང་དཔྱད་འདེམས་པའི་བྱ་དགའ་ཆེན་མོ་ཐོབ། གློག་བརྙན་འདི་གོ་སླ་སྟེ་འཁྲབ་ཁྲིད་པ་ཞིག་གིས་དྲི་མེད་ཀུན་ལྡན་གྱི་འཁྲབ་སྟོན་པ་བུ་མོ་ཞིག་འཚོལ་བའི་ལམ་བར་དུ་བུ་མོས་གས་ཆག་ཤོར་བའི་བརྩེ་དུང་གི་གཏམ་རྒྱུད་ཤོད་པའི་གློག་བརྙན་ཅིག་རེད། གློག་བརྙན་ནང་གི་ཡིད་དུ་འོང་པའི་བུ་མོ་དེས་གློག་བརྙན་གྱི་མགོ་ནས་མཇུག་བར་མགོ་དཀྲིས་དམར་པོ་ཞིག་དཀྲིས་ནས་ངོ་གདོང་ཕྱིར་མ་མངོན། ལམ་བར་ནས་ཁོ་མོས་འཁྲབ་ཁྲིད་པ་དང་མཉམ་དུ་སྦྱིན་བདག་གིས་རང་ཉིད་ཀྱི་བརྩེ་དུང་གི་གཏམ་རྒྱུད་ལྷུག་བརྗོད་བྱས་པ་ལ་ཉན་རྗེས་རིམ་བཞིན་རང་སེམས་ཀྱི་མདུད་རྒྱ་ཡོངས་སུ་གྲོལ་ཞིང་མཇུག་མཐར་རང་ཉིད་རྙེད་ཅིང་འདས་སོང་གི་བརྩེ་དུང་དེ་ལས་ཕྱིར་འབུད་ཐུབ་པ་བྱུང་། དེར་མ་ཟད་འཁྲབ་ཁྲིད་པ་དང་མི་གཞན་སོ་སོ་ལའང་བློ་བསྐྱེད་གསར་པ་རེ་ཐོབ། ལམ་འདི་ནི་བརྩེ་དུང་འཚོལ་བའི་ལམ་ཞིག་དང་ལམ་འདི་ནི་བདག་ཉིད་འཚོལ་བའི་ལམ་ཞིག ལྷག་པར་དུ་འདི་ནི་དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས་ཀྱི་འགལ་འདུའི་ཁྲོད་བོད་མིའི་གཉུག་གཤིས་འཚོལ་བའི་ལམ་བུ་ཞིག་ཀྱང་ཡིན་པ་རེད།
       གང་ལྟར་ཀྱང་། གློག་བརྙན་འདིའི་དོན་སྙིང་ངམ་ཡང་ན་པད་མ་ཚེ་བརྟན་གྱི་མི་ཚེའི་དོན་སྙིང་སྟེང་ནས་བཤད་ནའང་། འཚོལ་ནི་རྟག་བརྟན་འགྱུར་མེད་ཀྱི་བརྗོད་གཞི་གཅིག་པོ་དེ་ཡིན། འཚོ་བ་ནི་སྔར་གྱི་དེ་ཡིན་ནའང་མཐའ་མེད་པ་ཞིག་ཏུ་སྟོན་ཐུབ་ཡོད།
       རྩོམ་རིག་ལོ་ཙཱ་མཁན་ནམ་རྩོམ་རིག་གསར་རྩོམ་མཁན་གྱི་པད་མ་ཚེ་བརྟན། ཡང་ན་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་རབས་དྲུག་པའི་མཚོན་བྱེད་མི་སྣ་ཞིག་ཡིན་པའི་པད་མ་ཚེ་བརྟན་དང་བོད་ལ་མཚོན་ནས་བཤད་ན། ང་རང་ཉིད་ད་དུང་མགོ་མ་འཚོས་པའི་གཞན་མྱི་ཞིག་ཡིན། སྐབས་འདིའི་ངའི་བརྗོད་པ་བྱ་སྤུ་བཞིན་ཡང་དྲགས་པས་རླུང་གིས་འཁུར་བཞིན་ཡོད་དེ། ཞི་བ་དང་དལ་བའི་རང་དབང་དང་ཚོད་འཛིན་ལ་གོ་ནོར་ཐེབས་པར་སྐྲག་ཅིང་འཚོལ་སྙེག་གི་ལམ་བུའི་ཁྲོད་ཀྱི་དཀའ་སྡུག་དང་སྙིང་རུས་ལ་གོ་ནོར་ཐེབས་པར་དེ་ལས་ཀྱང་སྐྲག
       མཇུག་ཏུ། སྙིང་ཁོང་རུས་པའི་སྟེང་ནས་བོད་ཡུལ་ལ་སྨོན་འདུན་ཞུ་ཞིང་པད་མ་ཚེ་བརྟན་གྱི་འཚོལ་སྙེག་གི་ལམ་བུར་འཛད་མཐའ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

མཆན།
①《摩登时代》
②《老枪》
③《佐罗》
རྩོམ་ཁུངས། «ཀྲུང་གོའི་མི་རིགས»ལས་བསྒྱུར།

རྩོམ་མཁན་ངོ་སྤྲོད།
       ཧྭ་སིན། ནང་སོག་གི་སྐད་གྲགས་ཆོད་པའི་ལོ་ཙཱ་པ། སྔ་ཕྱིར་སོག་པོའི་རྩོམ་པ་པོ་གྲགས་ཅན་ཨ་ཡོན་ཀ་ཡི་སྒྲུང་འབྲིང་དེབ«གཟེབ་དྲ་མེད་པའི་ནམ་མཁའ»དང«སྨན་པ་གྲྭ་ཚང»སོགས་སོག་ཡིག་ནས་རྒྱ་ཡིག་ལ་ལོ་ཙཱ་བྱས་པར་རྒྱལ་ཁབ་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་། མོའི་བརྩམས་པའི«པད་མ་ཚེ་བརྟན། བླ་མེད་ཀྱི་ཞི་བ་དང་དལ་བ»ཞེས་པ2009ལོར«ཀྲུང་གོའི་མི་རིགས»དེབ་བརྒྱད་པའི་སྟེང་བཀོད་པ་ལ་ཀློག་མཁན་གྱིས་ཚུར་སྣང་ལེན་ཆ་བྱུང་སྟེ་དྲ་ནང་དུ་བརྒྱུད་འགོད་ཀྱིས་སྐད་གྲགས་ཐོན་ཡོད།
འབྲེལ་ཡོད་འོས་སྦྱོར།