སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ལྔ་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-25
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
དགུ་པ།
སྒྲོལ་མས་གཏམ་རྒྱུད་འདིར་ཉན་རྗེས་ངའི་ཁ་བརྡའི་མཚམས་བཅད་ནས་བཤད་རྒྱུར། རྒན་པ་དེའང་གཞུང་རྒྱུད་དྲང་དྲག་སོང་། དྲ་མིག་མེད་པའི་རྡེབ་བྱེད་ཀྱིས་སྦྲང་ཐལ་སྤུར་འགྲོ་བའང་རྟོགས་ཀྱིན་མི་འདུག་ཟེར།
ཨ་ཕས། དེ་ཡང་ཁག་མི་འདུག ཞིང་གྲོང་གི་མིས་སྦྲང་ཐལ་བདའ་ན་རྡེབ་བྱེད་བཀོལ་བ་ཉུང་སྟེ། སྒེའུ་ཁུང་ཕྱེས་རྗེས་ལག་ཕྱིས་སམ་ཕྱགས་མས་ཡང་མོས་བདའ་ཚེ་སྦྲང་ཐལ་དེ་མུར་འཕུར་འགྲོ་བ་རེད་ཟེར། སྒྲོལ་མས། དེས་ན་ཁོང་གིས་ཀྱང་སྒེའུ་ཁུང་ཕྱེ་སྟེ་དངོས་པོ་གང་ཞིག་གིས་བདའ་ཙམ་བྱས་ན་དོན་དེ་ཚར་སོང་བ་མ་ཡིན་ནམ་ཟེར་བས། སྐབས་ཐོག་དེའི་ཨ་ཕའི་སྨྲ་སྒོ་ཡོངས་སུ་བཅད་སོང་། ངས། སྦྲང་ཐལ་ནི་དྲོད་ལ་དགའ་བ་དང་འཁྱགས་ལ་སྐྲག་པ་ཞིག་ཡིན། ཞིང་གྲོང་གི་ཁང་བ་ནི་གྲོང་ཁྱེར་གྱི་ཁང་བ་དང་བསྡུར་ཐབས་མེད་དེ། ཞིང་གྲོང་གི་ཁང་བའི་ཕྱི་ནང་གི་དྲོད་ཚད་ཕལ་ཆེར་གཅིག་མཚུངས་ཡིན་པས་སྦྲང་ཐལ་སྒོར་བདའ་རྗེས་ཕྱིར་ཡོང་མི་སྲིད་མོད། གྲོང་ཁྱེར་གྱི་ཁང་བའི་ནང་དྲོ་བས་ནང་གི་སྦྲང་ཐལ་ཕྱིར་འགྲོ་མི་འདོད་པའི་སྟེང་ད་དུང་ཕྱི་ཡི་སྦྲང་ཐལ་ནང་དུ་འཚང་འདོད་ཆེ། གལ་ཏེ་སྒེའུ་ཁུང་ཕྱེ་པ་ཡིན་ན་ཇེ་མང་དུ་འགྲོ་བ་ཤ་སྟག་ཡིན་ཞེས་པར་ཨ་ཕ་དང་སྒྲོལ་མས་མཉམ་དུ་མགོ་ལྡེམ་བྱུང་།
ཅུང་འགོར་རྗེས། ཨ་ཕས་དབུགས་རིང་ཞིག་ཕྱུངས་རྗེས་སྨྲས་རྒྱུར། མི་ཟེར་བ་འདི། སྐབས་ལ་ལར་ངོ་མས་སུན་སྣང་བཟོ་སྤྱད་ཅིག་རེད། དཀའ་ལས་སྐུ་ཚེགས་མྱོང་དུས་ཁོམ་པ་ཅན་གྱི་མི་ཚོར་ཡིད་སྨོན་འཆོར་ཞིང་། ཁོམ་འདུག་ཉིན་འགའ་བྱས་རྗེས་ཡང་ལས་ཀ་ཞིག་འཙལ་ནས་ལས་ན་འདོད། ལས་ཀ་མེད་པའི་ཉིན་དག་ནི་སྐབས་ལ་ལར་ལས་ཀ་ཡོད་པའི་ཉིན་དག་ལས་ཀྱང་ཐང་ཆད་དྲག་ངེས་རེད་ཟེར་བར། ངས། ཁྱེད་ཀྱིས་ཀྱང་གྲོང་ཁྱེར་གྱི་མི་རྒན་དག་གི་འཚོ་བ་རོལ་སྟངས་ལ་སློབ་སྦྱོང་ཙམ་བྱས་ཆོག དཔེར་ན། ཞོགས་པར་ཕྱི་ལ་སོང་ནས་ལུས་རྩལ་ཙམ་སྦྱང་བའམ་བྲོ་རེ་འཁྲབ་པ། ཉིན་དཀར་མཱ་ཅང་རེ་རྩེ་བ། འགྱིག་རེ་འདེད་པ། མི་གཞན་དང་ཁ་བརྡ་རེ་བྱས་ན་ལུས་ཕུང་བདེ་ཞིང་སེམས་ཁམས་ཀྱང་དྭངས། ད་ལྟ་ང་ཚོ་ལ་གྲོང་ཁྱེར་དུ་ཁང་བ་ཡོད་སོང་བས། རྗེས་ཕྱོགས་སུའང་ཁྱེད་གྲོང་ཁྱེར་དུ་ཕེབས་པའི་ཉི་མ་མང་ཞེས་པར། ཨ་ཕས། མི་ཆོག་སྟེ། ང་ཚེ་གང་བོར་ས་ཞིང་དང་འབྲེལ་ནས་ཡོང་བས་ལུས་ལ་ལྡེམ་མཉེན་མེད་ཅིང་རྐང་ལག་ཧྲེང་པོར་གྱུར་ཡོད་ལ། ཀླད་པ་ཡང་བཟང་རྒྱུ་མི་འདུག བྲོ་འཁྲབ་པ་དང་དྲག་རྩལ་སྦྱོང་རྒྱུ། མཱ་ཅང་རྩེད་རྒྱུའི་སྣ་གཅིག་ཀྱང་མི་འཛོམས། ཡང་ཅིག་བཤད་ན། གྲོང་ཁྱེར་ཀྱི་མི་དང་གླེང་མོལ་བྱས་ཚེ་གཞི་གཅིག་ཏུ་མི་འབབ་སྟེ། ཁོ་ཚོས་གླེང་བཞིན་པ་ནི་ཁང་བ་དང་། གླ་ཕོགས། དབང་ཆའི་སྐོར་ཡིན་ཞིང་། ང་ཚོ་གྲོང་གསེབ་ཀྱི་མིས་གླེང་བཞིན་པ་ནི་ས་ཞིང་དང་ལོ་ཏོག