logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་དྲུག་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-28 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

བཅུ་གཅིག
       ངའི་ཕ་གཞིས་སུ་ཁ་པར་སྤྲད་སོང་། ཨ་ཕའི་མལ་ཁང་གཞོགས་ཀྱི་འགྲུལ་ཁང་དུ་སྤྲད་ཡོད། རེད་མོད་ཀྱང་ཨ་ཕས་ད་དུང་སྤྱོད་མི་ཤེས། གཟའ་མཇུག་གི་ཕྱི་དྲོ་ཞིག་ལ། ངས་ཕ་གཞིས་སུ་ཁ་པར་བཏང་སྟེ་མིག་སྔར་གྱི་ཨ་ཕའི་སྐུ་ཁམས་ཀྱི་གནས་ཚུལ་དྲིས་ཚེ། ཁ་པར་ལེན་མཁན་ནི་ནུ་བོའི་ཆུང་མ་རེད། མོས་བཤད་རྒྱུར། སྔོན་ཉིན་འགའི་རིང་ཕོ་བ་ཅུང་མ་བདེ། ད་ལྟ་བདེ་འདུག་ཟེར། ཨ་ཕའི་རྣ་གསལ་བས་ངེད་གཉིས་ཀྱི་ཁ་བརྡ་གོ་སོང་། ཁོང་གིས་གཞོགས་ཤིག་ནས། ལུས་ཕུང་ད་དུང་མི་བདེ། སྨན་ཁང་དུ་འདུག་དགོས་ན་ཐང་གི་ཟེར། ངས་ཨ་ཕར་ཁ་པར་ཉན་དུ་ཆུག་ཅེས་བཤད་མོད་ཀྱང་། ནུ་བོའི་ཆུང་མ་རེ་ཞིག་ཧད་རྗེས། ཨ་ཕ་ཚ་ཐབ་སྟེང་ཉལ་ཡོད་པས་ཁ་པར་ལ་ཉན་རྒྱུ་སྟབས་མི་བདེ་ཟེར་ལ། ཡང་གལ་ཏེ་ཁོམ་སྐབས་རེ་ཡོད་ན་ཁྱོད་ཐེངས་གཅིག་ལོག་རོགས་ཟེར། ངའི་ཚོར་བ་ཞིག་ལ་སྒྱུག་པོ་དང་མནའ་མ་གཉིས་ཀྱི་སྐད་ཆ་ཕན་ཚུན་འགལ་ཟླའི་རྣམ་པར་འདུག་སྟེ། ཡང་མིན་ན་ནུ་བོའི་ཆུང་མས་ཁོ་བོར་དྲང་གཏམ་མ་བཤད་ལ། ཡང་མིན་ན་ལྐོག་གྱུར་གྱི་དོན་གཞན་ཞིག་མཆིས་སྲིད་སྙམ།
       ཉིན་གཉིས་པ་ནི་གཟའ་སྤེན་པ་རེད། ཞོགས་པར། ངའི་ཡིད་གཉིས་ཀྱི་སེམས་ཤིག་བཅངས་ཏེ་ཕ་ཡུལ་དུ་ཆས།
       ཨ་ཕ་ཉིན་འགར་ན་བྱུང་། ཁོས་རང་གི་ཤག་པོ་རྙིང་བ་ཞིག་ཚང་ཤ་ཙམ་ཟོས་པ་དང་ཡང་ཆང་འཐུང་བ་མང་སོང་བས་བཞུས་སྟོབས་ཉམས་ཏེ་ཕོ་བ་ཉིན་འགར་ན་བྱུང་། སྨན་འཐུང་ཞིང་ཁབ་བརྒྱབ་པས་ཇེ་བདེར་ཡོང་འདུག ང་སོང་དུས་ཁོས་མུ་ཏིག་གི་ཕྲེང་བ་པང་ནས་ཉི་མར་ལྡེ་འདུག ངས་ཨ་ཕའི་མདངས་ཤོར་བའི་ཞལ་ལ་ཡང་ལྟ་བསྐྱར་ལྟ་ཞིག་བྱས་རྗེས། གལ་ཏེ་ཁྱེད་ལ་མི་བདེ་བའི་གནས་ཚུལ་འདྲ་ཡོད་ན་ངེད་ཚོ་སྨན་ཁང་དུ་བརྟག་དཔྱད་དུ་འགྲོ་ལགས་ཞེས་པར། ཨ་ཕས་གང་ཡིན་འདི་ཡིན་མི་ཤེས་པའི་ཚུལ་གྱིས། ང་ཧ་ཅང་བདེ་ཡོད་པ་མིན་ནམ། སྨན་ཁང་དུ་ཅི་བྱེད་དུ་འགྲོ་ཟེར། ངས། འོ་ན་ཁྱེད་ཀྱིས་སྨན་ཁང་དུ་འདུག་དགོས་རྒྱུ་རེད་ཟེར་བ་མིན་ནམ་ཞེས་པར། ཨ་ཕས་ཁས་མི་ལེན་པར། ངས་མ་བཤད། ངས་སུ་ཞིག་ལ་བཤད་སོང་། ཁྱོད་ཀྱིས་སུས་བཤད་པ་ལས་གོ་སོང་ཟེར། ངས། ཁྱེད་ཀྱིས་ནུ་བོའི་ཆུང་མར་དངོས་སུ་བཤད་པ་མིན་ནམ། ངས་ཁ་པར་ལས་གོ་བ་ཡིན་ཞེས་པར། ཨ་ཕས་གློ་བུར་དུ་རྟོགས་ཤིང་ད་ཡང་ཨུ་ཚུགས་མི་བྱེད་པར། ངས་ངེས་ངེས་ཁྱོད་ཚོ་དྲན་དྲག་སོང་བས་ཁ་ནས་དབང་མེད་ཤོབ་དེ་འདྲ་ཞིག་ཤོར་སོང་། མ་བསམ་ས་ནས་ཁྱོད་ཀྱིས་གོ་སོང་ཟེར། ངས་དེ་ལྟ་བུ་ཞིག་ཡིན་པ་ཤེས་པས་སེམས་ལྷོད་ལ་བབས་བྱུང་།
       ཨ་ཕས་གྲོགས་པོ་ཚོ་མགྲོན་འབོད་ཐེངས་གཅིག་བྱེད་སྙིང་ཆེ་སྟེ། གཞན་གྱི་ཟས་ཟོས་པ་མང་ཚུལ་དང་། དྲིན་བྱས་དྲིན་དུ་ཚོར་དགོས་ཚུལ་བརྗོད་བྱུང་ལ། གཞན་ཡང་། ཁྱོད་ཀྱང་ཐེངས་གཅིག་ཡོང་རྒྱུ་ཁག་པོ་འདུག་པས་སྡེ་བའི་རྒན་པ་ཚོར་ཐུག་འཕྲད་རེ་བྱོས་ཞེས་སྨྲས་པས། ང་ཤིན་ཏུ་དགའ་ཞིང་ཨ་ཕར་རྒན་པ་སུ་དག་འབོད་དགོས་ཚུལ་གཏན་ཁེལ་བྱེད་དུ་བཅུག་ལ། ཡང་སྒོར་འགའ་བླངས་ཡོང་སྟེ་ནུ་བོར་བཟའ་བཅའི་རིགས་ཉོ་བར་སྐུལ། ཅུང་མ་འགོར་བར་ནུ་བོས་དུ་ཆང་དང་ཤ་དང་ཚོད་མ་སྣ་ཁ་འགའ་ཉོས་ཡོང་། ཨ་ཕས་འགྲོན་འབོད་བྱེད་དགོས་པ་མང་ཆེ་བ་ནི་ར་སྒོ་ནང་གི་ཆེས་ཉེ་བའི་རྒན་པ་དག་སྟེ་ཕ་མེས་ཡང་མེས་དག་རེད། ངས་ཨ་ཕར་རོགས་རམ་བྱས་ཏེ་ཀུན་ལ་ཁ་པར་བཏང་རྗེས། མཛུབ་མོ་བསྒྲེངས་ཏེ་ར་སྒོའི་ཆེས་ཉེ་བའི་རྒན་པ་དག་རྩི་དུས་ད་དུང་ཨ་མྱེས་ཆུང་ཆུང་ཞིག་ལུས་འདུག ཨ་ཕས་སྨྲ་རྒྱུར། ངས་ཁོང་དྲན་ཡོད་མོད་ཀྱང་ཁོང་ཁྱིམ་དུ་མི་འདུག ཁོང་རྫོང་མཁར་གྱི་རྫོང་དཔོན་བྱེད་བཞིན་པའི་བུ་ཆུང་བའི་མདུན་དུ་བུད་སོང་སྟེ་ཡུན་རིང་ཡུལ་དུ་མ་ལོག་ཟེར།
       ཨ་མྱེས་ཆུང་བ་དང་ངའི་ཨ་ཕ་ཆེ་ཆེ་གཉིས་ནི་ན་ཟླ་ཡིན། ཁོང་གི་རྫོང་དཔོན་བུ་སྐལ་བཟང་ནི་ངའི་ཨ་ཁུར་གཏོགས་མོད་ཀྱང་། ཡང་ཁོ་ང་ལས་ལོ་གསུམ་གྱིས་མ་གཏོགས་ཆེ་བ་མི་འདུག ངེད་གཉིས་བར་ད་དུང་སློབ་གྲོགས་ཀྱི་འབྲེལ་བ་ཡོད་ཅིང་ཕན་ཚུན་ཤིན་ཏུ་བཟང་། ངས། དེ་རིང་ཁོ་ཚོར་ཁ་པར་ཞིག་གཏོང་ལ་སྐལ་བཟང་ཡང་འབོད་ཅེས་པར། ཨ་ཕས་ང་ལ་ཚོད་ལྟ་བྱེད་དུ་བཅུག ངས་འབྲེལ་བ་བྱས་རྗེས་ཨ་ཁུ་སྐལ་བཟང་ལ་དོན་དག་ཅིག་ཡོད་པས་ཕེབས་མ་ཐུབ་མོད་ཀྱང་ཁོང་གིས་ཨ་མྱེས་ཆུང་བ་བསྐྱལ་ནས་ཁྱིམ་དུ་འབྱོར་བྱུང་།
