logo

དབྱར་གནང་སྐབས་སུ་སློབ་མ་དང་མཉམ་དུ་དཔེ་དེབ་ཅིག་ཀློག་པ།

རྩོམ་པ་པོ།:དབྱང་ཞའོ་མེ་ཡིས་བརྩམས། བསོད་ནམས་རྡོ་རྗེས་བསྒྱུར། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-09-14 ཀློག་གྲངས།:
       དབྱར་གནང་ལ་ཉུང་ན་ཟླ་ངོ་གཅིག་དང་། མང་ན་ཟླ་ངོ་གཉིས་ཀྱི་དུས་ཚོད་ཡོད་པས། དཔེ་ཀློག་བྱེད་པའི་དུས་ཚིགས་བཟང་པོ་ཞིག་ཡིན། དུས་སྐབས་རིང་པོ་འདིའི་ནང་དུ། དགེ་རྒན་དང་སློབ་མ་གཉིས་ཀས་ཐུན་མོང་གི་དཔེ་དེབ་ཅིག་ཀློག་པ་ནི་ཧ་ཅང་ཡིད་སྤྲོ་བའི་ལས་དོན་ཞིག་རེད། དེས་ན་ང་ཚོས་དཔེ་དེབ་ཇི་ལྟར་ཀློག་དགོས།
དང་པོ། དཔེ་དེབ་འདེམ་པ།
       དཔེ་དེབ་ལེགས་པར་འདེམ་པ་ནི་དཔེ་དེབ་ཡག་པོ་ཞིག་ཀློག་པའི་གནད་འགག་དང་རྨང་གཞིའི་བྱ་བ་ཡིན། དཔེ་དེབ་འདེམ་པའི་ཚེ་ན། ངེས་པར་དགེ་སློབ་གཉིས་ཀས་མཉམ་དུ་འདེམ་པ་ལས། དགེ་རྒན་གཅིག་པུས་ཐག་གཅོད་བྱེད་མི་རུང་ལ། སློབ་མར་ཚད་ལས་བརྒལ་བའི་རང་དབང་ཡང་སྟེར་མི་རུང་སྟེ། དེ་ལ་དམིགས་ཡུལ་དང་རྩ་དོན། འཆར་གཞི་བཅས་ཁ་ཚང་ཡོད་པའི་སྒོ་ནས་དཔེ་ཀློག་ནི་དགེ་སློབ་གཉིས་ཀར་མེད་དུ་མི་རུང་བའི་དབྱར་གནང་སྐབས་ཀྱི་འཚོ་བའི་ཆ་ཤས་ཤིག་ཏུ་འགྱུར་བར་བྱེད་དགོས། ཡིན་ནའང་དེ་ནི་སློབ་མའི་དབྱར་གནང་འཚོ་བའི་འགན་ཁུར་ཞིག་ཏུ་འགྱུར་མི་རུང་། དཔེར་ན། ཀྲུང་གོའི་གནའ་བོའི་བརྩམས་སྒྲུང་གྲགས་ཅན་བཞི་ཀློག་པའི་དབང་དུ་བཏང་ན། སློབ་འབྲིང་སློབ་མར་མཚོན་ན། ང་ཚོས་དཔེ་དེབ་འདེམ་པའི་སྐབས་སུ་མ་རྩོམ་འདེམ་པ་ལས། “ཉིང་བསྡུས་ཀློག་དེབ”དང་། “ན་ཆུང་ཀློག་དེབ” “དོན་བསྡུས་ཀློག་དེབ”སོགས་ཀྱི་རིགས་ནི་གདམ་མི་རུང་། མ་རྩོམ་བཀླགས་ཚེ་རྩོམ་པ་པོས་ཆེས་ཐོག་མར་ང་ཚོར་གཏད་པའི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་སོགས་པ་འཕྲུ་སྣོན་གང་ཡང་མེད་པར་ཇི་མ་ཇི་བཞིན་དུ་སེམས་སུ་ངེས་ཐུབ་ལ། བདམས་བསྒྲིགས་དང་ཉིང་བསྡུས་ཀློག་དཔེ་སོགས་ལས་གཏམ་རྒྱུད་ཀྱི་བྱུང་རིམ་ཁ་ཤས་མེད་པར་བྱ་ངེས་པས། བརྩམས་ཆོས་དེའི་ཐོག་མའི་རྣམ་པ་མཐོང་ཐབས་མེད། འདི་ནི་དབྱར་གནང་མ་བཏང་བའི་སྔོན་དུ། འཛིན་གྲྭའི་ཚོགས་འདུ་འཚོགས་ནས་སྒྲུབ་ཆོག་ལ། དབྱར་གནང་དཔེ་ཀློག་བྱ་འགུལ་མགོ་རྩོམ་པའི་ཚུལ་དུ་གདམ་ཡང་ཆོག
གཉིས་པ། དཔེ་ཀློག་བྱེད་པ།
       དཔེ་ཀློག་ནི་དབྱར་གནང་ཧྲིལ་པོའི་ལས་ཀ་ཡིན་ལ། ཆེས་གལ་ཆེ་བའི་ལས་དོན་ཞིག་ཀྱང་ཡིན། དེ་ལ་གནད་འགའ་ཡོད་དེ། གཅིག དཔེ་དེབ་ཁ་ཚང་དུ་ཀློག་དགོས། བརྩམས་ཆོས་དེའི་ནང་དོན་གནད་བསྡུས་དང་། སྔོན་འགྲོའི་གཏམ། དཀར་ཆག་ལ་སོགས་རེ་རེ་བཞིན་ཞིབ་ཏུ་ཀློག་པ་ལས། དོན་ཚན་གཅིག་ཀྱང་བསྐྱུར་མི་རུང་། གཉིས། ཉིན་རེའི་དཔེ་ཀློག་གི་དུས་ཚོད་དང་གྲངས་ཚད་འོས་འཚམ་སྒོས་བཀོད་སྒྲིག་བྱ་དགོས་པ་ལས། ཉིན་འགར་བརྩོན་པའི་མེ་ལྕེ་དྲག་ཏུ་འཕྱུར་ནའང་། ཉིན་འགར་ལེ་ལོ་གཡེང་བའི་རྒྱ་རུ་ཚུད་ནས་དཔེ་ཀློག་གི་རྒྱུན་ཆད་མི་རུང་། དེ་ལ་འོས་ཤིང་འཚམ་ལ། ཡུན་རིང་རྒྱུན་སྐྱོང་ཐུབ་པའི་དབྱར་གནང་དཔེ་ཀློག་གི་འཆར་གཞི་ཞིག་དགོས། གལ་ཏེ་ང་ཚོས་ཀྲུང་གོའི་གནའ་བོའི་བརྩམས་སྒྲུང་གྲགས་ཅན་བཞིའི་གྲས་ཀྱི«ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ»ཞེས་པ་དེ་བདམས་པའི་དབང་དུ་བྱས་ན། དབྱར་གནང་ལ་བསྡོམས་པས་ཉིན40ཡོད་པས། ཉིན་རེར་ངེས་གཏན་གྱི་དུས་ཚོད་ནང་དུ་ལེའུ་གཉིས་ནས་གསུམ་གཏན་འཁེལ་ལྟར་ཀློག་ཚར་དགོས། ཡིན་ནའང་། དབྱར་གནང་གི་དུས་ཚོད་དང་སློབ་རའི་དུས་ཚོད་གཉིས་ལ་ཁྱད་པར་ཆེ་ཞིང་། དབྱར་གནང་སྐབས་སུ་དུས་ཚོད་རང་དབང་སྒོས་བཀོད་སྒྲིག་བྱ་ཆོག་པས། དབྱར་གནང་སྐབས་ཀྱི་དཔེ་ཀློག་ནི “ཡུལ་སྐོར”དང་ཟུང་འབྲེལ་བྱས་ཆོག «ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ»ཀློག་པའི་དབང་དུ་བཏང་ན། ང་ཚོས་དེ་ཉིད་དབྱར་གནང་སྐབས་ཀྱི“བྲག་ཕུག་ཡུལ་སྐོར”དང་ཟུང་དུ་འབྲེལ་ཆོག