ལུག་ཕག་བྱ་ཁྱི། ཁྱིམ་གྱི་གནས་ཚུལ། དེ་ནས་ད་ལྟའི་ཞོར་ལས་ཁོ་ན་ཡིན། གྲོང་ཁྱེར་གྱི་མི་སུ་ཞིག་འདི་དག་ལ་ཡིད་སྤྲོའམ། ཉིན་འདི་ཙམ་གྱི་རིང་ལ། ངས་གཞི་ནས་གྲོང་གསེབ་ཀྱི་གྲོགས་པོ་རྒན་པ་ཚོ་དྲན་བྱུང་ཟེར། ཨ་ཕས་སྐད་ཆ་འདི་དག་བརྗོད་དུས་སྒྲོལ་མས་ཀྱང་སེམས་གཏིང་ནས། གལ་ཏེ་ཁྱེད་ཁྱིམ་དུ་ཁེར་རྐྱང་གི་སུན་སྣང་ཆེ་ན་ངས་ཁྱེད་ལ་འདུག་གྲོགས་བྱས་ཆོག་ཅེས་པར། ཨ་ཕས། ཁྱོད་ཚོར་རང་རང་གི་དགའ་ཕྱོགས་དང་དོན་དག་ཡོད་པས། ཉིན་རེར་ང་བསྐོར་ནས་འདུག་རྒྱུ་དེའང་ཐབས་ཤིག་མ་རེད། དེ་བས་ང་སྔར་བཞིན་ཕྱིར་ཡུལ་དུ་ལོག་རྒྱུ་བདེ་ཟེར། ངས་ཨ་ཕ་ཨུ་ཚུགས་ཀྱིས་ཡུལ་དུ་ལོག་རྒྱུ་ཡིན་པ་མཐོང་བས། དཔའ་རུས་ཀྱི་ནས་ཆང་བཟང་ཤོས་རྒྱ་མ་དོ་དང་། མཆོད་རྟེན་དམར་བོ་རྟགས་ཅན་གྱི་དུ་བ་ཐུམ་གཅིག་ཉོས་ལ། སྒྲོལ་མས་ཀྱང་ཕྱི་ལྭ་ཆ་ཚང་གཅིག་དང་ཞོར་ཟས་འགའ་ཉོས་ཏེ་ཨ་ཕའི་ཁུག་མར་བཅུག་ཅིང་རླངས་འཁོར་ས་ཚིགས་སུ་བསྐྱལ།
ངའི་ཕ་ཡུལ་ནི་ཙོང་ལ་རྫོང་འཛོམས་པ་ཤང་གི་གསེར་སྐེ་སྡེ་བ་ཡིན། ཞིང་ཆེན་གྲོང་ཁྱེར་ནས་སྤྱི་ལེ་ལྔ་བཅུའི་མཚམས་སུ་ཆགས་ཡོད་པ་འདྲ། ལོ་འདི་འགའི་རིང་། སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་སྟེ་མྱུར་བགྲོད་གཞུང་ལམ་བསྐྲུན་ཅིང་ཆེད་དུ་འགྲུལ་འཁོར་བཀོད་བསྒྲིགས་བྱས་ཡོད། ངས་ཨ་ཕ་གཅིག་པུ་གྲོང་ཁྱེར་འདི་དང་ཁ་བྲལ་བའི་གྲིབ་གཟུགས་ལ་བལྟས་ཏེ་སེམས་སྡུག་པར་གྱུར་ལ་བདེ་བར་ཡང་གྱུར། རྒྱུ་མཚན་ནི་ཨ་ཕའི་དབང་བོ་སོ་སོ་ད་དུང་རྣོ་ཞིང་མགོའང་རྨོངས་མི་འགྱུར། གལ་ཏེ་འགྲུལ་འཁོར་དུ་འགོས་ཚེ་ལམ་ནོར་མི་སྲིད་དེ། འགྲུལ་འཁོར་ལས་བབས་ཏེ་གོམ་འགའ་སྤོ་མི་དགོས་པར་སྡེ་བར་བསླེབས་ཐུབ།
ཨ་ཕ་བསྐྱལ་རྗེས། སྒྲོལ་མ་ཡང་ཐང་ཆེན་དུ་བུད་སོང་། ངའི་སེམས་ནི་སྟོང་སིང་ངེར་གྱུར་ཅིང་དངོས་པོ་རྩ་ཆེན་གང་ཞིག་བོར་སོང་བ་དང་ཀུན་ནས་མཚུངས། ཨ་ཕ་ནི་བྱ་ལོ་ཡིན་ལ་ད་ལོ་དགུང་ལོ་དོན་བརྒྱད་དུ་སོན། ཉེ་སྔོན་ཨ་མ་ཁོང་ལས་གོམ་གང་སྔོན་དུ་ཕེབས་པའི་རྗེས་སུ་སྐུ་ལུས་མངོན་གསལ་གྱིས་ཇེ་ཞན་དུ་གྱུར་བྱུང་། མཁལ་སྐེད་དང་གློ་བ་བཅས་ལ་གནད་དོན་བྱུང་འདུག་པས། སྨན་པས་ཁོང་ལ་དུ་ཆང་གཅོད་དགོས་པར་གསུངས། ཡིན་ནའང་ཨ་ཕས་ཚེ་གང་བོར་དུ་བ་འཐེན་ནས་གོམས་ལོབ་ཏུ་གྱུར་བས་དུ་བ་བཅད་རྗེས་ལུས་ཕུང་སྔར་བས་མི་བདེ་བར་གྱུར་རྐྱེན་ང་ཚོས་ཡང་སྨན་པར་བསྟེན། སྨན་པས། དུ་བ་ནི་དལ་མོར་གཅོད་དགོས། གློ་བུར་འཐེན་མཚམས་བཞག་ན་སྣང་ཚུལ་མི་ལེགས་པ་འབྱུང་སྲིད་ཟེར་བ་མ་ཟད། ཆང་ཡང་གཅིག་མཚུངས་ཡིན་ཏེ། དུས་ཚོད་འོས་འཚམས་བར་ཉུང་ཙམ་འཐུང་དགོས། བཟི་རུ་འཇུག་མི་རུང་ཟེར་བར། ཨ་ཕ་ནི་ཁ་ལེན་ཚིག་བརྩི་བྱེད་པའི་བྱིས་པ་ཞིག་དང་འདྲ་བར་སྨན་པ་དང་ང་ཚོའི་ཁ་བརྡར་གསན། ཡིན་ནའང་ཁོང་གྲོང་ཁྱེར་གྱི་འཚོ་བར་མི་ལོབ་པས། ངའི་མདུན་དུ་མགྲོན་པོ་ཞིག་དང་འདྲ་བར་ཉིན་འགར་བཞུགས་རྗེས་ཕྱིར་ཕ་ཡུལ་དུ་ཕེབས་སོང་།
དགོང་མོར། ངས་མ་རྩོམ་སློག་སྟེ་མུ་མཐུད་ནས་རང་གི་སྒྲུང་གཏམ་འབྲི་འདོད་མོད། ཡིན་ཡང་ཇི་ལྟར་ཀྱང་མི་འཁྱོངས། སྔོན་གྱི་སྒྲིག་རིམ་ཡིད་དུ་མི་འཆར་བར་ཀླད་པ་གང་བོར་ཨ་ཕའི་གྲིབ་གཟུགས་དང་ཁོང་གིས་གསུངས་པའི་གཏམ་རྒྱུད་ཀྱིས་འཁེངས། ཁོ་བོས་སྔོན་ལ་བཤད་པ་ནི་གཏམ་རྒྱུད་དེའི་སྤྱི་ཁོག་ཙམ་རེད། དོན་གྱིས་ཨ་ཕས་གསུངས་པར་ཤིན་ཏུ་ཞིབ་ཆ་ལྡན་ལ་ཁྱད་མཚར་ཆེ་སྟེ། རང་ཉིད་དངོས་སུ་བརྒྱུད་མྱོང་བ་དང་འདྲ། བདེ་སྐྱིད་འཚོ་རབ་བརྟན་ལ་བཟའ་བསྒྲིགས་བྱས་པ་ནི་ཤིན་ཏུ་དཀའ་སྡུག་གི་ལོ་ཟླ་ཞིག་རེད། མོ་ལོ་བཅོ་ལྔ་ཅན་ཞིག་གིས་གཞི་ནས་གསར་གཞོན་ཚོས་ད་གཟོད་བསྒྲུབས་ཐུབ་པའི་ལས་ཀ་ལྕི་མོ་ཨ་ཐང་ཆད་པ་མང་བོ་ལས་བཞིན་ཡོད་པའི་སྟེང་། ནོར་འཁྲུལ་ཙམ་བྱུང་ཚེ་བཟའ་ཟླའི་གདུག་རྩུབ་ཀྱི་རྡུང་རྡེག་མྱོང་དགོས་པ་མ་ཟད། ད་དུང་སེམས་ཁམས་སྟེང་གི་མནར་གཅོད་གཞན་པ་མང་བོ་ཞིག་མྱོང་དགོས་རྒྱུ་འདུག མོ་གནས་ས་གཉིས་པར་སོང་བའི་ཡུལ་དངོས་ནི་དེ་བས་ཀྱང་འཇིགས་སུ་རུང་བ་ཞིག་སྟེ། དེ་ནི་ལྷགས་རླུང་གིས་སྡུག་གླུ་ལེན་པའི་དགུན་ཁའི་ཉིན་ཞིག་རེད། སློག་ཚར་གྱོན་པའི་འགྲུལ་བ་བཅུ་ཁ་ལྷག་དེ་ལྟར་མེ་མདའ་ཐོགས་པའི་སྲིད་གཞུང་གི་དམག་གིས་བཟུང་སྟེ་ཤང་སྲིད་གཞུང་དུ་བུད་སོང་། ཡིན་ནའང་ཡུགས་མོ་དེས་གཏམ་དེ་ཐོས་པས་སྔོན་ནས་ཡིབས་ཟིན་པས་གནས་ལུགས་བརྗོད་ཚེ་དུས་ལྟར་བདེན་དཔང་བྱེད་མི་ཐུབ་ཅིང་དམག་མི་དེ་དག་གི་རྣར་མི་འགྲོ་བར་གྱུར། བདེ་སྐྱིད་འཚོའི་ཨ་ཕ་བྲེལ་བ་ལངས་པས་སྐག་གི་གློ་གྲི་བླངས་ཏེ་དམག་མི་གཅིག་གི་དཔུང་མགོར་ཐམ་པ་རེད། བདེ་སྐྱིད་འཚོའི་སྐྱེས་པ་ཕུན་ཚོགས་ཀྱང་ཁོང་ཁྲོས་དམག་མི་ཞིག་དང་འཛིང་མགོ་བརྩམས། དམག་མིས་ནམ་མཁར་མེ་མདའ་གཅིག་འཕངས་པས་སྟོན་མོའི་གནས་ནི་དེ་མུར་འཐབ་རར་གྱུར། དེར་མཐུད་ནས་དམག་མི་ཚོས་གཉེན་བསྐྱེལ་བའི་མགྲོན་པོ་ཕོ་དག་ཐག་པས་བཀྱིགས་ཏེ་ཤང་སྲིད་གཞུང་ཡོད་སའི་སྟོང་སིང་ངེར་ཡོད་པའི་ར་སྟོང་ཆེན་པོ་ཞིག་ཏུ་བསླེབས། བདེ་སྐྱིད་འཚོ་རྗེས་སུ་འབྲངས་ཏེ་ངུ་ཞིང་བཤུམས་པ་ལས་ཐབས་ཤིག་ག་ལ་མཆིས།
ཤང་སྲིད་གཞུང་གནས་ཡུལ་གྱི་ར་སྟོང་ཞིག་ཏུ་སློག་ཚར་གྱོན་པའི་མི་བཅུ་ཁ་ལྷག་བཀག་འགོག་བྱས་ཡོད། སྒོ་ཁར་ལག་ཏུ་མེ་མདའ་ཐོགས་པའི་སྲུང་དམག་ཅིག་གིས་སྲུང་འདུག གསར་གཞོན་དེ་དག་གིས་སློག་ཚར་ལ་བརྟེན་ཏེ་གྲང་ངར་ཆེ་བའི་དགུན་ཉིན་རིང་མོ་འགའ་ཕར་བསྐྱལ། སྐབས་དེར། ཕུན་ཚོགས་ཀྱིས་རབ་བརྟན་གྱིས་གཏུགས་གཤེར་གྱོད་སློང་བྱས་པ་རྟོགས་པས། མཚན་མོའི་གོ་སྐབས་དང་བསྟུན་ནས་མཐོ་བའི་གྱང་ཁར་འགོས་ཤིང་རབ་བརྟན་གྱི་ཁྱིམ་དུ་ཐོན་ཏེ་ཁུ་ཚུར་གཅིག་གིས་རབ་བརྟན་གྱི་མིག་གཅིག་ཞར་དུ་བཅུག་ལ་ཅུང་ཙམ་མིན་ན་སྲོག་ཀྱང་ཤོར་ཉེན་ཙམ་བྱས། བདེ་སྐྱིད་འཚོའི་ཁྱིམ་གྱིས་རབ་བརྟན་གྱིས་འགྲོགས་བཟང་བཙལ་ཏེ་ཆུང་མར་མནར་གཅོད་བཏང་བ་དང་། གཞི་རིམ་དུ་ཁྲིམས་མེད་ལུགས་མེད་བྱེད་ཚུལ་དང་། སྲིད་གཞུང་གིས་ཁོའི་ལྐོག་རྔན་བླངས་ཚུལ། བརྟག་ཞིབ་ཅི་ཡང་མེད་པའི་སྒོ་ནས་ཁྱི་ཁ་ཡར་རྒྱུགས་བྱས་ཚུལ། དོན་མེད་དུ་མི་བཟུང་ཚུལ་དང་བཅས་ཏེ་གཏུགས་ཞུ་བྱས། སྲིད་གཞུང་གིས་མི་བཏང་བའི་རྗེས་སུ་དགོངས་དག་ཞུས་པ་མ་ཟད། དྲན་ཚུལ་ཡིན་ན་བདེ་སྐྱིད་འཚོའི་ཨ་ཕས་དྲག་ཆས་དམག་མིར་ངོ་རྒོལ་བྱས་པ་དང་། ཕུན་ཚོགས་ཀྱིས་རབ་བརྟན་གྱི་མིག་ཡ་ལོང་བར་བཏང་བ་དེ་དག་ཚང་མ་ཁྲིམས་འགལ་ཡིན་པས་ཕྱོགས་གཉིས་ཀར་སྐྱོན་མེད་འདྲ་མཉམ་ཡོང་སྟེ། དོན་དག་ཇེ་ཆེར་མི་གཏོང་རྒྱུ་བྱས་པས་དོན་དེ་དེ་ལྟར་མཇུག་རྫོགས་པར་བྱས། སླད་མར། རབ་བརྟན་གྱི་མིག་གཅིག་ཞར་བའམ་ཡང་ན་བུད་མེད་ཚོས་སྐྲ་ལུང་གིས་གཅར་མྱོང་བའི་སྐྱེས་པ་ཞིག་ཡིན་པ་གང་ཞིག་སུས་ཀྱང་ཁོ་མིག་ལ་མི་ཐོགས། དེ་རྗེས་ཁོ་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། ཡིན་ནའང་ཕུན་ཚོགས་དང་བདེ་སྐྱིད་འཚོ་གཉིས་ཀྱིས་གཞི་ནས་བདེ་ཞིང་སྐྱིད་པའི་འཚོ་བ་ལོངས་སུ་སྤྱོད་ཅིང་མཆིས། དེའི་རྗེས་སུ། བདེ་སྐྱིད་འཚོའི་རང་གི་ཡུལ་མི་སྤུན་ཟླར་ཐུགས་རྗེ་ཆེ་ཞུ་ཆེད་ཕུན་ཚོགས་ཀྱི་ནུ་བོའི་མཛེས་ཤིང་ཡིད་དུ་འོང་བའི་བུ་མོ་ཞིག་རང་གི་ཕུ་བོའི་བུའི་ཆུང་མར་བྱིན།
༩
