སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཞི་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-13
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
བདུན་པ།
ཨ་ཕས་ཁོ་བོར། ཁྱོད་ཀྱི་ཆུང་མས་འདི་དག་ལ་བལྟས་མྱོང་ངམ། དེ་རིང་ཅིའི་ཕྱིར་མོ་ཁྲིད་མ་ཡོང་ཞེས་དྲིས་པར།
ངའི་ཡིད་ཅུང་མི་སྤྲོ་བར་གྱུར་ཅིང་མོ་འདི་དག་ལ་མི་དགའ། འདི་དག་ལ་བལྟས་པས་ནང་དོན་མི་འདུག་ཟེར། མོ་སྔར་བཞིན་ཞིང་ཆེན་གྲོང་ཁྱེར་གྱི་ཐང་ཆེན་དུ་སྐོར་བྲོ་འགྲན་བསྡུར་ལ་ལྟ་རུ་བུད་སོང་། ཐོས་པ་ལྟར་ན་ཞིང་ཆེན་གྲོང་ཁྱེར་དུ་སྐལ་བཟང་མེ་ཏོག་སྐོར་བྲོ་རུ་ཁག་ཅིག་འདུག་ཅིང་བྲོ་ལྡིང་བ་ཤིན་ཏུ་ལེགས་པས་དེ་རུ་སོང་ནས་སློབ་སྦྱོང་རེ་བྱེད་རྒྱུ་ཟེར། མོ་ད་ལྟ་སྐོར་བྲོས་དྲངས་ཡོད་པས་གཞན་གང་ལའང་སྤྲོ་སྣང་མི་འདུག་ཅེས་ལན་བཏབ།
ཨ་ཕས་དབུགས་རིང་ཞིག་ཕྱུངས་རྗེས། མོར་གལ་ཏེ་རང་གི་དགའ་ཕྱོགས་ཤིག་ཡོད་ན་ཁྱོད་ཀྱིས་མོར་བསྟུན་ཐབས་ཀྱིས་ཤིག མོ་ངེད་ཚང་ལ་ཡོང་ནས་ལོ་ཉི་ཤུའི་གཡས་གཡོན་ཞིག་འགོར་སོང་ལ། སྡུག་འབྲས་གཉིས་ཀ་ཡོད་པས་ཁྱོད་ཀྱིས་ངེས་པར་དུ་སེམས་ནས་མོར་བྱམས་བརྩེས་བདག་སྐྱོང་མང་ཙམ་བྱེད་དགོས་ཡ་ཞེས་ཟེར་བར།
ངས་ཨ་ཕར། ཁྱེད་སེམས་བདེ་མོར་བཞུགས་དང་། ངེད་ཚོའི་བར་དུ་སྐབས་ལ་ལར་གདོང་ཐུག་བརྒྱག་པའི་དོན་ཙམ་སྲིད་མོད་ཀྱང་དོན་གྱིས་སེམས་གཏིང་ནས་ངས་མོ་ལ་གཅེས་བཞིན་ཡོད་པས་མོར་དྲིན་ཆུང་དུ་ལྟ་མི་སྲིད་ཅེས་བཤད།
ཕྱིར་ཡུལ་ལ་ཡོང་བཞིན་པའི་ལམ་བར་དུ། ཨ་ཕས་བོད་ཚོང་བསྒྲིགས་ཡོད་པའི་ཚོང་ཁང་ཅུང་ཆེ་བ་ཞིག་མཐོང་བས་ང་ལ་ནང་དུ་སོང་ནས་ཅིག་འཁོར་ཟེར། ངས་ཀྱང་ཁོང་བོད་ཚོང་ལ་སྤྲོ་སྣང་ཡོད་པ་མཐོང་བས་རྗེས་སུ་འབྲངས་ནས་ནང་དུ་འཛུལ།
ཚོང་ཁང་འདིའི་ནང་དུ་བོད་ཚོང་དངོས་གནས་མང་སྟེ། ཕོ་མོའི་ཕྱུ་བ་སྣ་ཚོགས་དང་། མགོ་ཞྭ། འཇུར་རྟ། རྣ་ལུང་། མཛུབ་དཀྲིས། གཡུ་བྱུར། དངུལ་གྱི་སྐགས་འཆིང་དང་ཁ་བཏགས་རྣོ་གྲི་སོགས་ཀྱིས་མིག་ཟུང་ཁོམ་དུ་མི་འཇུག ཨ་ཕས་འདི་ལ་བལྟས་ཤིང་ཡང་དེ་ལ་རེག་ནས་རང་ལ་མཁོ་བའི་དངོས་པོ་ཞིག་འཚོལ་བཞིན་པ་འདྲ། ངས་ཁྱེད་ཀྱིས་ཅི་ཞིག་ཉོ་འདོད་པ་ཡིན། ཉོ་འདོད་ན་ངས་ཁྱོད་ཉོས་ཆོག་ཅེས་པར། ཁོང་གིས། མིན། ངས་ཀྱང་ལྟ་འདོད་པ་ཙམ་ཡིན། ཚོང་ཁང་འདིའི་ནང་དུ་བོད་ཀྱི་ཅ་ལག་དངོས་གནས་མང་གི། རྡུང་བཟོས་ཞིབ་ཅིང་ཚུགས་ཀ་ལེགས། ཡིན་ནའང་ད་དུང་ཅི་ཞིག་ཆད་ཡོད་པའི་སྣང་བ་སྟེར། སྐབས་ཐོག་འདིར་མྱུར་དུ་ཡིད་ལ་ཡོང་དཀའ་ཟེར།
སྐབས་དེར། རྟ་བདུན་གྱི་དབང་བོ་དེ་དེ་མུར་ནུབ་ཕྱོགས་ཀྱི་རི་རྩེ་རུ་བཞུད་ལ་ཉེ།
ང་དང་ཨ་ཕ་ཕྱིར་ཡུལ་དུ་ལོག་ཚེ་སྒྲོལ་མ་སྔོན་ནས་ལོག་འདུག མོས་དྲོ་བ་དང་སྣ་ཁ་མི་གཅིག་པའི་ཚོད་མ་ཅོག་ཙེ་གང་བརྔོས་ཏེ་ངེད་གཉིས་ལ་སྒུག་འདུག
དགོང་ཟས་ལ་རོལ་རྗེས་ངས་ནས་ཆང་དེམ་ཆུང་གང་བསྲོས་ཏེ་ཨ་ཕའི་མདུན་དུ་བཞག་རྗེས། སྔོན་ལ་སྲོལ་རྒྱུན་གྱི་ལུགས་ལྟར་ལག་ཟུང་གིས་ཆང་དེམ་དང་ཆང་སྡེར་བཟུང་སྟེ་ཆུང་མ་དང་མཉམ་དུ་ས་རུ་པུས་བཙུགས་ནས་ཨ་ཕར་ཁྲུང་དྲངས་ཚེ། ཨ་ཕས་ཕྱོགས་གཅིག་ནས་ཚང་མ་ཁྱིམ་ཚང་གཅིག་རེད་དེ་འདྲའི་གུས་པ་ཆེར་བྱེད་མི་དགོས་ཟེར་བ་དང་། ཡང་ཕྱོགས་གཅིག་ནས་དགའ་སྤྲོས་བཞེས་པ་གནང་སོང་།
དྲངས་ཁྲུང་བཞེས་རྗེས། ཨ་ཕས་ཁོ་བོར། ཞི་ལི། ཁྱོད་ཀྱིས་ངས་དེ་རིང་བོད་དངོས་ཚོང་ཁང་དེ་ནང་དུ་དངོས་པོ་ཅི་ཞིག་འཚོལ་བཞིན་པ་ཤེས་སམ་ཞེས་དྲིས་པར། ངས་མགོ་བོ་འཕྲེད་དུ་གཡུག ཨ་ཕས་ཡང་ནན་ཏན་གྱི་སྐད་ཀྱིས། ཞི་ལི། ཁྱོད་ཀྱིས་སྐྲ་ལུང་ནི་ཅི་ཞིག་ཡིན་པ་ཨེ་ཤེས་ཞེས་དྲིས་པར། ངས། ཤེས། ཨ་མདོའི་ཤར་ཕྱོགས་ཀྱི་བོད་པའི་རྗེས་རབས་པ་ཡིན་པའི་ཆ་ནས་ཅིའི་ཕྱིར་སྐྲ་ལུང་མི་ཤེས་སམ། མནའ་མའི་རྒྱབ་ཏུ་འདོག་བྱའི་གོས་སྐུད་ཀྱིས་གཙགས་དྲུབ་མཛེས་པའི་སྟེང་དུ་དངུལ་གྱི་གའུ་དང་གཡུ་བྱུར་སོགས་ཀྱིས་གྲུབ་པའི་རྒྱན་ཆ་དེ་མ་ཡིན་ནམ་ཞེས་པར།
ཨ་ཕས། བདེན་པ་རེད། ངས་བཤད་པ་ནི་དེ་རང་ཡིན་། ཡིན་ནའང་བར་སྐབས་དེར་ངས་དེ་ལྟ་བུའི་རིན་ཐང་ཆེ་བའི་རྒྱན་ཆའང་བརྗེད་སོང་གསུངས།
ངས། དེ་གཞན་པའི་རྒྱན་ཆ་དང་མི་གཅིག་པ་ཡིན་ནམ། རིན་ཐང་ཆེ་མི་ཆེ་རྒྱུ་ཅི་ཡོད་ཅེས་པར།
ཨ་ཕས། ཁྱོད་ཀྱིས་དེ་གཉེན་བསྒྲིགས་ཟིན་པའི་མནའ་མའི་རྒྱན་ཆ་ཁོ་ནར་མ་འདོད། སྐབས་ལ་ལར་ད་དུང་མི་ངན་ལ་ཁྲིམས་ཐག་གཅོད་བྱེད་ཀྱི་ལག་ཆ་ཞིག་ཀྱང་ཡིན་ཟེར་བར།