       འགྲུལ་བ་རྣམས་གཅིག་རྗེས་ཉིས་མཐུད་ཀྱིས་འཛོམས་རྗེས། ཨ་ཕས་བཟའ་བཅའི་རིགས་འདྲེན་པར་སྐུལ། གཉེན་ཉེ་ཚོས་ཏག་ཏག་ཁྱིམ་དུ་གླེང་མོལ་བྱེད་དུས། ནུ་བོའི་ཆུང་མས་ཕག་གི་མགོ་ཤ་རླངས་པ་ཐུ་ལུ་ལུ་སྡེར་ཆེན་གང་དྲངས་ནས་ཐོན་བྱུང་། དེ་དང་མཉམ་དུ་གླེང་མོལ་ཡང་ཕག་མགོའི་སྟེང་འཁོར་སོང་།
       རང་ཡུལ་གྱི་བོད་རྒྱའི་ལུགས་སྲོལ་ལྟར་ན་ཕག་མགོའི་ཤ་ནི་ཆེས་འདང་ཆེ་བའི་ཟས་མཐོ་ཤོས་རིགས་ཡིན་ཏེ། ཚང་མས་ལོ་གཅིག་གི་རྒྱ་ལོའི་གནམ་གང་དགོང་མོར་རོལ་བ་ཞིག་ཡིན། རེད་མོད་ཀྱང་ངེད་ཁྱིམ་རྒྱུད་ཀྱིས་གཟས་ནས་རྒྱ་ལོའི་ཚེས་གཅིག་གི་ཞོགས་པར་རོལ་བ་རེད། གོམས་སྲོལ་འདི་དར་ནས་ལོ་མང་འགོར་སོང་། རྒྱུ་མཚན་ནི་མི་ལ་ལས་ཤེས་ངེས་ཡིན་ལ། ལ་ལས་མི་ཤེས་པའམ་ཤེས་པ་དེ་ཡང་ཁ་ཆག་སྣ་རལ་ཙམ་ཡིན། ངས་ཨ་ཁུ་ཆུང་བར་དེའི་སྐོར་ནས་ཅིག་གསུངས་རོགས་ཞུས་པར། ཨ་ཁུ་ཆུང་བས་ཀྱང་སྐྱུངས་པ་མེད་པར་མགོ་རྔ་ཚང་ཞིང་དྲོ་བ་ལྡན་པ་ཞིག་གསུངས་བྱུང་།
       ཤིན་ཏུ་སྔ་བའི་དུས་ཤིག་ལ། ང་ཚོའི་ཁྱིམ་རྒྱུད་འདི་ལྷ་ས་ནས་ཨ་མདོར་གནས་བསྐྱས་ཡོང་། སྤུན་ཆེ་བས་དམར་གཙང་འགག་ཏུ་གནས་བཅོས་ལ། སྤུན་གཉིས་པ་ཤར་ལུང་དུ་ཆགས་ཤིང་། སྤུན་གསུམ་པས་གནས་འདི་རུ་གཞི་བཟུང་བ་ཡིན་ཏེ། དེ་ནི་ང་ཚོའི་ཡང་མེས་ཀྱང་ཡིན། ཡང་མེས་ལ་བུ་བཞི་ཡོད་དེ། བུ་ཆེ་བ་ཁྱིམ་བགོས་རྗེས་ཡང་བུ་གཉིས་བྱུང་། སྤུན་ཆེ་བར་དར་རྒྱས་ཟེར་ལ། མི་བར་མཛའ་མཐུན་ཡིན་ཞིང་དོན་དག་སྒྲུབ་ན་རིག་པ་གསལ་བས་ཁྱིམ་གྱི་ཁྱིམ་དཔོན་ཡིན། སྤུན་གཉིས་པར་ཀ་རིན་ཆེན་ཟེར་ཞིང་བཟའ་ཚང་མ་བཅོས་པར་སྤུན་ཆེ་བ་དང་མཉམ་དུ་འཚོ་བ་རོལ། ལོ་དེའི་དགུན་ཟླ་ཐོག་མར། བུ་དང་བུ་མོ་མང་བའི་དར་རྒྱས་ཀྱིས་ཕ་ཡུལ་གྱི་རྩ་སྨན་དང་། ལུག་ཤ། པགས་པ་སོགས་འཁྱེར་ནས་ནང་ལོག་ཏུ་ཇ་དང་ཚ་ཁུ། རས་སོགས་དངོས་ཆས་ལ་བརྗེ་རུ་སོང་ལ། ནུ་བོ་ཀ་རིན་ཆེན་ལ་ཁྱིམ་སྲུང་དུ་བཅུག་ཅིང་སྔ་ས་ནས་སླར་ལོག་ངེས་ཞེས་བཤད། དར་རྒྱས་སོང་རྗེས། ཁྱིམ་མིས་ལུག་དང་ཕག་གི་དགུན་ཤ་བླངས་ཏེ་ཡུན་གྱིས་གནམ་ལོ་གསར་བར་གྲ་སྒྲིག་བྱེད་ཀྱིན་ཡོད། སྔོན་གྱི་ལུགས་ལྟར་ན་དར་རྒྱས་ད་འཕྱི་ཡང་གནམ་གང་ཉིན་འདིར་བསླེབས་ནས་ལོ་སར་ཐུབ་ཀྱང་། ལོ་དེར་གནམ་གང་ཉིན་ཡང་དར་རྒྱས་ད་དུང་མ་བསླེབས་པས་ཁྱིམ་མིའི་སེམས་ཡུན་གྱིས་འཚུབ་ཆས་སྐུལ། མཚན་མོར། ཀ་རིན་ཆེན་གྱིས་བུ་བུ་མོ་རྣམས་ལ་མེ་ཆུང་བས་ཕག་མགོ་བཙོ་རུ་བཅུག་ཅིང་སེམས་སུ་ཕུ་བོ་དཀར་མེ་སྒྲོན་དུས་ངེས་པར་བསླེབས་ངེས་འདོད་མོད་ཀྱང་། དུས་ཀྱི་སྐར་ཆ་རེ་རེ་འདས་ཏེ་ཟངས་ངའི་ནང་གི་མགོ་ཤ་ནུར་རན་ཡང་དར་རྒྱས་ཀྱི་གྲིབ་གཟུགས་ཙམ་ཡང་མ་མཐོང་། བུ་མོ་ཚོས་མེ་འབུད་མཚམས་བཞག་ཅིང་ཁྱིམ་གང་བོས་འཚབ་འཚུབ་ཀྱིས་སྒུག སྒུག་ཀྱང་སྒུག་སྟེ་ཚེ་གཅིག་གི་ཞོགས་པའི་བྱ་མགོ་མ་གྲགས་དུས་ད་གཟོད་འགག་ཁའི་ཕྱོགས་ནས་རྟ་དྲེལ་གྱི་སྐེ་ཡི་དབྱངས་འགྲོས་ལྡན་པའི་དྲིལ་ཆུང་གི་སྒྲ་གྲགས་ཡོངས་པས་ད་གཟོད་ཚང་མའི་སེམས་ཁྲལ་གཞི་ནས་ཕོ་བར་མནན།
       ཐེངས་འདིར་དར་རྒྱས་ཀྱིས་དངོས་པོ་མི་ཉུང་བ་ཞིག་བཀལ་ནས་ཐོན་བྱུང་། དེའི་ནང་སྐོར་ཞིག་ནི་ཁྱིམ་དུ་སྤྱོད་རྒྱུའི་སྐོར་ཡིན་ལ། ལ་ལ་ནི་ཕྱི་རུ་བཙོང་སྟེ་ཚོ་ཚིས་སྒྲུབ་བྱེད་སྐོར་ཡིན། ཡང་འགའ་ཤས་ཤིག་ཚོ་བའི་ར་སྒོ་ནང་གི་མི་དག་གི་བགོ་བྱ་ཡིན། ཚང་མས་ཟླ་འོད་འོག་ཏུ་ཁལ་ཕོག་ཚར་རྗེས་ད་གཟོད་ཕག་མགོ་བླངས་ཤིང་ལོ་གསར་བར་རོལ། དར་རྒྱས་ཀྱིས་ཕྱོགས་གཅིག་ནས་ཕག་མགོའི་ཤ་གསོལ་བ་དང་། ཕྱོགས་གཅིག་ནས་ལོ་གསར་བའི་འཆར་གཞི་གླེང་བ་རེད། ཁོས་ལོ་གསར་བའི་ནང་ཆེས་གལ་ཆེ་བའི་དོན་དག་ཅིག་སྒྲུབ་འདོད་པ་ནི་ནར་སོན་པའི་རང་གི་ནུ་བོར་ཆུང་མ་བཟང་བོ་ཞིག་ལེན་རྒྱུ་དེ་རེད། ཡིན་ནའང་ཁོ་ལས་ཀར་ཞུགས་ཚད་བརྒལ་བའི་སྟེང་ནད་ངན་འགས་བཟུང་བས་དོན་དག་མ་འཁྱོངས་ཏེ། རང་གི་རེ་བ་ཇི་བཞིན་ལེགས་འགྲུབ་མ་བྱུང་བར་ཚེ་ལས་འདས་སོང་། ཚོ་བས་ཁོང་ལ་མྱ་ངན་རྗེས་དྲན་བྱེད་ཆེད་ལོ་དེའི་ཕྱི་ལོ་ནས་བཟུང་སྟེ་སྲོལ་རྒྱུན་གོམས་སྲོལ་བསྒྱུར་དེ་ལོ་གསར་ཚེས་གཅིག་གི་ཞོགས་པར་ཕག་མགོ་གསོལ་རྒྱུ་བྱས། ད་དུང་དེའི་རྗེས་སུ་ཀ་རིན་ཆེན་གྱིས་རང་གི་ཕུ་བོས་བསྐྱུར་བའི་བུ་ཚ་དག་ལ་འདང་བརྒྱབ་སྟེ་རང་གི་ཨ་སྲུ་དང་བཟའ་ཟླ་བསྒྲིགས།ཨ་མྱེས་ཆུང་བའི་གཏམ་རྒྱུད་ཚར་མ་ཐག་ཏུ་ཨ་ཁུའི་ཁ་ཡང་ངར་བྱུང་། ཁོང་གིས་ཀྱང་ཀ་རིན་ཆེན་གྱི་ཉན་འདོད་ཆེ་བའི་མཚར་གཏམ་ཞིག་གླེང་འདོད་ཆེ་བས་ཚང་མས་ལག་ཟུང་ཐལ་མོ་རྡེབ་སྟེ་དགའ་བསུ་བྱས། ཁོང་གིས། ཀ་རིན་ཆེན་དང་དར་རྒྱས་གཉིས་ཀྱི་གཤིས་ཀ་ནི་གཏན་ནས་མི་འདྲ། ཁོང་ལ་དཔའ་གདེངས་དང་ལུས་སྟོབས་གཞན་ལས་ཆེ་བ་ཞིག་ཡོད་པའི་སྟེང་སྲོག་བསྡོས་ཕོད་པའི་སྤོབས་པ་ཆེན་པོ་དང་ལྡན། ཐེངས་ཤིག་ལ། ཀ་རིན་ཆེན་གྱིས་བློ་རིག་རྣོ་ཞིང་ལུས་སྟོབས་ཆེ་བའི་སྒོ་