མགར་ཁྲི་ཤང་སྲིད་གཞུང་ནི་མཁར་རྫོང་དང་བར་ཐག་སྤྱི་ལེ་ཉི་ཤུའི་གཡས་གཡོན་ཙམ་མ་གཏོགས་མེད་ཚོད་འདུག ཐག་རིང་ཟེར་ན་མི་རུང་ཞིང་ཐག་ཉེ་ཟེར་ནའང་མི་ཉེ། ཚེ་ལོ་འཕྲུལ་རྟར་ཞོན་ནས་གཟའ་རེར་གཡང་སྐྱིད་ལ་ཐེངས་གཅིག་སྐོར་བརྒྱག་ཏུ་འགྲོ་བཞིན་ཡོད། ཏག་ཏག་གཟའ་སྔོན་མར་སྡེ་བར་སྔོན་ཐོན་མི་སྣའི་རྒྱུ་ཆ་འཚོལ་སྡུད་བྱེད་དུ་སོང་བས་འགྲོ་མ་ཐུབ། གཟའ་སྤེན་པ་མ་ཐོན་གོང་། གཡང་སྐྱིད་ཀྱིས་བྲལ་བཟོད་མ་ནུས་པར་ཁ་པར་ཐོན་ནས་གཟའ་འདིར་གྲོང་སྡེར་འགྲིམ་དགོས་པའི་འོས་འགན་ཨེ་འདུག་ཅེས་དྲིས། ཚེ་ལོས་གཟས་ནས། གཟའ་འདིར་ཡང་གྲོང་སྡེར་འགྲིམ་དགོས། ཕྱི་ཉིན་འགྲོ་དགོས། སྐྲག་དགོས་པ་ནི་ཕལ་ཆེར་ཟླ་ཕྱེད་རིང་འགོར་འགྲོ་ཟེར་བར། གཡང་སྐྱིད་ཀྱིས། ཤང་ཏུ་ལས་བྱེད་པ་དེ་འདྲའི་མང་པོ་ཞིག་ཡོད་པ་ལ། ཅིའི་ཕྱིར་ཕྱི་དོན་སྒྲུབ་རྒྱུ་དེ་དྲུང་ཡིག་ཅིག་གི་ཐོག་ཏུ་འབབ་དགོས་སམ་ཟེར་བར། ཚེ་ལོས། དེ་ནི་འགོ་ཁྲིད་ཀྱིས་ང་བློར་བབས་པས་ཡིན་ཟེར་བས། གཡང་སྐྱིད་ཀྱིས། དེས་ན་ཁྱོད་དོ་དགོང་ཐེངས་གཅིག་ལོག་དང་ངེད་ཚོས་གྱེས་འཛོམས་ཤིག་བྱེད་ཟེར་བར། ཚེ་ལོས། ཚང་མ་རྒད་པོ་རྒད་མོར་གྱུར་སོང་བས། དེ་འདྲ་བྱེད་ཨེ་དགོས་སམ་ཟེར་བར། གཡང་སྐྱིད་ཀྱིས། ཁྱོད་ཅིའི་ཕྱིར་མི་འདི་འདྲ་ཞིག་ཏུ་གྱུར་སོང་། ངས་སེམས་བཟང་བཅངས་ཏེ་ཁྱོད་ལ་བརྩེ་མདངས་ཤིག་ཕུལ་ན་ཁྱོད་ཀྱིས་དེ་ལས་ལྡོག་སྟེ་རྔ་མ་གནམ་ལ་བརྩེང་གི་རེད་ཨང་ཟེར་བར། ཚེ་ལོས་གཡང་སྐྱིད་ཁོང་ཁྲོ་ལངས་པ་རྟོགས་པས་དེ་མུར། ཨ་ལེ། ངས་ཀུ་རེ་རྩེ་བ་ཡིན། ད་གྲོང་སྡེར་འགྲིམ་རྒྱུའི་འོས་འགན་མི་འདུག་ཟེར་བ་དང་སྦྲགས་སྐད་དམའ་མོས‘བུ་མོ་ཁྱོས་སྒུག་པ་ལ་བཟོད་སྒོམ་ཐུབ་ན། ཁྱོད་ཀྱི་སྙིང་གི་མི་དེ་དེ་མུར་རྒྱུགས་ཏེ་བསླེབས་ངེས’ཞེས་གླུ་གཞས་འདི་འདྲ་ཞིག་བླངས་པར་གཡང་སྐྱིད་ཀྱིས་དགོད་སྒྲ་ཐག་གེར་ཁ་པར་གྱི་སྒོ་གཏན་སོང་།གཟའ་སྤེན་པའི་སྔ་དྲོའི་ལས་ཚོགས་གྲོལ་མ་ཐག ཇ་ཁང་ནང་གི་ཟ་མ་བཟོས་ཚར་འདུག ཚེ་ལོ་ཁྱིམ་དུ་ལོག་སྟེ་ནུབ་འཚལ་འཐུང་འདོད་དུས། ཡོས་ལན་གྱིས། ཇ་ཁང་དུ་པན་ཤུ་ཡིན་པས་པན་ཤུ་ཟོས་རྗེས་འགྲོ། ང་ཡང་རྗོང་དུ་ཐག་རིང་གི་ཨ་ཅེ་ཞིག་ལ་ལྟ་རུ་འགྲོ་རྒྱུ་ཟེར། དེ་ལྟར། ཁོ་ཚོས་ནུབ་འཚལ་འཐུང་རྗེས་མཉམ་དུ་ལམ་ལ་ཆས།
ཁོ་ཚོ་ཡང་ཀེ་ཚེའི་ཞིང་ཁ་དེར་སླེབས། ཡོས་ལན་གྱིས་ཚེ་ལོར་འཕྲུལ་རྟ་འདུག་ཏུ་བཅུག་སྟེ་ཆབ་གསང་ལ་འགྲོ་དགོས་ཟེར། ཚེ་ལོས་འཕྲུལ་རྟ་བཞག་རྗེས་ཀེ་ཚེའི་ཞིང་ཁར་ཙོག་སྟེ་མོ་ལ་སྒུག སྐབས་དེའི་ཀེ་ཚེའི་མེ་ཏོག་ལ་སྔར་བཞིན་བཀྲག་མདངས་རྒྱས་འདུག ཕྱེ་ལེབ་ཀྱིས་གཤོག་བྲོ་ལྡེམ་ཞིང་། བུང་བས་བྲེལ་ཟུང་གིས་སྦྲང་རྩི་གཉེར། ཡོས་ལན་གྱིས་གཞན་གྱིས་མཐོང་བར་དོགས་ཏེ་ཀེ་ཚེ་ཅུང་སྲབ་པའི་ཞིང་བར་དུ་འཛུལ་ཏེ་གཅིན་པ་བཏང་། སྟབས་མ་ལེགས་པ་ཞིག་ལ་ཡོས་ལན་གྱིས་ཏག་ཏག་སྦྲང་རྩིར་མྱོང་བཞིན་པའི་སྦྲང་མ་ཞིག་གི་ཁ་སློང་བྱུང་། སྦྲང་མས་ཡོས་ལན་གྱིས་ཁོའི་སྦྲང་རྩིར་རོལ་བའི་གནས་ལ་བསུན་གཙེས་བཟོས་པ་མཐོང་བས། ཐུགས་ཤིན་ཏུ་ཁྲོས་ཤིང་མོའི་མགོར་ཡང་ཡང་འཁོར་ནས་འཕུར། ཡོས་ལན་གྱིས་ལག་པས་རྡེབ་ཙམ་གྱིས་སྦྲང་མ་དེ་དེ་བས་ཐད་ཀར་དུ་མོའི་ཀླད་པར་ཕྱོགས་ནས་འཕུར་ཡོང་། མོ་སྐྲག་སྟེ་ཚེ་ལོ་མྱུར་དུ་མོ་སྐྱོབ་པར་བོས། ཚེ་ལོས་ཡོས་ལན་གྱིས་ད་དུང་ཨོང་ཤ་དམར་རྒྱན་དུ་བསྐྱུར་ཡོད་པ་རྟོགས་པས་འགྲོ་མ་ཕོད། ཡིན་ནའང་མ་སོང་ནའང་ཅི་ལྟར་འོས་ཞེས་བསྒྲུབ་དཀའ་ལ་དགོད་བྲོ་བའི་མདངས་ཤིག་མངོན་བྱུང་། ཁོ་ཏག་ཏག་ཡར་ལངས་ནས་རྒྱུགས་བསམ་དུས་སྦྲང་མ་འཕུར་སོང་། ཡོས་ལན་གྱིས་ཕྱོགས་གཅིག་ནས་རྐང་སྣམ་ཡར་གོན་པ་དང་ཕྱོགས་གཅིག་ནས་ཚེ་ལོས་གནད་འགག་གི་སྐབས་སུ་མོར་བདེ་སྲུང་མ་བྱས་པར་ལེ་བདའ་བྱས། ཚེ་ལོས། ངས་ཁྱོད་ཀྱིས་ད་དུང་རྐང་སྣམ་གོན་མེད་སྙམ་པས་ཡིན་ཟེར་བར། ཡོས་ལན་གྱིས། དེ་ནི་སྐབས་གང་འདྲ་ཞིག་རེད་དམ། སུ་ཞིག་ལ་དོན་དེ་དག་ལ་འདང་བརྒྱག་ཁོམ་འདུག་གམ་ཟེར། ཁོ་གཉིས་ཀྱིས་བཤད་ཞོར་དགོད་ཞོར་དུ་མཁར་རྫོང་གི་ཕྱོགས་སུ་ཆས་སོང་།
ཁྱིམ་དུ་ལོག་རྗེས། ཚེ་ལོས་ཀེ་ཚེ་ཞིང་ནང་དུ་ཡོས་ལན་གྱིས་ཇི་ལྟར་སྦྲང་མའི་ཁ་སློང་རྗེས་ཨོང་ཤ་དམར་རྒྱན་དུ་ཀུ་རིང་ཀུ་འབོད་བྱས་ཚུལ་གྱི་རྣམ་པ་ཇི་བཞིན་ཐེངས་གཅིག་བཤད་པར། གཡང་སྐྱིད་ཀྱིས་ཉན་རྗེས་ཅུང་མིན་ན་བགད་དེ་རྒྱུ་མ་ཆད་སོང་།
བཅུ་བ།
གཟའ་ཕུར་བུའི་ཉིན་མོར། ཆར་བ་ཟིམ་ཟིམ་བབས་ཤིང་བསིལ་རླུང་སིབ་སིབ་ལྡང་། ཕྱི་དྲོ། ལས་ཚོགས་མ་གྲོལ་གོང་ངས་སྒྲོལ་མའི་ཁ་པར་ལ་ཉན།རྒད་པོ། དོ་དགོང་ང་ཡང་བྲོ་འཁྲབ་ཏུ་མི་འགྲོ། མཚོ་མོས་མགྲོན་འབོད་བྱེད་ཀྱིན་འདུག ང་ཚོ་སྒོར་སོང་ནས་ནུབ་འཚལ་འཐུང་རེ།
ཁྱོད་སོང་། ང་མི་འགྲོ།
ཁྱོད་ཀྱི་སེམས་བདེ་མོ་བྱོས། ཁྱོད་ལ་ཞུ་བ་བྱེད་མཁན་མེད།
ངས་དོན་དེ་འདྲའི་ཆེད་མིན་ཞེས་ད་དུང་དོན་གང་ཞིག་གསལ་བཤད་བྱེད་འདོད་དུས་མཚོ་མོས་ཁ་པར་བླངས་ཏེ། ཁྱོད་ཀྱིས་སྔོན་ཞིང་ཆེན་གྲོང་ཁྱེར་དུ་ང་མགྲོན་བྱས་པས་ངས་ཀྱང་མགྲོན་ལན་ཞིག་ལོས་སློག ང་སྐྱེས་པ་ཞིག་མིན་ནའང་ངས་ཀྱང་ཕན་ཚུན་འགྲོ་འོང་གི་བཀུར་ལུགས་ཤེས་པས། ཁྱོད་ཀྱིས་མི་འོངས་ཟེར་བའི་སྐད་ཆ་མ་བཤད་ལགས། ང་ལ་ཁ་ངོ་འདི་སྟེར་རོགས་གནོངས་ཟེར།
ངས་བུད་མེད་གཉིས་ཀར་བཤད་ཡ་མ་ཡོང་བས་ཁས་བླངས་ཟིན།
ཐོས་ཚུལ་ལྟར་ན་ངའི་ཁྱིམ་མཚེས་མཚོ་མོ་ནི་གཞོན་དུས་སུ་ཤིན་ཏུ་མཛེས་མ་ཞིག་སྟེ། གཟུགས་ཕྲ་ཞིང་ཚུགས་ཀ་སྙིང་དུ་སྡུག་པ་ཞིག་ཡིན་པས་སྐྱེས་པ་མང་བོས་རེ་སྙེག་གི་དམིགས་འབེན་ཡིན་ཟེར། མོ་མཐར་ཕྱིན་མ་ཐག་ཏུ་ལས་བྱེད་པའི་ཁྱིམ་ཚང་ཞིག་གི་སྲས་དང་གཉེན་སྒྲིག་བྱས། རྗེས་སུ་བྱིས་པ་བཙས་རྗེས་ལུས་པོ་ཉིན་རེར་བཞིན་རྒྱགས་པར་གྱུར་ཅིང་། ཁྱིམ་ལས་ལ་བྲེལ་བའི་དབང་གིས་སྐྲ་ཤད་རྒྱན་སྤྲོས་ལའང་དོ་སྣང་མི་བྱེད་པར་རྒན་ཚུགས་ཕུད། དུས་དེར། ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་འཁུར་བའི་སྐྱ་ཟླ་རང་དང་ལས་ཁུངས་གཅིག་པའི་བུ་མོ་མཛེས་མ་ཞིག་ལ་ཆགས་རྗེས་མོ་དང་གཟའ་ཐོར་བྱས། དེ་རིང་། མཚོ་མོས་ཆེད་དུ་མཛེས་སྤྲས་ཤིག་བྱས་འདུག་སྟེ། ཤམ་ལྭ་གློ་དམར་དང་། མགོ་རས་སང་ཁྲ། སྐྲ་ལོ་འཁྱིལ་མ། མཆུ་སྒྲོས་ལ་ད་དུང་མཆུ་ཚོན་དམར་ཞིང་སྲབ་མོ་ཞིག་བསྐུས་འདུག་པས་ལུས་སྟེང་ནས་གཞོན་མདངས་མི་ཉུང་བ་རྒྱས་འདུག མོས་ངེད་ཅག་བོད་མིའི་ཁྱིམ་ཞེས་པའི་བོད་ལུགས་གསོལ་ཁང་དུ་ཁྲིད་ཅིང་། རྩམ་པ་དང་། ཁྲག་རྒྱུ། ལུག་ཤ ད་དུང་དཀར་ཟས་རིགས་འགའ་དང་ཧུའུ་ཀྲུའུ་དཀྱིལ་འཁོར་ཞེས་པའི་ནས་ཆང་རྒྱ་མ་དོ་སློང་།
མཚོ་མོས་སྐྱུངས་སེམས་ཀྱིས། དགོངས་པ་མ་ཚོམ། ངའི་སྣེ་ལེན་སྟབས་བདེ་ཞིག་ཡིན་ཏེ། ཁྱེད་གཉིས་ཀྱིས་མགྲོན་བྱས་པའི་ཚད་དང་ཧེ་བག་ཆེ་ཞིང་བསྡུར་ཐབས་མེད་ཟེར།
ངས། འདི་ལྟར་བཟང་གི ཚང་མ་ང་ཚོ་དགའ་བའི་ཟས་རིགས་རེད། ཅི་ཞིག་སྟེ། སྦྲུལ་དང་བྱ་གག་སོགས་ནི་མིའི་སྔུན་དུ་རྒྱས་སྤྲོས་བྱེད་པ་ཙམ་རེད་དེ། ང་ཚོའི་ཁ་ལ་མི་ལོབ་ཅེས་པར།
མཚོ་མོས། དེའང་རེད། སྐབས་དེར་ངས་ཁྱོད་ཀྱི་ཨ་ཕ་དེ་མུར་ཁོང་ཁྲོ་ལངས་ཟིན་པ་མཐོང་། བདེན་ནམ་ཞེས་དྲིས།
ངས། བདེན་ཡ། ངས་རྒན་པའི་ཚོར་སྣང་ལ་འདང་མ་བརྒྱབ་པས། ཅང་མིན་ན་འགྲུལ་སྟོན་དེ་གྲགས་མེད་དུ་བཟོས་སོང་ཞེས་ལན་བཏབ།
ཁ་བརྡའི་སྐབས། ཞབས་ཕྱི་བས་དཀར་ཟས་དྲངས་ནས་ཐོན་བྱུང་། ང་ཚོ་བསྡད་ཡོད་པ་ནི་ཁང་བ་ཆུང་གྲས་ཤིག་ཡིན། ཁང་བའི་གྱང་ངོས་གཅིག་གི་ལྡེབ་དབུས་སུ་བཀྲ་ཤིས་བདེ་ལེགས་ཞེས་བྲིས་ཡོད་པའི་པར་རིས་ཤིག་བཀལ་འདུག་པས། མཚོ་མོས་ཐོག་མ་ནས་ཁོ་བོ་ཕྱོགས་དེར་གོང་འདུག་བྱེད་དུ་བཅུག་ཅིང་མོ་གཉིས་ནི་ངའི་གཡས་གཡོན་དུ་གདོང་གཏད་ནས་བསྡད། དཀར་ཟས་དྲངས་ཚར་སོང་། མཚོ་མོས་ཆང་ཁ་ཕྱེ་ཞིང་གསུམ་པོས་ཁམ་འགའ་རེག་རྗེས། བྲེལ་མྱུར་གྱིས་ངེད་ཚོར་ཆང་དྲངས།
མཚོ་མོས་ཆང་འདྲེན་ཚུལ་ནི་བསམ་ཡུལ་ལས་འདས་པ་ཞིག་སྟེ། ངེད་ཚོའི་གོམས་སྲོལ་ལྟར་ན། མགྲོན་བདག་གིས་སྡེར་མའི་ནང་ཆང་ཕོར་གསུམ་བཞག་སྟེ་ཆང་ལྟེམ་མེར་བླུགས་རྗེས། མགྲོན་པོའི་ལོ་དང་རུས་ཀྱི་ཆེ་ཆུང་ལྟར་ལོ་ཆེ་བ་ནས་ཆུང་བའི་གོ་རིམ་བཞིན་འདྲེན་ངེས། ཡིན་ནའང་། མཚོ་མོས་ཆང་ཕོར་ཆེ་བ་གསུམ་ནང་ཆང་ལྟེམ་མེར་བླུགས་ཤིང་སོ་སོའི་སྔུན་དུ་བཞག་སྟེ་ཐོག་མར་རང་གིས་སྒོག་སྒོག་ཅེས་འབྱངས་པ་རེད། རིགས་འདི་ལ་སྔོན་དག་རྗེས་འདྲེན་ཟེར་ཞེས་སྨྲས་བྱུང་། སྤྱིར་ཡིན་ན་ངས་མོས་ཆང་འདྲེན་དུས་རྫི་ཙམ་བྱེད་བསམ་ལ། གལ་ཏེ་མོས་ནན་སྐུལ་མ་བྱས་བར་དུ་ངས་འཐུང་རྩིས་མེད། རྒྱུ་མཚན་ནི་ངས་མ་གཞི་ནས་ཆང་མི་འཐུང་བ་ལས་གཞན་དེ་རིང་མོས་འཐུང་མིན་ཡང་མི་ཤེས་པའི་རྐྱེན་ཡིན། རེད་མོད་ཀྱང་མོའི་གཟོ་ལྟ་འདིར་བལྟས་ཚེ། ང་ལའང་བཤད་རྒྱུ་གཞན་མེད་པར་གཙང་བཞེས་གནང་སོང་། འདི་ལྟར་གཙང་བཞེས་འགའ་གནང་རྗེས་ངས་མཚོ་མོར། སྔོན་ཐེངས་ངས་ཁྱོད་ལ་མགྲོན་བྱེད་དུས་ཁྱོད་ཀྱིས་ཅིའི་ཕྱིར་དེ་ལྟར་འཛེམ་དོགས་བྱས་པ་ཡིན་ནམ། ཉུང་ཙམ་ལས་མ་འཐུང་ཞེས་པར། མཚོ་མོས། སྔོན་ཐེངས་ངའི་ལུས་ཕུང་ཅུང་བདེ་བར་མི་འདུག ཡང་ཅིག་བཤད་ན་ཁྱོད་ཀྱི་ཆང་ཡང་རིན་གོང་མཐོ་སོང་། ཆང་ཕོར་གང་ལ་སྒོར་བཅུ་ཁ་ལྷག་འདུག་པས། འཐུང་ན་དོགས་མི་བདེ་ཟེར། སྒྲོལ་མས་རྒྱུན་ལྡན་དུ་ཆང་འཐུང་བ་ཉུང་ལ་དེ་རིང་ཡང་མི་འཐུང་མོད། ཡང་མཚོ་མོས། དེ་རིང་ནམ་ཟླ་ཅུང་འཁྱགས་འདུག ཆང་ཅུང་ཙམ་འཐུང་ནས་ལུས་དྲོད་སྐྱེད་པར་གྱིས་ཟེར་ཞིང་། མཚོ་མོའི་གནས་ལུགས་དང་སྣེ་ཁྲིད་འོག་ཏུ་མོས་ཀྱང་ཆང་དཀར་མི་ཉུང་བ་ཞིག་འཐུང་སོང་།
ངེད་གསུམ་གྱིས་གླེང་མོལ་དང་གླུ་ལེན། ཆང་བསྐོར་འགའ་ཡིས་བུད་མེད་གཉིས་ར་བཟི་བར་གྱུར་ཞིང་། སྒྲོལ་མས་ཅུང་བརྩེ་བའི་ངང་ཟུར་གྱིས་ངའི་སྟེང་དུ་བསྙེས་ཏེ་རང་ཚུགས་མི་བརྟན་པའི་ཚུལ་མངོན་བྱུང་། མཚོ་མོས་མིག་གྱེར་ནས་རེ་ཞིག་བལྟས་རྗེས་གློ་བུར་དུ་ངུས་བྱུང་། ང་དང་སྒྲོལ་མས་རྒྱུ་མཚན་མ་རྟོགས་པས་མཚོ་མོར་ཅི་མ་ཉན་པ་དྲིས། མོས་སེམས་ཁམས་མི་དྭངས་ཟེར། ངས། དེ་རིང་འདི་འདྲའི་སྐྱིད་པ་ལ་ཅི་ཕྱིར་སེམས་ཁམས་མི་བཟང་བ་ཡིན་ནམ་ཞེས་དྲིས་ཚེ། མོས་ཐོག་མར་ཁ་ནས་ཕུད་མི་ཕུད་བྱེད་ཀྱང་མ་འགྱངས་པར་སེམས་ཀྱི་རྗེས་ཤུལ་ཚང་མ་ཕྱི་རུ་འཕོས་བྱུང་། མོས་ནི་ངེད་བཟའ་ཚང་གཉིས་ཕན་ཚུན་དུང་ཞིང་བརྩེ་བའི་རྣམ་པ་དེ་མཐོང་བས་ད་གཟོད་སེམས་སྐྱོ་བ་ཡིན་ཟེར། ངས། མཚོ་མོ་ཁྱོད་ད་དུང་ལོ་ཆུང་བས་ཡང་བསྐྱར་བཟའ་ཟླ་བཙལ་ཆོག་ཆོག་རེད་ཅེས་པར། མཚོ་མོས། འཚོལ་དཀའ་འདུག་ཟེར། སྒྲོལ་མས། ཁྱོད་ཀྱི་ཆ་རྐྱེན་ཡང་མི་བཟང་རྒྱུ་མི་འདུག