ངས་བློ་དཀར་གཞུང་དྲང་གིས། དེ་ངས་ངོ་མས་མི་ཤེས་པས། ཁྱེད་ནས་དེའི་དོན་གསུངས་རོགས་ཞེས་པར།
ཨ་ཕས་ཆོག་གི་ཟེར་ཞིང་ངོ་མཚར་བའི་གཏམ་རྒྱུད་ཅིག་འདི་ལྟར་བཤད་བྱུང་།
གནའ་སྔ་མོ་ཞིག་ལ་གྲོང་མཚེས་སུ་བདེ་སྐྱིད་མཚོ་ཟེར་བའི་བུ་མོ་ཞིག་ཡོད། བུ་མོ་དེའི་སྐྱེས་གཟུགས་མཛེས་པ་མ་ཟད་རིག་པ་གསལ་ཞིང་ལས་ལ་བརྩོན་མཁན་ཞིག་ཀྱང་ཡིན། མོའི་ཕས་མོ་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་གི་རབ་བརྟན་ཟེར་བའི་བུ་ཞིག་ལ་མནའ་མར་བྱིན་ཞིང་སེམས་སུ་བུ་མོས་མ་འོངས་པར་སྐྱིད་ཅུང་ཙམ་བརྒྱག་ཐུབ་པར་སྙམ། མ་བསམ་ས་ནས་རབ་བརྟན་ནི་ངན་ལང་སྐྱག་ལང་ལ་བཏང་ཡོད་པས་བསམ་སྤྱོད་མི་དྲང་བ་དང་། རང་གི་སྐྱེས་འབྲས་བཙོག་པའི་སྟེང་ཟ་རྒྱུར་དགའ་ཞིང་ལས་ཀ་མི་འདོད་པའི་མི་སྒྱིད་ལུག་ཅན་ཞིག་ཡིན། ཡིན་ནའང་ཁོ་ལ་སྒོར་མོའི་རྒྱབ་བརྟེན་ཡོད་པས་རྒྱུན་ཏུ་ཕྱི་ནས་ལྟ་ལོག་སྤྱོད་ལོག་གི་བྱ་བ་བསྒྲུབས་ཤིང་ཆག་སྒོ་ཁོ་ན་བཟོ་བས་ཁྱིམ་མི་སུས་ཀྱང་ཁོ་ལ་ཁ་ཡ་བྱེད་མི་ཐུབ། ཁོའི་ཨ་ཕས་ཁོ་ཡུལ་ནས་བཞག་ན་དོན་རྐྱེན་ངན་པ་བཟོ་བའི་གཞི་ཡིན་པར་འདོད་པས། ཐག་རིང་གི་རི་གྲོང་ཞིག་ཏུ་ས་ཞིང་ཙམ་ཉོས་ཏེ་ཁང་བ་གྱན་འགའ་བསྐྲུན་ཅིང་ཁོ་ཁྲིད་དེ་གནས་དེར་སོང་། དེ་ནི་ཁོ་ཕ་ཡུལ་ཕ་མ་དང་ཁ་བྲལ་བའི་ཁོར་ཡུག་ཏུ་སོང་སྟེ་སྦྱོང་བརྡར་བྱས་ཏེ་ངན་གཤིས་བཟང་བསྒྱུར་ལ་དམིགས་པ་ཡིན་མོད་ཀྱང་། ཡིན་ནའང་རབ་བརྟན་གནས་དེར་ཐོན་རྗེས་གཤིས་ངན་མི་བསྒྱུར་པ་ལྟ་ཞོག་ལམ་འགྲོ་ཡུགས་མོ་ཞིག་དང་འཕྲད་པ་ཁྲིད་དེ་ཁྱིམ་དུ་ལོག་ཅིང་བཟའ་ཟླའི་འཚོ་བ་རོལ། བདེ་སྐྱིད་འཚོ་ཁྱིམ་ལས་ལ་བྲེལ་ཟུང་ཆེ་བ་མ་ཟད་ཞིང་ལས་ལྕི་བའི་སྟེང་ད་དུང་ངོ་ཚ་མེད་པའི་ཡུགས་མོ་དེ་ལ་ཞབས་ཕྱི་བསྒྲུབས་དགོས་པས་སེམས་ནས་ཤིན་ཏུ་བཟོད་དཀའ། སྐབས་ལ་ལར་ཚིག་ལོག་རེ་འགའ་ཤོར་ཚེ་དེ་མ་ཐག་རབ་བརྟན་གྱིས་ལག་པས་རྡུང་ཞིང་རྐང་བས་རྡེག ཐེངས་ཤིག་ལ་མཉམ་མ་བཞག་པར་ཡུགས་མོ་དེའི་ཁ་སློང་བས་རབ་བརྟན་གྱིས་གཅར་རྡུང་སྐོར་གསུམ་བྱས་ཏེ་ཤི་མ་གསོན་དུ་བཏང་ཚེ། སྡེ་བའི་ནང་གི་ཕུན་ཚོགས་ཟེར་བའི་ལོ་གཞོན་ཞིག་གིས་མཛེས་སྡུག་གཤིས་འཇམ་གྱི་བདེ་སྐྱིད་འཚོས་མནའ་མ་གཡོག་མོ་ཅན་མིས་མ་ཡིན་པའི་འཚོ་བ་རོལ་བཞིན་ཡོད་པ་མཐོང་བས་ཤིན་ཏུ་ནས་མོ་ལ་སྙིང་རྗེ་ཞིང་ལྐོག་ཏུ་དུངས་མོད་ཀྱང་། ཡང་རང་ཉིད་དབུལ་ཞིང་ཕོངས་པའི་རྐྱེན་གྱིས་མོ་ལ་བརྩེ་ཞིང་དུངས་པའི་སེམས་པ་དེ་བརྗོད་ཐབས་མ་བྱུང་། བདེ་སྐྱིད་འཚོས་ཀྱང་ཕུན་ཚོགས་ཀྱི་སེམས་ཁམས་ཇི་བཞིན་རྟོགས་པས་གཟུགས་སྟོབས་ཆེ་ཞིང་གཞུང་རྒྱུད་དྲང་བའི་ན་གཞོན་དེ་ལ་ཆགས་ཤིང་རབ་བརྟན་དང་གཟའ་འཐོར་བྱེད་རྒྱུ་བརྗོད་ཀྱང་། ཡང་རབ་བརྟན་གྱིས་གཡོ་སྒྱུས་བཟའ་ཐོར་མི་བྱེད། མཐར་གཏན་ནས་བཟོད་ཐབས་མེད་པའི་བདེ་སྐྱིད་འཚོས་དོན་དེ་ཐམས་ཅད་རང་གི་ཕ་མར་མི་ཞུ་རང་དབང་མ་བྱུང་། ཕ་མས་དོན་དག་དེ་དག་ཇི་བཞིན་ཤེས་རྗེས་སྤོ་ཐོག་གཅིག་གིས་མོ་རང་མོ་ཉིད་དུངས་པའི་ན་གཞོན་དེ་ལ་བཟའ་བརྗེས་བྱེད་རྒྱུ་སེམས་ཐག་བཅད། ཏག་ཏག་བཟའ་བརྗེས་བྱེད་པའི་ཉིན་དེར། རབ་བརྟན་གྱིས་རང་ཉིད་འཐད་པ་མིན་པའི་གནས་ལུགས་ཀྱིས་བྱ་ཕོ་གཅིག་གིས་སྲིད་གཞུང་གི་དམག་སྣ་དྲངས་ཡོང་སྟེ་ཏག་ཏག་གཉེན་སྟོན་ལ་རོལ་བཞིན་པའི་སྒང་གི་གཉེན་ཚང་ཉེ་འབྲེལ་ཚང་བཙོན་འགོག་བྱས། གཉེན་ཚང་གིས་ཀྱང་གཞན་ལ་བརྟེན་ནས་རབ་བརྟན་གྱི་ནག་ཉེས་སྣ་ཚོགས་ཡི་གེར་བྲིས་ཤིང་སྲིད་གཞུང་དཔོན་པོ་ལ་ཕུལ། དེ་ལྟར་སྲིད་གཞུང་གིས་བདེན་དཔང་བརྟག་དཔྱད་བརྒྱུད་དེ་ད་གཟོད་གཉེན་ཚང་ཉེ་འབྲེལ་ཚང་གཞི་ནས་བཙོན་གྲོལ་བཏང་། གཉེན་ཚང་ཉེ་འབྲེལ་ཚང་བཙོན་བཀག་བྱས་པའི་རིང་ལ་མ་གཞི་ནས་སྤོ་བྲང་ཁོག་གང་སྦྲུམ་ཡོད་པའི་བདེ་སྐྱིད་འཚོའི་ཨ་མས་རབ་བརྟན་གྱིས་མི་སྣ་དྲངས་ནས་གཉེན་བསྐྱེལ་བཞིན་ཡོད་པའི་འགྲུལ་བ་དག་བཙོན་བཀག་བྱས་ཚུལ་ཤེས་རྗེས། ནམ་གུང་རྒྱུགས་ནས་ལྷ་རྟེན་ཚང་ལ་ཐོན་ཏེ་རྒྱབ་ཀྱི་སྐྲ་ལུང་ཕབ་ཅིང་ཁོའི་ལུས་དང་གདོང་ལ་གང་འདོད་ཚ་གཞུས་ཐེངས་གཅིག་བྱས།
ང་དང་སྒྲོལ་མས་ཨ་ཕའི་གཏམ་རྒྱུད་དེར་ཉན་ཏེ་སེམས་འཕྲུལ་བས་ཨ་ཕར་ཇ་སྣོན་ཆང་འདྲེན་བྱེད་རྒྱུའང་བརྗེད་སོང་།
