༄༅། །ལོ་ཙཱའི་ཉེན་ཁ།
རྩོམ་པ་པོ།:ཅི་ཤན་ལིན།
ཡོང་ཁུངས།:དཔལ་མགོན་རྫོང་བོད་སྐད་རྩོམ་སྒྱུར་ཅུད།
དུས་ཚོད།:2023-10-03
ཀློག་གྲངས།:
༄༅། །ལོ་ཙཱའི་ཉེན་ཁ།
ཅི་ཤན་ལིན་གྱིས་བརྩམས།
དོན་གྲུབ་རྒྱལ་གྱིས་བསྒྱུར།
ཅི་ཤན་ལིན་གྱིས་བརྩམས།
དོན་གྲུབ་རྒྱལ་གྱིས་བསྒྱུར།
ཁ་བྱང་འདི་ནི་མཐོང་བ་ཙམ་གྱིས་ཡིད་ལ་ཚོར་བ་མི་བདེ་བ་སྐྱེས་མོད་ངས་ནི་དངོས་ཡོད་གནས་ཚུལ་གླེང་བ་ལས་གཞན་ལ་ཁ་གསག་བྱེད་འདོད་མེད།
ཀྲུང་གོ་ནི་འཛམ་གླིང་ཐོག་ལོ་ཙཱའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ལ་ལོ་རྒྱུས་རིང་བ་མ་ཟད་གྲངས་འབོར་མང་བས་རྒྱལ་ཁབ་གཞན་དག་སུས་ཀྱང་སྒྲུན་མི་ནུས། འདི་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་དངོས་ཡོད་གནས་ཚུལ་ཡིན་པས་བསྐྱར་ཟློས་དང་ར་སྤྲོད་བྱེད་པའི་དགོས་པ་མ་མཆིས།
ཆིང་གི་དུས་མཇུག་ནས་བཟུང་ལྔ་བཞི་དང་། བཅིངས་འགྲོལ་ཚུན་ཆད་ནས་ད་ལྟའི་བར་དུ་ཀྲུང་གོའི་ལོ་ཙཱའི་ཕྱག་ལས་པ་ཚོས་དཔེ་དེབ་བགྲང་གིས་མི་ཟིན་པ་བསྒྱུར་ཅིང་། རྩིས་དངོས་རྫས་གསུམ་དང་། ཁྲིམས་ལུགས། ཞིང་ལས། བཟོ་ལས། གསོ་རིག་སོགས་རིག་ཚན་སྣ་ཚོགས་མ་འདུས་པ་མེད། ལོ་ཙཱའི་བགྱི་བ་འདི་དག་གིས་ཀྲུང་གོའི་རིག་གནས་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་དང་འབངས་ཡོངས་ཀྱི་གོ་རྟོགས་སད་པར་ནུས་པ་བརྗོད་མི་ཤེས་པ་ཐོན། གལ་སྲིད་ལོ་ཙཱའི་ལས་ཀྱི་བགྱི་བ་འདི་དག་དང་དུ་བླངས་མེད་ཚེ་ད་ལྟ་ང་ཚོའི་རིག་གནས་སློབ་གསོ་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་སོགས་ནི་ཇི་འདྲ་ཞིག་ཏུ་གྱུར་ཡོད་པ་བསམ་མི་ཕོད་པ་ཞིག་རེད།
ལོ་ཙཱའི་གནད་དོན་གྱི་ཐད་ནས་ངས་ཀྱང་གནང་དེང་གི་དེབ་ཁ་ཤས་བཀླགས་མྱོང་། ལོ་ཙཱའི་གཞུང་ལུགས་ཀྱི་ཕྱོགས་ལའང་མོས་པ་ཆེན་པོ་སྐྱེས། ཀྲུང་གོའི་གནའ་རབས་ལོ་ཙཱའི་གཞུང་ལུགས་ལ་ནང་དོན་ཕུན་སུམ་ཚོགས་པ་ཡོད་ཅིང་རིགས་ཧ་ཅང་མང་། ཉེ་རབས་དང་དེང་རབས་ཀྱི་ཆར་ནུབ་ཕྱོགས་ཀྱི་གཞུང་མང་པོ་དར་ཅིང་རྒྱས་པ་རེད། དེ་དག་ལས་གཞུང་ལུགས་ཁ་ཅིག་ཏུ་དབྱེ་ཞིབ་བྱས་པ་ཞིབ་ཅིང་ཕྲ་བས་ནང་དོན་ཤིན་ཏུ་གཏིང་ཟབ་པ་ལྟ་བུར་སྣང་མོད། བློ་རྣལ་དུ་ཕབ་སྟེ་བསམ་ན་དེ་དག་ནི་མེ་ཏོག་གི་ཕྲ་ཚོམ་བཏབ་པ་ལྟ་བུ་ཡིན་པས་དངོས་ཡོད་ལག་ལེན་ལ་ཕན་ཐོགས་ཆེར་མེད་པ་འདྲ། འདིའི་ཕྱོགས་ནས་བདག་ནི་རྙིང་ཞེན་གྱི་ལྟ་བ་འཛིན་མཁན་ཞིག་ཡིན། ངས་བསམ་ན་ཡན་ཡུ་ལིན་གྱི་སྐད་ཆ། ལོ་ཙཱའི་དཀའ་བ་རྣམ་གསུམ་ནི་བསྟུན་བདེ་སྙན་གསུམ་ཡིན་ཞེས་པ་དེར་ཡིད་ཆེས་བྱེད་ཆོག གནས་ལུགས་ཤིན་ཏུ་ཁ་གསལ་ཏེ་འདི་གསུམ་ལས་གཅིག་ཆད་ན་མི་རུང་ལ་གཅིག་གིས་མང་ནའང་དགོས་པ་ཆེར་མེད་པ་འདྲ། ཆ་རྐྱེན་འདི་ཀ་གསུམ་ཚང་ན་ལོ་ཙཱའི་ལས་ཡོངས་སུ་འགྲུབ་པ་ཡིན།