ཅིའི་ཕྱིར་འཚོལ་དཀའ་འམ་ཞེས་དྲིས། མཚོ་མོས། སྤྱིར་གོ་ལ་ནི་ཤིན་ཏུ་ཆེ་མོད་ཀྱང་ཡང་སེམས་རྒྱུད་བཟང་བའི་སྐྱེས་པ་རེ་གཉིས་ལས་མི་འདུག ཁྱོད་རང་ལུས་སྒེག་བཞིན་ཟླ་འཛུམ་པ་དང་ཆ་རྐྱེན་གཞན་ལ་འགྲན་ཕོད་དུས་ཁོ་ཚོས་ཁྱོད་ལ་ཁ་ཡག་ངོ་དགའ་བྱེད་ལ་ཅི་གསུངས་དེ་སྒྲུབ་བྱེད་མོད་ཀྱང་། ཡིན་ནའང་གལ་ཏེ་ཆ་རྐྱེན་འདི་དག་བོར་བ་ཡིན་ན་ཁོས་དེ་མ་ཐག་འགྲོ་ལམ་སོ་སོར་འབྱེད་པའམ་ཨུ་ཚུགས་ཀྱི་རྣམ་པར་མཐུན་པའི་འཚོ་བ་ཙམ་རོལ་ངེས་རེད། ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་མཁན་དུ་ཡོད་དམ་ཟེར།
སྒྲོལ་མས། ཁྱོད་ཀྱིས་བལྟས་ན་ང་དང་རྒྱ་མཚོ་གཉིས་ཀ་ཇི་འདྲ་ཞིག་རེད་དམ་ཟེར་བར། མཚོ་མོས། ཁྱོད་ཚོ་དཔེ་དེ་ཡི་ཕྱི་རུ་ཡོད། དེ་ཡང་ང་ཁྱོད་ཚོར་ཡིད་སྨོན་འཆོར་ས་གཙོ་བོ་དེ་རེད་ཟེར། སྒྲོལ་མས། ཁྱོད་ཀྱིས་ལྟ་མ་ཤེས་པ་ཨེ་ཡིན་ནམ། ད་ལྟ་རིམ་བཞིན་ཁོ་ང་ལ་མི་དགའ་བར་འགྱུར་བཞིན་འདུག་ཟེར། མཚོ་མོས། ཁྱོད་ཀྱིས་རང་ལུས་བདེ་སྐྱིད་དཔལ་དུ་གནས་ཀྱང་བདེ་སྐྱིད་མི་ཚོར་བ་ཨེ་ཡིན། རྒྱ་མཚོ་ནི་གཏན་ནས་དེ་ལྟ་བུ་ཞིག་མ་རེད་ཟེར། སྒྲོལ་མས། ཁོ་མི་བཟང་བོ་ཡིན་སོང་བ་མ་རེད། གཙོ་བོ་ངའི་ཁོག་རྒྱ་ཆེ་བས་ཡིན། ཁོག་རྒྱ་བསྐྱེད་ན་གནམ་སའང་ཆེ་ངེས་རེད་ཟེར། མཚོ་མོས་ཁས་མི་ལེན་པར། ཡིན་པ་ནི་ཁྱོད་ཀྱི་སྐྱེས་པར་ཡིད་གཉིས་མེད་པས་ད་གཟོད་ཁ་ཕོ་འདི་འདྲ་བརྒྱག་ཐུབ་ངེས་རེད། མ་གཏོགས་ཁྱོད་ཀྱང་ང་དང་གཅིག་མཚུངས་ཡིན་ངེས་ཟེར།
ངས་བུད་མེད་གཉིས་ཀྱིས་འདི་ལྟར་རྩོད་གླེང་བརྒྱུད་དྲག་ན་ཕན་ཚུན་གྱི་བརྩེ་དུང་ལ་གནོད་ངེས་སྙམ་སྟེ་གླུ་ཞིག་བཀྱགས་ཤིང་། ཛ་དྲག་གི་མཁའ་དབུགས་ཚུར་སྡེབ་སྒྲིག་བྱེད་ཐབས་བྱས།
༡༠
འབའ་ཕྲུག་གི་སྔོན་ཐོན་བྱས་རྗེས་ཀྱི་རྒྱུ་ཆ་བདེ་བླགས་ངང་ལེགས་གྲུབ་བྱུང་། མོ་སྔོན་ཐོན་བུད་མེད་ཀྱི་འཐུས་ཚབ་ཡིན་པའི་ཆ་ནས་གཟི་བརྗིད་ངང་ཞིང་ཆེན་བུད་མེད་མཐུས་ཚབ་ཚོགས་ཆེན་དུ་ཞུགས། ཚོགས་འདུའི་སྐབས་སུ། མོ་ཡི་བྱས་རྗེས་མོའི་པར་དང་སྡེབ་ནས་ཞིང་ཆེན་ཚགས་པར་གྱི་གཙོ་ངོས་སུ་ཕུད་འདུག ཚེ་ལོས་ཞིབ་ལྟ་ཞིག་བྱས་ཚེ་རྩོམ་ཡིག་གི་ནང་དོན་རང་གིས་བྲིས་པའི་རྒྱུ་ཆ་ཇི་བཞིན་ཡིན་ཏེ། ཚིག་འགྲོས་ལའང་འགྱུར་བ་དེ་འདྲ་མི་འདུག འགྱུར་ཡོད་པ་ཞིག་ནི་འབྲི་མཁན་གྱི་མིང་དེ་ཞིང་ཆེན་ཚགས་པར་ཁང་གི་གསར་འགོད་པ་ཞིག་གི་མིང་ཞིག་ཏུ་གྱུར་ཡོད་པ་དེ་རེད། ཚེ་ལོ་དགའ་སྤྲོས་ཁེངས་པ་མ་ཟད་ཡིད་ཀྱང་ཆད་པར་གྱུར། ཡོས་ལན་གྱིས་བལྟས་རྗེས་མྱུར་དུ་ཚུར་ཡོང་ནས་བཤད་རྒྱུར། ཚེ་ལོ་ལགས། ཁྱོད་ཀྱི་རྩོམ་ཡིག་ཞིང་ཆེན་ཚགས་པར་སྟེང་བཀོད་ཟིན། ངས་ཁྱོད་ལ་རྟེན་འབྲེལ་བཟང་ཞུ་ཞེས་པར། ཚེ་ལོ་ཅུང་ཡིད་མུག་པའི་ངང་། ང་ལ་རྟེན་འབྲེལ་བཟང་ཞུ་རྒྱུ་ཅི་ཡོད། ཁྱོད་ཀྱིས་ཞིང་ཆེན་ཚགས་པར་ཁང་གི་གསར་འགོད་པའི་མིང་བྲིས་ཡོད་པ་མ་མཐོང་ངམ་ཞེས་པར། ཡོས་ལན་གྱིས། དེར་ཅི་སྐྱོན། ཡར་སྤྲད་པའི་རྒྱུ་ཆའི་སྟེང་མ་གཞི་ནས་ཁྱོད་ཀྱི་མིང་མེད་པ་མ་ཡིན་ནམ། གསར་འགོད་པས་རྒྱུ་ཆ་གཞིར་བཟུང་ནས་ཁྱབ་བསྒྲགས་བྱས་པའང་གནས་ལུགས་དང་མི་མཐུན་རྒྱུ་མི་འདུག་ཅེས་བཤད། ཚེ་ལོས། སྐད་ཆ་བཤད་ན་དེ་འདྲ་ཞིག་ཡིན་ཡང་། ངའི་སེམས་ནས་ཅུང་ཙམ་མི་འཐད། གལ་ཏེ་ངའི་མིང་ཡིན་ན