ཁྱི་ཞིག་ཁྲིད་དེ་རི་མགོར་ལུག་རྫིར་སོང་། གློ་བུར་གར་ཡོང་མི་ཤེས་པའི་སྤྱང་ལྟོགས་ཤིག་ལུག་ཁྱུར་རྒྱུགས་ཏེ་ལུ་གུ་བཙའ་རན་པའི་མ་མོ་ཞིག་གི་ཕོ་བར་བགྲད་དེ་ལུ་གུ་དང་རྒྱུ་མ་འདྲེས་མར་ཐང་ལ་ཕོད་བྱུང་། སྒོ་ཁྱིས་དོན་དེ་མཐོང་རྗེས་ཕྱོགས་གཅིག་ནས་བདག་པོར་བརྡ་གཏོང་བ་དང་། ཕྱོགས་གཅིག་ནས་དེ་མུར་སྤྱང་ལྟོགས་སྟེང་མཆོངས་ཏེ་འཐབ་རེས་བྱས། ཏག་ཏག་སྤྱང་ཁྱི་གཉིས་ཀྱི་འཛིང་རེས་ལ་རྒྱལ་ཕན་གྱི་དབྱེ་བ་མི་ཆོད་དུས་ཀ་རིན་ཆེན་མགྱོགས་པ་མདའ་བཞིན་མཆོངས་སོང་སྟེ་སྤྱང་ཀིའི་རྣ་འགྱོག་གཉིས་ནས་དམ་པོར་བཟུང་ཞིང་རྒྱབ་ཏུ་ཞོན་ནས་མཆུ་འཇོང་སྟེང་ཁུ་ཚུར་གྱིས་བསྣུན། ཅུང་མ་འགོར་བར་སྤྱང་ཀིའི་མདུན་སོ་རྣམས་ལྷག་མེད་བཟོས། ཀ་རིན་ཆེན་གྱིས་མདུན་སོ་མེད་པའི་སྤྱང་ལྟོགས་དེ་ཁྲིད་དེ་ཁྱིམ་དུ་ཡོང་ཞིང་གསོས། ད་དུང་ཐེངས་ཤིག་ལ། དར་རྒྱས་ཕྱི་རུ་ཚོང་བརྒྱག་ཏུ་སོང་ཤུལ་དུ་ཁྱིམ་དུ་རྟ་རྐྱང་དམར་གཉིས་བཞག་ཡོད། རྐུན་མ་གཉིས་ཀྱིས་ཉིན་དཀར་རྟ་ར་ལ་ལྟ་ཞིབ་བྱས་རྗེས་རྟ་འདི་གཉིས་ཇི་ལྟར་རྐུ་བའི་ཐབས་ལ་བསམ་བློ་བཏང་། རྟ་རའི་གྱང་གི་རྩིག་པ་མི་མཐུག་རུང་། གྱང་མགོར་ཚེར་མ་ནག་པོ་བཙུགས་པས་ཁེངས་ཤིང་། སྒོ་ཡང་དམ་པོར་བསྡམས་པས། རྐུན་མའི་ལག་ཏུ་ཐོབ་ཐབས་བྲལ། མཚན་མོ་དེར་རྐུན་མས་དུག་རྫས་བཟུང་ཞིང་ཡུ་བ་ཐུང་ཞིང་རྣོ་ངར་ཅན་གྱི་འཇོར་ཞིག་འཁྱེར་ནས་སོང་སྟེ་སྒོ་ཁྱི་དུག་གིས་བསད་རྗེས། གྱང་རར་ཟླ་འོད་ཕོག་ཡོད་པ་དང་བསྟུན་ནས་ཕྱི་རོལ་ནས་ས་དོང་རྐོ་མགོ་བརྩམས། ས་དོང་ཕྱེད་ཀ་ཙམ་བརྐོས་པ་ན། ཁྱིམ་སྲུང་ཡོད་པའི་ཀ་རིན་ཆེན་གྱིས་གྱང་ཕུག་པའི་འབྲད་འབྲད་ཀྱི་སྒྲ་ཞིག་ཐོས་བྱུང་། ཁོར་འགྲིག་མ་བྱུང་སྙམ་པའི་ཚོར་བ་ཞིག་བྱིན་པས་མྱུར་དུ་རྐང་འཇེབ་ལག་འཇེབ་སྒོས་ཁང་ཐོག་ཏུ་འགོས་ཤིང་གྱང་ཁ་ནས་ཕྱིར་བལྟས་ཚེ། རྐུན་མ་གཅིག་གིས་སོ་ལྟ་བྱེད་པ་དང་། རྐུན་མ་གཅིག་གིས་ད་དུང་རྐང་གཉིས་ཕྱི་རུ་བུད་ཅིང་མུ་མཐུད་གྱང་ལ་ཁུང་བུ་བརྟོལ་བཞིན་པ་མཐོང་། ཁོས་རྐུན་འདྲོགས་མ་སློང་བར་རྣོ་ངར་གྱི་གཏུབ་གྲི་ཞིག་བཟུང་སྟེ་རྟ་རའི་ནང་རོལ་གྱི་གྱང་རྟིང་དུ་སོང་ནས་སྲུང་། དངུལ་མདོག་གི་ཟླ་འོད་དེ་སྐར་ཁུང་བརྒྱུད་དེ་རྟ་རའི་ནང་དུ་འཕྲོས་ཤིང་། ཀ་རིན་ཆེན་གྱིས་གྲག་མེད་འགུལ་མེད་ཀྱིས་གཏུབ་གྲི་བཟུང་སྟེ་རྐུན་མ་བྱུང་བར་སྒུག ཅང་མ་འགོར་བར། གྱང་བརྟོལ་སོང་། རྐུན་མའི་ལག་པ་གཅིག་བསྲིངས་ནས་ཡོང་། ཀ་རིན་ཆེན་གྱིས་གཏུབ་གྲི་འཁྱེར་ནས་ཤེད་ཀྱིས་མར་བསྣུན་པས་རྐུན་མའི་ལག་པ་ཡ་དེ་དུམ་སེ་བཅད་སོང་།
       སྐྱི་གཡའ་བའི་གཏམ་རྒྱུད་འདི་གཉིས་ལ་ཉན་རྗེས་ང་རང་སྐྲག་ནས་འདར་སིག་སིག་བྱས།
       ཕྱི་ཉིན་ཞོགས་པར། ང་མལ་ལས་ལངས་ཏེ་ཨ་ཕའི་ཉལ་ས་ལེགས་སྒྲིག་བྱེད་བཞིན་པའི་སྐབས་སུ། སྒྲོལ་མའི་ཁ་པར་འབྱོར་བྱུང་། མོས་དེ་རིང་ང་ངེས་པར་དུ་སྔ་མོ་ནས་ཁྱིམ་དུ་ལོག་དགོས་ཟེར་ལ། དོན་དག་གལ་ཆེན་ཞིག་ཡོད་པར་སྨྲ། ངས་དོན་དག་གལ་ཆེན་ཅི་ཞིག་ཡོད་དམ་ཞེས་དྲིས་པར། མོས་དོན་བཟང་ཞིག་འདུག སྐད་ཆ་ཚིག་རེ་གཉིས་ཀྱིས་བཤད་མི་ཚར་བས་ཤོག་དང་ཤེས་ངེས་ཞེས་ཟེར།
       ང་ཁུལ་ཐོག་གི་ཁྱིམ་དུ་ལོག་པ་དང་སྒྲོལ་མས་ཁོ་བོར་ཨ་ཕའི་ལུས་ཕུང་གི་རྒྱུ་མཚན་རགས་འདྲི་ཞིག་བྱས་ཐག་ངང་སྒུག་བྱེད་ལོང་མེད་པར་སྐབས་བབས་ཀྱི་དོན་དེ་བཤད། མ་གཞིར་ཁ་སང་སྒྲོལ་མ་སྲང་ལ་སོང་བས་མཚོ་མོ་ཡི་བུ་མོ་མེ་ཏོག་བསླེབས་ཡོད་པ་ཤེས་ལ། དེ་ནས་ཟ་རྒྱུ་ཞིམ་པོ་འགའ་ཉོས་ནས་མེ་ཏོག་ལ་བྱིན་པས། མེ་ཏོག་མ་བུ་གཉིས་ཤིན་ཏུ་ཡིད་འགུལ་ཐེབས་འདུག རྒྱུ་མཚན་ནི་སྒྲོལ་མ་མེ་ཏོག་ལ་ཤིན་ཏུ་དགའ་བས་རྒྱུན་དུ་མོ་ཨ་མའི་ཁྱིམ་དུ་ཡོང་མ་ཐག་ཟ་མ་ཞིམ་པོ་འགའ་བསྐྱལ་བཞིན་ཡོད་པས་རེད། དེར་སེམས་འགུལ་ཐེབས་པའི་མཚོ་མོས་སྒྲོལ་མར། ཁྱེད་བཟའ་ཟླ་གཉིས་མེ་ཏོག་ལ་དེ་འདྲ་དགའ་པོ་ཡོད་ན་མོ་ཁྱེད་གཉིས་ཀྱི་བཙལ་བུར་རྩིས་ཆོག་ཅེས་བཤད་ལ། སྐད་ཆ་དེ་བཤད་དུས་ལོགས་སུ་བསྡད་ཡོད་པའི་མེ་ཏོག་གིས་ཀྱང་དགོད་ཞོར་དུ་འཇམ་ཐིང་ངེར་ཉན་པ་ལས་མི་འཐད་པའི་བསམ་འཆར་ཅི་ཡང་མ་བཏོན། སྒྲོལ་མས་དང་ཐོག་སྐད་ཆ་དེར་ཡིད་ཆེས་དེ་ཙམ་བྱེད་ཀྱིན་མེད་མོད། རིམ་བཞིན་མཚོ་མོའི་སྐད་ཆ་ནི་བདེན་པ་བདེན་དྲང་ཡིན་པ་ཤེས་པས་དགའ་ནས་ཞག་གང་བོར་གཉིད་མ་ཁུག ཡིན་ཡང་མོས་མཚོ་མོ་ཕྱི་ཉིན་བློ་འགྱུར་ཨེ་འགྲོར་སྐྲག་པས་མྱུར་དུ་ང་བོས་པ་ཡིན་འདུག
       ངས། ངའི་བསམ་འཆར་མེད་ན་ཁྱོད་ཀྱིས་ཁས་ལེན་དོན་ཅི་ཡིན་ནམ་ཞེས་པར།
       མོས། ངས་ཁྱོད་ཀྱང་བུ་མོར་དགའ་བ་ཤེས་པས་ཡིན་ཟེར།
       ངས། དགའ་རྒྱུ་དགའ་མོད་ཀྱང་། ཡིན་ཡང་ཕ་མར་ངོས་འཛིན་རྒྱུ་ནི... ...
       མོས། འདི་ནི་མཚོ་མོས་རང་འགུལ་གྱིས་བཏོན་པ་མིན་ནམ་ཟེར།
       ངས། ཁྱོད་ཀྱིས་མེ་ཏོག་ལ་ད་དུང་རང་གི་ཨ་ཕ་ཡོད་པ་བརྗེད་སོང་ངམ་ཞེས་པར།
       མོས། ངའི་བསམ་པར་བུ་མོ་འཐད་པ་བྱུང་ན་ཁོས་ཐེ་གཏོགས་བྱེད་མི་སྲིད་ཟེར།
       ཅང་མ་འགོར་བར། སྒྲོལ་མས་མཚོ་མོ་མ་བུ་གཉིས་ཁྱིམ་དུ་བོས་ནས་ཡོང་། ངས་དང་ཐོག་མ་བུ་འདི་གཉིས་ལ་རྒྱུ་མཚན་འགའ་ཁ་བརྡ་བྱས་པ་ཡིན། ང་ཚོའི་ཁ་བརྡ་ལ་རང་དབང་དང་ལས་དབང་གི་རྟེན་འབྲེལ་འདུས་མོད། འོན་ཀྱང་ང་མེ་ཏོག་གི་ཨ་ཕའི་ཕྱོགས་ལ་སྔར་བཞིན་སེམས་ཁྲལ་ཆེ། སྒྲོལ་མས་ཟ་མ་ཡག་པོ་བསྒྲིགས་རྗེས་ཆང་བླུགས་ཤིང་དེ་མུར་ཕ་མར་ངོས་འཛིན་བྱེད་རྒྱུའི་མཛད་སྒོ་ཚོགས་སྙམ་དུས། ངས་མེ་ཏོག་ལ་མོས་རང་གི་ཕ་ལགས་ཀྱི་ཁ་པར་ཨང་གྲངས་ཤེས་ཀྱི་ཡོད་མེད་དྲིས་པ་ཡིན། མེ་ཏོག་གིས་ཤེས་ཟེར་བས། ངས་ཁ་པར་མེ་ཏོག་གི་ལག་ཏུ་བཞག་སྟེ་ཁོ་མོར་དོན་དག་འདི་ཨ་ཕ་ལ་བཤད་དུ་བཅུག མེ་ཏོག་གི་ཨ་ཕ་དང་ཐོག་མེ་ཏོག་གིས་ཕ་མ་གཞན་ཞིག་ངོས་འཛིན་གྱི་དོན་ལ་ཧ་ལས་ཧོན་ཐོར་གྱུར་མོད། ཡང་ཅུང་ཙམ་འགོར་རྗེས་གློ་བུར་ཁ་པར་དུ་སྨྲེ་ངག་གིས། བུ་མོ། བལྟས་ཡོང་ན་ངས་ཨ་ཕ་ཞིག་གིས་འཁུར་དགོས་པའི་འགན་འཁུར་དེ་མ་ཐེགས་པ་འདྲ་ཟེར་བས། དོན་དག་དེ་དེ་ལྟར་སྟོང་བར་གྱུར།
༡༡
       རྫོང་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། རྩ་འཛུགས་སྒོས«ཧོར་གླིང་གཡུལ་འགྱེད»ཅེས་པའི་རིག་རྩལ་འཁྲབ་སྟོན་ཞིག་འཁྲབ་འཆར་བྱས། གཡང་སྐྱིད་ཀྱིས་བོད་ཡིག་ཤེས་པ་མ་ཟད། ཞབས་བྲོ་འཁྲབ་རྒྱུར་དགའ་བ་དང་། དེ་བཞིན་གཟུགས་བྱད་དང་སྐད་གདངས་སོགས་ཀྱི་ཆ་རྐྱེན་ཚང་མ་ཟློས་གར་ནང་གི་གེ་སར་རྒྱལ་པོའི་བཙུན་མོ་འབྲུག་མོ་དང་ཤིན་ཏུ་མཐུན་པས། འཁྲབ་གཞུང་གི་འགན་འཁུར་བས་ཁོང་འབྲུག་མོ་འཁྲབ་མཁན་དུ་བདམས་པ་རེད། གཡང་སྐྱིད་ཀྱིས་དགའ་སྤྲོའི་ངང་གནས་ཚུལ་དེ་ཚེ་ལོ་ལ་བཤད། ཚེ་ལོས། ཁྱོད་ཀྱི་རིག་གནས་རྨང་གཞི་དམའ་བས། ཟློས་གར་གྱི་ནང་དོན་ལ་གོ་བ་ལེན་མི་ཐུབ་ཅིང་། འཁྲབ་མི་ཤེས་པར་སྐྲག་ཅེས་པར། གཡང་སྐྱིད་ཀྱིས། ན་གཞོན་བུད་མེད་ལས་བྱེད་པའི་ཁྲོད་དུ་བོད་ཡིག་ཤེས་མཁན་མང་པོ་མེད། འདི་ཡང་གདམ་གསེས་བྱས་པ་ཡིན་པས་ང་ལས་གཞན་སུ་སུ་ཡོད་ཅེས་པར། ཚེ་ལོས། ལབ་མ་བརྒྱག དམའ་རིམ་སློབ་འབྲིང་གི་བོད་ཡིག་གི་ཆུ་ཚད་མ་གཏོགས་མི་ལྡན་པའི་མི་ཞིག་ལ་འབྲོག་ཁུལ་དུ་འགྲན་ཟླ་མེད་ཅེས་སུས་བརྗོད་ཕོད་དམ་ཞེས་བཤད། དེར་གཡང་སྐྱིད་ཀྱིས། ངའི་བོད་ཡིག་གི་ཆུ་ཚད་ཡིན་པ་ནི་དམའ་རིམ་སློབ་འབྲིང་མཐར་ཕྱིན་པ་ཙམ་ཡིན་མོད། འོན་ཀྱང་གྲྭ་པ་བྱས་མྱོང་བའི་ཨ་ཁུས་རྒྱུན་དུ་ང་ལ་ཁྱིམ་དུ་སློབ་ཁྲིད་བྱས་པས། ངའི་བོད་ཡིག་གི་དོན་དངོས་ཀྱི་ཆུ་ཚད་ནི་སློབ་ཆེན་སློབ་མའི་ཆུ་ཚད་དང་འདྲ་པོ་ཡོད། ཡང་གཅིག་བཤད་ན། ད་ཐེངས་ཀྱི་མི་འདེམས་རྒྱུ་ནི་ཕྱོགས་བསྡུས་རང་བཞིན་ཡིན་པ་ལས་བོད་ཡིག་ཁོ་ན་མ་རེད་ཅེས་པར། ཚེ་ལོས། དེས་ན་བཟང་སོང་། འཁྲབ་གཞུང་ལ་ནན་ཏན་གྱིས་ལྟ་དགོས་ཞེས་བཤད་པ་ན། གཡང་སྐྱིད་ཀྱིས་ཨུན་ཞེས་ཁས་བླངས།
       ཉིན་གཉིས་འགོར་རྗེས་བྲེལ་འཚུབ་ཀྱི་སྦྱོང་བརྡར་དུས་རིམ་དུ་བསླེབས།
       གེ་སར་རྒྱལ་པོ་འཁྲབ་མཁན་ནི་སངས་རྒྱས་ཟེར་བའི་ཕོ་གསར་ཞིག་སྟེ། རྫོང་འདིའི་མཁར་གྲོང་སློབ་ཆུང་གི་རོལ་མོའི་དགེ་རྒན་ཞིག་ཡིན་ཞིང་། གཟུགས་རིང་ཞིང་ཕོ་ཉམས་ལྡན་པ་ཞིག་ཡིན། ཁོས་དེ་སྔ་གླུ་གར་སྦྱངས་མྱོང་ཡོད་པ་དང་། གེ་སར་རྒྱལ་པོ་འཁྲབ་མྱོང་ཡོད། ཟློས་གར་དེ་ཡག་པོ་འཁྲབ་ཆེད། འཁྲབ་ཁྲིད་པས་རྒྱུན་གཏན་གྱི་འཁྲབ་སྦྱོང་ལས་གཞན་སངས་རྒྱས་དང་གཡང་སྐྱིད་གཉིས་ལ་ཤུལ་དུ་ཆེད་དུ་སྦྱོང་བརྡར་བྱེད་དུ་བཅུག་ཅིང་། ཁྱེད་ཚོ་ནི་མི་སྣ་གཙོ་བོ་ཡིན་པས་ངེས་པར་དུ་སྦྱོང་བརྡར་མང་ཙམ་བྱེད་དགོས་ཞེས་བཤད། ཁོ་ཚོས་ཤིན་ཏུ་འབད་བརྩོན་གྱིས་འཁྲབ་སྦྱོང་བྱེད་པ་སྟེ། ཉིན་རྒྱུན་མཚན་གུང་བར་དུ་སྦྱོང་བརྡར་བྱེད་ཀྱིན་ཡོད། དགོང་མོ་དེར། ཁོ་ཚོས་ཆེས་གཞུག་མའི་འཁྲབ་སྟངས་སྦྱོང་བརྡར་བྱས་ཚར་རྗེས་ཁྱིམ་དུ་ལོག་གྲབས་བྱེད་སྐབས་སངས་རྒྱས་ཀྱིས་གློ་བུར་དུ་གཡང་སྐྱིད་ཀྱི་གདོང་ལ་འོ་ཞིག་བྱས། གཡང་སྐྱིད་ཀྱིས། ཁྱོད་ཀྱིས་བརྩི་འཇོག་བྱ་རོགས། ང་ནི་གང་འདོད་བྱས་ཆོག་པ་དེ་འདྲ་ཞིག་གཏན་ནས་མིན་ཞེས་པར། སངས་རྒྱས་ཀྱིས་གཡང་སྐྱིད་ཁོང་ཁྲོ་ལངས་སོང་བ་མཐོང་བས་སྨྲས་པ། ངས་བསམ་གཟས་ནས་ཁྱོད་ཀྱི་ཁེ་བཟང་ཟ་བ་མིན། ཟློས་གར་གྱི་ནང་དུ་འཁྲབ་སྟངས་འདི་འདྲ་ཞིག་ཡོད་པ་མ་ཡིན་ནམ་ཞེས་པར། གཡང་སྐྱིད་ལ་ཁ་ལན་སློག་རྒྱུ་མེད་པར་ཁྱིམ་དུ་ལོག་དགོས་བྱུང་།
བཅུ་གཉིས།
       ཉིན་འགའ་འགོར་རྗེས། སྐུད་པོ་ཆུང་བས་ཁ་པར་ཡོང་ནས་ཁོའི་ཆུང་མས་བུ་མོ་ཞིག་བཙས་བྱུང་བར་སྨྲས། མོས་ཐེངས་དང་པོར་བུ་བཙས་པ་དང་། ཐེངས་གཉིས་པར་བུ་མོ་ཞིག་བཙས་པ་ནི་བྱ་བ་བཟང་པོ་ཞིག་ཡིན་པས་ང་ཚོ་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས། སྒྲོལ་མས་ད་དུང་གསེར་གྱི་ལེགས་སྐྱེས་གང་ལེགས་ཤིག་མནམས་ཏེ་མནའ་མའི་ཁྱིམ་དུ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ནས་ཟླ་གཅིག་ལྷག་ཙམ་ལས་མ་འགོར་བར་སྐུད་པོ་ཆུང་བས་ཡང་བསྐྱར་ཁ་པར་ཡོང་ནས་བཤད་རྒྱུར། ཨ་མ་ན་བྱུང་། ཨ་མའི་ཕོ་བ་ན་བ་དང་། ཁབ་བརྒྱབ་ནས་སྨན་འཐུང་ཡང་ཕན་ཐོགས་མེད་ཟེར། བྱ་བའི་བྲེལ་དབང་གིས་ང་དང་སྒྲོལ་མ་གཉིས་ཀ་སུ་ཡང་བྱ་བར་འབྲལ་ཐབས་མེད་པས་ཨ་ཕ་ཕེབས་ཏེ་མོ་ལ་ཞབས་ཕྱི་བྱེད་དུ་བཅུག་པ་ཡིན། ཨ་ཕས་གྱོས་མོའི་ནད་ཤིན་ཏུ་ལྕི་བའི་ཚུལ་མཐོང་རྗེས། མོ་སྨན་ཁང་དུ་སོང་ནས་ནད་བརྟག་སྨན་བཅོས་བྱེད་པར་སྐུལ་མོད་ཀྱང་མོ་གཏན་ནས་མི་འགྲོ་བས་ཨ་ཕ་ཡང་ཅི་བྱ་གཏོལ་བྲལ་དུ་གྱུར། ང་དང་སྒྲོལ་མས་དོན་དེ་ཤེས་རྗེས་གནང་བ་ཞུས་པ་དང་མྱུར་དུ་ཡུལ་ལ་ལོག
       ང་ཚོས་ཨ་ཕར་གྱོས་མོ་ལ་ཞབས་ཕྱི་བྱེད་དུ་འཇུག་དོན་ནི། ཨ་ཕ་དང་གྱོས་མོ་གཉིས་ཀྱི་བར་དུ་རང་གི་བུ་དང་བུ་མོའི་གཉེན་གྱི་འབྲེལ་བ་ཡོད་པ་ལས་གཞན་ད་དུང་མིང་སྲིང་ལྟ་བུའི་གཉེན་ཉེའི་འབྲེལ་བ་ཡོད་པས་ཡིན། འབྲེལ་བ་དེ་རིགས་ངས་གོང་དུ་རགས་ཙམ་གླེང་ཡོད་མོད། འོན་ཀྱང་བྱུང་རིམ་འཕེལ་རྒྱས་ཀྱི་དགོས་མཁོའི་དབང་གིས་གནས་ཚུལ་དེ་གསལ་བཤད་ཞིབ་ཕྲ་བྱས་མེད། དེའི་ཕྱིར། འདིར་ད་དུང་གསལ་བཤད་ཅིག་བྱེད་དགོས།
       ངའི་ཨ་མྱེས་ན་གཞོན་སྐབས་ཆུང་མ་འཇིག་རྟེན་དང་གཏན་དུ་བྲལ་བས་ངའི་ཨ་ཁུ་དང་ཨ་ཕ་གཉིས་ལུས་སོང་ལ། གྱོས་མོའི་ཨ་མའི་ཁྱོ་གའང་གྱོས་མོ་ན་གཞོན་སྐབས་ཚེ་ལས་འདས་པས། གྱོས་མོའི་ཨ་མས་གྱོས་མོ་ཕོ་བའི་ནང་འཁུར་ཏེ་ངའི་སྤོ་བོ་ལགས་དང་གཉེན་སྒྲིག་བྱས་ཤིང་། རིམ་བཞིན་ཨ་ཕའི་སྤུན་མཆེད་མིང་སྲིང་འགའ་ཡང་སྐྱེས་པ་རེད།
       ཆུང་དུས་སུ་ངས་གནས་ཚུལ་དེའི་གོ་རིམ་དང་འབྲེལ་བ་མི་ཤེས་མོད། ཡང་གྱོས་མོ་ནི་ངའི་ཨ་ནེ་དངོས་ཡིན་པ་ཤེས། རྒྱུ་མཚན་ནི་ཁོ་མོ་ངེད་ཚང་ནས་སྐྱེས་པ་དང་ནར་སོན་རྗེས་གནས་ལ་སོང་བ་ཡིན་ཞིང་། ངེད་ཚང་ནི་མོའི་མ་ཁྱིམ་ཡིན། དེ་བས་གནས་ས་ཚང་དང་ངེད་ཚང་གཉིས་གཉེན་ཉེ་ལྟར་འགྲོ་འོང་བྱེད་བཞིན་ཡོད། རྗེས་སུ་རྒན་པ་རྣམས་ཀྱིས་ང་སྒྲོལ་མ་དང་གཉེན་སྒྲིག་བྱེད་དུ་བཅུག་པ་ལ་ཁོ་བོ་ཡ་མཚན་བྱུང་། ང་རང་སྒྲོལ་མ་ལ་ཧ་ཅང་དགའ་མོད། འོན་ཀྱང་སེམས་སུ་འདི་ནི་ཁྲིམས་སྤྱོད་ཀྱི་ལམ་ལུགས་གཉིས་ཀར་འགལ་འདུག་ཅེས་ཐེ་ཚོམ་སྐྱེས་བྱུང་། སྒྲོལ་མ་ནི་གཤིས་དྲང་ཞིག་ཡིན་པས། མོ་ང་རང་ཉིད་ལ་བསམ་འཆར་གང་ཡང་མེད་མོད་ཀྱང་། ཡིན་ནའང་གོང་དུ་ངེད་ཚང་གཉི་གའི་གཉེན་ཉེའི་འབྲེལ་བའི་སྐོར་བཤད་པ་བཞིན་བསམ་བློ་བཏང་ཞིང་གཉེན་དོན་འདིར་མི་འཐད་པའི་རྣམ་འགྱུར་བསྟན་པས། རྒན་རབས་ཚོའང་ཅི་བྱ་གཏོལ་མེད་དུ་གྱུར་ཞིང་ནང་གི་གསང་བ་ཤོར་སོང་།
       ང་དང་སྒྲོལ་མ་གཉིས་གཉེན་སྒྲིག་བྱས་རྗེས། ངེད་ཁྱིམ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་བུད་སོང་། ང་དང་གྱེས་མོའི་བར་གྱི་བརྩེ་བ་ལ་ཁོང་ངའི་ཨ་ནེ་ངོ་མ་མིན་པའི་ངན་ཤུགས་ཅི་ཡང་མ་ཐེབས་པར། དེ་ལས་ལྡོག་སྟེ་ང་མག་པ་བྱས་པའི་ཆ་ནས་དེ་བས་ཁོ་མོར་བརྩི་བཀུར་བྱས་ལ། མོ་ཡང་ང་དང་གཅིག་པ་སྟེ། འབྲེལ་བ་དེ་ཡོད་པའི་རྒྱུ་མཚན་གྱིས་ང་ལ་ལྷག་ཏུ་ཤ་ཚ་ཞིང་གཅེས་པ་རེད། ང་དང་སྒྲོལ་མ་གཉིས་གཉེན་སྒྲིག་བྱས་ནས་ཅུང་མ་འགོར་བར། ངའི་ཨ་མའི་ལུས་ཕུང་ལ་ནད་མང་ཞིང་མི་བདེ་བས། གྱོས་མོས་སྒྲོལ་མའི་མངལ་ཟླར་ཞབས་ཞུ་བྱས་པ་དང་། ངེད་ཚོའི་བྱིས་པ་སྙོར་ནས་ནར་སོན་དུ་བཅུག་པས། ང་ཚོས་མོ་ང་ཚོའི་གམ་དུ་བཞུགས་ན་བསམ་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རེ་བ་སྟོང་ཟད་དུ་གྱུར་སོང་། དངོས་གནས། མོའི་བཀའ་དྲིན་ང་ལ་རི་རབ་ལས་བརྟས་ཆེའོ། །
       ངའི་གྱོས་མོ་ནི་བྱམས་བརྩེ་ལྡན་ཞིང་། ལས་ལ་བརྩོན་པ། དགོད་ལ་རྩེ་ལ་ཅན་ཞིག་ཡིན་པས་ཕལ་ཆེར་ཞིང་གྲོང་གི་མཛངས་མིའི་ཡོན་ཏན་གྱིས་ཡོངས་སུ་ཕྱུག་ཡོད་ཅིང་ངས་མོ་སྒྲུང་རྩོམ་དུའང་བྲིས་ཡོད། མོ་ནི་ད་དུང་མི་བློ་རྩ་བརྟན་པོ་ཞིག་ཀྱང་ཡིན་པས་ནམ་ཡང་རང་གི་དཀའ་སྡུག་དེ་སེམས་སུ་མི་ཉར། ཁོ་བོ་ཁྱིམ་དུ་འབྱོར་དུས། མོས་ཨུ་ཚུགས་ཀྱིས་ཡར་ལངས་ཏེ་ང་ཚོ་བསུ་བ་བྱེད་པའི་སྟོབས་ཤུགས་ལས་མོ་ལ་ཅི་ཡང་མི་སྐྱོན་པའི་ཉམས་སྣང་ཤར་འདུག མོས་སྨྲས་རྒྱུར། རང་ཉིད་སྐབས་རེར་ཕོ་བའི་ནང་ཅུང་མི་བདེ་མོད་ཀྱང་། ན་ཟུག་འཇོམས་པའི་སྨན་རེ་འཐུང་ན་སངས་བསྐྱེད་བྱེད་ཐུབ་པས་དོན་དག་ཆེན་པོ་མེད་ཅེས་ཟེར། ངས། ཁྱོད་ཀྱི་གདོང་མདོག་མི་ལེགས་ཤིང་ཕོ་བ་ན་བའི་རྒྱུ་རྐྱེན་ཡང་མི་གསལ་བས་སྨན་ཁང་ཆེན་པོར་བརྟག་དཔྱད་བྱེད་དུ་སོང་ན་ལེགས་ཞེས་ཞུས་པར། ཡང་མོས། རང་ཉིད་མི་ལོ་བརྒྱད་ཅུར་སླེབས་ལ་ཉེ་བས་སྨན་ཁང་དུ་སོང་ནས་སྡུག་ལ་སྦྱར་འདོད་མེད་སྨྲས་པར། སྒྲོལ་མས། ཁྱོད་ཀྱི་དོན་དག་ནི་ང་ཚོ་ཚང་མའི་དོན་དག་ཡིན་ཏེ། གལ་ཏེ་ཁྱེད་ཀྱིས་ཉིན་བཞིན་སྡུག་བསྲན་བྱས་ཚེ་ང་ཚོའི་སེམས་ཀྱང་ནམ་ཡང་མི་བདེ་ཞེས་ཚང་མའི་སྐུལ་སློང་ཡང་ཡང་བྱས་པ་ལ་མོ་གཞི་ནས་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་པར་འཐད་པ་བྱུང་།
       ཞིང་ཆེན་གྱི་སྨན་ཁང་ཆེན་མོ་ཞིག་གི་ནང་དུ། ངས་གྱོས་མོ་ཁྲིད་ནས་རྒྱུན་ལྡན་གྱི་བརྟག་དཔྱད་བྱས་པ་དང་། སེམས་སུ་ནད་གཞི་ཆེན་པོ་ཞིག་མེད་པར་རེ། རེད་མོད་ཀྱང་། བརྙན་ཕབ་བརྟག་དཔྱད་ལས་ང་ཚོ་ཧ་ལས་སུ་བཅུག་པ་ནི། མོའི་ཕོ་བའི་ནང་དུ་འབྲས་སྐྲན་ཞིག་འདུག འཕྲོར་རྫས་འགྱུར་བརྟག་དཔྱད་བྱས་པ་བརྒྱུད་གཞི་ནས་འབྲས་སྐྲན་དུས་མཇུག་ཏུ་བསླེབས་འདུག་པ་མངོན། གནས་ཚུལ་དེ་ཤེས་རྗེས་སྒྲོལ་མ་སྐྲག་སོང་། དེ་མུར་ང་ཚོ་ཡང་སྨན་ཁང་གཞན་དུ་སོང་ནས་བརྟག་དཔྱད་བྱས་པའི་མཇུག་འབྲས་ཀྱང་དེ་འདྲ་ཡིན། བལྟས་བལྟས་རིག་རིག་ལ་ནད་གཞི་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་ཡང་ང་ཚོར་སྐྱོབ་ཐབས་གང་ཡང་མེད་ལ། རྒན་མོར་ནད་གཞི་ངོ་མའང་ཤོད་མི་ཕོད། གྱོས་མོས་ཕལ་ཆེར་ང་ཚོའི་བྲེལ་འཚུབ་ཀྱི་རྣམ་འགྱུར་ཁྲོད་ནས་ཅི་ཞིག་རྟོགས་སོང་བ་འདྲ་སྟེ། སླར་ང་ཚོར་སེམས་གསོ་འདི་ལྟར་བྱས། ནད་མི་དྲག་ནའང་མི་སྐྱོན། རང་ཉིད་ཀྱི་ལོ་ཚོད་ཀྱང་མཐོན་པོར་བསླེབས། ཁོ་ཨ་ཕས་ཀྱང་ང་ལ་ཕྱོགས་དེར་ཡུན་རིང་ལ་སྒུག་སོང་བས་ད་འགྲོ་རན་གྱི་དུས་བསླེབས་སོང་ཟེར་ལ། མོས་ད་དུང་སྨྲས་རྒྱུར། མི་ཚེ་འདིར་བུ་བུ་མོ་རྣམས་ཀྱིས་ཁོ་བོར་བསྙེན་བཀུར་ཆེན་པོ་བྱས་བྱུང་། ད་ཡིད་ཚིམ་ཡོད་ཟེར། ང་ཚོས་སྐད་ཆ་དེ་དག་གི་ཁྲོད་དུ་ཁོ་མོའི་འཚོ་བར་ཡིད་ཚིམས་པའི་ཚོར་བ་མྱང་བྱུང་ལ། ཁོ་མོས་འདས་ཟིན་པའི་ཁྱོ་གར་བཅངས་པའི་དྲན་གདུང་ཡང་ཚོར་བྱུང་། འདི་ནི་ཁོ་མོ་ནད་རིགས་དང་འཆི་བ་ལ་དེ་འདྲའི་བག་མི་འཁུམ་པའི་རྒྱུ་རྐྱེན་གཙོ་བོའང་ཡིན།
       ཉིན་ཞིག་ལ། ཟུག་འཇོམས་སྨན་ཁབ་བརྒྱབ་པའི་གྱོས་མོའི་སྙིང་སྟོབས་གློ་བུར་ཞེ་དྲག་ཇེ་བཟང་དུ་སོང་བ་འདྲ། ཁོ་མོས་ང་དང་སྒྲོལ་མ་གཉིས་ཉེ་འགྲམ་དུ་བོས་ཡོང་། མོས་གཟབ་ནན་གྱི་ཐུགས་ཁུར་ཆེན་པོས། ཚེ་འདིར་ཁྱོད་གཉིས་ཀྱི་ཕྱོགས་གང་ཐད་ནས་ཧ་ཅང་བཟང་མོད། ཡིན་ནའང་། བྱིས་པ་གཅིག་པུ་ཁེར་རྐྱང་རེད་ཟེར། ངས། འདི་ཡང་ལས་དབང་རེད། དེ་ཡང་བྱིས་པ་མེད་པའི་མི་དང་བསྡུར་ན་ང་ཚོ་ཡིད་ཚིམ་ཡོད་ཅེས་ལན་བཏབ་པ་ལ། སྒྲོལ་མས། ངར་བུ་མོ་ཞིག་སྐྱེས་འདོད་ཀྱང་སྐྱེས་མི་ཐུབ་པས་ཐབས་ཤེས་ཅི་ཡོད་ཅེས་ཞུས། གྱོས་མོས། དོན་དག་འདི་ངས་ཁྱོད་ཀྱི་སྲིང་མོ་དང་གྲོས་བསྡུར་བྱས་མྱོང་། ཁོ་མོར་བུ་མོ་ཞིག་ཡོད་དེ། བུ་ཞིག་ལ་རེ་བ་བྱེད་ཀྱིན་ཡོད། ད་ལྟ་ཡང་མངལ་སྦྲུམ་ཡོད་པས། གལ་ཏེ་བུ་མོ་ཞིག་ཡིན་ན་ཁྱོད་ཚོར་བྱིན་ན་དགོས་སམ། ཁྱོད་ཚོ་འཐད་པ་ཡིན་ནམ་ཞེས་པར། ང་དང་སྒྲོལ་མ་དགའ་ནས་སྐད་ཆའང་བཤད་མི་ཐུབ་པར་གྱུར།
       གྱོས་མོའི་ནད་ཇེ་ལྕི་ནས་ཇེ་ལྕི་རེད། སྨན་པས་ང་ཚོར་རྗེས་ཀྱི་བྱ་བར་གྲ་སྒྲིག་བྱེད་དུ་བཅུག ང་དང་སྒྲོལ་མ་གཉིས་གྱོས་མོ་དང་འགྲོགས་ནས་ཉིན་འགའ་འགོར་རྗེས་གྱོས་མོ་གཞི་ནས་མི་ཡུལ་དང་ཁ་བྲལ།
༡༢
       ཚེ་ལོ་གྲ་སྒྲིག་ཏང་ཡོན་དུ་གྱུར་རྗེས་ཡོས་ལན་གྱིས་ཁོ་ལ་མགྲོན་བྱེད་དགོས་ཚུལ་སྨྲས། ཚེ་ལོས། ཁྱོད་དཔོན་གནས་རིམ་པ་གཅིག་འཕར་བས་ཁྱོད་ཀྱིས་ད་གཟོད་མགྲོན་བྱས་ན་འགྲིག་ཅེས་བཤད། མཇུག་མཐར་ཁོ་གཉིས་ཀྱིས་ཁོམ་པ་ཡོད་སྐབས་ཤིག་ལ་ཕན་ཚུན་ལ་མགྲོན་བྱ་རྒྱུའི་ཐག་བཅད།
       གཟའ་སྤེན་པའི་ཕྱི་དྲོར། ཚེ་ལོ་དང་ཡོས་ལན་གཉིས་ཤང་སྲིད་གཞུང་གི་སྒོ་འགྲམ་གྱི་ཟ་ཁང་ཞིག་ཏུ་ཟ་མ་ཟ་བར་ཕྱིན། ཁོ་གཉིས་ཀྱིས་ལུག་ཤ་སྡེར་མ་གང་དང་ཤ་མེད་ཐུག་པ་དཀར་ཡོལ་གཉིས། ད་དུང་དཀར་ཟས་ཚོད་མ་ཅུང་ཙམ་བདམས་རྗེས། ཡོས་ལན་ཕྱི་རོལ་གྱི་ཚོང་ཁང་དུ་སོང་ནས་ཧུའུ་ཀྲུའུ་ནས་ཆང་དམ་བེ་དོ་ཉོས་ཡོང་སྟེ་ཅོག་ཙེའི་སྟེང་དུ་བཞག
       ཚེ་ལོས། ཁྱོད་ཀྱིས་ཆང་དཀར་འདི་འདྲ་མང་པོ་ཉོས་ནས་ཅི་བྱེད། དེ་རིང་ངས་མགྲོན་བྱེད་རྩིས་ཡོད་པས། ངས་བསམ་ན་ཁྱོད་ཀྱིས་ཆང་མི་འཐུང་། ང་མི་གཅིག་པུས་ཀྱང་འཐུང་མི་འདོད། དེ་ལྟར་ཆང་ཡང་མ་ཉོས། དེས་ན་ད་དུང་སུ་ཞིག་ཡོད་པ་ཡིན་ནམ་ཞེས་པར།
       ཡོས་ལན་གྱིས་ཀུ་རེས། བདེན། ངས་དགའ་རོགས་བསྒྲིགས་ཟིན་པས། ཁོ་ཡང་བོས་ཏེ་བསྡད་ན་བསམ་ཟེར།
       ཚེ་ལོས་བདེན་པར་རློམ་ནས། བཟང་གི། ནམ་ཞིག་ལ་བསྒྲིགས་པ་ཡིན། ད་དུང་དེ་འདྲའི་མགྱོགས་པ་ལ་ཨང་། ངས་སྔོན་དུ་ཁྱོད་ལ་རྟེན་འབྲེལ་ཞུ་ཟེར་བར།
       ཡོས་ལན་གྱིས། ངས་ཁྱོད་ཀྱི་མགོ་གཡོགས་པ་ཡིན། འདི་ན་ད་དུང་ངའི་བློར་འབབ་པའི་ཕོ་གཞོན་དེ་མི་འདུག་ཟེར།
       ཚེ་ལོས། ངས་ཁྱོད་ལ་ངོ་སྤྲོད་ཅིག་བྱས་ན་ཅི་འདྲ་རེད་ཅེས་པར།
       ཡོས་ལན་གྱིས། ཤོད་དང་ལྟ་ཟེར།
       ཚེ་ལོས། རྫོང་ཐོག་ཏུ་སངས་རྒྱས་ཟེར་བའི་ཕོ་གསར་ཞིག་ཡོད། དེ་ནི་རྫོང་སློབ་འབྲིང་གི་རོལ་དབྱངས་དགེ་རྒན་ཡིན་ལ«ཧོར་གླིང་གཡུལ་འགྱེད»ཅེས་པའི་ཟློས་གར་ནང་གི་གེ་སར་རྒྱལ་པོའི་འཁྲབ་སྟོན་པ་ཡིན་ཞིང་། མི་རྫིག་པོ་ཞིག་ཡིན་པ་མ་ཟད་ད་དུང་ཁྱོད་དང་ཐུན་མོང་གི་སྐད་ཆ་འདུག་ཅེས་བཤད། ཡོས་ལན་གྱིས་མྱུར་དུ་ལག་པ་གཡུག་བཞིན་བཤད་རྒྱུར། གནས་ལ་མ་སོང་རུང་། མི་འདི་ལྟ་བུ་དང་འགྲོ་འོང་མི་བྱེད་ཟེར། ཚེ་ལོས་རྒྱུ་མཚན་དྲིས་པར། ཡོས་ལན་གྱིས་སྐད་ཡོང་མི་ཡོང་གིས་ལན་ཅི་ཡང་མ་བཏབ། ཚེ་ལོས་ཡོས་ལན་ཧ་ཅང་མི་འཐད་པའི་རྣམ་འགྱུར་མཐོང་བས། ངས་ཀྱང་གཡང་སྐྱིད་ཀྱིས་བཤད་པ་ལས་ཐོས་པ་ཡིན། ང་རང་གིས་ཁོ་མཐོང་མ་མྱོང་། གལ་ཏེ་འབྲེལ་གཏུག་བྱེད་འདོད་ན། ངས་གཡང་སྐྱིད་བར་འདུག་ཏུ་བཞག་ནས་ཁྱེད་གཉིས་བར་ལ་འབྲེལ་ཟམ་ཞིག་བཙུགས་ཏེ་ཕན་ཚུན་ངོ་ཤེས་བྱེད་དུ་བཅུག་ཆོག གལ་ཏེ་དེ་ལ་འཕྲད་མི་འདོད་ན་སྐྱུར་ཞོག ཁྱོད་ལ་དཀའ་ལས་ཅུང་ཙམ་ཡང་བཟོ་མི་འདོད་ཅེས་སྨྲས།
       འདི་ལྟར་ཁ་བརྡ་བྱེད་བཞིན་པའི་སྐབས་སུ། ཟ་མ་ཚང་མ་འཛོམས་སོང་། ཁོ་གཉིས་ཀྱིས་ཟ་ཞོར་དུ་ཁྱོད་ཀྱིས་ཆང་ཕོར་གང་དང་ངས་ཆང་ཕོར་གང་རེ་བྱས་ཏེ་འཐུང་མགོ་བརྩམས།
       ཆང་དམ་བུ་གང་འཐུང་ཚར། ཡོས་ལན་གྱི་གདོང་ལས་དམར་མདངས་མངོན།
       ཚེ་ལོས་ཅུང་དགའ་སྤྲོའི་ངང་། ངས་མི་ཚོགས་འདུ་ས་ནས་བུད་མེད་གཞན་དང་ཆང་ཕོར་གཏུགས་འཐུང་བྱས་མྱོང་མོད། འོན་ཀྱང་མོ་རྐྱང་གཅིག་དང་དེ་ལྟར་ཆང་ཐེངས་གཅིག་ཀྱང་འཐུང་མ་མྱོང་ཟེར།
       ཡོས་ལན་གྱིས། རང་གི་བཟའ་ཟླ་དང་མཉམ་དུ་འཐུང་མ་མྱོང་ངམ་ཞེས་དྲིས་པར།
       ཚེ་ལོས། མ་མྱོང་། མི་མང་འདུ་སར་ཕོར་པ་ཁ་ཤས་གཏུགས་འཐུང་བྱས་མྱོང་ཡོད་པ་ཙམ་ཡིན་ཟེར།
       ཡོས་ལན་གྱིས་ཚོད་བགམ་གྱིས། གོ་ཐོས་ལྟར་ན་ཁྱོད་གཉིས་ནི་མི་འཇོན་ཐང་ཅན་ཆ་གཅིག་རེད་ཟེར་བས། ཁྱོད་གཉིས་ཀྱི་བརྩེ་དུང་ནི་ཟབ་མོ་ཡིན་རྒྱུ་རེད་ཅེས་པར།
       ཚེ་ལོས། ཁོ་མོ་ནི་ཡག་མོ་སྒོ་ཡོད་པ་ཞིག་ཡིན་པ་མ་ཟད། སེམས་བཟང་ཞིག་ཀྱང་ཡིན་པས། ང་ལྷག་བསམ་རྣམ་དག་གིས་ཁོ་མོར་དགའ། མོ་ཡང་ང་ལ་ཧ་ཅང་བཟང་། འོན་ཀྱང་འཚོ་བའི་ཁྲོད་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་བྱུང་རྗེས། ང་ཚོའི་བར་དུ་རིམ་བཞིན་མཐོང་མི་ཐུབ་པའི་གས་སྲུབས་ཤིག་ཕྱེ་བྱུང་བ་འདྲ་ཟེར། 
       ཡོས་ལན་གྱིས་མིག་ཆེར་བགྲད་ནས། དོན་དག་ཅི་ཞིག བཤད་ཆོག་གམ་ཞེས་པར།
       ཚེ་ལོས། རྨ་ཆུའི་འགྲམ་དུ་བྱུང་བའི་གནས་ཚུལ་དེ་གསལ་བཤད་ཐེངས་གཅིག་བྱས།
       འོ། མ་གཞིར་དོན་དེ་རེད་དམ། ངས་བསམ་པར......ཡོས་ལན་གྱིས་དེའི་རྗེས་ཀྱི་སྐད་ཆ་མིད་པར་མིད་སོང་།
       ཚེ་ལོས་ཡོས་ལན་གྱིས་སྐད་ཆ་ཟ་རི་ཟི་རི་བྱེད་པའི་རྒྱུ་རྐྱེན་གསལ་པོ་མ་ཤེས་ལ་རྩད་འདྲི་ཡང་མི་བྱེད་པར་ཡོས་ལན་གྱི་ཕོར་བའི་ནང་ཇ་ཁ་སྣོན་བྱས། ཡོས་ལན་གྱིས་ཇ་ཧུབ་གང་འཐུང་རྗེས། ཁྱོད་ཀྱིས་སྐྱེས་པ་དེས་བུད་མེད་དེ་ཆུ་ནང་དུ་ཕུད་བརྒྱག་བྱས་པ་ཐག་ཆོད་ཐུབ་བམ་ཟེར།
       ཚེ་ལོས་ཇ་དེམ་བཞག་ནས། ངས་ཀྱང་གཏན་འཁེལ་བྱེད་མི་ཐུབ། རྒྱུ་མཚན་ནི། སྐབས་དེར་ངའི་དྲན་པ་ནི་གཉིད་མ་སད་ཀྱི་རྣམ་པར་གནས་ཡོད་ཟེར།
       ཡོས་ལན་གྱིས། དེས་ན་ཁྱོད་ཀྱིས་རྗེས་ཕྱོགས་དོན་དེ་མི་དྲན་པར་བྱས་ན་དོན་དག་མེད་ཤོང་བ་མ་ཡིན་ནམ་ཞེས་པར།
       ཚེ་ལོས། དྲན་མི་དྲན་དེ་རང་ཉིད་ལ་དབང་བ་ཞིག་མ་རེད། ཇི་ལྟར་དོན་དེ་བརྗེད་པར་བྱེད་དུས་དེ་ལྟར་དོན་དེ་ཡིད་ལ་དྲན་ཡོང་ཟེར།
       ཡོས་ལན་གྱིས་ཧ་དེ་འདྲ་མ་གོ་བར། དྲན་ན་དྲན་དུ་ཆུག དྲན་མི་ཉན་པའང་ཅི་ཡོད་ཟེར།
       ཚེ་ལོས། དོན་འདིའི་རིགས་ཀྱིས་དུས་ཚོད་འགོར་ཚེ་ཀླད་པར་ཕོག་ཐུག་ཐེབས་ངེས་ཏེ། རྨི་ལམ་དུ་རྒྱུན་དུ“མི་བསད་པ་རེད”ཅེས་པའི་གཉིད་གཏམ་ངན་པ་སྨྲ་སྲིད་ཟེར།
       ཡོས་ལན་གྱིས། ཨོ། དེ་ནི་འཇིགས་སུ་རུང་བ་ཞིག་མིན་ན་ཡུམ་ཟེར།
       ཚེ་ལོས། ཡིན་ཏེ། གཡང་སྐྱིད་སྐྲག་པའི་ཕྱིར་དུས་ཡུན་རིང་བོ་ཞིག་ལ་ང་དང་མཉམ་དུ་ཉལ་མ་མྱོང་ཟེར།
       ཡོས་ལན་གྱིས། རྗེས་སུ་ཇི་ལྟར་བྱས་སོང་ཞེས་དྲིས།
       ཚེ་ལོས། ངས་རང་གི་བློ་ཁ་དཀྱོགས་ཕྱིར་དང་། དྲུང་ཡིག་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་ཆེད་ཉིན་ལྟར་དགོང་མོ་རྩོམ་ཡིག་འབྲི་རྒྱུ་མཐའ་འཁྱོངས་བྱས་ཤིང་ངལ་དུབ་ཀྱིས་མནར་བའི་སྐབས་སུ་ད་གཟོད་གཉིད་དུ་འགྲོ་བཞིན་ཡོད། དེ་ལྟར་བྱས་ན་རྨི་ལམ་དུ་དོན་ཚན་དང་དོན་ཚན་གྱི་རྗོད་པས་ཁེངས་ཏེ་འཇིགས་རུང་གི་རྨི་ལམ་ཇེ་ཉུང་རེད་ཟེར།
       ཡོས་ལན་གྱིས། དེས་ན་དོན་དེ་ལེགས་བསྒྲིགས་བྱས་པ་གསལ་བཤད་བྱས་པ་མིན་ནམ། ཁྱེད་གཉིས་དབར་གྱི་འབྲེལ་བ་ཡང་ཇེ་ལེགས་སུ་སོང་ཡོད་སྲིད་ཟེར།
       ཚེ་ལོས། ཇེ་ཡག་ཏུ་སོང་མོད་ཀྱང་། ཡང་མོས་རྒྱུན་དུ་དོན་འདིར་འཐམས་ཏེ་ང་ལས་གནད་དོན་འཚོལ་སྲིད་ལ། ད་དུང་ང་མཚན་རེར་མ་གཉིད་སྔོན་རྩོམ་ཡིག་འབྲི་བའི་རྣམ་པ་དེར་མི་དགའ་ཟེར།
       ཡོས་ལན་གྱིས། དེ་མི་བཟང་རྒྱུ་ཅི་ཡོད། གཅིག་ནས་རིག་གནས་སྦྱངས་ཟིན་ལ་གཉིས་ནས་གཉིད་གཏམ་ཡང་མི་བཤད་པ་མ་རེད་དམ་ཟེར།
       ཚེ་ལོས། རེད་མོད་ཀྱང་མོའི་ལྟ་ཚུལ་ཡིན་ན། བུད་མེད་ཚོས་ཁྱིམ་ཚང་གི་མཐའ་བསྐོར་ནས་སྐོར་བ་བརྒྱག་དགོས་པ་དང་། སྐྱེས་པ་ཚོས་འཛམ་གླིང་གི་བཐའ་བསྐོར་ནས་སྐོར་བ་བརྒྱག་དགོས་ཏེ། རྒྱུན་ལྡན་གྱི་སྐྱེས་པ་ཞིག་ཡིན་ན་ཕྱི་རོལ་དུ་སོང་ནས་གྲོགས་པོ་མང་བོ་སྒྲིག་དགོས་པ་དང་། བྱ་གཞག་འཆར་འགོད་བྱེད་དགོས་པ་ལས། དུས་ཚོད་ཙམ་ཡོད་མ་ཐག་ཁྱིམ་དུ་འཛུལ་ཏེ་ཡང་ཡང་བྲིས་ཚེ། རྟུལ་ཞུགས་འཛིན་པའི་དགེ་འདུན་པ་ཞིག་དང་འདྲ་ལ། ཐོག་ཁང་ནང་གི་གཙགས་དྲུབ་ལ་འཐམས་པའི་བུད་མེད་ཞིག་དང་ཡང་འདྲ་ཞེས་བཤད་སྲིད་ཟེར།
       ཡོས་ལན་གྱིས། ཁོ་མོས་ཁྱོད་ལ་ཤ་ཚ་བཞིན་ཡོད། ཁྱོད་ཀྱིས་མོའི་ལྟ་བ་དང་ལེན་བྱེད་དགོས་ཞེས་པར།
       ཚེ་ལོས། དེ་ངས་ཀྱང་ཤེས། འོན་ཀྱང་ངས་འདི་ལྟར་མ་བྱས་ན་ང་སྔར་གྱི་ཚད་དུ་ཕྱིར་ལོག་འགྲོ་ཟེར།
       ཡོས་ལན་གྱིས་ཡང་གཡང་སྐྱིད་ཀྱི་སློབ་གཉེར་བརྒྱུད་རིམ་དྲིས། ཚེ་ལོས། སློབ་གཉེར་བརྒྱུད་རིམ་ཡག་པོ་མེད་ཅེས་བཤད། ཡོས་ལན་ཡིད་མི་ཆེས་པར། སློབ་གཉེར་བརྒྱུད་རིམ་ལེགས་པོ་ཞིག་མེད་ན་བྱ་བ་འདི་འདྲའི་བཟང་བོར་ཅི་ལྟར་ཞུགས་པ་ཡིན་ནམ་ཞེས་དྲིས་པར། ཚེ་ལོས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་ཐེངས་གཅིག་མི་བྱེད་རང་བྱེད་དུ་གྱུར།
       གཡང་སྐྱིད་སྐྱེས་སའི་གྲོང་ཚོ་ནི་བོད་རིགས་མི་འབོར་གྱིས་མང་ཤོས་བཟུང་ཡོད་པའི་གྲོང་ཚོ་ཞིག་ཡིན་པ་དང་མི་ཚང་མས་བོད་སྐད་ཤོད་ཤེས་ཀྱི་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་ཁྱད་ཆོས་དེར་རྒྱབ་སྐྱོར་བྱ་ཆེད་བོད་ཡིག་དགེ་རྒན་ཞིག་བཀོད་སྒྲིག་བྱས་ནས་སློབ་གྲྭར་བོད་རྒྱ་ཡིག་རིགས་གཉིས་ཀྱི་བསླབ་ཚན་བཀོད་སྒྲིག་བྱས་པ་རེད། གཡང་སྐྱིད་སློབ་འབྲིང་ལས་མཐར་ཕྱིན་རྗེས་མཐོ་འབྲིང་དུ་ཞུགས་དགོས་མོད། འོན་ཀྱང་སློབ་གྲྭ་དེ་ཁོང་གི་ཁྱིམ་དང་བར་ཐག་ཧ་ཅང་རིང་བ་མ་ཟད། བོད་ཡིག་བསླབ་ཚན་ཡང་མེད་པས་མོས་སློབ་མཚམས་བཞག་པ་རེད། མོའི་ཨ་ཁུ་ནི་སྔོན་ཆད་རྨ་ལྷོ་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་ཡིན་པ་དང་། དེ་དུས་གསར་བརྗེའི་ངོ་ལོག་པར་ངོས་བཟུང་ནས་བཙོན་ཁང་དུ་བསྡད། རྗེས་སུ་སྲིད་ཇུས་ལ་འགྱུར་བ་བྱུང་ནས་དཀར་འདོན་བྱས་ཤིང་། རྩ་འཛུགས་ཀྱིས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ལྷག་བསམ་མཚོན་ཆེད་ཁོ་ལ་རེ་བ་ཅི་ཞིག་ཡོད་ཅེས་དྲིས། ལོ་ན་བགྲེས་པའི་ཨ་ཁུར་བུ་དང་བུ་མོ་མེད་ཅིང་། ནུ་བོའི་ཁྱིམ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ལ། ཁྱིམ་གྱི་ཚ་མོར་རིག་གནས་ཅུང་ཙམ་ཡོད་ཀྱང་བྱ་བ་མེད་པས། ཚ་མོར་བྱ་བ་ཞིག་བཀོད་སྒྲིག་བྱེད་པའི་རེ་བ་བཏོན། རྩ་འཛུགས་ཀྱིས་རྒན་པོར་བུ་དང་བུ་མོ་མེད་པའི་དོན་དངོས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་རྗེས། གཡང་སྐྱིད་ལ་ཡོན་ཚད་ཆེན་པོ་མེད་ཀྱང་རྒྱ་བོད་ཡིག་རིགས་གཉིས་ཤེས་པའི་དམིགས་བསལ་རང་བཞིན་གྱིས་མོ་རྒྱལ་ཁབ་ཀྱི་ལས་བྱར་མི་སྣར་བླངས་ཟེར།
       ཤེས་མེད་ཚོར་མེད་དུ་ཆང་དཀར་དམ་བེ་དོ་འཐུང་ཚར་ལ་ཉེ། ས་ཡང་རུབ་སོང་། ཡོས་ལན་ཧ་ཅང་བཟི་ཞིང་ནན་གྱིས་ཐུག་པ་དཀར་ཡོལ་གང་འཐུང་རྗེས་ཚེ་ལོས་མོ་ཉལ་ཁང་དུ་སྐྱེལ་དགོས་བྱུང་། ཚེ་ལོས་སྒོ་ཁར་སྐྱེལ་རྗེས་ནང་དུ་འགྲོ་མི་འདོད་མོད། ཡང་ཡོས་ལན་ཆང་གིས་བཟི་དྲག་པས་དོན་དག་འདྲ་ཨེ་བྱུང་སྙམ་པས་ནང་དུ་སོང་། ཁོས་ཡོས་ལན་གྱི་ཉལ་ཐུལ་ཞིག་ནས་བཀབ་པ་དང་ཡང་ཆུ་ཁོལ་ཕོར་བ་གང་བླུགས་ཏེ་ཅོག་ཙེ་སྟེང་བཞག་རྗེས་ཡོས་ལན་མལ་ཁྲིའི་སྟེང་བསྙལ། ཡོས་ལན་གྱོན་གོས་དང་མཉམ་དུ་མལ་ཁྲིར་ཉལ། ཚེ་ལོས་ཡོས་ལན་གྱི་ཉལ་སྟངས་ལ་ཡུད་ཙམ་གྱེར་རྗེས་ཕྱི་རུ་འགྲོ་མགོ་བརྩམས་པ་ན། ཕྱི་རོལ་དུ་གློ་བུར་གྲགས་འགུལ་ཡོད་པ་ཐོས་ནས་ཡང་ཡོས་ལན་གྱི་མལ་ཁྲིའི་འགྲམ་དུ་ཙོག
       ཡོས་ལན་གྱིས། ཁྱོད་འགྲོ་མི་འདོད་དམ་ཟེར།
       ཚེ་ལོས། ཕྱི་ན་མི་ཡོད་པས། ང་གཡོལ་ཐབས་ཙམ་བྱས་ན་བཟང་། དེ་མིན་གཞན་གྱིས་མཐོང་ཚེ་སྐད་ཆ་གང་བྱུང་བཤད་སྲིད་ཟེར།
       ཡོས་ལན་གྱིས། ཁྱོད་ཀྱིས་ད་དུང་ང་ལ་སེམས་འཁུར་བྱེད་པ་མིན་ནམ་ཟེར་བར།
       ཚེ་ལོས་སླར་ལན་མ་སློག
       ཡོས་ལན་ཨུ་ཚུགས་ཀྱིས་ཡར་ཙོག་ནས་ཚེ་ལོ་ལ། ཚུར་ཤོག་དང་། ངེད་གཉིས་ཀྱིས་འོ་ཞིག་བྱེད་རེ། དོ་དགོང་ཆང་གི་རྒྱུ་རྐྱེན་ཡིན་པ་གང་ཞིག ངའི་སེམས་ཧ་ཅང་མི་སྐྱིད་ཟེར།
       ཚེ་ལོས་ཁ་མོའི་ཁར་ཕྱོགས་ཏེ་ཕན་ཚུན་ཕྲད་ཙམ་གྱི་དུས་སུ། ཡོས་ལན་གྱིས་ཡང་གློ་བུར་ཁོར་ཕུད་བརྒྱག་ཅིག་བྱས་ཤིང་། ཁ་ནས་ཤབ་ཤུབ་ཀྱིས་བཤད་རྒྱུར། ཁྱོད་ནི་ཆུང་མ་ཡོད་པའི་སྐྱེས་པ་ཞིག་རེད། ཁྱོད་གཉིས་གང་ལྟར་ཡང་ཁྱོ་ཤུག་རེད་ཟེར་བར། ཚེ་ལོ་ཡང་གློ་བུར་དུ་འདོད་རྨོངས་ལས་སད་དེ། རེད། ང་ནི་ཆུང་མ་ཡོད་པའི་མི་ཡིན་པས་ང་ཚོས་འདི་ལྟར་བྱེད་མི་རུང་ཟེར་ཞོར་དུ་ཡར་ལངས་ཏེ་ཡོས་ལན་གྱི་ཉལ་ཁང་དང་བྲལ།
       ཚེ་ལོ་ནི་མཚན་མོ་འཇམ་ཐིང་ཐིང་གི་དུས་སུ་ཡོས་ལན་དང་ཁ་བྲལ་བ་ཡིན་མོད། འོན་ཀྱང་མི་ཚོས་དོན་དེ་སྔར་བཞིན་ཤེས་སོང་བ་རེད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།