རང་གི་འདོད་ཚུལ་ལྟར་ན་ཆ་རྐྱེན་འདི་གསུམ་ལས་དང་པོ་བསྟུན་ཞེས་པ་རྨང་གཞི་དང་རྩ་བ་ཡིན། ཆ་རྐྱེན་འདི་མ་ཚང་ཚེ་ལོ་ཙཱ་ཞེས་གླེང་སའི་གཞི་མེད། ངས་ལོ་ཙཱའི་གནད་དོན་གླེང་བ་དང་དཔྱད་བརྗོད་བྱེད་སྐབས་ཐོག་མར་མ་ཡིག་ལ་བསྟུན་ཡོད་མེད་བལྟས་པ་ཡིན། གལ་སྲིད་འདི་ཙམ་ཡང་ལེགས་པར་འཁྱོངས་མེད་ཚེ་དེ་ནི་ལོ་ཙཱ་མ་ཡིན། བདེ་དང་སྙན་སོགས་ཀྱང་རྩ་བ་བོར་བའི་ཡལ་ག་ལྟ་བུ་ཡིན་པས་ཤིང་སྡོང་སྐམ་པོར་ཅོད་པན་བཏགས་པ་དང་མཚུངས། ཡན་ཧྥུས་ཚད་གཞི་འདི་གསུམ་གཏན་ཁེལ་བྱས་རྗེས་ཁོ་རང་ཉིད་ཀྱིས་ཀྱང་དེ་དག་ལེགས་པར་བརྩི་སྲུང་བྱས་པ་རེད།
ངའི་རྩོམ་ཐུང་འདིའི་ཁ་བྱང་ལ་ལོ་ཙཱའི་ཉེན་ཁ་ཞེས་བཏགས་པ་ཡིན། ཉེན་ཁ་འདི་ནི་གོང་གི་ཆ་རྐྱེན་གསུམ་ལས་དང་པོ་བསྟུན་ཞེས་པར་བརྩི་སྲུང་མ་ཐུབ་པས་བྱུང་བ་རེད།
ཉེ་བའི་ལོ་འདི་དག་རིང་ལ་བདག་གིས་ལོ་ཙཱའི་སུག་ལས་མ་བགྱིས་མོད་དུས་དེབ་དང་དཔེ་ཚོགས་མང་བོ་རྩོམ་སྒྲིག་བྱེད་སྐབས་འགྱུར་ཡིག་ཁ་ཤས་ལག་ལེན་བྱེད་དགོས་བྱུང་། ན་ནིང་གྲོགས་ཤིག་གིས་འགྱུར་མ་ཞིག་ངོ་སྦྱོར་བྱས་ཏེ་ངས་རྩོམ་སྒྲིག་བྱས་པའི་དཔེ་ཚོགས་སུ་འཇུག་པར་བསྐུལ། གྲོགས་ཀྱིས་གསུང་བ་ལྟར་ན་ལོ་ཙཱ་བའི་དབྱིན་ཡིག་ཆུ་ཚད་མཐོ་བ་དང་ཐེངས་མང་བོར་དབྱིན་ཡིག་ངག་ཐོག་ལོ་ཙཱའི་ལས་ཀ་བྱས་ཤིང་སྔོན་ཆད་དབྱིན་དེབ་གཉིས་རྒྱ་ཡིག་ཏུ་བསྒྱུར་མྱོང་བར་བཤད། དེ་ལྟ་བུའི་ལོ་ཙཱ་བ་ནི་ཡིད་ཆེས་བྱེད་ཆོག་པ་ཞིག་ཡིན་པ་མ་ཟད་གྲོགས་པོ་ཡང་གནའ་འགྲོགས་ཡིན་ལ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་པའི་མཁས་པའི་ཆོ་ལོ་ཐོབ་མཁན་ཞིག་ཡིན་པས་དེར་ཡང་ཡིད་རྟོན་རུང་བར་འདོད། འགྱུར་ཡིག་དཔེ་སྐྲུན་ཁང་དུ་བསྐུར་ཏེ་པར་གཞི་བསྒྲིག་རན་དུས་གློ་བུར་དུ་ངའི་སེམས་སུ་འགྱུར་མའི་དེབ་དེར་ལྟ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་པས་ལོ་ཙཱ་བར་མ་ཡིག་བསླངས་ཏེ་ཞིབ་དུ་བསྡུར་ཙ་ན་གནད་དོན་མང་བོ་མཐོང་བྱུང་། རང་གིས་གསལ་ཐག་མི་ཆོད་པས་སློབ་དཔོན་ཆེན་མོ་ཀྲུའུ་དབྱི་ལེང་ལ་ཞིབ་བསྡུར་བྱེད་པའི་ལས་བཅོལ་བས་དགེ་རྒན་ཁོང་དང་ངེད་ཀྱི་བསམ་ཚུལ་ཡོངས་སུ་མཐུན། འགྱུར་ཡིག་ལ་གནད་དོན་མང་བས་དཔར་སྐྲུན་གྱི་ལས་སུ་གཞག་མི་རུང་། ངས་ནི་ལོ་ཙཱ་བ་དེའི་དབྱིན་ཡིག་ཆུ་ཚད་ལ་ཡིད་ཆེས་མོད་ངག་ཐོག་ལོ་ཙཱ་དང་ཡིག་ཐོག་ལོ་ཙཱ་གཉིས་ཧ་ཅང་མི་འདྲ། ངག་ཐོག་ལོ་ཙཱ་ནི་བརྒྱ་ཆའི་བརྒྱ་ཡོངས་སུ་ཡང་དག་པར་འོང་རྒྱུ་ཤིན་ཏུ་དཀའ་བས་བརྒྱ་ཆའི་བདུན་ཅུ་ནས་བརྒྱད་ཅུ་ཙམ་ལོངས་པས་ཆོག སྔོན་ཆད་ཀྲུང་ཙུང་ལི་དང་ཀོའོ་མའོ་རའོ་རྣམ་གཉིས་ཀྱིས་དེ་ལྟར་གསུངས་མྱོང་བ་དངོས་སུ་ཐོས། འོན་ཀྱང་ཡིག་ཐོག་ལོ་ཙཱ་ལ་བསམ་གཞིག་གི་ཁོམ་ལོང་ཡོད་པས་རེ་བ་དང་ཆ་རྐྱེན་ཧ་ཅང་མཐོ། བརྒྱ་ཆའི་བརྒྱའི་ཚད་གཞི་མི་ལོངས་ཀྱང་དེ་དང་ཕལ་ཆེར་ཐག་ཉེར་ཡོད་དགོས། ངས་བསམ་ན་བདག་གི་བསམ་འཆར་འདི་ནི་ལུགས་དང་མཐུན་པས་ཀུན་གྱིས་མོས་མཐུན་བྱས་ན་འགྲིག
གོང་དུ་བཤད་པའི་ན་གཞོན་ལོ་ཙཱ་བ་འདིས་པར་དུ་བསྐྲུན་ཟིན་པའི་དེབ་གཉིས་ཀྱི་གནས་ཚུལ་ཅི་འདྲ་ཡིན་པ་ངས་མི་ཤེས། ངས་མ་ཡིག་བཀླགས་མ་མྱོང་བས་བྱུང་རྒྱལ་དུ་སྨྲ་མི་ཕོད། འོན་ཀྱང་། རིགས་པས་རྗེས་སུ་དཔག་ན་དེ་དག་ངས་བལྟས་མྱོང་བའི་འགྱུར་ཡིག་དང་ཁྱད་པར་ཆེར་ཡོད་མི་སྲིད། ངའི་ལག་ཏུ་བཞག་པའི་འགྱུར་ཡིག་དེ་ནི་ཆུ་ཚད་ཧ་ཅང་དམའ་བ་དང་། པར་དུ་བསྐྲུན་ཟིན་པའི་དེབ་གཉིས་ནི་ཚད་གཞི་ཤིན་ཏུ་མཐོ་བ་ནི་ཅུང་མི་སྲིད་པས་ང་ཚོས་དེ་ལྟར་གལ་འཛུགས་བྱེད་པའི་དགོས་པའང་མེད།
ང་ཚོས་འདི་ནས་འདས་པའི་ལོ་འགའི་རིང་ལ་བསམ་བློ་ཞིག་བཏང་ན། ཉེ་བའི་མི་ལོ་བཅུ་ཕྲག་ལྷག་གི་རིང་པར་བསྐྲུན་བྱས་པའི་ལོ་ཙཱའི་དེབ་སྣ་ཚོགས་ལ་མནོ་བསམ་ཞིག་བཏང་ཚེ་ངའི་སེམས་སུ་སྡུག་མེད་ཀྱང་མིག་ཆུ་བཞུར་འོང་། འགྱུར་ཆོས་འདི་དག་གི་ཁྲོད་དུ་ཆུ་ཚད་མཐོ་ཞིང་བསྟུན་བདེ་སྙན་གསུམ་གྱི་ཆ་རྐྱེན་ཚང་བའི་འགྱུར་ཡིག་ཧ་ཅང་མང་བ་སྨོས་མ་དགོས་མོད། ཉེས་སྐྱོན་གྱི་ཕུང་བོར་གྱུར་བའི་འགྱུར་ཡིག་ཤིན་ཏུ་མང་བའང་དོན་དངོས་རེད། དེ་དག་ལ་སྡོམ་རྩིས་ཞིབ་མོ་བྱེད་ཐབས་མེད་པས་འགྱུར་ཡིག་སྐྱོན་ཅན་དེ་དག་གིས་སྤྱིའི་ཁ་གྲངས་ལས་བརྒྱ་ཆའི་ག་ཚོད་ཟིན་པ་མི་ཤེས་མོད་ངས་བསམ་ན་འགྱུར་ཡིག་ཚད་ལྡན་ལས་སྐྱོན་ཅན་མང་བར་ངེས།
འགྱུར་གྱི་བཟང་ངན་ཅི་ལྟར་འབྱེད་དགོས་ཞེ་ན། གནད་ཀྱི་དམ་པ་མ་ཡིག་དང་བསྟུན་ཡོད་མེད་ལ་རག་ལས་པ་རེད། ཐོག་མའི་གནད་དོན་དང་རྩ་བའི་ཆ་རྐྱེན་ནི་མ་ཡིག་དང་བསྟུན་རྒྱུ་ཡིན་ལ་དེ་ནས་ཚིག་སྦྱོར་བདེ་ཞིང་ཉམས་ཀྱིས་ཕྱུག་དགོས་པ་རེད། གལ་སྲིད་མ་ཡིག་དང་བསྟུན་མེད་ཚེ་ཉམས་དང་རྒྱན་གྱིས་ཕྱུག་ཀྱང་དོན་སྙིང་དབེན། འགྱུར་ཡིག་ལ་སྤྱིའི་ཆ་ནས་རིགས་གསུམ་དགར་ཆོག་སྟེ། གཅིག་ནི། བསྟུན