་ད་གཟོད་ཅི་འདྲའི་གཟི་བརྗིད་ཆེ་བ་ལ། ངས་རང་གི་མིང་ཡོད་པའི་རྩོམ་ཡིག་དེ་ཚགས་པར་དང་དཔེ་ཚོགས་སོགས་སུ་ཡོད་ན་ཇི་འདྲའི་འདོད་ཨང་ཟེར། ཡོས་ལན་གྱིས། སྔོ་ལྗང་གི་རི་བོ་སྲིད་ན། འབུད་བྱའི་ཤིང་ལ་སྐྱོ་དོན་ཅི། ཁྱོད་ལ་དེ་ལྟའི་ཉིན་ཞིག་བསླེབ་ཁོ་ཐག་ཡིན་ཟེར།ཚེ་ལོའི་སེམས་སུ་ཕལ་ཆེར་དངངས་འདར་ཞིག་བརྒྱབ་བྱུང་། ངོ་མདངས་ཡང་ཇེ་ལེགས་སུ་སོང་བ་དང་མཉམ་དུ། དགའ་སྤྲོ་ཡི་སྐད་ཆས། ཁྱོད་ནི་ལྟ་རྒྱ་ཆེ་བའི་བུ་མོ་ཞིག་རེད། རྩོམ་ཡིག་ལ་ལྟ་ཤེས་པ་མ་ཟད་མིའི་སེམས་ལའང་རྟོགས་ཤེས། ངས་ཤུ་རེ་བྱེད་ངེས་ཞེས་སྨྲས།
ལས་མཚམས་རྩལ་སྦྱོང་གི་དུས་ཚོད་བསླེབས་ཟིན། ཡོས་ལན་གྱིས་ཚེ་ལོ་བོས་ཏེ་རྩལ་སྦྱོང་ར་བར་ལུས་རྩལ་སྦྱོང་དུ་སོང་། མོ་སྒོའི་ཚོང་ཁང་ཆུང་བ་ཞིག་ཏུ་སོང་སྟེ་བྱ་སྒྲོ་སྤོ་ལོའི་རྡེབ་བྱེད་ཆ་གཅིག་ཉོས་ཡོང་སྟེ་ཡ་གཅིག་ཚེ་ལོའི་ལག་ཏུ་བཞག་རྗེས་བཤད་རྒྱུར། ལག་ཏུ་བཟུང་། འདི་ནི་ངས་ཁྱོད་ལ་རྟེན་འབྲེལ་ཞུས་པའི་ལེགས་སྐྱེས་ཡིན་ཟེར་བ་དང་མཉམ་དུ། བྱ་སྒྲོ་སྤོ་ལོ་གཅིག་རང་གི་རྡེབ་བྱེད་ཀྱིས་ཡང་མོས་ཚོད་ལྟ་ཞིག་བྱས། ཚེ་ལོས། བཟང་གི བྱ་སྒྲོ་སྤོ་ལོ་རྩེ་བ་ནི་རྩེད་མོ་ཞིག་ཡིན་པ་མ་ཟད་ལུས་ཕུང་སྦྱོང་བརྡར་གྱི་དམིགས་ཚད་འགྲུབ་བྱེད་ཅིག་ཀྱང་རེད་ཟེར་ཞོར་རྩེ་བྱུང་།
རྗེས་སུ། ཁོ་ཚོ་ནམ་ཡང་ལས་མཚམས་རྩལ་སྦྱོང་གི་སྐབས་སུ་བྱ་སྒྲོ་སྤོ་ལོ་རྩེ་བ་རེད།
ལོ་མཇུག་བསླེབས་ཟིན། མགར་ཁྲི་ཤང་གིས་སྔོན་ཐོན་ཐུན་མོང་ཅན་དང་མི་སྣ་དཔྱད་འདེམས་བྱེད་མགོ་བརྩམས། རྒྱུ་མཚན་ནི་ལོ་རེའི་དཔྱད་བདམས་དེ་བྱ་དགའི་དངུལ་ལོ་དང་ལས་བྱེད་པའི་གོ་གནས་སྤར་བ་སོགས་རང་གི་མི་ཚེའི་ཁེ་ཕན་དང་འབྲེལ་བས། གོང་ནས་འོག་བར་ཤིན་ཏུ་ནན་ཏན་ཡིན། དཔྱད་བདམས་སྐབས་སུ་ལས་བྱེད་པ་གཉིས་ཀྱིས་རང་རང་གི་བྱས་རྗེས་ཀྱི་ཆེད་དུ་གདོང་དམར་རྣ་དམར་གྱིས་འགྲན་རྩོད་བྱས། ཡོས་ལན་སོགས་ཀྱིས་ངེས་པར་དུ་ཚེ་ལོ་སྔོན་ཐོན་དུ་བདམས་དགོས་འདོད་ལ། རྒྱུ་མཚན་ནི། ཚེ་ལོས་རང་གི་བྱ་བ་ལེགས་འགྲུབ་བྱུང་བ་མ་ཟད། ད་དུང་འབའ་ཕྲུག་གི་སྔོན་ཐོན་བྱས་རྗེས་ཀྱི་རྒྱུ་ཆའང་ལེགས་སྒྲིག་བྱས་ཤིང་། སྡེ་བའི་གྲགས་འགུལ་མེད་པའི་བུད་མེད་ཅིག་དེ་མུར་ཞིང་ཆེན་ཡོངས་ཀྱི་བུད་མེད་ཀྱི་མིག་དཔེར་གྱུར་ཟེར། ཚེ་ལོས། གཞི་རིམ་སྔོན་ཐོན་བུད་མེད་འདེམས་སྒྲུག་གི་བྱ་བ་དེ་དོན་དངོས་སྟེང་བཤད་ན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དོན་དག་རེད། བུད་མེད་ལྷན་ཚོགས་ཀྱིས་འབའ་ཕྲུག་གི་མ་དཔེ་མཐོང་བ་འགྲིག་པའི་སྟེང་། བྱས་རྗེས་མ་གཞི་ནས་འབུར་དུ་ཐོན་ཞིང་། དེའི་སྟེང་ཤང་ཨུའི་རྒྱབ་སྐྱོར་ཆེན་པོ་བྱས་པ་ལ་བརྟེན་ནས་ད་གཟོད་ཞིང་ཆེན་འདིའི་སྔོན་ཐོན་དབང་སོང་བ་རེད། རང་ཉིད་ནི་མ་གཞི་ནས་དྲུང་ཡིག་ཅིག་ཡིན་སྟབས། རྒྱུ་ཆ་འབྲི་རྒྱུ་ནི་འབྲེལ་ཐབས་མེད་པའི་ལས་ཀ་ཞིག་ཡིན་པ་བཞིན་དེར་ཅི་སྐྱོན་ཟེར། མཐར་དཔྱད་བདམས་ཐག་གཅོད་བྱས་པ་ནི་རང་རང་གི་བྱས་རྗེས་ཀྱི་ཆེད་དུ་གདོང་དམར་རྣ་དམར་གྱིས་འགྲན་རྩོད་བྱེད་བཞིན་པ་དེ་གཉིས་མིན་པར་ཚེ་ལོ་དང་ཡོས་ལན་གཉིས་རེད། མ་འགྱངས་པར། ཡོས་ལན་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣ་ཀྲུའུ་རིན་དུ་འཕར། དེ་ལོར་ཚེ་ལོའང་ཀྲུང་གུང་གྲ་སྒྲིག་ཏང་ཡོན་ཏུ་གྱུར།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།