རང་རྒྱལ་གྱི་བྲག་ཕུག་རིག་གནས་ཁྲོད། ཐང་སིན་བླ་མ་རྒྱ་གར་འཕགས་པའི་ཡུལ་ལ་ཆོས་ཞུ་རུ་ཕེབས་པའི་སྐོར་གྱི་གཏམ་རྒྱུད་མང་པོ་ཡོད་དེ། དཔེར་ན། ཧྲན་ཞི་ཞིང་ཆེན་ཡུས་ལིན་བྲག་ཕུག་ཏུ«ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ»ཡི་ལྡེབས་རིས་ཡོད་ལ། དེ་རུ་ཐང་སིན་བླ་མ་དང་ཀླུ་རྟ་དཀར་པོ་གཉིས་ཆོས་ཞུ་རུ་བསྐྱོད་པའི་རི་མོ་བྲིས་ཡོད། ཀན་སུའུ་ཏུན་ཧོང་གི་ལྡེབས་རིས་གྲས་སུའང་ཐང་སིན་བླ་མ་གཅིག་པུ་ཆོས་ཞུ་རུ་སོང་བའི་ལྡེབས་རིས་ཡོད། ཀན་སུའུ་ཞིང་ཆེན་ཀན་ཀུའུ་རྫོང་གི་ཧྭ་ཀའེ་དགོན་པའི་ལྡེབས་རིས་སུའང་མི་བཞི(ཐང་སིན་བླ་མ་དང་ཧྲ་ཧོ་ཧྲང་། ཚུལ་ཁྲིམས་སྲུང་། ཨུ་ཀོང་།)དང་། རྟ་མཆོག་གཅིག(ཀླུ་རྟ་དཀར་པོ)བཅས་ཁ་ཚང་འཛོམས་པའི«ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ»ཡི་ཆེས་ཐོག་མའི་རྣམ་པ་ཡི་ལྡེབས་རིས“ཐང་སིན་བླ་མ་ཆོས་ཞུ་རུ་བསྐྱོད་པའི་རི་མོ”དང“ཐང་སིན་བླ་མས་ཆོས་ཞུས་ཏེ་ཕྱིར་ལོག་པའི་རི་མོ”གཉིས་ཡོད་པ་རེད།
       ད་དུང«ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ»ཀློག་པའི་དབང་དུ་བཏང་ན། ང་ཚོས་དབྱར་གནང་སྐབས་ཀྱི“མཛེས་ལྗོངས་ཡུལ་སྐོར”དང་ཟུང་དུ་སྦྲེལ་ནས། རི་ཆུ་གྲགས་ཆེན་དག་ལའང་བསྐྱོད་ཆོག རང་རྒྱལ་གྱི་མཛེས་ལྗོངས་མིང་གྲགས་ཅན་མང་པོ་ཞིག་ཀྱང«ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ»དང་འབྲེལ་བ་མང་པོ་ཡོད་དེ། ཅང་སུའུ་ཞིང་ཆེན་ལེན་ཡུན་ཞང་གྲོང་ཁྱེར་ཡུན་ཐའེ་རི་བོ་ལྷོ་མར་གནས་པའི་རྒྱབ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འབྲས་ལྡན་རི་བོ་དང་། ཞིན་ཅང་ཐུའུ་ལུའུ་ཧྥན་གཤོང་སའི་བྱང་སྣེའི་རྒྱལ་ཡོངས་ཀྱི་ཆེས་ཚ་བ་ཆེ་བའི་ས་གནས་ཀྱི་རྒྱལ་ཁབ4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཧུའོ་ཡན་རི་བོ་སོགས་ལའང་ཡུལ་སྐོར་དུ་འགྲོ་ཆོག དེ་ལ་འགྲོ་དུས་སྒོ་ང་རློན་པ་འཁྱེར་རྒྱུ་བརྗེད་མི་རུང་སྟེ། ཧུའོ་ཡན་རི་བོའི་བྱེ་མའི་ཁུང་བུ་རུ་སྒོ་ང་བསྲེགས་ན་ཚོས་ཐུབ་པ་རེད། དེ་ལྟར་ང་ཚོས“དཔེ་དེབ་ཁྲི་ཕྲག་ཀློག ལེ་དབར་ཁྲི་ཕྲག་བགྲོད”པའི་དབྱར་གནང་གི་འཚོ་བ་ཁྱད་པར་ཅན་ཞིག་རོལ་ཆོག
གསུམ་པ། བཤད་སྦྱོང་བྱེད་པ།
       བཤད་སྦྱོང་ནི་དུས་ལྟར་དཔེ་ཀློག་བྱེད་པར་སྐུལ་འདེད་བྱེད་པའི་ཐབས་མཆོག་ཅིག་ཡིན་ལ། དབྱར་གནང་སྐབས་ཀྱི་དཔེ་ཀློག་བྱ་འགུལ་ལ་མེད་དུ་མི་རུང་བའི་ལས་རིམ་ཞིག་ཀྱང་ཡིན། དེ་ནི་དབྱར་གནང་སྐབས་སུ་དྲ་ལམ་ནས་བཤད་སྦྱོང་བྱ་འགུལ་སྤེལ་ཆོག་ལ། ད་དུང་། དབྱར་གནང་མཇུག་བསྒྲིལ་རྗེས་སློབ་གྲྭར་ལོག་ནས་དཔེ་ཀློག་མཉམ་སྤྱོད་བྱ་འགུལ་སྤེལ་ཀྱང་ཆོག དབྱར་གནང་སྐབས་ཀྱི་དྲ་ལམ་བཤད་སྦྱོང་ནི་ངེས་པར་དུས་རིམ་བགོས་ནས་སྤེལ་དགོས་ཏེ། དྲ་ལམ་བཤད་སྦྱོང་བརྒྱུད་ནས་དགེ་སློབ་ཀྱི་དཔེ་ཀློག་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། འཆར་གཞི་ལྟར་དཔེ་ཀློག་གི་འགན་མ་འགྲུབ་པའི་དགེ་སློབ་དག་གིས་དཔེ་ཀློག་འཆར་གཞི་འཐུས་ཚང་དུ་བཏང་ནས། དབྱར་གནང་མཇུག་སྒྲིལ་དུས་དཔེ་དེབ་ཧྲིལ་པོ་ཀློག་ཚར་བར་བྱ་བའི་འཆར་གཞི་དེ་འགྲུབ་པར་ཁག་ཐེག་བྱེད་ཐུབ།
བཞི་པ། འབྲི་སྦྱོང་བྱེད་པ།
       འབྲི་སྦྱོང་ནི་དབྱར་གནང་དཔེ་ཀློག་གི་ཕྱོགས་ཡོངས་ཀྱི་སྤྱི་བསྡོམས་ཤིག་ཡིན་ལ། དབྱར་གནང་དཔེ་ཀློག་བྱ་འགུལ་གྱི་རྒྱུན་མཐུད་ཅིག་ཀྱང་ཡིན། དེ་ནི་དབྱར་གནང་མཇུག་བསྒྲིལ་ནས་སློབ་གྲྭར་ལོག་རྗེས་དཔེ་ཀློག་མཉམ་སྤྱོད་བྱ་འགུལ་སྟེང་གི་ལས་དོན་ཞིག་ཡིན། དབྱར་གནང་མཇུག་སྒྲིལ་དུས། ང་ཚོས་བདམས་པའི་དཔེ་དེབ་ཀྱང་ཕལ་ཆེར་བཀླགས་ཚར་སོང་མོད། དེ་ནི་ཡོངས་སུ་མཇུག་བསྒྲིལ་བ་མིན། ད་དུང་སྟོན་དུས་ཀྱི་སློབ་སྐབས་མགོ་རྩོམ་དུས་དབྱར་གནང་དཔེ་ཀློག་མཉམ་སྤྱོད་བྱ་འགུལ་སྤེལ་ཏེ། སློབ་མ་ཚོའི་འབྲི་སྦྱོང་གི་གྲུབ་འབྲས་མངོན་པར་བྱེད་དགོས། དེ་ནི་དཔེ་ཀློག་མྱོང་ཚོར་ཡིན་ཆོག་ལ། དཔེ་དེབ་ལས་བཏུས་པའི་ཚིག་སྦྱོར་ཡག་པོ་དག་ཡིག་གཟུགས་ལེགས་པོར་བྲིས་པ་དང་། ད་དུང་རི་མོའི་བརྩམས་ཆོས་སོགས་ཀྱང་ཡིན་ཆོག དེ་ལ་རྣམ་པའི་སྒོ་ནས་ཚད་བཀག་གང་ཡང་མི་བཟོ་བར། དཔེ་ཀློག་ནས་བྱུང་བའི་འབྲས་བུ་གང་ཡང་རུང་བ་ཞིག་ཡིན་ཆོག དགེ་རྒན་རང་ཉིད་ལའང་འབྲི་སྦྱོང་བརྩམས་ཆོས་དགོས།
ལྔ་པ། རྩོམ་སྒྲིག་བྱེད་པ།
       རྩོམ་སྒྲིག་ནི་དགེ་སློབ་ཀུན་གྱི་དབྱར་གནང་དཔེ་ཀློག་བྱ་འགུལ་གྱི་འབྲས་བུ་མིག་གི་སྤྱོད་རུང་བར་བྱེད་པའི་ལས་རིམ་ཞིག་ཡིན། གལ་ཏེ་འབྲི་སྦྱོང་གི་བརྩམས་ཆོས་ཀྱི་ཁ་གྲངས་ངེས་ཅན་ཞིག་ལོངས་ཚེ། དབྱར་གནང་དཔེ་ཀློག་བྱ་འགུལ་དེ་རྒྱ་བསྐྱེད་ནས«དབྱར་གནང་སྐབས་ཀྱི་དཔེ་ཀློག་འབྲས་བུ་ཕྱོགས་བསྡུས»ཤིག་རྩོམ་སྒྲིག་བྱས་ཆོག སློབ་གྲྭའི་ཡིག་དཔར་ཁང་གི་སྒྲིག་ཆས་བེད་སྤྱད་དེ། དགེ་སློབ་རྣམས་ཀྱིས་རང་གི་ལག་འགུལ་ནས«དབྱར་གནང་སྐབས་ཀྱི་དཔེ་ཀློག་འབྲས་བུ་ཕྱོགས་བསྡུས»ཤིག་རྩོམ་སྒྲིག་བྱེད་པ་ནི་ཧ་ཅང་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་ཏེ། དགེ་སློབ་ཚོས་མཉམ་དུ་དཔེ་དེབ་ཀྱི་ཁ་བྱང་གཏན་འཁེལ་དང་། མདུན་ཤོག་ཇུས་འགོད། དཀར་ཆག་སྒྲིག་པ། ཞུ་དག་གཏོང་བ། དཔར་ནས་དེབ་གཟུགས་སུ་བསྐྲུན་པ་སོགས་ཀྱི་བརྒྱུད་རིམ་དེ་ནི་ཐང་ཆད་ལ་སྤྲོ་བ་ལྡན་པའི་ལས་ཀ་ཞིག་ཡིན་པས། ལས་ཀ་དེ་ལ་ཞུགས་པའི་དགེ་སློབ་ཀུན་གྱི་སེམས་སུ་བརྗེད་ཐབས་མེད་པའི་ཕྱིར་དྲན་ཞིག་ཏུ་འགྱུར་ངེས། ད་དུང་ང་ཚོས་བྱ་དགའ་ཆུང་ངུ་ཞིག་ཀྱང་བཀོད་སྒྲིག་བྱས་ཏེ། དབྱར་གནང་དཔེ་ཀློག་གི་གྲུབ་འབྲས་བཟང་པོའི་སློབ་མ་དག་ལ་བྱ་དགའི་རྟིང་སྐུལ་བྱས་ནས། རྗེས་མའི་དབྱར་གནང་སྐབས་ཀྱི་དཔེ་ཀློག་བྱ་འགུལ་ལ་རྨང་གཞི་བསྐྲུན་ཆོག
       མདོར་ན། ང་ཚོས་དཔེ་དེབ་ཅིག་ཀློག་པའི་ཚེ། “དཔེ་དེབ་འདེམ་པ་དང་། དཔེ་ཆ་ཀློག་པ། བཤད་སྦྱོང་བྱེད་པ། འབྲི་སྦྱོང་བྱེད་པ། རྩོམ་སྒྲིག་བྱེད་པ”བཅས་གོ་རིམ་ལྔ་བོ་འདི་བརྒྱུད་ཚེ། དཔེ་ཀློག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་ངེས། དགེ་སློབ་ཐུན་མོང་གི་བློ་དང་མཐུན་པའི་དཔེ་དེབ་ཅིག་བདམས་ནས། དབྱར་གནང་སྐབས་སུ་སྤྲོ་བས་ཀློག་ཐུབ་ན། ང་ཚོའི་དབྱར་གནང་ཧྲིལ་པོ་དཔེ་དེབ་དང་མཉམ་དུ་སྤྲོ་བས་བསྐྱལ་ཆོག །
འབྲེལ་ཡོད་འོས་སྦྱོར།