་བདེ་སྙན་གསུམ་གྱི་ཚད་གཞི་ལོངས་པ་ཡིན་ལ་དེ་ནི་རབ་འབྲིང་ཐ་གསུམ་ལས་རབ་ཡིན། གཉིས་པ་ནི། མ་ཡིག་ལ་བསྟུན་ཡོད་ཀྱང་བདེ་དང་སྙན་གྱིས་མི་འདང་བས་འདི་ནི་འབྲིང་ཡིན། གསུམ་པ། བསྟུན་བདེ་སྙན་གསུམ་གང་ཡང་མེད་པའི་རིགས་ཡིན་ལ་དེ་ནི་འགྱུར་གྱི་ཐ་མ་ཡིན། འགྱུར་ཁ་ཤས་ནི་བདེ་དང་སྙན་གྱིས་ཕྱུག་ཀྱང་བསྟུན་པའི་ཚད་གཞི་མི་ལོངས་པས་འདིའི་རིགས་ནི་ཨུ་ཚུགས་ཀྱིས་རིགས་གཉིས་པའི་ཁོངས་སུ་འདུ་བར་བྱེད་ཆོག ཉེ་ལམ་རྒྱུགས་ཆེ་བའི་འགྱུར་ཡིག་ཁ་ཤས་ཡོད་དེ། ཚིག་སྦྱོར་བདེ་ཞིང་རང་མི་རིགས་ཀྱི་སྐད་ཆའི་ཆོས་ཉིད་དང་ཁྱད་ཆོས་སོགས་མ་ཚང་བ་མེད་མོད་མ་ཡིག་དང་བསྟུན་ཡོད་མེད་ཧ་ཅང་བཤད་དཀའ། ང་ནི་འདི་ལ་དོགས་པ་ཆེན་པོ་ཡོད་དེ། གལ་སྲིད་ངའི་དོགས་པ་འདི་ཉིད་དོན་ལ་གནས་ཚེ་ལོ་ཙཱའི་བྱེད་ཐབས་འདི་རིགས་ལ་ངེས་པར་དུ་དགག་པ་གཏོང་དགོས།
ད་ནི་ངས་གནད་དོན་ཞིག་གླེང་བར་སྤྲོ། ཅིའི་ཕྱིར་ལོ་ཙཱ་བྱེད་སྐབས་མ་ཡིག་དང་མ་བསྟུན་པའི་གནས་ཚུལ་བྱུང་བ་རེད། ངས་བསམ་ན་འདི་ལ་རྩ་བའི་རྒྱུ་རྐྱེན་གཉིས་ཡོད། གཅིག་ནི་ཕྱི་སྐད་ཀྱི་ཆུ་ཚད་ཡིན་ལ་གཉིས་ནི་བསམ་པའི་འཛིན་སྟངས་རེད།
སྔོན་ལ་ཕྱི་སྐད་ཀྱི་ཆུ་ཚད་གླེང་བར་བྱ། ཕྱི་སྐད་སློབ་པ་ལ་ངེས་པར་དུ་ངོས་ཟིན་སྣ་གཉིས་ཡོད་དགོས། གཅིག ཕྱི་སྐད་ནི་ངོ་མཚར་ཞིང་གསང་བ་ལྐོག་གྱུར་ཞིག་ཡིན་པས་ཇི་ལྟར་བསླབས་ཀྱང་འབྲས་བུ་མེད་པས་བརྩོན་པ་གཏང་བར་བྱའོ་འདོད་མི་རུང་། གཉིས། ཕྱི་སྐད་ནི་ཧ་ཅང་ལས་སླ་བས་ཞུགས་མ་ཐག་ནས་བྱང་ཆུབ་པར་འདོད་མི་རུང་། ང་ཚོས་ངེས་པར་དུ་ཕྱི་སྐད་ལེགས་པར་སློབ་ཐུབ་པར་ཡིད་ཆེས་བྱེད་དགོས་ཤིང་དེ་ལའང་རྟག་གུས་བརྩོན་པ་མ་བཏང་པར་རྒྱུན་སྐྱོང་དགོས་པའི་ངེས་ཤེས་འདྲོང་དགོས། ཕྱི་སྐད་སློབ་པ་ནི་ཤེས་བྱའི་གནས་གཞན་དང་ཀུན་ནས་མཚུངས་ཏེ། རང་བཞིན་གྱིས་གྲུབ་ལྷན་སྐྱེས་རིག་པ་དང་སྦྱངས་སྟོབས་ཀྱི་བརྩོན་པ་གཉིས་ལས་གཅིག་ཀྱང་མེད་མི་རུང་། ཕྱི་སྐད་གང་དང་གང་བསླབས་ཀྱང་བཟའ་འཐུང་འགྲོ་འདུག་ཙམ་བཤད་ཤེས་པ་ནི་ཤིན་ཏུ་སླ་མོད་ཡོངས་སུ་བྱང་ཆུབ་པར་བྱེད་པ་ནི་ཧ་ཅང་དཀའ་བའི་གནས་སོ། །ང་རང་གི་ཉམས་མྱོང་ལྟར་ན། ཕྱི་སྐད་སློབ་པར་ཐོག་མ་ཉིད་ནས་དེ་འདྲ་དཀའ་བར་མ་མཐོང་མོད་རིམ་གྱིས་ཇེ་དཀའ་ནས་ཇེ་དཀའ་ཡིན་ལ། ཁ་ཅིག་གིས་མཇུག་མཐར་རྒྱུན་སྐྱོང་མ་ཐུབ་པས་མི་ཚེ་གང་བོར་འགྲོ་ཐབས་འདུག་སྟངས་ཙམ་ལས་མཁས་པའི་གདན་ས་མ་ཐོབ་པ་རེད། ཕྱི་སྐད་གང་དང་གང་བསླབས་ཀྱང་དེ་ལ་མཐར་ཐུག་གི་སྒོ་མོ་ཞིག་ཡོད་ལ་སྒོ་མོ་དེ་ནི་མི་སོ་སོའི་སྐྱེས་སྦྱངས་ཀྱི་རིག་སྟོབས་མི་འདྲ་བས་ཐག་རིང་ཐུང་ཡང་མི་འདྲ། སྒོ་མོ་དེར་འཛུལ་ཐུབ་པ་ནས་བཟུང་སྐད་ཡིག་དེ་ལ་ཁྱོད་ཀྱིས་སྟངས་འཛིན་ཐུབ་པ་རེད། ཁྱོད་ཀྱིས་སྐད་ཡིག་དེ་ཉིད་ཅི་དགར་ལོངས་སུ་སྤྱོད་ཆོག