ཞོགས་པར་ཡར་ལངས་རྗེས། ང་མུ་མཐུད་དུ་ཨ་ཕ་དང་མཉམ་དུ་ཡུལ་ལྗོངས་གཞན་པ་འགར་ལྟ་སྐོར་དུ་སོང་ན་སྙམ་མོད་ཀྱང་། ཡིན་ཡང་ཨ་ཕས་བྲེལ་མྱུར་གྱིས་ཉིད་གཅིག་པུ་ཕྱི་རུ་ཉུལ་རྒྱུ་བྱས། ངས་ཁོང་ལ་སྲང་དུ་འགྲོ་དུས་སེམས་ཆུང་བྱེད་དགོས་པ་དང་། སྔོན་དུ་གོམ་འགའ་སོང་རྗེས་རྗེས་སུ་ཐེངས་གཅིག་ལྟ་དགོས་ཚུལ་དང་། ཕྱིར་ཡུལ་དུ་ལོག་པའི་ལམ་བརྗེད་མི་རུང་བའམ། ད་དུང་ཕྱི་དྲོ་སྔ་ཙམ་ཕྱིར་ལོག་དགོས་པའི་ནན་ཞུ་ཞུས། ཕྱི་དྲོ་དུས་ཚོད་ལྔ་ཙམ་གྱི་དུས་སུ་ཨ་ཕ་ཕྱིར་ཕེབས་བྱུང་། རྒྱལ་ཁ་བླངས་པའི་དཔའ་རྒོད་ཅིག་དང་མཚུངས་པར་ཕྱིར་ཕེབས་བྱུང་། ཁོང་གིས་སྲང་གང་ཡིན་གྱི་མིང་ཡིད་དུ་འཛིན་མི་ཐུབ་པས། ལམ་ཁ་གཙོ་བོ་དག་ཏུ་གསང་སྟེ་སྡོང་བོའི་ལོ་མས་རྟགས་བརྒྱབ། དེ་ལྟར་བྱས་ཚེ་ལམ་ནོར་བར་ཅུང་ཟད་ཀྱང་སྐྲག་དགོས་དོན་མི་འདུག་ཅེས་ཟེར། དེ་ནི་དངོས་གནས་ཁྱད་པར་ཅན་གྱི་ཡིད་འཛིན་བྱེད་སྟངས་ཤིག་སྟེ། ངས་ཨ་ཕའི་དེ་ལྟ་བུའི་རིག་པ་ལྷད་མེད་པ་དེར་བསྔགས་བརྗོད་བྱས་པར། སྒྲོལ་མས་དེ་ལས་ལྡོག་སྟེ་སེམས་འཁུར་གྱིས་དེ་ཡང་ཐབས་ལེགས་པོ་ཞིག་མ་རེད། སྲང་དུ་ལོ་མ་འཕངས་ན་གཙང་སྤྲར་གནོད་པ་ལྟ་ཞོག་གལ་ཏེ་གཙང་སྤྲ་པས་ལོ་མ་ཕྱགས་ཚེ་དེ་བས་དཀའ་ལས་ལ་གཏད་པ་མ་ཡིན་ནམ་ཟེར་བས། ཨ་ཕས་ཀྱང་དེ་དེ་བཞིན་ནོ་སྙམ་ཞིང་རྗེས་ཕྱོགས་རང་གཅིག་པུ་རྒྱ་སྲང་དུ་མི་ཉུལ་པའི་ངང་ཚུལ་བསྟན་བྱུང་།
༧
ཚེ་ལོ་ནི་ཡོས་ལན་ངོ་ཤེས་མཁན་ཐོག་མ་ཡིན། དེའི་རྗེས། དྲུང་ཡིག་ཡིན་པའི་ཆ་ནས་ཕལ་ཆེར་ཉིན་བཞིན་ལས་ཐོག་ཏུ་འདུག་དགོས་པས་གཞི་རིམ་དུའམ་གཞུང་དོན་དུ་ཞུགས་མ་ཐུབ་པ་དང་། དེ་བས་རང་འགུལ་གྱིས་ཡོས་ལན་དང་འབྲེལ་བའང་མ་བྱས། ཡོས་ལན་གྱིས་ཚེ་ལོ་གཏན་ནས་སྒོར་མི་འགྲིམས་པ་དང་མི་དང་མི་འབྲེལ་བ་རྟོགས་པས། ཡོས་ལན་སྐབས་ལར་ཁེར་ཧྲེང་གིས་བསུན་དུས་དོན་ཡོད་མེད་གཉིས་ཀར་ཁོའི་གཞུང་ལས་ཁང་དུ་བསྐོར་གཡེང་རེ་བྱེད། ཡིན་ནའང་ཁོས་དོན་མེད་དུ་ཁོའི་གཞུང་ལས་ཁང་དུ་འགྲིམས་པའི་མི་ལ་ཁ་ཡ་བྱེད་མི་བྱེད་ཀྱི་ཉམས་ཀྱིས་ཁེངས་པས། ཡོས་ལན་གྱི་སེམས་པར་འདི་ནི་གཞུང་ལས་ལ་འཐེམས་པའི་མི་ཞིག་རེད། གཞུང་ལས་ལས་གཞན་པའི་དགའ་སྣང་ཅི་ཡང་མི་འདུག་སྙམ།ཐེངས་ཤིག ཤང་དུ་མཉམ་འབྲེལ་སྤྲོ་ཚོགས་ཤིག་ཚོགས་པར་ངེས་པར་མི་རེས་འཁྲབ་ཚན་གཅིག་ནས་གཉིས་རེ་སྟོན་དགོས་རྒྱུ་འདུག ཚེ་ལོའི་མཚམས་སུ་སླེབས་ཚེ། ཁོས་མགོ་ལ་འཕྲུག་འཕྲུག་འགའ་བྱས་རྗེས་སྙན་ངག་ཅིག་གྱེར་འདོན་བྱས་བྱུང་།
ང་ནི་ཕ་ཡུལ་གྱི་ལམ་ཕྲན་ལ་དགའ།
དབྱར་ཁའི་ཉིན་གྱི་གྲོང་སྡེའི་ལམ་བུར་མེ་ཏོག་གི་དྲི་གསུང་གིས་ཁྱབ།
སྤྲིན་དཀར་གྱི་སྨད་གཡོགས་བསྡུས་མ་ཐག་དེར།
སྙེ་རླབས་ཀྱིས་དྲོད་རླུང་ཁྲོད་ཡང་བསྐྱར་ཟློས་གར་བསྒྱུར་མགོ་བརྩམས།
ང་ནི་ཕ་ཡུལ་གྱི་གློག་སྒྲོན་རེ་རེར་དགའ།
དྭངས་གསལ་གྱི་དགོད་གཏམ་དེ་གློག་སྒྲོན་ཁྲོད་འོད་དུ་འཚེར།
ས་སྲོས་དེ་ཁད་ཀྱིས་གྲོང་སྡེ་དང་གྱེས་ཚེ།
སེམས་པ་རེ་རེར་ཉིན་རེའི་ཐོན་འབབ་ཀྱིས་ཁེངས།
ང་ནི་ཕ་ཡུལ་གྱི་ཆུ་ཕྲན་རེ་རེར་དགའ།
ཁོ་བོའི་ཉམ་ཆུང་བའི་གཞས་གདངས་ནི་དེ་རུ་གཙང་འཁྲུས་བྱས།
གཞས་གདངས་འདི་ཆུ་ཕྲན་གྱི་ལྷུང་ལྷུང་དང་སྡེབ་སྟེ།
རྒྱ་མཚོའི་ཕྱོགས་སུ་ཡང་ཡང་མཆོངས་རྒྱུགས་བྱས།
ཕྱོགས་བཞི་ནས་ཐལ་མོ་རྡེབ་སྒྲས་ཁྱབ་ཡོང་། ཚང་མས་མཉམ་དུ་ཚེ་ལོས་གྱེར་འདོན་དེ་གསོན་ཉམས་ལྡན་ཞིང་བརྩེ་དུང་གིས་ཕྱུག་འདུག་ཟེར། ཡོས་ལན་གྱིས་དེ་སྙན་ངག་པ་སུའི་སྙན་ངག་རེད་ཅེས་དྲིས་པར། ཚེ་ལོས་འཚེར་སྣང་ངང་རང་གིས་འབྲི་སྦྱོང་ཙམ་ཡིན། ཧ་ཅང་ཞན་དྲག སྙན་ངག་ཏུ་རྩི་དཀའ་ཞེས་པར། ཧྲུའུ་ཅིས་སྙན་ངག་འདིར་ཕ་ཡུལ་གྱི་འཚོ་བ་དྲན་པའི་བརྩེ་བས་ཕྱུག་ཡོད་པ་དང་མ་འོངས་པའི་རེ་འདུན་ཆེན་པོས་ཕྱུག་ཡོད་པས། སྙན་ངག་ལེགས་པོ་ཞིག་རེད་ཟེར་བ་མ་ཟད། ད་དུང་ང་ཚོའི་ཤང་དུ་དྲུང་ཡིག་སྙན་ངག་པ་ཞིག་བྱུང་སོང་ཟེར། ཧྲུའུ་ཅིའི་བསྔགས་བརྗོད་ཐོས་རྗེས་ཚོགས་རར་ཡང་བསྐྱར་ལྷག་བསམ་ཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་སོང་།
ཐེངས་འདིའི་བྱ་འགུལ་གྱིས་ཡོས་ལན་གྱིས་ཚེ་ལོའི་ལྟ་ཚུལ་འགྱུར་བྱུང་།
ཉིན་དེར། ཚེ་ལོ་ཡུལ་ནས་འཕྲུལ་རྟར་ཞོན་ཏེ་ལས་ཁུངས་སུ་སོང་། ཡོས་ལན་གྱིས་ཀྱང་རྫོང་ནས་དོན་དག་བསྒྲུབས་ཚར་རྗེས། ཏག་ཏག་ཤང་དུ་སྐྱོད་པའི་སྟབས་བདེ་རླངས་འཁོར་ཞིག་ཨེ་ཡོད་སྒུག་འདུག
མི་ཞིག་འཕྲུལ་རྟར་ཞོན་ནས་ཡོང་བཞིན་པ་མཐོང་བས་ཐག་རིང་ནས་ལག་པ་བསྲིངས། ཉེ་སར་བཅར་དུས་ད་གཟོད་ཚེ་ལོ་ཡིན་པ་ཤེས་ལ། ཚེ་ལོས་ཀྱང་ཡོས་ལན་ཡིན་པ་ཤེས་རྗེས་དུས་ལྟར་བསྡད་ཅིང་མོ་རང་འཕྲུལ་རྟར་འགོས་ཟེར་བའི་བརྡ་བརྒྱབ། ཡོས་ལན་གྱིས་ལག་གཡོན་པར་ཁུག་མ་བཟུང་བ་དང་། ལག་གཡས་པས་ཚེ་ལོའི་ལྭ་བར་ཡང་མོས་འཇུས་ཐག་ཡང་ཟོར་ངང་འཕྲུལ་རྟའི་བཞོན་སྟེགས་རྗེས་མར་ཞོན།
ཚེ་ལོས་ད་དུང་མཉམ་འཇོག་དེ་འདྲ་བྱས་མེད་དུས། ཡོས་ལན་གྱིས་དེ་འཕྲལ་ཅུང་པྲ་ཚེགས་ཀྱི་མཉམ་གྱིས། འཕྲུལ་རྟ་བསྐོར་རོགས་ཁ་ལོ་བ་ཟེར་བར།
ཚེ་ལོས་བསྔགས་བརྗོད་ཀྱིས། ངོ་མས་ལུས་འཁྱུག་བདེ་ཁུག་རྟ་ལྟ་བུ་ཞིག་རེད། ཤེས་མེད་ཚོར་མེད་ནང་ཁྱོད་གཞི་ནས་འཕྲུལ་རྟར་བཞོན་བདེ་བྱུང་འདུག་ཟེར།
འཕྲུལ་རྟ་ལམ་དུ་ཆས་རྗེས། ཡོས་ལན་གྱིས་ཅུང་ངོ་གནོང་བཞིན་བཤད་རྒྱུར། ཁྱོད་ཀྱིས་ངོ་མས་མི་ལ་བསྟོད་པ་བྱེད་ཤེས། ང་ཡི་ཐོག་མའི་མཛའ་གྲོགས་བཞིན་ཟེར་བར།
ཚེ་ལོས་ཁ་རུ་ཡོང་སྟངས་ཀྱིས། ཁྱོད་ལ་ཐོག་མའི་མཛའ་གྲོགས་ཡོད་ཨང་། ད་ལྟ་ཅི་འདྲ་རེད་ཟེར་བར།
ཡོས་ལན་གྱིས། ཡོད་མྱོང་། སྐྱུར་ཞོག སྐད་ཆ་གཅིག་གིས་བརྗོད་ཚར་དཀའ་ཟེར་བར།
ཚེ་ལོས་དགོངས་དག་གི་ཚུལ་གྱིས། དགོངས་པ་མ་ཚོམ། ངས་མཉམ་མ་བཞག་པར་ཁྱོད་ཀྱི་གསང་བ་དྲིས་བྱུང་བ་མ་ཟད། ཁྱོད་རང་སྡུག་ཏུ་འཇུག་པའི་གསང་བ་དྲིས་བྱུང་ཞེས་པར།
ཡོས་ལན་གྱིས། མི་སྐྱོན། ངས་མི་ཞིག་བཙལ་ནས་གསང་བ་དེ་ཤིན་ཏུ་བཤད་ན་འདོད་མོད། ཡང་བཤད་ན་འདོད་པའི་མི་ཞིག་བཙལ་ནས་མ་རྙེད། སེམས་སུ་བྲེལ་བས་འཚང་འོང་ཟེར་བར།
ཁོ་གཉིས་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཀེ་ཚེ་ཞིང་ཁ་ཞིག་ཏུ་སླེབས་ཤིང་། དེ་རུ་ཀེ་ཚེ་མེ་ཏོག་ལྷུག་པོར་གྲོལ་ཅིང་ཞིམ་ངད་དྲི་བསུང་སྣ་རུ་ལྡང་འོང་།
ཡོས་ལན་གྱིས། ཅི་འདྲའི་མཛེས་པའི་ཤེ་ཚེ་མེ་ཏོག་ཨང་། ངེད་གཉིས་སར་བབས་ནས་ཅིག་ལྟ་ཨང་ཞེས་པར།
ཚེ་ལོས། ཆོག་གི། དུས་ཚོད་ད་དུང་སྔ་འདུག ངེད་གཉིས་ཀྱང་ངལ་གསོ་ཙམ་བྱེད་ཟེར།
ཀེ་ཚེ་མེ་ཏོག་ལ་མྱང་རྗེས། ཁོ་གཉིས་ཞིང་ཁར་ཙོག་ཅིང་། ཡོས་ལན་གྱིས་རང་འགུལ་གྱིས་རང་གི་ཐོག་མའི་བརྩེ་དུང་གླེང་བྱུང་།
ཡོས་ལན་གྱིས་བཤད་རྒྱུར། ང་ཡི་ཐོག་མའི་བརྩེ་དུང་དེ་གླེང་ཚེ་དངོས་གནས་ཁུངས་མེད་ཅིག་ཡིན་པས་ཁྱོད་ཀྱི་རྣར་མི་འགྲོ་ནའང་ཐང་། ཁོ་ནི་ང་ཡི་ཕུ་བོ་ངོ་མ་ཡིན་ཞིང་མིང་ལ་ཟླ་བ་ཟེར། ངའི་སློབ་གྲྭ་ཆེན་མོའི་སྐབས་ཀྱི་ཆེད་ལས་སྡེ་ཁག་གཞན་པ་ཞིག་གི་སློབ་གྲོགས་ཡིན། ང་ལས་ལོ་གཉིས་ཀྱིས་ཆེ་ཞིང་ཕོ་ཉམས་དོད་པོ་ཞིག་ཡོད་པ་མ་ཟད་སློབ་སྦྱོང་ལའང་ཤིན་ཏུ་བཟང་ཞིང་། ད་དུང་ངེད་སློབ་གྲྭའི་ནང་མཚན་སྙན་ངེས་ཅན་ཡོད་པའི་སྙན་ངག་པ་ཞིག་ཀྱང་ཡིན་པས། བུ་མོ་མང་པོ་ཞིག་མོ་ལ་དགའ། རྒྱུ་མཚན་ནི་ང་ལ་ཡང་མཛེས་ཉམས་ཙམ་ཡོད་པས་སྐབས་དེར་སློབ་གྲྭའི་ནང་ང་ལ་དགའ་ཞིང་སྙེག་བཞིན་པའི་བུ་ཕོའང་མི་ཉུང་། ཐེངས་ཤིག ངས་མོའོ་ཏོན་གྱི«མཚན་མོ»ཞེས་པའི་དེབ་དེ་ཉོས་ཏེ་གློག་སྒྲོན་འོག་ལྟ་དུས། ཟླ་བས་མཐོང་རྗེས་ང་ལ་དེབ་དེ་གཡོར་བྱུང་བས་ངས་ཀྱང་གཡར་བྱུང་། ཁོས་དེབ་ཕྱིར་སློག་དུས་བར་དུ་རེ་འདོད་ཡི་གེ་ཞིག་བཙིར་འདུག དེ་ནས་ངེད་གཉིས་ཕན་ཚུན་དུངས་བྱུང་། ངས་ངེད་གཉིས་ཕན་ཚུན་དགའ་པའི་དོན་དེ་ཕ་མར་ཞུས་རྗེས། ཁོང་ཚོ་གཉེན་དོན་འདིར་འཐད་པ་མ་བྱུང་། རྒྱུ་མཚན་ནི་ཁོ་ནི་བོད་པ་ཡིན་པ་དང་ང་ནི་རྒྱ་མི་ཡིན་པའི་རྐྱེན་རེད། ཨ་ཕས་བཤད་རྒྱུར། མི་རིགས་མི་གཅིག་ན་འཚོ་བའི་ཁྲོད་ཐག་གཅོད་བྱེད་དཀའ་བའི་དཀའ་ཁག་མང་བོ་ཞིག་དང་འཕྲད་སྲིད་པས་བསྐྱུར་ན་དགའ་ཟེར། ཡིན་ནའང་ངེད་གཉིས་ཀྱི་བརྩེ་དུང་ནི་སྔར་བས་ཇེ་ཟབ་ཇེ་དམ་དུ་གྱུར་ཞིང་འབྲལ་དཀའ་བར་གྱུར། ཡིན་ཏེ། ངེད་གཉིས་ཀྱིས་འོ་ཞིག་བྱེད་པའམ་པང་དུ་བསྡམས་པ་ཙམ་ལས་མི་འོས་པའི་དོན་ཆེར་ཡང་མ་བྱས་ཏེ། རྒྱུ་མཚན་ནི་ངེད་གཉིས་སློབ་མ་ཡིན་པའི་ཕྱིར་ཡིན། ཐེངས་ཤིག ང་རྩལ་སྦྱོང་སློབ་ཁྲིད་ཅིག་གི་སྐབས་སུ་རྒྱུག་པ་རྐྱང་བ་སྟེང་ནས་མར་ལྷུང་ཞིང་མགོ་བོ་རྨས་ཏེ་ཁྲག་མང་བོ་བཞུར་བས། སློབ་གྲོགས་དང་གྲོགས་པོ་མང་བོ་ཞིག་གིས་ང་ལ་ཁྲག་སྦྱིན་བཏང་དུས་ཏག་ཏག་ངེད་གཉིས་ཀྱི་ཁྲག་གི་རྣམ་པ་གཅིག་ཡིན་འདུག དོན་དེའི་རྗེས་སུ་ཁོས་ང་ལ་ཀུ་རེའི་ཚུལ་གྱིས། ཁྱོད་ནི་ངའི་སྲིང་མོ་ཡིན་ཨེ་སྲིད་ཨང་ཟེར་བར། ངས་དེ་ནི་ག་རེ་ཟེར་བ་ཡིན་ཞེས་དྲིས་པར། ཁོས། ང་ལོ་གསུམ་ཡིན་དུས་སྲིང་མོ་ཞིག་བོར་མྱོང་། ཁྱོད་ཀྱི་ཁྲག་རྒྱུ་ནི་ངའི་ཁྲག་དང་གཅིག་ཡིན་པ་མ་ཟད། སྐྱེས་གཟུགས་དང་ལོ་ཚོད་ཀྱང་ཕལ་ཆེར་མཐུན་འདུག་ཟེར་བར། ངས། ངོ་མ་དེ་འདྲ་ཞིག་ཡིན་ཨེ་སྲིད་དམ་ཞེས་པར། ཁོས། ངས་གནམ་རྒན་མ་མནའ་རྟེན་དུ་བཞག་པ་ཡིན། ངོ་མ་ཡིན་ཟེར། དེར་མཐུད་ནས་ཁོས་རང་གི་ཨ་མས་གྲོང་ཁྱེར་རླངས་འཁོར་ས་ཚིགས་སུ་རང་གི་སྲིང་ཆུང་མ་བོར་བའི་སྔུན་གཞུག་གི་གཏམ་རྒྱུད་ཇི་བཞིན་བཤད་བྱུང་།
བརྒྱུད་རིམ་དེ་ནི་ཤིན་ཏུ་ཡིད་སྐྱོ་བ་ཞིག་སྟེ། ཁོའི་ཕ་མས་ལོ་གཅིག་ལ་བུད་མ་ཐག་པའི་བུ་མོ་ཁྲིད་དེ་རླངས་འཁོར་ས་ཚིགས་ཀྱི་སྒུག་སྡོད་ཁང་དུ་འགྲོ་དུས། བུ་མོས་སྨྲེ་སྔགས་འདོན་བཞིན་ཞོར་ཟས་སློང་བས་ཨ་ཕ་ཞོར་ཟས་ཉོ་རུ་སོང་སྟེ་དུས་ལྟར་མ་ལོག སྐབས་དེར་ཨ་མར་གློ་བུར་ཕོ་གཟེར་བྱུང་སྟེ་བཟོད་བསྲན་མ་ཐུབ་ཅིང་སེམས་སུ་བུ་མོའི་ཨ་ཕ་མྱུར་དུ་སླེབས་ངེས་སྙམ་པས། ད་སོ་མ་རྣམ་འགྱུར་ལ་བཀྲི་ཞིང་གྱ་ཙེ་གོམ་ཙེ་སྤོ་ཐུབ་ཙམ་གྱི་བུ་མོ་ཆུང་ཆུང་དེ་རང་གནས་སུ་བསྐྱུར་ཏེ་སྤྱོད་ཁང་དུ་ཆས། ཡིན་ནའང་བུ་མོའི་ཨ་ཕའང་ཕྱིར་སླེབས་འཕྱི་སོང་། དེ་ལྟར་དུས་ཚོད་འགོར་འགྱངས་ཙམ་གྱི་རིང་ལ་བུ་མོ་མི་མཐོང་བར་གྱུར། ཁོ་ཚོས་ཅི་ལྟར་བཙལ་ན་དེ་ལྟར་འཚུབ་ཆས་ཁེངས་ཤིང་། སེམས་སུ། ཡང་ན་བུ་མོ་རང་ཉིད་སོང་ནོར་སོང་། ཡང་ན་མི་ཚོང་ཁྲམ་པའི་ལག་ཏུ་ཤོར་སོང་། ཡང་ན་མི་སུ་ཞིག་གིས་སྤང་བུ་རེད་འདོད་དེ་བདག་ཉར་བྱས་སོང་སྙམ་ཞིང་། རང་གི་བུ་མོ་འདི་ལྟར་བོར་བར་ཡིད་མི་ཆེས་ཤིང་འཕྲུལ་རྟ་འཁོར་གསུམ་ཅན་ཞིག་གླས་ཏེ་ཕྱོགས་སོར་བཙལ་ཡང་མ་རྙེད་པ་ལྟ་ཞོག མཐར་རླངས་འཁོར་གྱི་དོན་རྐྱེན་འོག་གཉི་ག་རྐྱེན་ལམ་དུ་ཤོར་སོང་། དེ་ལྟར་ཟླ་བའི་ཨ་ཁུས་ཟླ་བའི་ཨ་ཕའི་ཁྱིམ་དོན་བཟུང་རྗེས་ཟླ་བ་བསྐྱངས་ཏེ་རང་གི་སློབ་སྦྱོང་གི་འོས་འགན་མཇུག་རྫོགས་པ་རེད་འདུག་ཟེར།
ཨེད། ཚེ་ལོས་ཉན་ཏེ་མཚམས་དེར་སླེབས་རྗེས་རང་དབང་མེད་པར་དངན་པ་རིང་བོ་ཞིག་འཐེན།
ཡོས་ལན་གྱིས་མུ་མཐུད་དེ་བཤད་རྒྱུར། ངས་ཟླ་བའི་འདས་ཟིན་ལ་ཉན་རྗེས་ཁོ་ཚང་ལ་སྐྱོ་སྡུག་ཆེན་པོ་བྱུང་བར་ཡིད་སྐྱོ་བས་ཁེངས་སོང་། གང་ལྟར་ང་ཚོའི་ཁ་བརྡ་ནི་ཁ་བརྡ་རེད་མོད་ཀྱང་། ཡིན་ནའང་ཁོས་བཤད་པའི་ང་ཁོའི་སྲིང་ཆུང་མར་འདྲ་པོ་འདུག་པའི་ཟེར་བའི་དོན་དེར་ངས་གཏན་ནས་སྣང་དོགས་མ་བྱས། དོན་དེ་ང་དང་འབྲེལ་བ་ཅི་ཡོད་དམ། ང་ཚོ་མི་རིགས་མི་གཅིག་པ་ལས་གཞན་སྐྱེས་ཡུལ་ཡང་མི་གཅིག་སྟེ། ང་ནི་སྟོད་དང་ཁོ་ནི་སྨད་ཀྱི་རེད། དེའི་སྟེང་དུ་ང་ནི་ཕ་མའི་ལག་མཐིལ་གྱི་རིན་ཆེན་ནོར་བུ་ཡིན་པས། ངས་གཏན་ནས་ང་རང་ཕ་མ་ལས་སྐྱེས་པར་དོགས་པ་སྐྱེས་མ་མྱོང་། སྐབས་ལ་ལར་ངས་ཨ་མའི་མདུན་དུ་དོན་དེ་བསམ་གཟས་ཏེ་ཡིན་མིན་གྱིས་གླེང་བ་ཡིན་མོད་། འོན་ཀྱང་ཨ་མར་ཚུར་སྣང་ཅི་ཡང་མི་འདུག ཡིན་ནའང་སྟབས་འགྲིག་པའི་རྐྱེན་ངན་ཞིག་མ་འགོར་བར་བྱུང་སོང་སྟེ། ཉིན་དེར། ངས་ཕ་མར་ང་དང་ཟླ་བའི་གཉེན་སྒྲིག་གི་དོན་དེ་ཡང་བསྐྱར་ཐེངས་གཅིག་གླེང་དུས། ཕ་མ་གཉིས་ཡུན་རིང་ཐེ་ཚོམ་གྱི་ཀློང་དུ་འགྲིམས་མཐར། ལན་ལན། ཁྱོད་ནི་རྙེད་ནས་ཁྱེར་ཡོང་བ་ཡིན། ཟླ་བའི་བཤད་བཞིན་པའི་ལོ་གཅིག་ལྷག་གི་བུ་མོ་དེ་ཁྱོད་ཡིན། སྐབས་དེར། ངེད་ཚོས་རླངས་འཁོར་ལ་སྒུག་ཡོད་དུས། བུ་མོ་བདག་མེད་ཅིག་མཐོང་བྱུང་། སེམས་སུ་སྤང་བུ་ཞིག་རེད་འདོད་དེ་པང་ནས་ཁྱེར་ཡོང་། དེ་འདྲ་ཞིག་ཡིན་པ་སུས་ཤེས། གལ་ཏེ་ཁྱོད་ཚོས་རོགས་བསྒྲིགས་གཉེན་སྒྲིག་གི་དོན་དེ་མི་གླེང་ཚེ་ངེད་ཚོས་ཚེ་གང་བོར་དོན་དངོས་འདི་གླེང་མི་སྲིད་ཟེར་བར། ང་སྐད་ཆེན་པོས་ངུ་ཐེངས་གཅིག་བྱས། རྗེས་སུ་ངས་དོན་དངོས་ཇི་བཞིན་ཟླ་བར་བཤད་ལ། དེ་ལྟར་ངེད་གཉིས་བར་གྱི་ཕོ་མོའི་བརྩེ་དུང་ཟེར་བའང་མཇུག་རྫོགས་སོང་། ཡིན་ཏེ། འདི་ནི་རྐྱེན་ངན་གྲོགས་སུ་འཁྱེར་བ་ཞིག་སྟེ། ངས་རང་གི་ཐོབ་ཐང་ངོ་མའང་ཤེས་སོང་བ་མ་ཟད། རང་གི་ཕུ་བོ་ཟླ་བའང་རྙེད་བྱུང་ཞེས་བཤད།
ཡོས་ལན་གྱི་ཐོག་མའི་བརྩེ་དུང་གི་བརྒྱུད་རིམ་གྱིས་ཚེ་ལོར་འཚེར་སྣང་སྐྱེས་སུ་བཅུག ཁོས་ཡོས་ལན་ལ། ད་ལྟ་ཟླ་བ་གང་དུ་ཡོད། འཚོ་བ་རོལ་བ་ག་འདྲ་ཡིན་ཞེས་དྲིས་པར།
ཡོས་ལན་གྱིས། ཡོས་ཅིན་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་སུ་བྱ་བར་ཞུགས་ཡོད། འཚོ་བ་བཟང་བོ་འདུག་ཅེས་བཤད།
ཚེ་ལོས། ཟླ་བའི་ཁྱིམ་ནི་དངོས་གནས་སྐྱོ་པོ་འདུག ཁྱོད་གཉིས་ཀྱི་མཉམ་འདུས་ཀྱང་ཤིན་ཏུ་སྟབས་འགྲིག་པོ་འདུག འཇིག་རྟེན་ཁམས་འདིར་ད་དུང་འདི་ལྟ་བུའི་བློ་ཡུལ་ལས་འདས་པའི་ངོ་མཚར་བའི་དོན་དག་ཡོད་སྲིད་པ་རེད་འདུག་ཟེར།
ཡོས་ལན་གྱིས། ང་གནས་འདིར་སླེབས་རྗེས། ད་དུང་མི་སུར་ཡང་དོན་འདི་གླེང་མ་མྱོང་། ཁྱོད་ཀྱིས་ངེས་པར་གསང་དགོས་ཨ། མིན་ཚེ་གཞན་གྱིས་ཐོས་ཚེ་འཕྱ་སྨོད་བྱེད་ངེས་ཡིན་ཟེར།
ཚེ་ལོས། ཡ། ཡ། ཡ། ཁྱོད་ཀྱི་སེམས་ཁ་བདེ་མོ་བྱོས་ཟེར་བཞིན་དུ་འཕྲུལ་རྟ་སྦར་བྱུང་།
དེའི་སྐབས་སུ་སའང་རུབ་ལ་ཉེ་འདུག
བརྒྱད་པ།
ཉིན་འདིའི་སྔ་མོར་ང་དང་སྒྲོལ་མས་ཕ་ལགས་དང་གྲོགས་འགའ་བོས་ཏེ་ཕྱི་རུ་ཟ་མ་ཟ་རུ་འགྲོ་གྲབས་བྱེད་དུས་ཁྱིམ་མཚེས་མཚོ་མོའི་ཁ་པར་འབྱོར་བྱུང་། མོས། ཁུལ་དུ་ལས་རྒྱུ་མི་འདུག་པས་མོ་ཡང་ཞིང་ཆེན་གྲོང་ཁྱེར་དུ་སྤྲོ་བསང་དུ་ཡོང་རྒྱུ་ཟེར་བས་ངས་སྒྲོལ་མར་མོའང་མཉམ་དུ་འབོད་དུ་བཅུག ངེད་ཚོ་མཚོ་བོད་མུ་ཏིག་ཟེར་བའི་ཚད་མཐོའི་ཆང་ཁང་ཆེན་མོ་ཞིག་ཏུ་ཟ་མ་ཟ་རུ་སོང་ཞིང་། མཚོ་ཟས་བྱ་ལག་ཆུ་འབུ་སྦྲུལ་ཉ་སོགས་ཚོད་མ་མིང་གྲགས་ཅན་རིགས་འགའ་བདམས་ལ། ཀྲུང་ཧྭ་རྟགས་ཅན་གྱི་དུ་བ་དང་མའོ་ཐད་རྟགས་ཅན་གྱི་ཆང་ཡང་བསྒྲིགས། ཞབས་ཞུ་བས་སྦྲུལ་ཤ་ཡར་བསྐྱལ་ཡོང་དུས་ཨ་ཕས་འདི་ནི་ཅིའི་ཤ་རེད་ཟེར་བར། ངས་སྦྲུལ་ཤ་རེད་ཅེས་པར། ཨ་ཕའི་གདོང་ནས་གློ་བུར་ཁྲོ་མདོག་རྒྱས་བྱུང་། ངས་དོན་དག་མ་ལེགས་ཚུལ་ཤེས་རྗེས་མྱུར་དུ་ཁོང་སྐྱོར་ནས་གསང་སྤྱོད་ཁང་དུ་སོང་ཞིང་འགྲེལ་བཤད་བྱས། ཨ་ཕས། ཁྱོད་ནི་བོད་ཀྱི་རུས་རྒྱུད་ཅིག་དང་མཚུངས་སམ། ཅིའི་ཕྱིར་ཟས་ཐ་རེ་ཐོ་རེ་འདི་འདྲ་བདམས་པ་ཡིན་ནམ་ཟེར་བར། ངས་མྱུར་དུ་རིག་པ་བསྒྲིམས་ཏེ། ངའི་གྲོགས་པོ་འགའ་ཟས་འདིར་དགའ་བས་ཁྱེད་ནས་བཟོད་སྒོམ་ཙམ་གནོངས་རོགས་ཞེས་པར་ཁོང་ནས་ཀྱང་ཅང་མ་གསུངས། ཡིན་ནའང་ཕྱིར་ཡུལ་དུ་ལོག་ཅིང་དེ་རིང་གི་ཟས་ཅོག་ཙེ་གང་ལ་སྒོར་སྟོང་གཉིས་ལྷག་ཤོར་བ་རྟོགས་རྗེས་གཞི་ནས་ཆེར་ཁྲོས་བྱུང་། ཁོང་གིས་གཤེ་གཤེ་གཏོང་རྒྱུར། ཕུང་ཕྲུག འདི་ལྟར་མགྲོན་བསུ་སྒོར་བརླག་བྱེད་མཁན་ཞིག་ཡོད་སྲིད་དམ་ཟེར་བར། ངས། ཕ་ལགས། འདི་ནི་ངའི་ཆེས་རྒྱས་སྤྲོས་ཀྱི་མགྲོན་ཞུས་ཐེངས་གཅིག་སྟེ། གཙོ་བོ་ཁྱེད་ནས་ཚེ་གང་བོར་དཀའ་སྡུག་མྱང་བ་ལ། དེ་རིང་ཁྱེད་ནས་རྒྱུན་ཏུ་མཐོང་མ་མྱོང་བའི་ཟས་འགའ་ཆེད་དུ་བསྒྲིགས་ཏེ་ཁྱེད་ཀྱི་བཀའ་དྲིན་ཙམ་གསབ་བསམ་པ་ཡིན་ཞེས་པར། ཨ་ཕས། དེ་ནི་ཁྱོད་ཀྱིས་བཤད་དགོས་པ་མ་ཡིན་ཏེ་ངས་རྟོགས་ཡོད། ཡིན་ནའང་ཁྱོད་ཚོ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་རེད། གནའ་མིའི་གཏམ་དཔེ་ལ། བློ་དཀར་དང་སྲི་ཞུ་གཉིས་ཀ་བསྒྲུབས་དཀའ་ཞེས་པ་བཞིན། རྒྱལ་ཁབ་ཀྱི་ཕོགས་བླངས་ཚེ་དེ་ལྟར་རྒྱལ་ཁབ་ལ་ལས་ཀ་བསྒྲུབས་དགོས། ཁྱིམ་ནས་ཁྱོད་ཀྱི་ནུ་བོ་དང་ཁོའི་ཆུང་མ་གཉིས་ཡོད་པས། ཁོ་གཉིས་ནས་བདག་ལ་ཤིན་ཏུ་གུས། ཁྱོད་ལ་དེ་ལྟ་བུའི་སེམས་ཤིག་ཡོད་ཚེ་ང་དགའ་སོང་བ་ཡིན། ཡིན་ནའང་འདི་ལྟ་བུའི་རྒྱས་གཤོམ་ངས་དངོས་གནས་ལོངས་སྤྱོད་བྱེད་དཀའ། འགྲོ་སོང་འཕྲོ་བརླག་གིས་ང་ཚོའི་ཞིང་ལས་པའི་སེམས་སུ་ཅི་འདྲའི་དྲོ་བ་ཞིག་སྟེར་སྲིད་པ་ཁྱོད་ཀྱིས་ཤེས་སམ་ཟེར་བ་དང་ཡང་མུ་མཐུད་ནས། ཨ་ཕས་སྨྱུག་རྩིས་ཤིག་འདི་ལྟར་བརྒྱབ་པ་སྟེ། ཞིང་ལས་སུ་བྱིས་པ་གཅིག་སྐྱོང་བཞིན་པའི་ཁྱིམ་མི་གསུམ་ཅན་གྱི་ཁྱིམ་ཚང་ཞིག་གིས་རེས་མོས་འདེབས་བསྐྱུར་གྱི་ནུས་གསོག་གི་ས་ཞིང་ངམ། དགུན་དུས་ནོར་ལུག་ལ་གསོག་པའི་རྩྭ་ས་ལས་གཞན། ལོ་རེར་ཕལ་ཆེར་ས་ཞིང་མུའུ་ལྔ་དྲུག་གི་ཟ་འབྲུའི་ས་ཞིང་ཙམ་ལས་འདེབས་ཀྱིན་མེད། ས་ཞིང་མུའུ་གཅིག་གི་ནང་དུ་རྒྱུན་ལྡན་གྱི་ལོའི་ནང་ཡང་ཆེས་མང་ན་གྲོ་རྒྱ་མ་སྟོང་ཙམ་ལས་མི་ཡོང་། གྲོ་རྒྱ་མ་གང་ལ་སྒོར་གཅིག་ཡིན་པ་ལྟར་རྩིས་ཚེ་དེ་ནི་སྒོར་སྟོང་དྲུག་རེད། གལ་ཏེ་ལུད་རྫས་དང་། ས་བོན། ལྡུམ་བུའི་སྨན་ནམ་ཞིང་ལས་འཕྲུལ་ཆས་ལ་སོགས་ཀྱི་འགྲོ་སོང་ཕུད་ཚེ་ཡོང་འབབ་དངོས་ནི་སྒོར་སྟོང་གཉིས་ལྷག་རེད། གལ་ཏེ་ཐན་ལོ་དང་ཕྲད་ཚེ་ཡོང་སྒོ་ཟེར་བ་ཕར་ཞོག་དང་མ་རྩ་ཡང་རྡིབ་འགྲོ་བ་རེད། ཁྱོད་ཀྱིས་ཟ་ཐེངས་གཅིག་ལ་ཕལ་བའི་ཞིང་ལས་པ་ཞིག་གི་ལོ་འགའི་ཟས་རིན་ཟོས་སོང་བ་མ་ཡིན་ནམ་ཟེར། ཨ་ཕའི་སློབ་གསོ་ནི་འབིགས་ལྟར་རྣོ་བས་ཁོ་བོའི་ངོ་ཚ་དེ་འགོག་དཀའི་གནས་སུ་གྱུར། དེ་རིང་གི་ངའི་བྱ་སྤྱོད་ཐད་གླེང་ན། སྒྲོལ་མ་ཐོག་མ་ཉིད་ནས་སོམ་ཉིར་ཚུད་འདུག རེད་མོད་ཀྱང་། མོས་ཀྱང་སྐབས་དེར་ཅུང་མ་སྨྲས། གཉིད་པའི་སྔོན་དུ་མོས་ཁ་རོག་གེར་ཁོ་བོར། མ་བསམ་ས་ནས་ཁྱོད་ཀྱིས་དེ་རིང་དེ་འདྲའི་ཚད་མཐོ་བའི་ཟ་མ་བདམས་ཟིན། ད་དུང་ཁྱོད་ལ་ལྟ་ཚུལ་འཛིན་བཞིན་པའི་མཚོ་མོའང་བོས་བྱུང་། དམིགས་ཡུལ་འདྲ་ཡོད་པ་མ་ཡིན་ནམ་ཟེར། ངས། ཡོད། ངའི་འདོད་པ་ནི་ཕ་རྒན་ལ་མི་ཚེ་འདིར་ཆེས་རིན་གོང་མཐོ་བའི་ཟ་མ་དང་དུ་ཆང་གི་དྲོ་བ་མྱོང་དུ་འཇུག་འདོད་པ་དེ་ཡིན་ལ། ཞོར་དུ་མཚོ་མོར་ཡང་ཁོ་བོ་སེར་སྣ་ཅན་ཞིག་ཡིན་མིན་ཤེས་སུ་འཇུག་འདོད་པ་དེ་ཡིན་ཞེས་བཤད། སྒྲོལ་མས་ཉན་རྗེས་དགོད་ཞོར་དུ། ཧ་ཧ། ཁྱོད་ལ་ད་དུང་འདི་ལྟ་བུའི་ཐབས་ཇུས་ཡོད་པ་ཡིན་ནམ། རང་གི་ཕ་ལ་བཀུར་བསྟི་བྱས་སོང་བ་མ་ཟད། ད་དུང་རང་ལ་ལྟ་ཚུལ་ཡོད་པའི་མིར་ཡང་རྒོད་ལན་སློག་སོང་ཟེར།
༨
ཉིན་འདི་འགར། ཞིང་ཆེན་རིམ་པས་བུད་མེད་མཐུས་མི་ཚོགས་ཆེན་བསྡུ་གྲབས་བྱེད་བཞིན་འདུག་ལ། དངོས་པའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཆར་བྱས་རྗེས་ཁྱད་པར་ཅན་བཞག་ཡོད་པའི་བུད་མེད་མཐུས་ཚབ་སྐོར་ཞིག་ལ་བྱ་དགའ་གནང་འཆར་འདུག་ཅིང་། ད་དུང་ཆེད་དུ་རྫོང་རེའི་སྡེ་བ་གཅིག་ལ་སྔོན་ཐོན་བུད་མེད་མཐུས་ཚབ་ཀྱི་མི་གྲངས་གནང་། རྨ་ལྷོ་རྫོང་བུད་མེད་ཚོགས་པས་ཤང་སོ་སོས་དོན་དངོས་ལྟར་རང་རང་ཤང་གི་དཔེར་འོས་པའི་སྔོན་ཐོན་བུད་མེད་ཀྱི་རྒྱུ་ཆ་འབྲི་དགོས་པ་དང་། རྫོང་བུད་མེད་ཚོགས་པས་རྒྱུ་ཆའི་བརྗོད་དོན་་གྱི་གནས་ཚུལ་གཞིར་བཟུང་ནས་འོས་སྦྱོར་བྱེད་རྒྱུའི་བརྡ་ཁྱབ་བཏང་། མགར་ཁྲི་ཤང་གི་བུད་མེད་ཚོགས་པའི་ཚོགས་གཙོ་ལས་འཁྱུར་ངལ་གསོ་བྱས་ཟིན་པས་ལས་ཀ་འདི་བྱེ་བྲག་ཏུ་ཡོས་ལན་གྱིས་འགན་འཁུར་ཡོད། ཤང་གིས་ཡོས་ལན་གྱིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་འོས་སྦྱོར་མི་སྣ་ཐག་གཅོད་བྱས་ཟིན་མོད་ཀྱང་། ཡིན་ནའང་སྔོན་ཐོན་བྱས་རྗེས་ཅན་གྱི་རྒྱུ་ཆ་ལེགས་འགྲུབ་མ་བྱུང་བས། འཕྲིན་ལས་ཧྲུའུ་ཅུས་ཚེ་ལོས་ཡོས་ལན་ལ་རོགས་རམ་བྱས་ཏེ་འོས་སྦྱོར་མི་སྣའི་སྡེ་བར་སོང་ཞིང་དོན་དངོས་རྟོག་ཞིབ་དང་རྒྱུ་ཆ་ལེགས་སྒྲིག་བྱེད་དུ་མངགས།ཚེ་ལོ་དང་མོ་གཉིས་སྨད་ཕྱོགས་སྤྱི་ལེ་སུམ་ཅུ་ལྷག་གི་ས་སྐྱའི་སྡེ་བར་བསླེབས། ལོ་གཉིས་ཀྱི་སྔོན་དུ། རྨ་ཆུའི་སྟོད་དུ་ཆུ་གློག་ས་ཚིགས་ཆེན་པོ་ཞིག་བཙུགས་ཤིང་ཆུ་བསྐྱིལ་བས་ས་སྐྱ་སྡེ་བ་ཆུ་མཛོད་ཀྱི་གནས་ནས་བསྐྱས་ཏེ་ད་སྐབས་ཀྱི་གནས་འདིར་ཆགས། གནས་འདི་མཚོ་ངོས་ལས་མཐོ་ཞིང་ས་གཤིས་དེ་འདྲ་མི་བཟང་བས་ནས་དང་ལོག་གར་འདེབས་རྒྱུ་ལས་མི་འཚམས། ཐོག་མར། ཁོ་ཚོས་འདི་རུ་ཇི་ལྟར་ཐོན་སྐྱེད་བྱེད་དགོས་པ་དང་འཚོ་བ་རོལ་ཐུབ་མིན་ལ་སེམས་འཁུར་བྱས། དེ་ལྟ་བུའི་གནས་བབ་འོག་ཏུ་མིང་ལ་འབའ་ཕྲུག་ཏུ་འབོད་པའི་ན་གཞོན་བུད་མེད་ཅིག་གིས་སྡེ་གསར་འདིའི་ཞིང་སར་ལོ་ལེགས་དེ་འདྲ་མི་འབྱུང་ཡང་ས་ཁྱོན་ཆེ་བས། གལ་ཏེ་སྲོལ་རྒྱུན་གྱི་སོན་འདེབས་ཐབས་ལམ་བསྒྱུར་ཏེ། འཕྲུལ་ཆས་རང་བཞིན་ཅན་ལག་བསྟར་གྱིས་ཚན་རིག་རང་བཞིན་ཅན་གྱིས་སོན་འདེབས་ལ་འཐམས་ཚེ་ཁོ་ཐག་ས་ཞིང་གིས་འབྲས་ལེགས་བསྐྲུན་ཐུབ་པ་མཐོང་བས། ཁོས་རང་གི་སྐྱེས་པ་ཁ་བརྡས་བཀྲིས་ཐུབ་བྱུང་བ་མ་ཟད། ད་དུང་ཧུར་བརྩོན་སྒོས་སྡེ་བའི་རིག་གནས་ལྡན་ཞིང་ཚན་རིག་ལག་རྩལ་ལ་རྒྱུས་མངའ་ཡོད་པའི་ན་གཞོན་འགའ་དང་འབྲེལ་ཏེ་མ་དངུལ་བརྩོན་ལེན་གྱིས་ས་ཞིང་མུའུ་སྟོང་ལྷག་གླས་ཤིང་། ས་སློག་སོན་འདེབས་དང་། རྫས་འཇོག་ཆུ་གཏོང་བྱས་ནས་འབྲས་བསྡུ་གཡུལ་གཅོག་སོགས་ཚང་མ་འཕྲུལ་ཆས་རང་བཞིན་ཅན་དུ་བསྒྱུར་བས། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་དེ་མུར་སྡེ་བའི་ཁྲི་སྒོར་ཅན་གྱི་ཁྱིམ་དུ་གྱུར་ཅིང་ཕྱུག་བསྒྱུར་ཅན་གྱི་སྣེ་ཁྲིད་པར་གྱུར།
དེ་ལྟར་ཉིན་གཅིག་རིང་གི་བཅར་འདྲི་ཞིབ་གཤེར་དང་ཡང་ཡང་དག་བཅོས་བརྒྱུད། སྔོན་ཐོན་གྱི་རྒྱུ་ཆ་ལེགས་གྲུབ་བྱུང་ཟིན། ཚེ་ལོས་བྲིས་ཚར་བའི་རྒྱུ་ཆ་ཐེངས་གཅིག་བཀླགས་ཤིང་ཡོས་ལན་གྱིས་ཉན་རྗེས་དགའ་སྤྲོ་ཆེན་པོས་ཐལ་མོ་རྡེབ།
ཡོས་ལན་གྱིས། ངོ་མས་བཟང་གི ཁྱོད་ཀྱིས་འབའ་ཕྲུག་གི་བྱ་གཞག་གསར་གཏོད་ཀྱི་ལོ་རྒྱུས་དང་བླངས་ཟིན་པའི་གྲུབ་འབྲས་བྲིས་པ་དོན་ཐོག་ཏུ་འཁྱོལ་འདུག ཚིག་སྦྱོར་ཡང་ཤིན་ཏུ་ལེགས། ང་ལ་ཐེངས་འདིར་རྫོང་དུ་ཕུལ་རྗེས་བདེ་བླགས་ངང་བདམས་ཐོན་ཐུབ་པའི་ཡིད་ཆེས་ཡོད་པ་མ་ཟད། ད་དུང་རླུང་འཕྲིན་དང་ཚགས་པར་གྱིས་སྤེལ་སྲིད་ནའང་ཐང་གི་ཟེར།
ཚེ་ལོས། སྟག་གི་ཡན་ན་རྒང་ཟེར་བ་ཞིག་ཡོད། འདི་ནི་རྫོང་ཡོངས་ནས་བདམས་བཞིན་ཡོད་པས། རྒྱུ་ཆ་ལེགས་པོ་ག་ཚོད་ཡོད་པ་སུས་ཤེས། དེའི་རྐྱེན། དགའ་རྒྱུ་མ་སྔ་ཨང་ཟེར།
རྒྱུ་ཆ་བྲིས་ཚར་སོང་། ཕྱིར་ཤང་དུ་ལོག་ཉིན་ཡང་ཐོན་ཟིན། ཁོ་ཚོས་ཤང་གི་འཇེམ་འཁོར་ལ་སྒུག་འདུག
ཡིན་ནའང་འཇེམ་འཁོར་དོན་གཞན་ཞིག་གིས་དུས་ལྟར་སླེབས་མི་ཐུབ་པས། ཤང་དཔོན་གྱིས་ཁོ་ཚོར་རང་གིས་རླངས་འཁོར་བཙལ་ཏེ་ཡོང་རྒྱུ་དང་ཡང་ན་ཕྱི་ཉིན་ལེན་དུ་ཡོང་བར་སྒུག་དགོས་ཚུལ་སྨྲས། ཚེ་ལོས་སྟབས་འཁེལ་རླངས་འཁོར་ཞིག་བཙལ་ན་འདོད་མོད། འོན་ཀྱང་འབའ་ཕྲུག་གིས་སེམས་གཅིག་ལུས་གཅིག་གིས་ཞག་འདུག་དང་། ཡོས་ལན་གྱིས་ཀྱང་། ད་ལྟ་ནི་ཞིང་ལས་ལ་བྲེལ་བཞིན་པའི་དུས་ཡིན་པས་ཤང་ཏུ་འགྲོ་བཞིན་བའི་རླངས་འཁོར་ཞིག་གང་ལས་འཚོལ་ལམ། དེ་བས་ད་དུང་ནང་ཁ་ལོག་རྒྱུ་བདེ་ཟེར་བར། ཚེ་ལོ་ཕྱིར་ཤང་དུ་ལོག་འདོད་པའི་སེམས་པའང་ཞི་བར་གྱུར།
དབྱར་དུས་ཀྱི་ཉི་འོད་ནི་ཚ་རག་རག་གི་མེ་ལྕེ་དང་འདྲ་བར་ས་གཞིར་འཕྲོས་ཤིང་། ས་སྐྱའི་སྡེ་བའི་ལོག་གར་མེ་ཏོག་ནི་གསེར་ཞུན་གྱི་ཁུ་བར་འགྲན། ནས་ལ་སྙེ་མ་གཏོང་རན་ཏེ་ཕྱོགས་ཀུན་སེར་ལམ་ལམ་དང་སྔོ་ལྗང་ལྗང་གི་འཇིག་རྟེན་ཞིག་ཏུ་གྱུར་འདུག ཚེ་ལོ་དང་མོ་ཚོ་རྒྱུ་ཆར་བྲེལ་བའི་དབང་གིས་ད་དུང་ཡུལ་ལྗོངས་འདི་དག་ལ་ལོངས་སྤྱོད་པའི་ཁོམ་སྐབས་མ་བྱུང་། ད་ལྟ་ཁོ་ཚོ་ཞིང་བར་བརྒྱུད་ཅིང་མགོ་བོ་སྒུར་ནས་ཞིང་ལས་ལ་ལྟ་ཞིབ་དང་མཛེས་སྡུག་ལ་མྱོང་རོལ་བྱས།
ཁོ་ཚོ་འགྲོ་བཞིན་འགྲོ་བཞིན་ཞིང་ཚིགས་བར་གྱི་རྩྭ་གསེང་དུ་རྩྭ་ཟ་བཞིན་པའི་རི་བོང་ཞིག་མཐོང་། ཡོས་ལན་གྱིས། དེ་ནི་ང་ཡིན་ཟེར་བར།
ཚེ་ལོས། སྐད་ཆ་དེར་ཇི་ལྟར་གོ་བ་ལེན་དགོས་པ་ཡིན་ནམ་ཟེར།
ཡོས་ལན་གྱིས། ངའི་ལོ་རུས་རི་བོང་ཡིན། ཁྱོད་ཀྱིས་ལྟོས་དང་། ཁོ་གཅིག་པུ་ཁེར་རྐྱང་དུ་ང་དང་ཅིའི་མི་མཚུངས་ཨང་ཟེར།
ཚེ་ལོས། ཁྱོད་ཀྱིས་ཡང་བསྐྱར་གཅིག་བཙལ་ན་ཅིས་མི་ཆོག་ཟེར་བར།
ཡོས་ལན་གྱིས། ཤང་དུ་སྐྱེས་པ་འགའ་ཤས་ལས་མེད་པས། ང་ལ་རན་པ་ཞིག་མི་འདུག་ཟེར།
དེ་རྗེས་ཡང་ཁོ་ཚོས་ཡོས་ལན་གྱི་ཕུ་བོ་ཟླ་བ་གླེང་བྱུང་། ཚེ་ལོས་ཟླ་བས་ཁྱིམ་ཐབ་བཟུང་ཡོད་མེད་དྲིས་པར། ཡོས་ལན་གྱིས། ཁོས་ང་རྒྱ་མོ་ཞིག་ཏུ་རྩིས་ཏེ་དགའ་རོགས་བསྒྲིགས་རྗེས་ཁོ་ལ་རྒྱའི་བརྩེ་མདངས་ཆགས་ཏེ་ངེས་པར་དུ་རྒྱ་མོ་ཞིག་བཙལ་བ་རེད། སློབ་ཆེན་དུ་གཅིག་བཙལ་མོད་ཀྱང་མཐར་ཕྱིན་རྗེས་ཕྱོགས་གཉིས་སུ་གྱེས་བྱུང་། བལྟས་སོང་ན་རེ་བ་མེད་པ་འདྲ་ཟེར།
སྐད་ཆ་མཇུག་མ་རྫོགས་གོང་གློ་བུར་དུ་གླག་རྒོད་ཅིག་ནམ་མཁའ་ནས་མར་གྱེན་དུ་འཕུར་བྱུང་བས། རི་བོང་གིས་མཐོང་འཕྲལ་སྐྲག་སྟེ་གར་འབྲོ་མི་ཤེས་པར་གྱུར། བལྟས་བལྟས་རིག་རིག་ལ་གླག་རྒོད་ཀྱིས་རི་བོང་འཛིན་ལ་ཁད་ཡོད་དུས་ཚེ་ལོས་ས་ནས་རྡོ་ཞིག་བླངས་ཏེ་གླག་རྒོད་ཀྱི་ཕྱོགས་སུ་ཕར་གཡུགས་ཤིང་ཀུ་རིང་ཞིག་བཏབ། གླག་རྒོད་ཀྱིས་ཚུལ་དེ་མཐོང་རྗེས་མྱུར་དུ་ཁ་ཕྱིར་འཁོར་ནས་འཕུར་སོང་། ཡོས་ལན་གྱིས་ཚུལ་དེ་མཐོང་བས་སྐྲག་སྟེ་འདར་སིག་སིག་བྱེད།
ཚེ་ལོས་འཕྱ་སྨོད་ཀྱི་ཚུལ་གྱིས། སྐྲག་ཤོར་མ། དེ་ནི་གླག་རྒོད་ཀྱིས་རི་བོང་ཞིག་འཛིན་བཞིན་པ་ཙམ་མ་རེད་དམ། ཁྱོད་སྐྲག་ནས་ཚུལ་འདིར་སླེབས་དགོས་དོན་ཅི་ཡོད་ཟེར།
ཡོས་ལན་གྱིས། ཁྱོད་ཀྱིས་བརྗེད་སོང་ངམ། ངས་སྔོན་འདིར་ཁོ་རང་ཉིད་དུ་ངོས་བཟུང་བ་མ་ཡིན་ནམ། དེས་ན་ངའི་མ་འོངས་པའི་ལས་དབང་ཡང་དེ་ལྟ་བུ་ཞིག་ཡིན་དགོས་སམ་ཟེར་བར།
ཚེ་ལོས། དཔེ་མི་སྲིད། ཁྱོད་ནི་ཤིན་ཏུ་བཟང་བའི་བུད་མེད་ཅིག་རེད། མདུན་ལམ་ལ་འོད་སྟོང་ལྡན་པར་ཡིད་ཆེས་བྱོས་ཟེར།
སྐབས་དེར་ཡོས་ལན་ལ་རྩེད་གཡེང་གི་སྤྲོ་སྣང་མེད་པར་གྱུར་བས། ཚེ་ལོར་ནན་སྐུལ་གྱིས་འབའ་ཕྲུག་ཚང་གི་ཕྱོགས་སུ་ཆས་སོང་། འབའ་ཕྲུག་དང་མོའི་སྐྱེས་པ་གཉིས་ཀྱིས་ཞིང་ལས་མཚམས་བཞག་སྟེ་ཏག་ཏག་ཁོ་ཚོར་ནུབ་འཚལ་བསྐོལ་བར་གྲ་སྒྲིག་བྱེད་བཞིན་འདུག
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།