logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བརྒྱད་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-13 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

བཅོ་ལྔ་པ།
       ཡུལ་སྐོར་གྱི་དོན་དག་ཐག་གཅོད་བྱས་རྗེས། ཡུལ་སྐོར་བྱེད་པའི་ས་ཆ་གཏན་འཁེལ་བྱ་རྒྱུར་ངས་སྔར་བཞིན་ཀླད་པ་མང་པོ་ཞིག་འགུལ། དགུན་སྟོད་ཀྱི་དུས་འདིར། མཐོ་སྒང་སེར་པོར་གྱུར་ཏེ་ཁྲ་ལམ་སྔོ་ལྗང་གི་ཡུལ་ལྗོངས་དེ་མེད་སོང་མོད། ཡིན་ནའང་མཚོ་དང་མཚེའུ། བྱེ་ཐང་དང་གངས་རི་གང་རུང་ལ་ལྟད་མོར་སོང་ཆོག གཞན་ཡང་གལ་ཏེ་ཞིང་ཆེན་ནང་ཁུལ་དུ་མི་ཆོག་ན་ཞིང་ཆེན་ཕྱི་རུ་འཆམ་ཡང་ཆོག ང་ནི་ཚ་བར་སྐྲག་པའི་མི་ཞིག་ཡིན་མོད་ཀྱང་སྒྲོལ་མ་དེ་ལྟར་མིན་པས། མོས་ཉེ་གནས་སུ་ནམ་ཟླ་ཤིན་ཏུ་འཁྱག་པས་སྤྲོ་བ་མི་འདུག་ཟེར། ངའི་སེམས་སུ་ཐེངས་འདིར་གཙོ་བོ་སྒྲོལ་མའི་སེམས་ཁམས་ལ་རྒྱབ་སྐྱོར་བྱེད་ཆེད་ཡིན་པས་མོ་གཙོ་བོར་བཟུང་སྟེ་མོའི་བསམ་ཚུལ་ལ་བརྩི་འཇོག་བྱས་ན་འགྲིག་སྙམ། དེ་ལྟར། ངས་དྲ་ཐོག་ནས་ནམ་ཟླ་བཟང་ཞིང་ཡུལ་ལྗོངས་མཛེས་པའི་ས་ཆ་ཞིག་སྟེ་སཱན་ཡ་བདམས།
       སཱན་ཡ་ནི་མཚོ་འགྲམ་གྱི་ཚ་ཁུལ་གྲོང་ཁྱེར་ཞིག་སྟེ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ༢༥དང་། ཉིན་འདི་དག་གི་ཉིན་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཀྱང་ཏུའུ༢༨ཡས་མས་སུ་འདུག དེ་རུ་གནམ་མཚོའི་མཐའ་དང་། ཤྭ་བ་ཕྱིར་ལོག ནུབ་ཀྱི་གླིང་ཕྲན། བེ་ཏའི་ཁྱམས་རིང་། ཤར་རྒྱ་མཚོའི་ཆུང་བ་སོགས་སྐད་གྲགས་ཆེ་བའི་མཛེས་ལྗོངས་སྣ་ཚོགས་ཡོད། དུས་ཚོད་དང་ལུས་ཤུགས་གྲོན་ཆུང་བྱ་ཆེད་ང་ཚོས་གནམ་གྲུ་བདམས་པ་ཡིན། གནམ་གྲུ་ནང་འགོས་འཕྲལ་ནང་དུ་དྲོད་ལམ་ལམ་བྱེད། ངས་ཕྱི་ལྭ་ཕུད་ནས་ཚི་ལེན་ཕུ་ཐུང་ཞིག་ལས་མ་གྱོན། སྒྲོལ་མས་ཀྱང་ཚི་ལེན་ཕུ་ཐུང་གྱོན་ཡོད་མོད། འོན་ཀྱང་ཐོག་ལྭ་མི་ཕུད་པར་གྲང་བར་སྐྲག་པའི་སྣང་ཚུལ་ལམ་ཡང་ན་ནང་ཤ་ཕྱི་རུ་མི་མངོན་པའི་ངང་ཚུལ་བསྟན་འདུག ངས། གནམ་གྲུའི་ནང་དུ་ཤིན་ཏུ་དྲོ་ལ། ང་ཚོ་ནང་ལོག་ཚ་བའི་ཁུལ་དུ་འགྲོ་བཞིན་ཡོད་པས། ཕྱི་གོས་ཕུད་ན་འགྲིག་ཅེས་པར། མོས་སྔར་བཞིན་ཨུ་ཚུགས་མཐར་སྐྱེལ་གྱིས། དུས་རྒྱུན་དུ་བྲང་ཁ་དང་དཔུང་ལག་ཕྱིར་བུད་པའི་ཕུ་ཐུང་གི་ལྭ་བ་མི་གོན་པས་ལོབ་ཀྱི་མི་འདུག་ཟེར། ངས། ཁྱོད་རྒྱུན་ལྡན་ལྟར་ན་དེ་འདྲའི་སྲོལ་རྒྱུན་གྱི་གོམས་གཤིས་ཅན་ཞིག་མིན་ཡང་། དེ་རིང་ཅི་མ་ཉན། ཁྱོད་ཀྱིས་ལྟོས་དང་། གནམ་གྲུའི་ཞབས་ཞུ་མ་དེ་དག་གིས་ཚི་ལེན་ཕུ་ཐུང་གྱོན་པས་ཇི་འདྲའི་སྙིང་སྟོབས་ལྡན་ཞིང་ལྟ་བས་ཆོག་མི་ཤེས་ཨང་། གལ་ཏེ་སཱན་ཡར་བསླེབས་ཚེ། ང་ཚོས་བརླ་རྐང་ཕྱིར་མངོན་པའི་དོར་ཐུང་སུག་ཐུང་ཡང་གྱོན་དགོས་ཀྱི་རེད་ཅེས་པར། སྒྲོལ་མས། འདི་ནི་ངའི་སེམས་ཁམས་ལ་རག་ལས་པའང་ཡིན་སྲིད་ཟེར།
       གནམ་གྲུ་ཁྱུང་ཆེན་གནམ་གྲུ་ཐང་དུ་བབས་མ་ཐག་ཏུ་ཚ་རླུང་གིས་གདོང་ལ་རེག་ཡོང་། ཡུལ་སྐོར་བ་རྣམས་ཀྱིས་ཕྱི་ལྭ་ཕུད་ནས་ཧ་ཅང་ཟོར་ཡང་བཟོས། སྒྲོལ་མས་ང་ལ་བལྟས་ཤིང་བལྟས་པ་དང་ཡང་ཚང་མར་བལྟས་ཤིང་བལྟས་རྗེས།  ད་གཟོད་དལ་གྱིས་ཕྱི་ལྭ་ཕུད་པས་ཉི་མས་མཐོང་དཀོན་པའི་དཔུང་ལག་དཀར་པོ་ཕྱི་རུ་མངོན་བྱུང་།
       ང་ཚོ་བསུ་མཁན་ནི་ལོ་ཉི་ཤུ་ལྷག་ཙམ་ལ་བསླེབས་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཞིག་རེད། མོས་ང་ཚོ་རླངས་འཁོར་ནང་འདུག་ཏུ་བཅུག་ཅིང་རང་ཉིད་ངོ་སྤྲོད་ཙམ་བྱས་རྗེས་བྱང་ཆ་ཡོད་པའི་སྒོ་ནས་སཱན་ཡ་ཡི་གནས་ཚུལ་ངོ་སྤྲོད་བྱས་བྱུང་སྟེ། སཱན་ཡ། བྱང་གི་འཕྲེད་ཐིག་ཏུའུ༡༨སྟེང་དང་། ཀྲུང་གོའི་ཆེས་ལྷོ་སྣེ་རུ་ཡོད། སའི་གོ་ལའི་ཆེས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཁུལ་ཡིན། སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་ཉི་འོད་དང་རྒྱ་མཚོ། རྣམ་པར་བཀྲ་བའི་མཚོ་འོག་གི་འཇིག་རྟེན། བརྗིད་ཉམས་ལྡན་པའི་རྒྱ་མཚོའི་སྟེང་གི་མཐོ་ཚད་ལ་སྨི༡༠༨ཡོད་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན། དྭངས་གཙང་ལྷད་མེད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག   སྣུམ་ཤིག་ཤིག་གི་ལྟ་ན་སྡུག་པའི་ཚ་ཁུལ་གྱི་ཡུལ་ལྗོངས་ཡོད། མཚོ་མོ་སྔོ་ཞིང་ནམ་མཁའ་དྭངས། ལྗོན་པའི་རླུང་གིས་མི་སེམས་མྱོས། མི་འདྲེའི་ཡིད་སེམས་སྒུལ། མི་སྣ་གྲགས་ཅན་འཛོམས་པའི་གནས། མཛེས་མ་སྤྲིན་བཞིན་འདུས། འཇོ་སྒེག་དཔལ་གྱིས་ཕྱུག མཛེས་སྡུག་གི་སཱན་ཡ། མཆར་ཡན་གྱི་ལྷ་ཡུལ། ཚ་བའི་ཁུལ་གྱི་དུས་ནམ་ཡང་ངལ་གསོ་བྱེད་སའི་སུམ་རྩེན... ...དེ་ལྟར་སྣེ་ཤན་པའི་བརྩེ་དུང་དང་བྱང་ཆ་ལྡན་པའི་ངོ་སྤྲོད་དང་ལམ་གྱི་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ཁྲོད་དུ། སྒྲོལ་མའི་སེམས་ཁམས་རིམ་བཞིན་ཇེ་ལེགས་སུ་འཁོར་བྱུང་།
       ཉིན་དེར། ང་ཚོ་ཡ་ལུང་ཝན་ཟེར་བའི་ས་ཆ་ཞིག་ལ་སོང་། དེ་རུ་འཛམ་གླིང་སྟེང་ཆེས་ཆེ་ཞིང་ཆེས་ཆ་ཚང་བའི་བྱུ་རུའི་རིགས་སྙི་མོ་དང་སྣ་མང་ཕུན་སུམ་ཚོགས་པའི་བྱུ་རུ་སྲ་མོའི་རིགས་དང་། ཚ་ཁུལ་གྱི་ཉ་རིགས་སོགས་རྒྱ་མཚོའི་སྐྱེ་དངོས་ལ་བལྟས་རྗེས། ཡུལ་སྐོར་སྣེ་ཤན་པས་ང་ཚོར་མཚོ་འགྲམ་གྱི་ངལ་གསོ་ལྡིང་ཁང་ཞིག་ཏུ་དུས་ཐུང་གི་ཚ་གཡོལ་ངལ་གསོ་བྱེད་དུ་བཅུག དུས་དེར་སྒྲོལ་མས་གཞན་དག་གིས་མཚོ་འགྲམ་གྱི་བྱེ་ཐང་དུ་ཅི་ཞིག་འཐུ་བཞིན་ཡོད་པ་ཚོར། ང་ཡང་མར་སོང་ནས་བལྟས་ཚེ། མ་གཞིར་ཁོ་ཚོས་མཐོ་སྒང་དུ་ཧ་ཅང་མཐོང་དཀོན་པའི་ཉ་ལྕིབས་ཀྱི་ཕྱི་སྐོགས་སོགས་དངོས་པོ་འགའ་སྒྲུག་བཞིན་འདུག ང་དང་སྒྲོལ་མ་གཉིས་ཀྱང་དགའ་སྤྲོའི་ངང་དེ་ཚོའི་གྲལ་དུ་ཞུགས། ཅུང་མ་འགོར་བར་ཉ་ལྕིབས་ཀྱི་ཕྱི་སྐོགས་མང་པོ་རྙེད་བྱུང་། དུས་དེར། སྒྲོལ་མས་དུང་དཀར་ཆུང་ཆུང་ཞིག་བླངས་ཏེ་ང་ལ་དེ་ཅི་ཞིག་ཡིན་པ་དྲིས་བྱུང་། ངས་ངང་ཐུང་རིང་དེ་ཅི་ཞིག་ཡིན་པ་ཡིད་ལ་མ་དྲན་པས། མོས། འདི་ནི་འཕེལ་གདུང་མ་རེད་དམ། མིག་ཁྲག་རྒྱས་པ་བཅོས་ཐུབ་པའི་དངོས་པོ་བཟང་པོ་དེ་རེད་ཟེར། རེད་དེ། ངའི་ཡིད་ལ་དྲན་བྱུང་། ལོ་མང་པོའི་སྔོན་ལ་ངའི་མིག་ལ་ཁྲག་བསགས་རྗེས་སྒྲོལ་མས་རང་གི་གྲོགས་པོའི་གམ་ནས་འཕེལ་གདུང་ཟེར་བའི་དུང་ཕྲུག་ཅིག་སློང་ཡོང་། དུང་དཀར་དེ་རིགས་ནི་མཚོ་འགྲམ་ནས་བཏུས་ཡོང་རྗེས་རྒྱུན་དུ་འབྲས་བླུགས་པའི་ཤེལ་དམ་ནང་དུ་བཞག་ནས་གསོ་ཡི་འདུག་སྐད། གལ་ཏེ་མིའམ་ཕྱུགས་ཟོག་གི་མིག་ལ་ཁྲག་རྒྱས་ན་དེ་འོ་མའི་ནང་དུ་སྦངས་ཏེ་མིག་ནང་དུ་བཞག་ན། མིག་ཁྲག་ཟོས་རྗེས་རང་འགུལ་ངང་ཕྱིར་འབུད་པ་རེད། ངས་སྒྲོལ་མའི་བཤད་པ་ལྟར་ཚོད་ལྟ་བྱས་ཏེ་ལེགས་གྲུབ་བྱུང་བས། ད་བར་དུ་ད་དུང་རྩ་ཆེའི་དངོས་པོ་དེ་ཁྱིམ་དུ་ཉར་ཡོད། དེ་རྐྱེན། ང་ཚོས་ཆེད་དུ་འཕེལ་གདུང་བཙལ་བ་ཡིན། ཡུལ་སྐོར་སྣེ་ཤན་པའི་རྩ་འཛུགས་ཀྱི་འབོད་སྒྲ་གྲགས་སྐབས། ངའི་ལུས་སུ་རྔུལ་ཆུ་མང་པོ་བཞུར་ཞིང་དཔུང་བ་ཡང་དམར་པོར་གྱུར་འདུག
       དུས་དེར། ཡུལ་སྐོར་སྣེ་ཤན་པས་ཡང་ཚང་མ་བཀོད་སྒྲིག་བྱས་ནས་ཆུ་རྐྱལ་བྱ་འགུལ་སྤེལ། ཆུ་རྐྱལ་ལ་དགའ་བའི་ཡུལ་སྐོར་བ་ཁག་ཅིག་གིས་དགའ་སྤྲོའི་འབོད་སྒྲ་སྒྲོག་པ་དང་སྒྲོལ་མས་ཀྱང་དང་ལེན་བྱས། སྒྲོལ་མས་ཆུང་དུས་སུ་ཆུ་རྩལ་སྦྱངས་མྱོང་བས་རང་བཞིན་གྱིས་སྤྲོ་བ་འཕེལ། རེད་མོད་ཀྱང་། ང་ནི་སྐམ་སའི་བྱ་གག་ལྟ་བུར་གྱུར། སྒྲོལ་མ་ཆུའི་ཟབ་སར་རྐྱལ་དུ་སོང་། ངས་ནི་ཆུའི་གཏིང་ཐུང་སར་རྐང་བ་སྦངས། མོ་ཡུད་ཙམ་ལ་གན་རྐྱལ་དུ་གཡེང་ནས་འགྲོ་བ་དང་། སྐབས་རེར་སྦལ་རྐྱལ་བྱེད་པའི་གཟོ་ལྟ་ཤིན་ཏུ་མཛེས། ལན་རེར་ད་དུང་ཆུ་གཏིང་དུ་འཛུལ་ནས་ཡུན་རིང་མ་སོང་བར་ཆུ་ངོས་སུ་མི་ཐོན་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་སོང་། དུས་དེར་ངས་གློ་བུར་དུ་ལོ་ཉི་ཤུའི་གོང་གི་མཐོ་སྒང་གི་རྨ་ཆུའི་འགྲམ་དུ་སྒྲོལ་མ་ཆུ་ལ་རྐྱལ་བས་ཅང་མིན་ན་རང་སྲོག་ཤོར་གྲབས་བྱས་པའི་གནས་ཚུལ་དེ་དྲན་བྱུང་བས། མྱུར་དུ་ལག་གཡུགས་བྱས་ནས་མོར་མགྱོགས་པོར་ཆུ་ལས་ཐོན་ཤོག་ཅེས་པ་དང་། ད་ཡང་སྔོན་ཆད་ཀྱི་གནས་ཚུལ་དེ་འདྲ་མི་བྱུང་བར་ཞུ་ཞེས་བོས།
       སྒྲོལ་མ་རླངས་འཁོར་དུ་བུད་རྗེས། རླངས་འཁོར་དུ་སུས་འགོ་འཛིན་བྱས་པ་མི་གསལ་བར་ཚང་མས་ཧྲེན་ཞའོ་ཚེན་གྱིས་འཁྲབ་པའི«གནམ་མཚོའི་མཐའ་ལ་ཤོག»ཅེས་པའི་གླུ་དབྱངས་དེ་འདི་ལྟར་བླངས་བྱུང་། འདི་རུ་དུས་ཚིགས་ཤིན་ཏུ་གསལ་བས་མཚོ་གླིང་དུ་དཔྱིད་རླུང་དྲོན་མོ་ལྡང་ཞིང་མེ་ཏོག་བཞད་ལ་ཉེ་བས་སེམས་ཁམས་སྐྱིད། དཔྱིད་ཟླ་གསུམ་པར་མེ་ཏོག་འཛུམ། དབྱར་ཟླ་ལྔ་པར་མེ་ཏོག་བཞད། སྟོན་ཟླ་བརྒྱད་པར་མེ་ཏོག་ཞིམ། དགུན་ཟླ་བཅུ་པར་ད་དུང་མཛེས་བཅས་སྒྲོལ་མས་ཀྱང་རྗེས་དེད་ནས་བླངས་ཤིང་ཚང་མའི་སྤྲོ་སྣང་དང་འདྲེས་པར་གྱུར།
       སེམས་མི་སྐྱིད་པའི་བྱ་བ་ཡང་རྒྱུན་དུ་འབྱུང་བཞིན་ཡོད་དེ། ཐེངས་ཤིག་ལ། ཚང་མས་མཆོད་འབུལ་བྱེད་སའི་སྟོན་པ་ཤཀྱཱ་ཐུབ་པའི་དགོན་པའི་ནང་དུ། དགེ་འདུན་པས་མི་རྣམས་ཀྱིས་སྐུ་འདྲར་ཕྱོགས་ནས་སྨོན་ལམ་འདེབས་སུ་བཅུག ང་དང་སྒྲོལ་མས་གྲོས་བྱེད་དབང་མེད་པར་མོ་འབག་སྐུའི་མདུན་དུ་བསླེབས་འདུག ངས་བལྟས་དུས་མོས་སྐུ་འདྲར་ཁ་གཏད་ནས་ཁ་རོག་གེར་ཅི་ཞིག་ཞུ་བཞིན་འདུག ངའི་ཤེས་ཚོར་ལྟར་ན་གྱོས་མོ་དང་བྱིས་པར་འབྲེལ་བ་ཡོད་པ་འདྲ། གསོལ་སྨོན་ཞུས་རྗེས། ངས་མོ་ལ་ཅི་ཞིག་གི་སྨོན་ལམ་བཏབ་ཚུལ་དྲིས་པར། མོས། གལ་ཏེ་ཨ་མའི་རྣམ་ཤེས་ད་དུང་འཁོར་མེད་ཚེ་མོ་ཕྱིར་ངའི་ནུ་མོའི་མངལ་དུ་ལོག་ནས་བདེ་ལེགས་ངང་བཙའ་རྒྱུ་སྟེ། བུ་དང་བུ་མོ་གང་ཡིན་རུང་ཆོག་གི་ཟེར་བར། ངས། དོན་འདི་ཁྱོད་ཀྱིས་སྔོན་ལ་ང་དང་གྲོས་མི་བྱེད་དོན་ཅི་ཡིན་ཞེས་པར། སྒྲོལ་མས། བྲེལ་འཚུབ་ཀྱི་དུས་ཚོད་འདི་འདྲར་གྲོས་བྱེད་ཁོམ་མི་འདུག ཡང་ཅིག་བཤད་ན། ཁྱོད་ངས་འདི་ལྟར་སྒྲུབ་པར་མི་འཐད་སྙམ་པས་ཡིན་ཟེར། ངས། འདི་ལྟ་བུའི་སྐུ་བརྙན་ནང་ཁུལ་དུ་མང་པོ་ཡོད། ཕན་མིན་སུས་ཤེས། དེ་འདྲའི་ནན་ཏན་བྱེད་དགོས་དོན་ཅི་ཡོད། ཡིན་ནའང་། སྨོན་ལམ་བཏབ་ན་ཚིག་ཐོག་ཏུ་གནས་དགོས། གལ་ཏེ་རེ་སྨོན་དོན་སྨིན་བྱུང་སྟེ་བྱིས་པ་བཙས་ཚེ་ཕྱིར་འདིར་དྲིན་ལན་འཇལ་དུ་ཡོང་དགོས། ངེད་ཚང་ནས་གནས་འདིའི་བར་སྤྱི་ལེ་སྟོང་ཕྲག་ལྷག་ཡོད། ཡོང་ཐེངས་གཅིག་ལ་སྒོར་མོའི་བཀོལ་སྤྱོད་མི་བཤད། ད་རུང་དུས་ཚོད་ཡོད་པའི་ངེས་པ་མེད། གལ་ཏེ་རེ་སྨོན་ལ་དོན་སྨིན་མ་བྱུང་ཚེ། དེ་ནི་སེམས་ནད་ཅིག་མ་རེད་དམ་ཞེས་པར། སྒྲོལ་མས་ཐོས་རྗེས་དེ་འདྲའི་དགའ་པོ་མ་བྱུང་ལ་ཅི་ཡང་མ་བཤད། ཅུང་ཙམ་འགོར་རྗེས་ཡང་དོན་དེ་བརྗེད་འདུག
       ལྗོངས་རྒྱུ་ནས་ཕྱིར་ལོག་རྗེས། སྒྲོལ་མའི་སེམས་ཁམས་ཞེ་དྲག་ཇེ་ལེགས་སུ་སོང་འདུག མོ་ད་དུང་ཆེད་དུ་རྒྱང་རིང་གི་ཞིང་གྲོང་དུ་ཡོད་པའི་ནུ་མོ་ཚེ་བརྟན་སྒྲོལ་མར་ཐེངས་གཅིག་ལྟ་རུ་སོང་། མོས་ལྗོངས་རྒྱུའི་སྐབས་སུ་ལྷ་སྐུར་རང་གིས་ཨ་མའི་རྣམ་ཤེས་ཚེ་བརྟན་སྒྲོལ་མའི་ལུས་སུ་འཁོར་བར་གསོལ་སྨོན་ཞུས་ཚུལ་ཐེངས་གཅིག་གླེང་བས་ཚེ་བརྟན་སྒྲོལ་མ་མི་དགའ་རང་དགའ་རུ་གྱུར་ཏེ་སྨྲས་རྒྱུར། བྱིས་པ་ཞི་ལི་ཞིག་བཙས་ཏེ་རང་གིས་སྙོར་ཡང་རུང་། ཞི་མོ་ཞིག་བཙས་ཏེ་ཨ་ཅེས་སྙོར་ཡང་རུང་། གང་ལྟར། ཨ་མ་སྔར་བཞིན་ང་ཚོ་དང་མི་འབྲལ་བ་རེད་ཟེར།
       ལགས་ཀྱང་། དེ་ལྟ་བུའི་ཉི་མ་ཟླ་འགའི་རིང་མ་རོལ་བར་ཡང་རྐྱེན་ངན་ཞིག་དེ་ལྟར་མགོར་ཡོང་།
       མཚན་མོ་དེར། ངས་ལས་ཁུངས་སུ་ལས་སྣོན་བྱས་རྗེས་ཁྱིམ་དུ་ལོག་མགོ་བརྩམས་པའི་དུས་སུ། སྒྲོལ་མས་ང་ལ་ཁ་པར་བཏང་ནས་བཤད་རྒྱུར། ཚེ་བརྟན་སྒྲོལ་མའི་ཕོ་བ་གློ་བུར་དུ་ན་དྲག་ནས་རྫོང་སྨན་ཁང་དུ་མྱུར་སྐྱོབ་བྱེད་པའི་སྒང་རེད། བཟའ་ཟླ་ཕྱི་རུ་ཞོར་ལས་སུ་བུད་སོང་བས་ཁ་པར་འབྲེལ་མི་ཐུབ། གམ་དུ་གཉེན་ཉེ་དུ་མེད་པས་ངེད་གཉིས་མྱུར་དུ་འགྲོ་དགོས་འདུག་ཟེར། སྐད་དེ་ཐོས་རྗེས་ངེད་གཉིས་དེ་མུར་རྫོང་སྨན་ཁང་དུ་སོང་།
       སྨན་ཁང་དུ་འགྲོ་བའི་ལམ་དུ། ངེད་གཉིས་ཀྱིས་ཚེ་བརྟན་སྒྲོལ་མས་བུ་ཕྲུག་བཙའ་རན་པ་ཡིན་ནམ་ཞེས་ཐེ་ཚོམ་བྱས། ཟླ་རྩིས་ཚེ་ད་དུང་ཟླ་གཅིག་གིས་ལོང་མེད། ཡང་ཅིག་བཤད་ན། གལ་ཏེ་ངེས་ངེས་བཙའ་རན་པ་ཡིན་ན། མོས་སྔོན་ལ་ང་ཚོར་བཤད་ངེས་ཡིན་ཏེ། སྨན་ཁང་དུ་བསྡད་རྗེས་ད་གཟོད་ཁ་པར་ཡོང་དོན་མེད་ཅེས་སེམས་ཁུར་བྱས་པ་དང་། དེ་ནས་ཁ་པར་བཏང་ཡང་མི་ལེན་པས་གཞི་ནས་གནས་ཚུལ་འཚབ་ཆེན་ཡིན་པ་རྟོགས་སོང་།
       སྨན་ཁང་དུ་བསླེབས་རྗེས། ད་གཟོད་མ་གཞིར་ཚེ་བརྟན་སྒྲོལ་མ་ལམ་དུ་འགྲོ་དུས་སྟབས་མི་ལེགས་པར་ཐེངས་ལ་འགྱེལ་བས། ཁོག་ཏུ་ན་མགོ་བརྩམས་པ་མ་ཟད། གློ་བུར་ཇེ་སྡུག་ཏུ་སོང་སྟེ་ན་བསྲན་བྱེད་མི་ཐུབ་པར་གྱུར། དེའི་རྒྱུ་རྐྱེན་ཅི་ཡིན་མ་ཤེས་པས་ཁྱིམ་མཚེས་ཀྱི་མི་འགས་མོ་སྨན་ཁང་དུ་བསྐྱལ་ཡོང་བ་རེད། མ་གཞིར་མོས་བྱིས་པ་དཀའ་བཙའ་བྱེད་དགོས་འདུག སྨན་པས་ང་དང་སྒྲོལ་མ་བསླེབས་པ་མཐོང་རྗེས་བཤགས་བཅོས་བུ་བཙའ་བྱེད་དགོས་ཚུལ་དང་། དེ་ལྟར་མ་བྱས་ན་མ་ཡི་སྲོག་ཀྱང་སྐྱོབ་དཀའ་ཚུལ་སྨྲས། སྒྲོལ་མ་དང་ངེད་གཉིས་ཀྱིས་ཚེ་བརྟན་སྒྲོལ་མ་དྲན་པ་ཐོར་ཡོད་པ་མཐོང་བས་འདང་བརྒྱག་ཅི་ཡང་མེད་པར་མྱུར་དུ་བཤག་བཅོས་ཆིངས་ཡིག་སྟེང་མིང་ཐོ་བཀོད་པ་ཡིན། བཤག་བཅོས་ཕྱེད་ཙམ་ལས་ལེགས་གྲུབ་མ་བྱུང་སྟེ་མི་ཆེ་བའི་སྲོག་བསྐྱབས་བྱུང་། ཡིན་ཡང་ཆུང་བ་ཁོག་པར་འཆི་སོང་ལ་བུ་མོ་ཞིག་རེད་འདུག སྨན་པས་བཤད་པ་ལྟར་ན་ཚེ་བརྟན་སྒྲོལ་མས་གཞུག་ཕྱོགས་སུ་ད་ཡང་བྱིས་པ་བཙའ་མི་ཐུབ་ཟེར།
       མཇུག་འབྲས་འདི་ཡིས་ཚེ་བརྟན་སྒྲོལ་མར་སྡུག་བསྔལ་སེམས་ཀྱིས་མི་ཐེགས་པ་བསྐྱེད་པ་མ་ཟད། ང་དང་སྒྲོལ་མར་བུ་མོ་ཞིག་དགོས་པའི་རེ་བ་ཡང་གཏོང་ཟད་དུ་བཏང་བ་རེད།
       སྒྲོལ་མས་དོན་འདིའི་བྱུང་དོན་ཐམས་ཅད་ངའི་སྟེང་དུ་ཁག་འགེལ་བྱས་བྱུང་སྟེ། ངས་ནི་ལྷ་སྐུའི་མདུན་དུ་དད་ལོག་བྱས་པས་ལན་ཟེར་བར། ང་ཡང་བཟོད་སྒོམ་བྱེད་པའི་ལྐུགས་པར་གྱུར། རྒྱུ་མཚན་ནི། ངས་ནི་འདི་ལྟ་བུའི་དོན་གྱི་མདུན་དུ་ཁ་བཅུ་ཡོད་ཀྱང་འགྲེལ་མི་ཐུབ་པ་ཤེས་པས་ཡིན།
       སྨན་ཁང་ནས་ཕྱིར་བུད་རྗེས། སྒྲོལ་མ་ཡང་ཉབ་བེ་ཉོབ་བེ་ཞིག་ཏུ་གྱུར། ལས་ཚོགས་གྲོལ་རྗེས་ཁྱིམ་དུ་ཉལ་ནས་གང་དུའང་མི་འགྲོ། སྐབས་ལ་ལར་ཨ་མ་དྲན་པར་སྨྲ་ལ། སྐབས་ལ་ལར་ཡང་སྔོན་གཏམ་བསྐྱར་ཟློས་བྱེད་པ་སྟེ། ངས་ནང་ཁུལ་གྱི་ལྷ་ཁང་དུ་བཤད་མི་འོས་པའི་སྐད་ཆ་བཤད་པ་དང་། དེ་ལྟར་མིན་ཚེ་ཚེ་བརྟན་སྒྲོལ་མ་དེ་ལྟ་བུའི་ཉེན་ཁར་འཕྲད་མི་སྲིད་ལ་རྗེས་སུ་བྱིས་པ་བཙའ་མི་ཐུབ་པའི་མགོར་ཡང་འགྱུར་མི་སྲིད་ཅིང་། བྱིས་པ་ཁོག་པར་འཆི་བའི་དོན་རྐྱེན་ཡང་ཅི་ལ་འབྱུང་སྲིད་ཅེས་ལེ་བདའ་བྱེད། ངས། མི་འགྲོ་དགོས་པ་བུད་སོང་ཞིང་། ང་ཚོ་གསོན་ཡོད་པ་ཚོ་ཡག་པོར་འཚོ་ན་འོས། འདི་ནི་འཆི་བོའི་རེ་བའང་ཡིན། ཚེ་བརྟན་སྒྲོལ་མ་འཆི་བ་ལས་ཐར་བ་ནི་ང་ཚོའི་ལས་བཟང་སོང་བས་རེད། མོ་ལ་བུ་ཞིག་དགོས་འདོད་པའི་དོན་དེ་མ་འོངས་པར་གནམ་རྒན་མས་མཁྱེན་རོགས། ང་ཚོར་ད་མདངས་ཡོད་ཀྱང་འདི་ལས་ལྷག་པའི་ནུས་སྟོབས་ཤིག་གང་དུ་ཡོད་དམ། ངེད་གཉིས་ལ་བུ་མོ་ཞིག་དགོས་འདོད་པའི་དོན་དེ་ཡང་རྗེས་སུ་བཤད་ཆོག བརྒྱ་ལ་འོས་འཚམ་ཞིག་མེད་ན་མ་སྙོར་ཡང་ཆོག
       ད་ལྟ། སྲིད་ཇུས་ཀྱིས་གཏན་ཁེལ་བྱས་པ་ལྟར་ན། མཁར་གྲོང་གི་རྒྱ་རིགས་ཀྱི་བུད་མེད་ཚོས་བྱིས་པ་གཅིག་མ་གཏོགས་བཙས་མི་ཆོག་ལ། མི་འགའ་ཤས་ལ་ད་དུང་བྱིས་པ་གཅིག་ཀྱང་དགོས་ཀྱི་མི་འདུག ང་ཚོ་ལ་བུ་ཞིག་ཡོད་པས་དེ་ཆོག་བསམ། གལ་ཏེ་བུ་གཅིག་པོ་ཐང་ཆད་དེ་རྗེས་སུ་ང་ཚོ་སྙོར་སྐྱོང་བྱེད་མི་ཐུབ་ན་ངེད་གཉིས་རྒན་སྙོར་ཁང་དུ་སོང་ཡང་ཆོག་ཅེས་གནས་ལུགས་བཤད་ཀྱང་སྒྲོལ་མ་སྔར་བཞིན་སྒུལ་མི་ཚུགས་པར་མཆིས།
       མཚོ་མོས་སྒྲོལ་མ་རང་གི་ཨ་མ་དང་སྲུང་མོའི་དོན་ལ་སེམས་སྡུག་པ་དང་། ད་དུང་ང་དང་བུ་མོའི་ཕྱོགས་ནས་ཁ་རྩོད་ཡོད་པ་རྟོགས་པས། བྲོ་གྲོགས་འགའ་དང་མཉམ་དུ་ཡོང་ནས་མོ་ལ། ཁྱོད་རང་གི་ཨ་མ་དང་སྲུང་མོའི་སྟེང་སེམས་སྡུག་པ་དེ་ཡིན་འོས་པ་ཞིག་རེད་མོད། འོན་ཀྱང་དོན་དེ་ཕར་འདས་སོང་བས་བཙས་མ་བྱུང་བའི་མི་ཡུལ་མ་འགྲིམས་པའི་ཁོག་པའི་ནང་གི་བུ་མོ་ཞིག་གི་ཆེད་དུ་སེམས་སྡུག་བྱས་ན་རིན་ཐང་ཆེའམ། ཚང་མས་སྔར་བཞིན་མདུན་དུ་ལྟོས་ལགས་ཞེས་ཁ་ཏའི་སེམས་གསོ་བྱས་ལ། ཤའོ་ཡུན་གྱིས་ཀྱང་མོར་སྐོར་བྲོ་འཁྲབ་སྟེ་ཁོར་ཡུག་ཅིག་བརྗེས་ན་རེད་ཟེར་བར། སྒྲོལ་མས། ང་ཚོ་བོད་མིས་རྒན་པ་དག་ཚེ་ལས་འདས་རྗེས་ལོ་གཅིག་རིང་བྲོ་འཁྲབ་གླུ་ལེན་བྱེད་མི་རུང་། དེ་ལྟར་བྱས་ན་མི་གཞན་གྱིས་མཐོང་ཚེ་འཕྱ་སྨོད་བྱེད་པའི་གནས་ལས་མེད་ཟེར། ཤའོ་ཡུན་གྱིས། གུས་པ་ནི་སེམས་སུ་ཡོད་དགོས། ད་ལྟ་དུས་རབས་གང་འདྲ་ཞིག་ཏུ་བསླེབས་ཡོད་པ་མི་ཤེས་སམ། ད་དུང་དེ་དག་ལ་དང་དོད་བྱས་ཏེ། རང་གི་ལུས་ཕུང་དེ་འདྲའི་ཞན་འདུག ད་ལུས་ཕུང་སྦྱོང་བརྡར་མི་བྱེད་ལ་མི་མང་ཚོགས་སར་སོང་སྟེ་ཁམས་གཡེང་རེ་མི་བྱེད་ཚེ་ལུས་ཕུང་དང་སྙིང་སྟོབས་གཉིས་ཀ་གཞི་ནས་ཟད་པར་སྲིད་ཟེར།
       ཁ་བརྡ་འདི་དག་ལ་ཉན་རྗེས་སྒྲོལ་མས་ཀྱང་ཅང་མི་བཤད་དེ། ཕལ་ཆེར་སེམས་འགུལ་འདྲ་ཐེབས་པ་འདྲ་མོད། འོན་ཀྱང་མོ་སྔར་བཞིན་ཕྱིར་འཆམ་འདོད་མི་འདུག
       སྐབས་དེར། བྲོ་གྲོགས་ཚོས་ཕན་ཚུན་མིག་བརྡ་ཞིག་བརྒྱབ་རྗེས། མོ་བཙན་གྱིས་ཁྲིད་དེ་སྐོར་བྲོ་འཁྲབ་རར་ཆས་སོང་།
༡༥
       ཉིན་འདི་དག་གི་རིང་ལ། ཧྲུའུ་ཅི་འཕྲིན་ལས་ལ་སྙིང་ནད་བྱུང་སྟེ་ཞིང་ཆེན་ལྟེ་གནས་སྨན་ཁང་དུ་སྨན་བཅོས་བྱེད་དུ་བུད་སོང་བས། ཨྱོན་གྱིས་ཤང་གི་བྱ་བའི་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་མགོ་བརྩམས། ཁོང་གིས་ཚེ་ལོ་ནགས་ལས་ལས་བྱེད་མི་སྣ་དང་མཉམ་དུ་གྲོང་ཚོ་ཁག་ཏུ་བསྐྱོད་དེ་ཤང་ཡོངས་ཀྱི་ནགས་ལས་ཐོན་སྐྱེད་ཀྱི་གནས་ཚུལ་བརྟག་དཔྱད་དང་རྒྱུས་ལོན་བྱ་རྒྱུར་བཀོད་སྒྲིག་བྱས། ཚེ་ལོས་ཤེས་ཏེ། བྱེ་བྲག་གི་ནགས་ལས་ཀྱི་ལས་ཀ་དངོས་དེ་རང་ཉིད་དང་འབྲེལ་བ་ཆེན་པོ་མེད་མོད་ཀྱང་། ཡིན་ཡང་ཤང་གི་ལས་ཀ་ནི་ལས་བགོས་ཁ་ཁ་ཡང་ཁྱིམ་བགོས་ཡེ་མི་སྲིད་པས། གལ་ཏེ་མི་ཞིག་མ་ཁོམ་ཚེ་གཞན་དག་གིས་རོགས་རམ་བྱེད་དགོས་པ་དཔེ་ཡིན། ཡང་ཅིག་བཤད་ན། ཉིན་འདི་དག་གི་རིང་ལ་ཡི་གེའི་ལས་ཀ་དེ་ཙམ་མེད་པས་རང་གི་སེམས་ནི་བློང་བློང་པོར་གྱུར་ཡང་། རེད་མོད་ཀྱང་སྤྱིར་བཏང་གི་གནས་ཚུལ་འོག་ཏུ་མ་གཏོགས་ཧྲུའུ་ཅི་དང་ཤང་ཀྲང་གིས་ཀྱང་ལོངས་སྤྱོད་བྱེད་ཐུབ་ཀྱི་མེད་པའི་པེ་ཅིང་ཅི་ཕུའུ་ནང་བསྡད་དེ་གྲོང་ཚོ་ཁག་ཏུ་བསྐྱོད་རྒྱུ་དེའང་བློ་ཡིད་ཚིམ་པའི་བྱ་བ་ཞིག་ཏུ་འཁུམས་པས་ཧ་ཅང་དགའ་པོ་བྱུང་། དེ་བས་གྲོང་ཚོར་བསླེབས་ནའང་དོན་དངོས་སུ་ལས་ཀ་དེ་ཙམ་མེད་དེ། གྲངས་ཀ་ཞིག་བསྡོམས་རྩིས་བྱེད་པའམ། གྲོང་ཚོ་ཁག་གི་ནགས་ལས་ཐོན་སྐྱེད་ཀྱི་ད་ཡོད་གནས་ཚུལ་རྒྱུས་ལོན། སླད་ཕྱིན་ཤིང་འཛུགས་བྱེད་རྩིས་ཀྱི་འཆར་གཞི་བཅས་ལ་ཉན་རྗེས་བསྡུས་ཕྲིན་ཞིག་བྲིས་ནས་བཀྲམ་ཚེ་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད། འོན་ཀྱང་གྲོང་ཚོ་སྡོད་གནས་ཁ་ཐོར་ཞིང་ཁ་ཐག་རིང་བའི་ལུང་ཁུག་དག་ཏུ་གནས་པ་དང་། ལམ་ཡང་བདེ་མོ་མེད་པའི་རྐྱེན་གྱིས། ཐེངས་གཅིག་སོང་ན་ཏག་ཏག་གཟའ་འཁོར་གཅིག་གི་དུས་ཚོད་སྤྱོད་དགོས་པ་རེད།
       ཚེ་ལོ་ཤང་དུ་ལོག་ཚེ་ཡོས་ལན་ནི་ཡིད་སྐྱོ་བའི་རྣམ་པར་གནས། ཚེ་ལོས། ང་ཚོ་བྱ་སྒྲོའི་སྤོ་ལོ་རྩེད་ན་ཇི་འདྲ་རེད་ཟེར་བར། ཡོས་ལན་གྱིས། ང་ལ་དུས་ཚོད་མེད་ཟེར། ཚེ་ལོས། ཁྱོད་ཀྱི་ངོ་མདོག་དེ་འདྲ་མི་བཟང་བས་ལུས་པོ་མི་བདེའམ་ཞེས་པར། ཡོས་ལན་གྱིས་གཞི་ནས་སླར་ལན་ཚིག་གཅིག་ཀྱང་མི་སྨྲས། ཚེ་ལོས་ད་དུང་ཡོས་ལན་མི་མང་གི་མདུན་དུ་བསམ་བཞིན་དུ་ཁོ་ལ་གཡོལ་བ་རྟོགས། ