སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བདུན་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-07
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
བཅུ་གསུམ་པ།
གྱོས་མོ་སྨན་ཁང་དུ་ཚེ་ལས་འདས་རྗེས། དུར་འཇུག་བྱེད་དགོས་པའི་རྐྱེན་གྱིས་ང་ཚོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མོའི་སྐུ་གདུང་ཕ་ཡུལ་དུ་བསྐྱལ། ཁྱིམ་གྱི་སྒོ་ཁར་བསླེབས་ཚེ། ཡང་སྲོལ་རྒྱུན་གྱི་གོམས་གཤིས་ལྟར་ན་ཕྱི་རོལ་དུ་འདས་པའི་མི་ནི་ཁྱིམ་དུ་བཙུད་མི་རུང་སྟེ། བེམ་པོ་ཕྱི་ནས་ནང་ལ་འཁྱེར་ན་ཁྱིམ་མིར་གནོད་ངེས་བསམ་སྟེ། མི་འགའ་ཞིག་གིས་སྒོའི་ཕྱི་རོལ་དུ་གནས་སྐབས་ཀྱི་མཆོད་ཁང་ཞིག་བསྐྲུན་ནས་མཆོད་འབུལ་བྱ་རྒྱུ་དང་། དུར་སྐར་བསླེབས་རྗེས་དུར་ཁྲོད་དུ་སྐྱེལ་ན་འགྲིག་གི་རེད་ཅེས་གྲོས་འགོ་བཏོན་མོད། འོན་ཀྱང་། མཚན་མོར་ཕྱི་རོལ་དུ་གྲང་ངར་ཧ་ཅང་ཆེ་བས་སྐུ་སྲུང་བར་སྟབས་མི་བདེ་བ་དང་། ཡང་ཅིག་བཤད་ན། བགྲེས་སོང་གིས་མི་ཚེ་གང་བོར་དཀའ་སྤྱད་འབད་བརྩོན་བྱས་ཤིང་། ཚེ་ལས་འདས་རྗེས་གདུང་སྒམ་ཁྱིམ་དུ་ཉིན་གཉིས་གསུམ་ལའང་མ་བཞག་ཚེ། ཚང་མའི་སེམས་སུ་འདས་མོར་ངོ་གནོང་དགོས་པའི་སྣང་བ་སྟེར་ཕྱིར། ཁྱིམ་རྒྱུད་རྣམས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་དེ་བྱེད་ཐབས་ལེགས་པོ་ཞིག་ལག་ལེན་དུ་བསྟར་བ་འདི་ལྟར། སྔོན་ལ་ཁྱིམ་ནས་པུར་སྒམ་སྟོང་བ་བླངས་ནས་འདས་མོའི་བེམ་པོ་ནང་དུ་འཇོག་པ་དང་། དེ་ནས་ཕྱིའི་བེམ་པོ་ཡོད་པའི་པུར་སྒམ་ཐག་པས་བསྡམས་རྗེས་འཐེན་ནས་སྒོ་རའི་གྱང་ཁ་བརྒྱུད་དེ་ནང་རོལ་དུ་ལེན་རྒྱུ་བྱས། དེ་ལྟར་བྱས་ན་འདས་མོ་ཁྱིམ་དུ་འདས་པ་དང་གཅིག་མཚུངས་ཡིན་པས། འཛེམ་བྱ་ཡོད་པའི་བྱ་བ་དེ་དག་ལ་བསམ་བློ་གཏོང་དགོས་མི་འདུག
དེ་ལྟར་རྒན་པོ་གཉིས་ཀྱིས་འདས་མོའི་ཁ་ནང་དུ་ནས་རྡོག་འགའ་འཇོག་པ་སོགས་དོན་འགའ་བསྒྲུབས་རྗེས། སེམས་ཆུང་ངང་ཁང་བའི་དབྱིབས་ཀྱི་པུར་སྒམ་ནང་དད་པའི་ཙོག་སྟངས་སུ་བཞག་ལ། དེ་ནས་ད་གཟོད་ན་གཞོན་འགས་གྱང་སྟེང་བརྒྱུད་ནས་ཁྱིམ་དུ་སྤོས་པ་རེད།
འདས་མོ་ཁྱིམ་དུ་དྲངས་པས། དོན་དག་ཡོད་ཚད་རྒྱུན་ལྡན་ལྟར་མགོ་བརྩམས་པ་རེད། མི་ཁ་ཤས་ཀྱིས་གཉེན་ཉེ་ལ་བརྡ་བརྒྱབ་པ་དང་། ལ་ལས་མགྲོན་པོར་ཟ་མ་གྲ་སྒྲིག་བྱེད་བཞིན་ཡོད། རྣམ་ཤེས་སྲུང་མཁན་བུ་བུ་མོ་ཚང་མས་ཕྱི་ལྭ་རྙིང་བ་གྱོན་པ་དང་། སྒྲོལ་མས་ཀྱང་བོད་ལྭ་རྙིང་པ་ཞིག་གྱོན་པའི་སྟེང་། སྐྲ་མདུད་དཀར་པོར་བརྗེས་ཏེ་གཅུང་མོ་སོགས་དང་མཉམ་དུ་པུར་སྒམ་གྱི་འགྲམ་དུ་པུས་མོ་བཙུགས། ནུ་བོའི་ཆུང་མས་འོད་ལམ་ལམ་འཚེར་བའི་ཟངས་ཀྱི་མཆོད་རྐོང་བཞི་ཡི་ནང་དུ་སྡོང་རྩ་བཙུགས་རྗེས་ནང་དུ་ཀེ་ཚེ་ཡི་གཡིས་བླུགས་པ་དང་། ཁ་བཏོན་འདོན་བཞིན་མཆོད་མེ་གཉིས་མཆོད་ཁང་དུ་སྒྲོན་རྗེས། གཞན་གཉིས་པུར་སྒམ་གྱི་མདུན་དུ་བཤམས་པ་རེད། མཆོད་སྟེགས་སྟེང་ད་དུང་མོག་མོག་དང་འདས་པོ་འཚོ་བཞུགས་སྐབས་བཞེས་འདོད་པའི་ཞིམ་པོའི་ཀུ་ཤུ་དང་། བྱ་གག་ལི། ངང་ལག རྒུན་འབྲུམ་སོགས་ཤིང་ཏོག་ཕུལ་ཡོད། ངའི་ལས་འགན་ནི་རླངས་འཁོར་ཞིག་བཙལ་ཏེ། ས་གནས་དེ་གའི་མིང་གྲགས་ཅན་གྱི་དགོན་པ་ཞིག་ནས་འདོན་བཟང་ཅན་གྱི་གྲྭ་བ་འགའ་གདན་དྲངས་ནས་རིམ་གྲོ་བསྒྲུབ་རྒྱུ་དེ་ཡིན་ལ། ལས་ཀའི་འགོ་འཛིན་པས་ད་དུང་རྒན་རྒོན་འགའ་དང་གཞོན་ནུ་ཁག་གཅིག་ཁྲིད་དེ་དུར་ས་བདམས་ཤིང་ས་འདྲུ་བ་དང་། ཨ་ཞང་ཚང་གི་ནང་མིར་བརྡ་གཏོང་བ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཕྱི་ཉིན་ཞོགས་པར། ངས་ཨ་ཁུ་སྐལ་བཟང་གི་རླངས་འཁོར་གཡར་ནས་དགེ་འདུན་པ་གསུམ་གདན་དྲངས་ཡོང་། སྐབས་དེར་སྒོ་མདུན་དང་ཁྱམས་རར་ཚ་བསུར་དང་བསང་མེའི་དུ་སྤྲིན་འཁྲིགས་བྱུང་ལ། འཚམས་འདྲིར་ཕེབས་པའི་མི་རྣམས་ཀྱིས་རང་ཁྱིམ་ནས་ཁྱེར་ཡོང་བའི་ཚ་བསུར་དེ་སྒོ་མདུན་དང་ཁྱམས་རའི་ནང་གི་དྲི་བསུང་ལྷུག་ལྷུག་འཐུལ་བའི་ཚ་བསུར་སྟེང་གཏུལ། གྲྭ་བ་རྣམས་དུས་ཐུང་རིང་ངལ་གསོས་རྗེས་ཆོས་ལུགས་ཀྱི་ཆོ་གའི་མགོ་བརྩམས། དྲིལ་བུ་གྲགས་པ་དང་བསྟུན་ནས། མི་རྣམས་ཀྱིས་རིམ་བཞིན་འདས་མོའི་མདུན་དུ་ཕྱག་འཚལ་ལ། དེ་ནས་དགེ་འདུན་པར་ཕྱག་འཚལ་ཏེ། སེམས་སུ་དགེ་འདུན་པ་རྣམས་ཀྱིས་འདས་མོའི་རྣམ་ཤེས་དེ་དགའ་ལྡན་གྱི་གནས་སུ་འཕོ་བར་སྨོན་པ་དང་། རང་ཉིད་ལའང་དགེ་རྩ་ཙམ་འཐོབ་པའི་སྨོན་ལམ་སྙིང་ནས་བཏབ།
རྒན་པོ་རྣམས་ཀྱིས་འདས་མོ་ཚེ་ལས་མ་འདས་གོང་གི་ཁ་ཆེམས་ལྟར། བྱེ་བྲག་གི་དུར་ཁང་བྱ་ཡུལ་གཏན་ཁེལ་བྱས་ཡོད། དེ་ནི་འདས་མོའི་འདས་ཟིན་པའི་ཁྱོ་གའི་དུར་ཁང་གི་གཡས་ངོས་སུ་ཡོད། གནས་བབ་དེ་དངོས་གནས་ཡག་པོ་འདུག་སྟེ། མི་འགྱངས་པར་འདས་མོའི་ཁྱོ་གའི་བསམ་འདུན་དང་ཉེ་བར་བཅར་ཐུབ་པ་མ་ཟད། ད་དུང་མདུན་ཕྱོགས་ཀྱི་རྒྱང་རིང་ནི་གཡུ་འབྲུག་ཕང་དུ་འཕྱོ་བ་ལྟ་བུའི་ཆུ་མིག་ཅིག་ཡིན་པས། དེས་ཚེ་དང་རྒྱུ་གཡང་འགུགས་པའི་ས་དཔྱད་བཟང་པོ་མཚོན་གྱི་ཡོད། ནངས་ཇ་འཐུང་རྗེས། ཕོ་རྒོད་འགའ་ཡིས་ལྕགས་ཁེམ་དང་ཟ་མ་སྟབས་བདེ་འགའ་འཁྱེར་ནས་དུར་ཁང་བརྐོ་རུ་སོང་། སྟོན་དུས་ཀྱི་ཉིན་མོ་དྲོད་འཇམ་ལྡན་པས། ཕྱི་རོལ་དུ་ལས་ཀ་བྱེད་པར་ཤིན་ཏུ་འཚམ་པ་མ་ཟད། ད་དུང་དུར་སའི་ས་སོབ་སོབ་ཏུ་གྱུར་ནས་རྐོ་སྐོར་ཐེངས་བཅུ་གྲངས་ཙམ་ལས་མ་སོང་བར་དུར་ཁང་གི་རྣམ་པར་གྲུབ་སོང་། ཁོ་ཚོས་ཟ་ཞོར་འཐུང་ཞོར་ངལ་གསོ་ཅུང་ཙམ་བྱས་རྗེས་ཡང་བསྐྱར་ལས་མགོ་བརྩམས། ལས་ཀ་འགྲུབ་ལ་ཉེ་བའི་སྐབས་སུ་ལོ་རྒན་པ་ཞིག་གིས་ས་ལྕགས་ཁེམ་གང་དུར་དོང་དུ་འཕངས་རྗེས་སྟེང་དུ་ཐང་གཤོལ་ཞིག་བཙུགས་ཤིང་། ད་ཆོག་གི། ད་ཆོག་གི། དེ་རིང་ལས་མཚམས་འདི་ནས་འཇོག་ཅེས་སྨྲས།
ལོ་ན་ཆུང་བའི་གཞོན་ནུ་ཞིག་གིས་ཧ་མ་གོ་བར། ད་མཐའ་མཇུག་གི་ས་ལྕགས་ཁེམ་གང་རེད། དེ་སློག་ཚར་ནས་སོང་ན་མི་ཆོག་གམ་ཞེས་པར།
ལས་ཀའི་བཀོད་འདོམས་པས་སྨྲས་རྒྱུར། ཆོག་ནི་མ་རེད། འདི་ནི་འདས་མིའི་ཁྱིམ་ཚང་ཡིན་པས། ང་ཚོས་དུས་ཚོད་མང་ཙམ་སྤྱད་ན་ད་གཟོད་འདས་མིའི་ཁྱིམ་གཞི་གསར་པར་མཐོང་ཆེན་བྱེད་ཚད་མཚོན་ཐུབ་ཟེར།
ཡང་རོགས་པ་གཞན་ཞིག་གིས་སྐད་ཆ་ཁ་སྣོན་གྱིས། ཆེས་མཇུག་མཐའི་ས་ལྕགས་ཁེམ་གང་བོ་ཡང་འདས་མིའི་བུ་ལ་བཞག་པའི་རྐྱེན་གྱིས། ངེས་པར་ཁོས་ཆེས་མཐའ་མཇུག་གི་ལས་ཀ་འདི་ལེགས་འགྲུབ་བྱ་དགོས་པ་རེད་ཟེར།
ཡང་ན་གཞོན་ལོ་ཆུང་གིས། དེས་ན་ཐོང་གཤོལ་འདིས་ཅི་ཞིག་མཚོན་བཞིན་ཡོད་དམ་ཅེས་དྲིས་པར།
ལས་ཀའི་བཀོད་འདོམས་པས། དེས་ནི་ཚེ་འདས་ཀྱི་དོན་དུ་ས་བཟུང་བ་མཚོན་པ་ཡིན་ཏེ། ད་ལྟ་ནས་བཟུང་སྟེ་ས་གནས་འདི་ནི་འདས་མིའི་གནས་སུ་གྱུར་ཡོད་ཅིང་། ཐོང་གཤོལ་འདི་ཡོད་ན། རྣམ་ཤེས་གཞན་པ་ནང་དུ་འཛུལ་མི་ཕོད་ཟེར།
ཨོ། མ་གཞིར་དེ་འདྲ་ཞིག་ཡིན་ནམ། གཞོན་ནུ་ལོ་ཆུང་ཚོས་ཅི་ཞིག་རྟོགས་པ་ཇི་བཞིན་བློ་ཡིད་ཚིམ་པའི་ངང་ལྕགས་ཁེམ་འཁྱེར་ནས་ཚང་མ་དང་མཉམ་དུ་གྲྭ་པ་རྣམས་ཀྱི་ཆོས་ཉན་པར་ཕྱིན་པ་རེད།
ཉིན་གསུམ་པ་ནི་འདས་མོའི་སྐར་མའི་ཉིན་མོ་ཡིན། སྔ་དྲོ་འདས་མོའི་ཕྱོགས་ཀྱི་ནང་མིས་ཁོང་ལ་གྱེས་ཁའི་ཁ་བརྡ་བྱེད་རྩིས་བྱས། ཁ་བརྡ་བྱེད་སྐབས་གཙོ་བོ་འདས་མོའི་མི་ཚེ་གང་བོ་དང་བུ་ཕྲུག་ཚོས་ཁོང་ལ་བསྙེན་བཀུར་བྱས་ཚུལ་བརྗོད་པ་རེད། ཁ་བརྡ་བྱེད་མཁན་ནི་ངའི་ཨ་ཁུ་ཡིན་ཞིང་། གྱོས་མོ་ནི་ངེད་ཚང་གི་ནང་ནས་གནས་ཡུལ་འགྲིམས་པ་ཡིན་པ་མ་ཟད། གྱོས་མོ་དང་ཨ་ཁུ་གཉིས་ནི་མ་གཅིག་ཕ་གཅིག་གི་གཅེན་མོ་དང་གཅུང་པོ་ཡིན་པས། གྱོས་མོར་ཁ་བརྡ་བྱ་མཁན་བྱེད་ཆོག་པ་ཡིན།
ཁ་བརྡ་བྱེད་དུས་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་པུས་མོ་ས་ལ་བཙུགས་ནས་ཨ་ཁུའི་ཁ་བརྡར་ཉན།
ཆེས་སྔུན་དུ་པུས་འཛུགས་མཁན་ནི་ངའི་སྐུད་པོ་ཡིན། ཁོས་ལག་གཉིས་ཀྱིས་སྡེར་མ་བཏེགས་ཤིང་། ནང་དུ་མོག་མོག་དང་། ཁ་བཏགས། ཤོག་སྒོར་སོགས་ཁ་བརྡ་བྱེད་མཁན་ལ་བཀའ་དྲིན་ཞུ་སྤྱད་བཞག་ཡོད་ལ། ཨ་ཁུས་མིག་ཆུ་བཞུར་བཞིན་དུ་སྨྲ་རྒྱུར། ཨ་ཅེ་ནི་ཁྱིམ་ཚང་འདི་ཆེས་དབུལ་ཞིང་ཕོངས་པའི་དུས་སུ་གནས་འདིར་མནའ་མར་ཡོང་བ་དང་། ཁྱོ་ག་དང་བརྩེ་དུང་ཟབ་མོས་ལོ་ཉི་ཤུ་ཙམ་འཚོ་བ་བསྐྱལ་བ་ཡིན། ཁྱོ་ག་སྔ་མོ་ནས་འདས་རྗེས། མོ་གཅིག་པུས་བྱིས་པ་རྣམས་བསྐྱངས་ཡོང་བ་ཡིན། ད་ལྟ་ཁྱིམ་ཚང་བདེ་ཞིང་སྐྱིད་པ་དང་བུ་རབས་ཚ་རྒྱུད་ཀྱིས་ཁེངས། དངོས་གནས་ངལ་བ་ཆེ་ལ་བྱས་རྗེས་ཆེ་བ་ཞིག་རེད་ཟེར། ཁོང་གིས་ད་དུང་བུ་ཕྲུག་ཚོས་ཇི་ལྟར་རྒན་པར་བསྙེན་བཀུར་བྱེད་དགོས་པའི་སྐོར་ནས་ཁ་བརྡ་བྱས་ལ། ཁ་བརྡ་བྱས་ཚར་དུས། ཉན་མཁན་རྗེས་རབས་རྣམས་ངུས་ནས་རང་ཚུགས་མི་ཐུབ་པར་གྱུར། དུས་དེ་ནི་དངོས་གནས་སེམས་སུ་རྡོ་བརྐོས་རི་མོ་བཞིན་གྱི་དུས་སྐབས་ཤིག་རེད་ཨང་།
ཨ་མའི་ཕྱོགས་ཀྱི་མིས། འདས་མོ་ལམ་ལ་ཆས་ལགས་ཞེས་སྐུལ་བ་ན། མི་རྣམས་ཀྱིས་ཐག་པ་སྤྱད་དེ་པུར་སྒམ་གཡས་གཡོན་དུ་རྒྱུག་པ་རིང་བོ་གཉིས་ཀྱིས་བཏེགས་པ་དང་ཆབས་ཅིག གཙོ་གཉེར་བས“ཆས་ཤིག”ཅེས་པའི་འབོད་སྒྲ་དང་བསྟུན་ནས། ཕོ་རྒོད་བཞི་ཡིས་ཕྱོགས་བཞི་ནས་པུར་སྒམ་བཏེགས་ཏེ་མྱུར་དུ་ལམ་ལ་ཆས། སྐབས་དེར། པུར་སྒམ་གྱི་སྔུན་དུ་ཁ་བཏགས་རིང་བའི་ཐག་སྐུད་ཀྱིས་གྲུབ་ཅིང་ནང་མི་རྒན་རབས་ཚོས་འདྲུད་འཐེན་གྱི་ཚུལ་བྱེད་ཅིང་། ད་དུང་དུང་དཀར་འབུད་མཁན་ཞིག་གིས་རྣམ་ཤེས་འདྲེན་པའི་དུང་དཀར་འབུད་ཀྱིན་མཆིས་ལ། ན་གཞོན་རྣམས་ཀྱིས་རེས་མོས་ཀྱིས་པུར་སྒམ་བཏེགས་ཤིང་ཆེས་མགྱོགས་པའི་མྱུར་ཚད་ཀྱིས་དུར་སར་བསྐྱལ།
དུར་སར་བསླེབས་རྗེས། འདས་མོའི་བུར་དུར་ཁུང་ནས་ཐོང་གཤོལ་དེ་དང་ཆེས་མཐའ་མཇུག་གི་ས་དེ་ལེན་དུ་བཅུག་རྗེས། ད་གཟོད་བེམ་པོ་མར་བཞག་པ་རེད། དེའི་རྗེས་ཡང་ཕོ་རྒོད་འགའ་དུར་ཁང་དུ་འཛུལ་དེ་མྱུར་དུ་པུར་སྒམ་གྱི་ཁ་ཕྱོགས་གཏན་ཁེལ་བྱས་རྗེས་གཞི་ནས་སྟེང་དུ་ས་འཕེན་མགོ་བརྩམས། མི་རྣམས་ཀྱིས་ས་འཕངས་པའི་མྱུར་ཚད་ཧ་ཅང་མགྱོགས་ཏེ། ན་གཞོན་སྟོབས་ཅན་བཅུ་ཕྲག་ཁ་ཤས་ཀྱིས་རེས་མོས་ཀྱིས་ཤུགས་བརྒྱབ་པ་དང་། ཅུང་མ་འགོར་བར། མིག་ལམ་དུ་དེའུ་འབུར་ཆུང་བའི་དུར་ས་གསར་བ་ཞིག་གྲུབ་བྱུང་།
འདས་པོ་དུར་སྦས་བྱས་རྗེས། མི་རྣམས་ཀྱིས་ཡང་རྣམ་ཤེས་བདེ་བའི་མ་ཎི་བཏོན། འདོན་མཚམས་བཞག་རྗེས་བང་སོའི་མདུན་གྱི་མཆོད་སྟེགས་སྟེང་མཆོད་རྫས་བཤམས་ཤིང་ཚ་བསུར་ཕུད་ནས་ཕྱག་འཚལ།
ཡོད་ཚད་ཚར་རྗེས། ང་དང་སྐུད་པོ་སོགས་མི་འགའ་ཤུལ་དུ་བསྡད་དེ་དུར་སའི་གན་དུ་ཨོང་མེ་ཆེན་པོ་ཞིག་སྦར། མེ་ཕུང་འདི་ཉིན་ཞག་གསུམ་ལ་འབར་དགོས། དེ་ནི་ངས་ཤེས་ཏེ། གྱོས་མོ་ཚེ་ལས་འདས་ཤིང་། རྣམ་ཤེས་ཧ་ཅང་ཉམ་ཆུང་ཡིན་པས་སྐྲག་སྣང་ཆེ་བ་སྟེ། མེ་ཕུང་འདིས་ཉིན་མཚན་མེད་པར་ཁོ་མོར་སྲུང་སྐྱོབ་བྱེད་ངེས་རེད།
༡༣
«ཧོར་གླིང་གཡུལ་འགྱེད»ཀྱི་འཁྲབ་སྦྱོང་དུས་ཚོད་ལྟར་ལེགས་གྲུབ་བྱུང་སོང་། ཐོག་མའི་འཁྲབ་སྟོན་གྱི་དུས་ཚོད་གཟའ་སྤེན་པའི་ཕྱི་དྲོ་བཀོད་སྒྲིག་བྱས་ཡོད། གཟའ་པ་སངས་ཉིན་མོར། རིག་གནས་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་རྫོང་དང་ཤང་གི་ལས་ཁུངས་ཁག་གིས་རིག་རྩལ་ལེ་ཚན་ལ་ལྟ་བའི་སྒྲིག་འཛུགས་དང་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས། ཚེ་ལོས་འགོ་ཁྲིད་ཀྱི་བཀའ་མངགས་ལྟར་སང་ཉིན་རྫོང་མཁར་དུ་ཟློས་གར་ལ་བལྟ་རུ་འགྲོ་དགོས་པའི་ཁྱབ་བསྒྲགས་ཀྱི་བྱ་བ་བསྒྲུབས་རྗེས་ཁྱིམ་དུ་སོང་། ཁོའི་བསམ་པར། སང་ཉིན་ཟློས་གར་འཁྲབ་སྟོན་བྱེད་རྒྱུ་རེད། གཡང་སྐྱིད་ཁོ་ཐག་བྲེལ་བ་ཆེ་བས། ཁོས་ཁྱིམ་ལས་ལས་རོགས་བྱས་ཆོག་ཅེས་སྙམ། སྒོ་འགྲམ་དུ་བསླེབས་དུས་ནང་ནས་རོལ་དབྱངས་ཀྱི་སྒྲ་གྲགས་བྱུང་། ནང་དུ་སོང་ནས་བལྟས་ཚེ། གཡང་སྐྱིད་དང་ཆ་རྒྱུས་མེད་པའི་སྐྱེས་པ་ཞིག་གིས་ཞབས་བྲོ་སྦྱོང་བཞིན་འདུག གཡང་སྐྱིད་ཀྱིས་ཚེ་ལོ་མཐོང་བས་མྱུར་དུ། འདི་ནི་སངས་རྒྱས་ཡིན། ངའི་བྲོ་འཁྲབ་རོགས་ཡིན། འཁྲབ་སྦྱོང་བྱ་ཡུལ་དུ་མི་ཧ་ཅང་མང་བས་སྦྱོང་བརྡར་བྱེད་ཐབས་བྲལ། འཁྲབ་ནོར་གཏན་ནས་མི་ཡོང་བའི་ཆེད་དུ་ང་ཚོས་ཁྱིམ་དུ་ཆེས་མཐའ་མའི་སྦྱོང་བརྡར་བྱེད་ཀྱིན་ཡོད་ཟེར། ཚེ་ལོས་ཁོང་ཚོར་ཟ་མ་བསྐོལ་ཟེར་བར། སངས་རྒྱས་ཀྱིས་བཀག་ནས་དོ་ནུབ་རྫོང་གིས་འཁྲབ་སྟོན་པ་ཚོར་སྐུལ་འདེད་ཀྱི་གསོལ་སྟོན་ཞིག་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་རྫོང་གི་འགོ་ཁྲིད་ཚོའི་བཀོད་འདོམས་ལ་ཉན་དགོས་པས། ཁྱིམ་དུ་ཟ་མ་མི་ཟ་ཞེས་བཤད་ཞོར་གཡང་སྐྱིད་དང་མཉམ་དུ་གསོལ་སྟོན་ལ་བུད་སོང་།ཚེ་ལོ་གཅིག་པུས་ཟ་མ་ཟོས་རྗེས། དཔེ་ཆར་རེ་ཞིག་བལྟས་པ་ལ་མིག་དེ་འདྲ་མི་བདེ། གཉིད་འདོད་མོད། ཡང་གཡང་སྐྱིད་ལ་སེམས་ཁྲལ་བྱས་པས་ལྷོད་གཡེང་ངང་སྒུག་ནས་བསྡད། སྐབས་དེར། གཡང་སྐྱིད་ཕྱིར་བསླེབས་བྱུང་། ཁ་ནས་གླུ་ལེན་ཞིང་དགའ་སྤྲོ་ཆེན་པོ་སྐྱེས་པའི་རྣམ་པས་ཁེངས། ཚེ་ལོས། ཁྱོད་ཀྱིས་ཆང་འཐུང་བ་མིན་ནམ་ཞེས་དྲིས། གཡང་སྐྱིད་ཀྱིས། ཆང་ཕོར་གསུམ་མ་གཏོགས་མ་འཐུང་ཟེར། ཚེ་ལོས། སང་ཉིན་འཁྲབ་སྟོན་བྱེད་རྒྱུ་རེད། ཁྱོད་ཀྱིས་ད་དུང་ཆང་འཐུང་བ་ཡིན་ནམ་ཞེས་པར། གཡང་སྐྱིད་ཀྱིས། སངས་རྒྱས་རེད། ཁོང་གིས་ང་ལ་ཆང་ཕོར་གཏུགས་འཐུང་བྱས་ནས་བྱ་བ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་དགོས་ཚུལ་དང་། ཆང་འཐུང་ན། ཆང་ལྷས་ང་ཚོར་མགོན་སྐྱབས་གནང་གི་རེད་ཟེར་བས་ཡིན་ཟེར།
ཚེ་ལོས་ཅི་ཡང་མི་བཤད་པར་མལ་ཁྲི་ལས་ཉལ་ཐུལ་ཡར་བཀབ་སྟེ་གཡང་སྐྱིད་ནང་དུ་ཉལ་དུ་བཅུག་པ་དང་། རང་ཉིད་ཀྱང་མལ་ཁྲིའི་སྟེང་དུ་ཉལ་དུ་འདོད་དུས། གཡང་སྐྱིད་ཀྱིས་གཞི་ནས་བཀག་སྟེ། སྙིང་ཉེ་ལགས། དོ་དགོང་ཡང་ཁྱོད་ཀྱིས་བཟོད་སྒོམ་རེ་གནོངས་ཏེ་སོང་སྟེ་འབོལ་ཁྲིའི་སྟེང་དུ་ཉལ་རོགས། ང་ལྷིང་འཇགས་ངང་ངལ་ཞིག་གསོ་རུ་ཆུག་ཟེར། ཚེ་ལོས། ཉལ་ཁྲིའི་སྟེང་ནས་ཉལ་ན་ཁྱོད་ལ་ཅི་བྱེད་དམ་ཞེས་པར། གཡང་སྐྱིད་ཀྱིས། གལ་ཏེ་ཁྱོད་ཀྱིས་ཚོད་འཛིན་བྱེད་མ་ཐུབ་ཚེ་ངའི་ལུས་པོ་སྒུལ་བའམ་གཉིད་བཤད་བརྒྱབ་སྟེ་ངའི་གཉིད་ལ་བར་ཆད་བཟོ་སྲིད་ཟེར། དེར་ཚེ་ལོས་ཀྱང་འགྲིག་གི་བསམ་ཞིང་ཁ་རོག་གེར་འབོལ་ཁྲིའི་སྟེང་དུ་ཉལ།
ཚེ་ལོའི་བསམ་པར། རང་ཉིད་ཀྱིས་གཡང་སྐྱིད་ལ་རོགས་བྱེད་འདོད་མོད། བལྟས་ཡོང་ན་ཁོ་མོར་དཀའ་ལས་བཟོས་སོང་སྙམ།
འབོལ་ཁྲིའི་སྟེང་དུ་ཉལ་བའི་ཚོར་བ་ཧ་ཅང་སྡུག ད་དུང་ཁྱིམ་དུ་ལོག་པའི་མི་སྐྱིད་པའི་སྣང་བས་ཞག་གང་བོར་མིག་ཁ་མ་ཟུམ་པས། ཕྱི་ཉིན། མིག་ལ་ཁྲག་བབས་འདུག གཡང་སྐྱིད་ཀྱིས་མཐོང་རྗེས་སེམས་སྡུག་ཆེན་པོ་བྱེད་ཅིང་། མོས་མཛེས་སྤྲོས་ཁང་དུ་སོང་ནས་འཕེལ་གདུང་ཞིག་ཁྱེར་ཡོང་ནས་ཚེ་ལོའི་མིག་ནང་དུ་བཞག་པས། ཅུང་མ་འགོར་བར་ཁྲག་ཤུལ་ཙམ་ཡང་མེད་པར་བཟོས།
བཅུ་བཞི་པ།
སྒྲོལ་མ་ཤིན་ཏུ་སྡུག་བསྔལ་བར་གནས། ཨ་མ་སྲུང་བའི་ཉིན་འགའི་ནང་དུ་ངུས་ནས་སྐད་འགག་ཅིང་མིག་སྐྲང་། མོའི་གྱོན་གོས་ཧྲལ་ཧྲུལ་དང་སྐྲ་ཐར་ཐོར་དུ་གྱུར་ལ་གདོང་མདོག་ཤོར། མོར་ནད་ཆེན་པོ་ཞིག་ཕོག་པ་དང་མཚུངས་པར་ལུས་པོ་རྒུད་པར་གྱུར། སེམས་ཁམས་ལ་ཡང་གནོད་པ་བྱུང་བས་སྐབས་འགར་ཅི་ཡིན་འདི་ཡིན་མེད་པར་ཁོང་ཁྲོས་འཁེངས་འདུག ཁུལ་དུ་ལོག་རྗེས་སྒྲོལ་མའི་སེམས་ཁམས་སྔར་བཞིན་ཤིན་ཏུ་མི་བརྟན་པར་སྐབས་འགར་སྡུག་ལ་སྐབས་འགར་བཟང་། གལ་སྲིད་ཨ་མའི་གནས་ཚུལ་ཙམ་གླེང་མ་ཐག་སེམས་སྡུག་ཚད་མེད་བྱེད། ངས། གསོན་པོའི་མིག་ཆུ་ནི་འདས་མིའི་ལུས་སྟེང་དུ་འབབ་པའི་དྲག་ཆར་ཡིན་པས། གལ་ཏེ་ངུས་དྲགས་ན་དེ་ལས་ལྡོག་སྟེ་འདས་མོར་མི་ཕན་པ་རེད་ཅེས་པ་དང་། ད་དུང་མི་ཚེའི་རྣམ་ཤེས་སྐོར་གྱི་ནང་བསྟན་གཞུང་ལུགས་སྤྱད་ནས་ཁོ་མོར་ཁ་ཏ་སློབ་སྟོན་བཏང་། ངས་མོར། ངས་གྲྭ་བ་ཚོའི་མདུན་དུ་མ་རྒན་དྲིན་མོ་ཆེ་ཁོང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེ་བའི་སྨོན་ལམ་བརྒྱབ་པས། འཕྲིགས་འཕྲིགས་མེད་ན་མོ་ད་ལྟ་ཁྱིམ་ཚང་བཟང་བོ་ཞིག་ཏུ་སྐྱེས་ཡོད་ཀྱང་སྲིད་ཅེས་བཤད། ངའི་སྐད་ཆས་སྒྲོལ་མར་བློ་སྒོ་ངེས་ཅན་ཞིག་ཕྱེ་སོང་བ་འདྲ། མོས་ངས་མོ་ལ་རོགས་བྱས་ནས་དགོན་པའི་ནང་དུ་སོང་སྟེ་ཆོས་གཟབ་རྒྱས་ཤིག་བཅོས་ཏེ་ཨ་མ་སླར་རང་གི་ཁྱིམ་དུ་སྐྱེས་པར་རེ། ངས། ཁྱོད་ལ་བྱིས་པ་མི་སྐྱེས་པས་ཅི་ལྟར་སྐྱེས་སམ་ཞེས་པར། སྒྲོལ་མས། གཅུང་མོའི་ཁྱིམ་དུ་སྐྱེས་ནའང་ཆོག་སྟེ། ཨ་མས་མནའ་མར་གལ་ཏེ་བུ་མོ་ཞིག་སྐྱེས་ན་ངེད་གཉིས་ཀྱི་ཡིན་ཟེར་བ་མིན་ནམ་ཟེར། ངས། ཁྱོད་ཀྱི་བསམ་ཚུལ་དེ་ཧ་ཅང་ལེགས་མོད། ཡིན་ནའང་ཆོས་གཟབ་རྒྱས་སྒྲུབ་ན་དངུལ་འབོར་ངེས་ཅན་ཞིག་གཏོང་དགོས། ཡང་ཅིག་བཤད་ན་ང་ནི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པས་བྱེད་སྒོ་དེ་འདྲ་སྤེལ་མི་རུང་ཟེར་བར། སྒྲོལ་མས་ཀྱང་ཁོ་བོར་གཞན་ཅང་མི་ཟེར།སྒྲོལ་མའི་སྙིང་སྟོབས་ཉམས་ཤིང་ཉིན་ལྟར་ཁྱིམ་དུ་འཛུལ་བས། དུས་ཐུང་བའི་ཉིན་ཁ་ཤས་ནང་ཡང་གཟུགས་པོ་ཇེ་ཞན་དུ་གྱུར་འདུག ངས་མཚོ་མོར་མོ་ཁྲིད་ནས་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཏུ་འགྲོ་བ་དང་། ཡང་ན་ལྟ་ཙམ་བྱས་ཀྱང་ཆོག་ཅེས་སྐུལ་ཡང་མོ་སྒུལ་མ་ཚུགས། ཨ་ཕས་དེ་ལྟར་ཡིན་པ་ཤེས་རྗེས། ཆེད་མངགས་ཁ་པར་བཏང་ཡོང་ནས་ང་མོ་དང་མཉམ་དུ་ས་ཆ་གཞན་དུ་འཆམ་འཆམ་ལ་འགྲོ་བའི་རེ་བ་བཏོན་ཞིང་། མོས་གནས་ཚུལ་དེ་རིམ་བཞིན་བརྗེད་དུ་བཅུག་པར་གདམས། ཨ་ཕས་བཤད་པ་བདེན་ཏེ། སྒྲོལ་མ་མུ་མཐུད་འདི་ལྟར་སོང་ན་སེམས་སྡུག་ནད་དུ་འགྱུར་ཉེན་ཆེ། ངས་ཨ་ཕའི་གདམས་པར་ཉན་རྗེས། གནང་བ་ཞུས་ནས་སྒྲོལ་མ་དང་མཉམ་དུ་ས་ཆ་གཞན་དུ་སྐོར་གཡེང་ལ་འགྲོ་རྩིས་བྱས།
༡༤
ཉིན་གུང་ཡལ་མ་ཐག རྫོང་གློག་བརྙན་ཟློས་གར་ཁང་གི་ཚོམས་ཆེན་ཁང་ནང་ཚོན་ཁྲ་ཅན་གྱི་གློག་སྒྲོན་ཆེམ་ཆེམ་འཕྲོ་ཞིང་འདུག་སྟེགས་སྟེང་དུ་འདུ་འཛི་འཁྲུགས་པའི་ལྟད་མོ་བས་འཁེངས། སྔུན་གྱི་གྲལ་ཤུར་གཉིས་སུ་སྡོད་མཁན་ནི་རྫོང་དང་ཤང་རིམ་པའི་ཏང་སྲིད་དབུ་ཁྲིད་རིགས་ཡིན་པ་དང་། འཕྲོར་ལས་ཁུངས་ཁག་གི་ལས་བྱེད་པ་དང་ལས་བཟོ་པ་ཡིན་ཞིང་། མཇུག་ཏུ་ལྟད་མོ་བ་གཞན་དག་བསྡད་ཡོད་པ་རེད། ཚེ་ལོ་ཅུང་གཞུག་གྲལ་དུ་ཙོག་ཡོད་པ་ལ། སྔོན་གྲལ་དུ་བསྡད་ཡོད་པའི་ཡོས་ལན་གྱིས་ང་ཚོས་འདུག་སྟེགས་བརྗེ་དགོས་ཟེར། ཚེ་ལོས་དེའི་དོན་གསལ་བོ་མ་རྟོགས་དུས། ཡོས་ལན་གྱིས། དེ་རིང་ཁྱོད་ཀྱི་བཟའ་ཟླ་གར་སྟེགས་ཐོག་བུད་ནས་འཁྲབ་སྟོན་བྱེད་པ་ཡིན་པས། སྔུན་དུ་བསྡད་ན་གསལ་པོར་མཐོང་ཐུབ་ཟེར། ཚེ་ལོས། ཆོག་གི། ཆོག་གི། གཅིག་རེད། ང་སྔུན་དུ་ཡོང་ཚེ་ཁྱོད་ཀྱིས་ལེགས་པོ་མཐོང་ཐུབ་རྒྱུ་མ་རེད་ཅེས་པར། དེའི་འགྲམ་གྱི་ལྟད་མོ་བ་ཞིག་གིས་ཁོ་གཉིས་ཀྱི་འབྲེལ་བ་སྤྱིར་བཏང་མིན་པ་ཤེས་པས་མ་སྐུལ་དང་བླངས་ངང་རང་གི་འདུག་སྟེགས་དེ་ཚེ་ལོར་བརྗེས་པ་རེད།ཡུད་ཙམ་མ་སོང་བར་རོལ་དབྱངས་ཀྱི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་ཤིང་ཡོལ་རས་རིམ་གྱིས་ཕྱེ། རྒྱབ་ལྗོངས་ངོས་སུ་རྩྭ་ཆུ་བཟང་ཞིང་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པའི་སྤང་ཐང་ཞིག་མངོན་བྱུང་ལ། དེ་དང་ཆབས་ཅིག་ཏུ་འགུལ་རིས་བརྒྱབ་ཀྱི་སྒྲ་ཡང་འདི་ལྟར་གྲགས་བྱུང་།
མཛེས་སྡུག་དཔལ་གྱིས་ཕྱུག་པའི་གངས་ལྗོངས་འདིའི་རྒྱ་ཆེ་ཞིང་ངོ་མཚར་བའི་གཏམ་རྒྱུད་འདི་རུ།
གཡུ་ཞུན་གྱི་ཁུ་བས་བྱུགས་འདྲའི་སྔོ་ལྗང་ལྗང་གི་མཐོ་སྒང་འདིའི་དགའ་སྐྱོ་ཉིས་ལྡན་གྱི་གླུ་གར་ཁྲོད་དུ།
དཔའ་བོ་རྣམས་ཀྱི་རྒྱལ་གཅེས་ཀྱི་སྙིང་སྟོབས་དང་བུད་མེད་རྣམས་ཀྱི་ཚད་མེད་པའི་སྐྱོ་སྡུག་དང་ཞེ་སྡང་འཕྱུར་ལ།
མི་རིགས་ཤིག་གི་རང་གཤིས་དང་། འཐབ་འཛིང་གི་དུས་འགྱུར་མངོན... ...།
སྐབས་དེར། ལུས་ལ་སྣམ་བུས་བརྒྱན་ཞིང་། མགོ་ལ་རྨ་བྱའི་དབྱིབས་ཀྱི་གཙུག་རྒྱན་བཙུགས་པའི་བུད་མེད་ཅིག་གིས་གྲོགས་མོ་གཉིས་ཁྲིད་ནས་གར་སྟེགས་སྟེང་ཡོང་བ་རེད། དེ་ནི་ཚེ་ལོའི་བཟའ་ཟླ་སྟེ། དེ་རིང་གི་འཁྲབ་ཚན་ནང་གི་མི་སྣ་གཙོ་བོ་གེ་སར་རྒྱལ་པོའི་བཙུན་མོ་འབྲུག་མོ་སོགས་རེད། དེ་རིང་མོར་མཛེས་བཟོའི་དགེ་རྒན་གྱི་ཞིབ་ཚགས་ཀྱི་མཛེས་ཆས་སྤྲས་པའི་སྟེང་། གློག་འོད་དང་རྒྱབ་ལྗོངས་ཀྱི་རྒྱན་ཡང་སྤྲས་པས་ཤིན་ཏུ་མཛེས་ཤིང་སྡུག མོ་གར་སྟེགས་སུ་ཐོན་མ་ཐག་མི་ཚང་མའི་མིག་དབང་འཕྲོག་སོང་། དེ་དང་ཆབས་ཅིག་ཡང་ཞྭ་མོ་ནག་པོ་དང་ལྭ་བ་ནག་པོ་གྱོན་པའི་ཁྭ་ཏའི་འཁྲབ་མཁན་ཐོན་པ་ན། འགུལ་རིས་བརྒྱབ་ཀྱི་སྒྲ་ཡང་བསྐྱར་འདི་ལྟར་གྲགས་བྱུང་།
ཧོར་རྗེ་གུར་དཀར་རྒྱལ་པོ་ཡིས། །
མཛེས་པའི་བཙུན་མོ་འཚོལ་བ་ལ། །
ཁྭ་ཏ་ཁྲ་བོ་གླིང་དུ་ཆས། །
སེང་ལྕམ་འབྲུག་མོར་འཚམས་འདྲི་ཞུས། །
ཁྭ་ཏ་ནག་པོས་གཤོག་པ་རྡེབ་བཞིན་ཡར་ལྟ་མར་ལྟ་བྱེད་ཅིང་། མཇུག་མཐར་ཁྲ་མོ་གླིང་གི་རྒྱལ་བོའི་ཕོ་བྲང་དང་ཐག་མི་རིང་བའི་སར་བབས། དེས་ལྷ་ཡི་སྲས་མོ་ལྟ་བུའི་སེང་ལྕམ་འབྲུག་མོ་མཐོང་བས་བསྔགས་བརྗོད་ཚད་མེད་དང་བསླུ་བྲིད་ཀྱི་གླུ་བླངས།མཛེས་པའི་བཙུན་མོ་འཚོལ་བ་ལ། །
ཁྭ་ཏ་ཁྲ་བོ་གླིང་དུ་ཆས། །
སེང་ལྕམ་འབྲུག་མོར་འཚམས་འདྲི་ཞུས། །
འབྲུག་མོས་ཁྭ་ཏའི་གླུ་ལ་ཉན་རྗེས། ཁྲོས་ནས་ངོ་མདོག་སྐྱ་བོར་གྱུར་ཅིང་། གམ་གྱི་གཡོག་མོ་གཉིས་ལ་གླུ་འདི་ལྟར་བླངས་བྱུང་།
ཆུང་ཆུང་ལུ་གུ་འཚོ་རོགས་གཉིས། །
ཡང་ཆུང་མེ་ཏོག་འཐུ་རོགས་གཉིས། །
དུས་ད་ལྟ་རྟེན་འབྲེལ་མི་ལེགས་ཏེ། །
ཐན་བྱ་ཁྭ་ཏས་མི་སྐད་སྨྲ། །
... ...
འབྲུག་མོས་དེ་ལྟར་སྡིགས་མོ་བྱས་ཀྱང་། གྲོགས་མོ་གཉིས་ཀྱིས་དགྲ་ངོ་མི་ལྡོག་པས། འབྲུག་མོས་དངོས་སུ་ཐབ་ཐལ་སྤར་མོ་གང་བཟུང་ནས་ཁྭ་ཏའི་ཕྱོགས་སུ་སྟོར། བློ་ཡུལ་ལས་འདས་པ་ཞིག་ལ་སྟོར་བ་ཤུགས་དྲགས་པས། སྟབས་མི་ལེགས་པར་མཛུབ་མགོའི་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་དེའང་གཡུགས་སོང་། ཁྭ་ཏ་ནག་པོས་མིག་ཚོར་རྣོ་ཞིང་མྱུར་བའི་སྡེར་མོས་དེ་འཕྲལ་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་བཟུང་ནས་དགའ་སྤྲོ་ཆེན་པོས་ཧོར་རྒྱལ་ཁབ་ཏུ་བྱས་རྗེས་འཇོག་པར་འཕུར།ཡང་ཆུང་མེ་ཏོག་འཐུ་རོགས་གཉིས། །
དུས་ད་ལྟ་རྟེན་འབྲེལ་མི་ལེགས་ཏེ། །
ཐན་བྱ་ཁྭ་ཏས་མི་སྐད་སྨྲ། །
... ...
འབྲུག་མོ་གཡོག་འཁོར་གསུམ་པོས་གདོན་བྱ་འཕུར་བའི་ཕྱོགས་སུ་བལྟས་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཞིང་། འབྲུག་མོའི་ངོ་གདོང་སྡུག་གི་མུན་པས་ཁེབས།
རྗེས་སུ་ཧོར་རྒྱལ་པོས་འབྲུག་མོ་འཕྲོག་སོང་། ཡང་དེ་ཡི་རྗེས་སུ་གེ་སར་རྒྱལ་པོས་གླིང་དམག་དྲངས་ཏེ་ཧོར་ཕམ་པར་བརྒྱབ་ཅིང་འབྲུག་མོ་ཕྱིར་འཕྲོག གེ་སར་རྒྱལ་པོས་འབྲུག་མོ་པང་དུ་བླངས་ཤིང་དུང་བ་ཟབ་མོས་གེ་སར་ཕྱི་ལ་ཆས་རྗེས། རྣམ་པ་གཉིས་ཀྱིས་ཕན་ཚུན་དྲན་པའི་གདུང་བ་དང་། འབྲུག་མོ་ཧོར་རྒྱལ་པོས་བཙན་འཕྲོག་བྱས་རྗེས་ཀྱི་སྡུག་བསྔལ་གྱི་འཚོ་བ་གླེང་།
འཁྲབ་ཚན་ནི་བོད་སྐད་ཀྱི་ཐོག་ནས་འཁྲབ་སྟོན་བྱས་པ་ཞིག་རེད། ཡོས་ལན་གྱིས་བོད་སྐད་གོ་ཡི་མེད་མོད། འོན་ཀྱང་གར་སྟེགས་ཀྱི་མཐའ་གཉིས་སུ་དུས་ལྟར་བསྒྱུར་ཡིག་ཤར་གྱི་ཡོད་པས་ཟློས་གར་སྤྱིའི་ནང་དོན་རྟོགས་ཀྱི་ཡོད་པ་རེད། གཡང་སྐྱིད་ཀྱིས་འཁྲབ་པ་ཤིན་ཏུ་བཟང་། ལྟད་མོ་བ་ཚང་མས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཅིང་བློ་རྩེ་གཅིག་ཏུ་གཏད་འདུག ཚེ་ལོའི་སེམས་འཁྲབ་སྟོན་གྱི་མཐོ་རླབས་འཕྱུར་བའི་གཏམ་རྒྱུད་ཀྱིས་དྲངས་ཤིང་གཡང་སྐྱིད་ལ་ཡིད་སྨོན་ཚད་མེད་སྐྱེས་ཏེ། ཟློས་གར་མཇུག་འགྲིལ་སྐབས་ཚང་མ་དང་མཉམ་དུ་ཐལ་མོ་བརྡབ་རྒྱུའང་བརྗེད་འདུག
འཁྲབ་སྟོན་ལ་བལྟས་རྗེས་ཚེ་ལོས་གཡང་སྐྱིད་དང་ཐུག་འཕྲད་བྱས་ནས་འཁྲབ་སྟོན་ལེགས་གྲུབ་བྱུང་བར་བསྔགས་བརྗོད་ཆེན་པོ་ཞིག་བྱེད་བསམ་མོད། མ་བསམ་ས་ནས་ཤང་དུ་དཔྱད་གཞི་གལ་ཆེན་ཞིག་འབྲི་དགོས་ཀྱི་འདུག་པས། ཚེ་ལོ་གཡང་སྐྱིད་དང་འཕྲད་ཁོམ་མེད་པར་འཕྲུལ་རྟར་ཞོན་ནས་ཡོས་ལན་དང་མཉམ་དུ་ཤང་དུ་སོང་།
ལམ་དུ། ཡོས་ལན་གྱིས་ཚེ་ལོར། ཁྱོད་ཀྱི་ཆུང་མ་ནི་ཇི་འདྲའི་མཛེས་ཤིང་སྡུག་ལ། དེ་རིང་གི་འཁྲབ་སྟོན་ཡང་ཇི་འདྲའི་ལེགས་གྲུབ་བྱུང་ཨང་། ཁྱོད་ལ་ངོ་མས་བསོད་ནམས་ཆེན་པོ་འདུག་ཅེས་བཤད།
ཚེ་ལོས། རེད་ཡ། མོ་ད་དུང་སེམས་བཟང་ཞིག་ཀྱང་ཡིན། མི་སུ་ལ་ཡང་བཟང་། མི་གཞན་དང་འབྲེལ་བ་ཡང་བཟང་། ཡིན་ཡང་ངའི་རྒྱུ་རྐྱེན་གྱིས་ཁོ་མོར་བདེ་སྐྱིད་དེ་འདྲ་ཞིག་སྟེར་མ་ཐུབ། ངས་ཁོ་ལ་དཀའ་ལས་བཟོས་སོང་ཟེར།
ཡོས་ལན་གྱིས། ཁྱོད་ཀྱིས་ཕྱོགས་གང་ནས་ཟེར་བ་ཡིན་ནམ་ཞེས་པར།
ཚེ་ལོས། སྔོན་ཆད་རྨ་ཆུ་ཁར་བྱུང་བའི་དོན་དེའི་རྗེས་སུ། ངས་དགོང་མོར་མི་བཤད་དགུ་བཤད་ཀྱི་གཉིད་བཤད་བརྒྱག་པས། མོར་སྐྲག་སྐུལ་སོང་བ་དེ་ཟེར་བ་ཡིན་ཟེར།
ཡོས་ལན་གྱིས། གནད་དོན་དེ་ཐག་བཅད་ཟིན་པ་མིན་ནམ་ཟེར་བར།
ཚེ་ལོས། གལ་ཏེ་དགོང་མོ་ལྟ་ཀློག་དང་རྩོམ་འབྲི་རེ་མ་བྱས་ཚེ་སྔར་བཞིན་འབྱུང་སྲིད་ཟེར།
ཡོས་ལན་གྱིས། དེ་ཅི་སྐྱོན་ནམ། ང་ཚོ་མི་མང་པོ་ཞིག་ལ་སྐབས་འགར་གཉིད་བཤད་བརྒྱག་པའི་སྐྱོན་ཡོད་པ་ཡིན་ཟེར།
ཚེ་ལོས། མོ་ནི་རྩེད་གཡེང་ལ་དགའ་བའི་བུད་མེད་ཅིག་རེད། དེ་རྐྱེན་གྱིས། ངས་སེམས་པ་གཅིག་ཏུ་བསྡུས་ནས་དཔེ་ཆར་ལྟ་བ་དང་རྩོམ་ཡིག་འབྲི་བ་ཡིན་ན། མོ་དང་མཉམ་དུ་རྩེད་གཡེང་ལ་འགྲོ་བ་ནི་ཧ་ཅང་ཉུང་ཉུང་ཡིན་པས། མོ་ཤིན་ཏུ་སྡུག་ལ་གཏོད་བཞིན་འདུག་ཅེས་བཤད།
ཡོས་ལན་གྱིས། དེ་ནི་མི་ཚང་མའི་སྤྲོ་སྣང་དང་དགའ་ཕྱོགས་མི་འདྲ་བ་ཡིན་པས་རེད་མ་གཏོགས། ལྟོས་མེད་ཀྱིས་སྒོ་ནས་འགྲིག་དང་མི་འགྲིག་བརྗོད་དཀའ། ཁྱོད་ཀྱིས་སླད་ཕྱིན་དོ་སྣང་ཙམ་བྱས་ན་ཆོག་གི་རེད་ཅེས་བཤད།
ཕྱི་དྲོ་ཞིག་ལ། ཚེ་ལོས་རྒྱུ་ཆ་བྲིས་ཚར།
མཚན་མོར་བསླེབས་དུས། ཡོས་ལན་གྱིས་སྲང་ནས་ལུག་གི་ནང་རྒྱུའི་འདྲེས་ཧྲུག་དཀར་ཡོལ་དོ་དང་བག་ལེབ་གཉིས་ཉོས་ཏེ་ཚེ་ལོའི་མདུན་དུ་ཡོང་ནས་ཟེར་རྒྱུར། ཤང་གི་ཇ་ཁང་གི་སྒོ་བརྒྱབ་ཟིན་པས་ང་ཚོས་ཐབས་ཆག་གིས་འདི་འཐུང་ཟེར་བར། ཚེ་ལོས་རྫི་ཙམ་བྱས་རྗེས་གཉིས་ཀས་འཐུང་མགོ་བརྩམས། ཡོས་ལན་གྱིས་ཕྱོགས་གཅིག་ནས་ཟ་ཞོར་དང་ཕྱོགས་གཅིག་ནས་དོགས་མི་བདེ་བའི་ངང་བཤད་རྒྱུར། ཉིན་དེར་ང་ཚོས་ཆང་འཐུང་བའི་དོན་དེར་ཁྱོད་ཀྱིས་ཇི་ལྟར་ལྟའམ་ཟེར།
ཚེ་ལོས། ང་རྗེས་ནས་ཅུང་ཙམ་སྐྲག་བྱུང་། གལ་ཏེ་ད་གོམ་གང་མདུན་དུ་སྤོས་ཚེ་ངས་ཁྱོད་སྟེང་དུ་ལས་ངན་གསོགས་སོང་ལ། མོར་ཡང་ཐུགས་འགལ་བྱུང་སོང་། འདི་ནི་ངས་གོང་དུ་བཤད་པའི་ཁོ་མོ་སྡུག་ལ་གཏད་སོང་ཞེས་པའི་རྒྱུ་རྐྱེན་གཙོ་བོའང་ཡིན་ཟེར།
ཡོས་ལན་གྱིས། ང་ཡང་འགྱོད་པ་སྐྱེས་བྱུང་། སྤྱིར་སྐད་ཆ་དེ་དག་མ་བཤད་ན་འགྲིག་ལ། སྒོས་སུ་རང་འགུལ་གྱིས་ཁྱོད་ལ་འོ་བྱེད་པ་དེ་དེ་བས་མི་རུང་བ་རེད། རྒྱུ་མཚན་ནི། དོན་གྱིས་ཁྱོད་ལ་ཤིན་ཏུ་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་ཡོད་པས་ཡིན། སྐབས་དེར་ང་ནི... ...
ཚེ་ལོས། སྐབས་དེར་ཁྱོད་ལ་ཅི་ཞིག་ཅེས་དྲིས།
ཡོས་ལན་གྱིས་བྲེལ་འཚུབ་ངང་། ཨོ། ཅི་ཞིག་ཀྱང་མ་རེད། ཅི་ཡང་མ་རེད་ཅེས་པར།
ཚེ་ལོས། སྤྱིར་ང་གཡང་སྐྱིད་ལ་ཧ་ཅང་དགའ་མོད། ཡང་ཁྱོད་ངོ་ཤེས་པ་ནས་ཇི་ལྟར་ཡང་སེམས་སུ་ཁྱོད་ནི་གཡང་སྐྱིད་ལས་ཀྱང་ཀུན་མཐུན་བརྩེ་ལྡན་ཅན་ཞིག་སྟེ། ངེད་གཉིས་བར་དུ་དེ་བས་སྤྱི་མཐུན་གྱི་ཁ་བརྡ་མང་བོ་ཡོད་པ་རེད། ང་ཁྱོད་ལ་ཤིན་ཏུ་དུང་། ངས་ཁྱོད་རང་གི་གྲོགས་མཆོག་ཅིག་ཏུ་བརྩི་ཡི་ཡོད་དེ། ཉིན་དེར། གལ་ཏེ་ཁྱོད་ཀྱིས་གློ་བུར་དུ་བློ་རིག་གསལ་བོས་ང་ཕར་ལ་ཕུད་བརྒྱག་མ་བྱས་ཚེ། ངས་ཀྱང་ངེས་པར་དུ་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་ངེས། རྒྱུ་མཚན་ནི་ང་ཡང་སྤྱིར་བཏང་གི་མི་ཞིག་ཡིན་པས་སོ་ཞེས་སྨྲས།
ཡོས་ལན་གྱིས། རྗེས་ཕྱོགས་ང་ཚོས་ད་ཡང་འདི་ལྟར་བྱེད་མི་ཆོག་ཅེས་ཟེར།
ཚེ་ལོས། ཁྱོད་ང་དང་གྲོགས་མོ་བྱེད་འདོད་མེད་པ་རེད་དམ་ཞེས་པར།
ཡོས་ལན་གྱིས། མིན་ཏེ། ང་ཚོ་མཛའ་བརྩེ་ལྡན་པའི་གྲོགས་པོ་ཁོ་ན་བྱེད་པ་ལས། ཤ་པགས་དང་འབྲེལ་བའི་གཉེན་ཉེ་གཏན་ནས་བྱེད་མི་རུང་ཟེར།
ཚེ་ལོས། བདེན་འདུག ངེད་གཉིས་ནི་ཤ་པགས་དང་འབྲེལ་བའི་གཉེན་ཉེ་བྱེད་མི་རུང་མོད། ཕན་ཚུན་སེམས་ཁུར་དང་རོགས་རམ་བྱེད་པ། མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ཆེས་དྭངས་གཙང་གི་གྲོགས་པོ་ཞིག་བྱེད་ཅེས་བཤད་ཚར་བ་དང་། རང་རང་སོ་སོའི་ཉལ་ཁང་དུ་ལོག་སོང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།