སྐབས་དེར་ཁྱོད་ཀྱིས་སྐད་ཡིག་དེའི་བཙན་ས་བཟུང་བ་ཡིན་ལ་བརྒྱུད་རིམ་འདི་ནི་དཀའ་སྡུག་གི་འབྲས་བུ་འབའ་ཞིག་ཡིན།
གོང་ནས་གླེང་བ་ནི་ཕྱི་སྐད་ཀྱི་ཆུ་ཚད་ཡིན་ལ་ད་ནི་སེམས་ཀྱི་འཛིན་སྟངས་གླེང་བར་བྱ། སེམས་ཀྱི་འཛིན་སྟངས་ནི་སྐྱེས་ཐོབ་ཀྱི་གནད་དོན་ཞིག་མ་ཡིན་པར་དེ་ནི་ངོས་ཟིན་གྱི་གནད་དོན་ཡིན། ཁ་ཅིག་གིས་རང་ཉིད་ལེགས་པར་ངོས་ཟིན་གྱིན་མེད་པས། རང་ཉིད་སྦྲུལ་ཕྲུག་ཅིག་ཡིན་པའི་སྐབས་ནས་བཟུང་ང་རྒྱལ་གྱིས་འབྲུག་ལ་འཁྲུལ་ནས་ཁེངས་པས་མྱོས་ཡོད། མ་གཞི་ནས་ཚིག་མཛོད་ཙམ་ཞིག་བཙལ་བས་ཐག་གཅོད་ཐུབ་ནའང་དེ་ཡང་འཚོལ་བར་དཀའ་སྣང་སྐྱེས་པས་མཇུག་འབྲས་བཟང་བོ་མེད་པ་རེད། སྔོན་སློབ་དཔོན་ཆེན་མོ་ཀྲོའོ་ཅིན་ཧྲིན་གྱིསmilky way(དགུ་ཚིགས)ལ་འོ་མའི་ལམ་ཞེས་བསྒྱུར་བས་ལུའུ་ཞུན་གྱིས་ཟུར་ཟ་དང་འཕྱ་སྨོད་གང་མང་བྱས་པས་ལོ་ཙཱའི་སྡེ་ནས་བཞད་གད་ཀྱི་རྒྱུར་གྱུར། དེང་སྐབས་དེ་ལྟ་བུའི་དཔེ་ཧ་ཅང་མང་བ་མ་ཟད་གྲངས་ཀ་དང་ཉེས་ཚབས་འོ་མའི་ལམ་ཞེས་པ་ལས་ལྡབ་འགྱུར་གྱིས་ཆེ། ལ་ལསMan of the God(ཆོས་དཔོན)ལ་ལྷ་དབང་གི་མི་དང་། ཡང་ཁ་ཅིག་གིས། so far the introduction(གླེང་བརྗོད་འདི་ནས་མཚམས་བཞག)ལ་གླེང་བརྗོད་འདི་ལྟར་ཐག་རིང་ཞེས་བསྒྱུར་བ་མང་། འདི་ལྟ་བུའི་དཔེ་བརྗོད་འདྲེན་རྒྱུ་ཤིན་ཏུ་མང་མོད་འདི་དག་གིས་འཐུས་པར་བྱས་ཤིང་། འདི་དག་ནི་རང་ཉིད་ངོ་མ་ཤེས་པ་དང་སྒྱིད་ལུག་དང་ལེ་ལོའི་དབང་གིས་གཞན་གྱི་འཕྱ་སྨོད་བྱེད་སར་གྱུར་པ་རེད།
ད་དུང་དེ་ལས་ཀྱང་ཚབས་ཆེ་བའི་གནས་ཚུལ་ཞིག་ནི། མ་ཡིག་ལ་གོ་བ་འཐིལ་རྟོགས་པ་ཞིག་མི་ལོན་པ་རང་གི་སེམས་སུ་ཤིན་ཏུ་གསལ་ན་ཡང་གཞན་ལ་བློ་མི་འདྲི་བ་དང་། ཚིག་མཛོད་སོགས་སུ་མི་བཙལ་བར་བྱུང་རྒྱལ་དུ་བསྒྱུར་ཏེ་གཞན་གྱི་མགོ་གཡོག་ཐབས་བྱེད་པ་དང་། ཡང་ན་གོ་བ་མི་ལོན་ས་བསུབ་པ་སོགས་གཞན་གྱིས་མ་ཡིག་དང་བུ་ཡིག་གཉིས་ཀ་གཤིབ་སྡུར་མི་བྱེད་པས་རང་གི་གཡོ་ཁྲམ་རྒྱས་འགེབས་བྱེད་ཐུབ་པར་ཧམ་སེམས་ཡོད་པའི་རིགས་ནི་རིག་ཁྲམ་པའི་ཁོངས་སུ་གཏོགས་པས་དེ་རིགས་ལ་རྒོལ་བ་བྱེད་དགོས།
གོང་དུ་བཤད་པའི་ཕྱི་སྐད་ཀྱི་ཆུ་ཚད་དང་བསམ་པའི་འཛིན་སྟངས་གཉིས་ཀྱི་ཚད་གཞི་ཕྱོགས་གཅིག་ཏུ་དྲིལ་ཏེ་གླེང་ན་ལོ་ཙཱ་ལ་ཚད་རིམ་མི་འདྲ་བ་རབ་འབྲིང་ཐ་གསུམ་ཡོད། ཕྱི་སྐད་ཀྱི་ཆུ་ཚད་མཐོ་ཞིང་བསམ་པའི་འཛིན་སྟངས་ལེགས་པའི་རིགས་ནི་རབ་ཡིན་ལ། ཕྱི་སྐད་ཀྱི་ཆུ་ཚད་མཐོ་ཡང་བསམ་པའི་འཛིན་སྟངས་མི་ལེགས་པ། ཡང་ན་ཕྱི་སྐད་ཀྱི་ཆུ་ཚད་དམའ་ཡང་བསམ་པའི་འཛིན་སྟངས་ལེགས་པའི་རིགས་ནི་འབྲིང་ཡིན། ཕྱི་སྐད་ཀྱི་ཆུ་ཚད་ཞན་པ་མ་ཟད་བསམ་པའི་འཛིན་སྟངས་ཤིན་ཏུ་སྡུག་པའི་རིགས་ནི་ཐ་མ་ཡིན་པ་སྨོས་མ་དགོས། བདག་གིས་འདིར་གླེང་བའི་ལོ་ཙཱའི་ཉེན་ཁ་ནི་ལོ་ཙཱའི་ཚད་རིམ་ཐ་མའི་རིགས་ལས་བྱུང་བ་རེད། ལོ་ཙཱའི་ལས་རིམ་ཁྲོད་ཚད་རིམ་མི་འདྲ་བ་འདི་གསུམ་ལས་གང་ཞིག་མང་བ་བཤད་མི་ཤེས་མོད་ངས་འབྲེལ་འདྲིས་བྱས་མྱོང་བའི་སྣང་ཚུལ་ལ་དཔག་ན་ཐ་མའི་རིགས་ཀྱིས་མང་བོ་ཟིན་ཡོད་པར་ཐེ་ཚོམ་མེད།
ཡང་ཁ་ཅིག་གིས། ལོ་ཙཱར་འགྱུར་སྐྱོན་ཅུང་ཟད་རེ་ཡོད་པ་ནི་གནའ་ནས་ད་ལྟའི་བར་མི་རིགས་གང་ཡིན་ཡང་མི་སྲིད་པ་ཞིག་མིན་པར། ཀྲུང་གོའི་ནང་བསྟན་ལོ་ཙཱའི་ལོ་རྒྱུས་ཐོག་འགྱུར་སྐྱོན་བྱུང་བ་གྲངས་གིས་མི་ཟིན་ལ། འགྱུར་སྐྱོན་ཁ་ཤས་ནི་དགོད་བྲོ་བ་ལྟ་བུ་ཡིན་ཡང་ནང་བསྟན་ཆོས་ལུགས་ཀྱི་དར་སྤེལ་ལ་གནོད་པ་གང་ཡང་མེད་ཅེས་ཟེར་མོད། བཤད་ཚུལ་དེ་ལ་གནས་ལུགས་མེད་པ་མིན་ཡང་དེ་ནི་ལོ་ངོ་མང་བོའི་སྔོན་གྱི་འདས་དོན་ཡིན་པས་དེང་གི་དུས་རབས་གསར་བའི་དུས་སུ་ང་ཚོས་དེ་ལ་བདེན་ཁ་སྟེར་མི་རུང་། དེང་གི་ལོ་ཙཱ་ཐ་མའི་རིགས་ནི་རྒྱུན་སྲོལ་དང་དར་སྲོལ་ཆེ་བའི་རྣམ་པར་གྱུར་ཡོད་པས་མི་མང་བོས་ཉེས་སྐྱོན་འཚོལ་ཞིབ་མི་བྱེད་པ་དང་ལོ་ཙཱ་བྱེད་མཁན་རྣམས་ཀྱིས་རང་མགོ་རང་གིས་གཡོག་བཞིན་ཡོད། སྣང་ཚུལ་འདིའི་རིགས་ནི་ང་ཚོས་མཐོང་བཞིན་དུ་སྣང་མེད་དུ་འཇོག་རིགས་སམ།
དེ་ལ་ངོ་རྒོལ་བྱེད་ཐབས་ནི་ཧ་ཅང་ལས་སླ་བོ་ཡིན་ཏེ། ལོ་ཙཱའི་དཔྱད་བརྗོད་དང་ལྟ་རྟོག་ཇེ་ནན་དུ་བཏང་བས་ཆོག་གོ །
ཐབས་ཤེས་འདི་དག་ང་ཚོས་སྔོན་ཆད་བཀོལ་སྤྱོད་བྱས་མྱོང་བ་རེད། ལོ་རབས་ལྔ་བཅུ་བའི་སྐབས་སུ་པར་བསྐྲུན་བགྱིས་པའི«ལོ་ཙཱའི་བཀའ་རྒྱ»ཞེས་པའི་དུས་དེབ་དུ་ཡིག་སྒྱུར་གྱི་དཔྱད་བརྗོད་རྩོམ་ཡིག་མང་དུ་འདོན་སྲིད། རྩོམ་ཡིག་དེ་རིགས་ཧ་ཅང་རྒྱས་ཤིང་རིང་ལ། མ་ཡིག་དང་བུ་ཡིག་གཉིས་ལྕོགས་སུ་འགོད་དགོས་པ་མ་ཟད་རྩོམ་པ་བོ་རང་གི་བསམ་ཚུལ་ཡང་འདོན་དགོས་པ་དང་། འགྱུར་ཡིག་ལ་དབྱེ་ཞིབ་དང་དཔྱད་པའང་གཏོང་བཞིན་ཡོད། འདི་དག་ནི་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱེད་མཁན་ཁོ་ན་ཡིན་པས་རང་གི་རྩོམ་ཡིག་ལ་གཟབ་ནན་དང་དང་དོད་ཆེན་པོ་བྱེད་བཞིན་ཡོད་པས་སླ་བཅོས་དང་ཚིག་སྟོང་བཤད་པ་ཙམ་མིན། ངས་ཕྱིར་དྲན་ཞིག་བྱས་ན་རྩོམ་ཡིག་དེ་དག་གིས་ནུས་པ་ཆེན་པོ་ཐོན་བཞིན་ཡོད་ལ་ཀློག་པ་བོའི་དགའ་བསུའང་ཚད་མེད་ཐོབ་ཀྱིན་ཡོད། ཡིན་ནའང་ཅི་ཡིན་མི་ཤེས་མོད་རྗེས་སུ་རྩོམ་ཡིག་དེ་རིགས་ཇེ་ཉུང་དུ་ཕྱིན་ཅིང་རྒྱུན་མ་བསྐྱངས་པས་ཕངས་སེམས་ཤིན་ཏུ་ཆེ།
གནའ་ནས་ད་ལྟའི་བར་དུ་ལོ་ཙཱའི་དེབ་ནི་བགྲང་གིས་མི་ཟིན་ལ། ད་སྐབས་རང་རེ་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གཞན་ལ་མིག་དཔེ་དང་ལད་མོ་མི་བྱེད་པ་ནི་མི་སྲིད་པས་ང་ཚོས་གཞན་གྱི་ལེགས་ཆ་ལེན་པར་ལོ་ཙཱ་མཁོ་བ་རེད། བདག་གིས་གོང་ནས་བཤད་པ་བཞིན་འགྱུར་ཡིག་ལེགས་གྲས་མེད་པ་མ་ཡིན་མོད་བཟང་ངན་གཉིས་ཀ་འདྲེས་པས་དབྱེ་བ་འབྱེད་དཀའ་བའི་གནས་སུ་ལྷུང་། ཚགས་པར་དང་དུས་དེབ་དུ་ལོ་ཙཱའི་དཔྱད་བརྗོད་ཁ་ཤས་མཐོང་དུ་ཡོད་མོད་པར་སྐྲུན་བྱས་ཟིན་པའི་འགྱུར་དེབ་ཀྱི་ཁ་གྲངས་དང་བསྡུར་ན་དེ་ནི་ཤིན་ཏུ་ཉམ་ཆུང་། ང་ཚོས་འདི་ལྟར་བཤད་ཆོག་སྟེ། དེང་གི་ལོ་ཙཱར་ལྟ་རྟོག་བྱེད་མཁན་མེད་པ་རེད། རྒྱུ་འབྲས་བརྩི་ཞིང་ཆུ་ཚད་ཡོད་པའི་ལོ་ཙཱ་བ་ཞིག་ཡིན་ན་དེ་ལ་ལྟ་རྟོག་བྱེད་པའི་དགོས་པ་མེད་ལ་ང་ཚོས་གོང་དུ་བཤད་པའི་ལོ་ཙཱ་རབ་འབྲིང་ཐ་གསུམ་ལས་རབ་ཡིན། འོན་ཀྱང་། ལོ་ཙཱ་འབྲིང་དང་ཐ་མའི་རིགས་ལ་ལྟ་རྟོག་བྱེད་མཁན་མེད་མི་རུང་། མེད་མི་རུང་བ་དེ་མེད་སོང་བས་ད་གཟོད་ཉེན་ཁའི་གནས་སུ་འཕྲད་པ་རེད།
ཉེན་ཁ་འདི་སེལ་བར་ཐབས་ཤེས་ཅི་ཞིག་ཡོད་དམ། བདག་གིས་སྔོན་ཆད་དེ་ལ་བསམ་བློ་བཏང་བ་ཤིན་ཏུ་སྟབས་བདེ་ཡིན། ལྟ་རྟོག་ཇེ་བཙན་དང་ཇེ་ནན་བྱས་པས་འཐུས་པར་འདོད། «ཀྲུང་གོའི་ལོ་ཙཱ»ཞེས་པའི་དུས་དེབ་རྩོམ་སྒྲིག་པར་གནད་དོན་འདི་གླེང་མྱོང་ཡོད། ངས་ཁོ་ལ་ལོ་ཙཱའི་དཔྱད་བརྗོད་ཀྱི་རྩོམ་མང་བོ་འགོད་པའི་རེ་བ་ཞུས། ངའི་སེམས་སུ་ཁོས་ངའི་རེ་བ་དང་ལེན་བྱས་ཏེ་ལག་ལེན་དུ་གདབ་པར་སྙམ། ཁོར་མཚོན་ན་འདི་ནི་དཀའ་བའི་ལས་ཤིག་མིན་མོད་ཡིན་ནའང་ངའི་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོ་ལ་བརྗོད་མི་ཐུབ་པའི་གསང་བ་དང་ཡིད་མུག་པའི་སྡུག་མང་བོ་ཡོད་པ་འདྲ། ང་ལ་སྡུག་སྨེ་མང་དུ་བཏོན་ཅིང་དེ་ལས་ཆེས་གཙོ་བོ་ནི་སྐྱོན་བརྗོད་བྱས་པའི་ལོ་ཙཱ་བ་མང་བོ་ཞིག་ནི་རྙོག་དྲ་བཟོ་བར་དགའ་ཞིང་། གཞན་གྱིས་སྐྱོན་བརྗོད་བྱས་ཚེ་རང་སྐྱོན་ལ་བྱ་ར་དང་མནོ་བསམ་མི་གཏོང་བར་དཀར་ནག་གི་དབྱེ་བ་མི་འབྱེད་པར་གཞན་ལ་རྙོག་དྲ་དང་ཟུག་ངུ་སློང་བར་བྱེད། རང་ཉིད་ཀྱིས་བསྒྱུར་ཉེས་བྱས་ཀྱང་རང་སྐྱོན་ངོས་ལེན་མི་བྱེད་པར་གཞན་ལ་འཕྲིན་ཡིག་འབྲི་བ་དང་། ཁ་པར་གཏོང་བ། རྩོམ་ཡིག་འབྲི་བ་སོགས་ཀྱིས་རང་གཞན་ཐམས་ཅད་འུར་ཟིང་ངེར་གཏོང་ངེས། གལ་སྲིད་ལོ་ཙཱ་བ་འདིའི་རིགས་ལ་འཕྲད་ཚེ་རྩོམ་སྒྲིག་པ་སྡུག་བསྔལ་བརྗོད་མི་ཤེས་པར་འཕྲད་པ་རེད།
ད་ནི་ངས་གཞི་ནས་རྟོགས་སོང་། ངས་རྩོམ་སྒྲིག་པ་དེར་བསམ་ཤེས་བྱེད་ཐུབ། དེང་གི་སྤྱི་ཚོགས་ལ་ཞིབ་དུ་བལྟས་ན་སྡེ་ཚན་གཞན་པའི་ནང་དུའང་དེ་ལྟ་བུའི་སྣང་ཚུལ་མང་བོ་ཡོད། ཁ་ཅིག་གིས་རང་ཉིད་ཀྱི་དམངས་གཙོའི་ཁེ་དབང་ཅི་ལྟར་བཀོལ་སྤྱོད་བྱེད་དགོས་པ་ཤེས་ཀྱིན་མེད། དམངས་གཙོ་མེད་ཚེ་ཞེ་སྡང་གིས་ས་གཞི་འགས་པར་བྱེད་ལ་དམངས་གཙོ་ཡོད་ན་དེ་ཉིད་ཅི་ལྟར་བཀོལ་སྤྱོད་བྱེད་རྒྱུའང་བརྗེད་ངས་འཁྱེར་བས། ཡང་དག་པར་དམངས་གཙོའི་ཁེ་དབང་བཀོལ་སྤྱོད་བྱེད་པར་ཆུ་ཚད་ངེས་ཅན་མཁོ་ངེས་རེད། ལ་ལས་བཤད་ན་དམངས་གཙོ་ནི་ཁྲིམས་རྩོད་བྱེད་པ་དང་འདྲ་ཟེར། ཉེ་ལམ་ཚགས་པར་སྟེང་ནས་གནས་ཚུལ་ཞིག་མཐོང་བྱུང་། གློག་བརྙན་ཞིག་ཏུ་དམངས་ཚོགས་ཀྱི་ཡུལ་དངོས་བརྙན་ཕབ་བྱེད་སྐབས་གཞོན་སྐྱེས་ཕོ་མོ་གཉིས་བརྙན་ལ་ཕབ་ཅིང་། རྗེས་སུ་གློག་བརྙན་ཤར་གཏོང་བྱེད་སྐབས་ཕོ་མོ་དེ་གཉིས་ཀྱིས་རང་ཉིད་ཀྱི་གཟུགས་བརྙན་གློག་བརྙན་དུ་ཡོད་པ་མཐོང་བས་ཁོང་ཁྲོ་ལངས་ཤིང་། ཁྲིམས་ཁང་དུ་གཏུག་ནས་རང་གི་འདྲ་པར་བདག་དབང་ལ་རྡོག་རྫིས་བྱས་པས་དངུལ་སྒོར་མང་བོས་སྐྱིན་ཚབ་བྱེད་དགོས་པའི་རེ་བ་བཏོན། ངས་ནི་ཁྲིམས་ལུགས་མི་ཤེས་མོད་འདི་ལྟ་བུའི་དམངས་གཙོ་ནི་ཅུང་ཙམ་ཚད་ལ་བརྒལ་མེད་དམ་སྙམ། དེ་ནས་ཕྱིར་ལོ་ཙཱའི་སྡེར་བསམ་བློ་བཏང་ན་འདི་ལྟ་བུའི་དོན་རྐྱེན་མི་འབྱུང་ངམ་སྙམ་ནས་སེམས་ཁྲལ་ཧ་ཅང་ཆེ།
སྔོན་ཆད་བདག་གིས་ལོ་ཙཱའི་ཉེན་ཁ་སེལ་རྒྱུ་ནི་ཤིན་ཏུ་དཀའ་བའི་ལས་ཤིག་ཏུ་མ་འདོད་མོད་ད་ལྟ་བསམ་ན་དེ་ནི་ལས་སླ་མོ་ཞིག་གཏན་ནས་མ་ཡིན་ནོ། །
འོན་ཀྱང་། ང་རང་ཡིད་ཕམ་གྱིན་མེད་དེ། ངས་ལོ་ཙཱའི་སྡེའི་ལས་གྲོགས་ཡོངས་དང་རྒྱ་ཆེའི་ཀློག་པ་བོ་ཀུན་ལ་འབོད་སྐུལ་ཞུ་བཞིན་ཡོད། ཚང་མས་མཉམ་དུ་གྲོས་ཁ་བཏོན་ཅིང་འདུན་མ་བགྱིས་ཏེ་ལོ་ཙཱའི་ཉེན་ཁ་སེལ་བའི་ཐབས་དང་ལམ་ཞིག་རྙེད་པར་ཡིད་ཆེས་བྱེད་ཀྱིན་ཡོད། ལམ་ནི་གོམ་པ་རེ་རེས་གཏོད་པ་དང་འདྲ་བར་ཐབས་ཀྱང་དེ་བཞིན་ཡུན་གྱིས་རྙེད་ངེས་སོ། །
༢༠༢༡ལོའི་ཟླ་ལྔ་བའི་ཚེས༡༣ཉིན་ལྷ་སར་བསྒྱུར།
འབྲེལ་ཡོད་འོས་སྦྱོར།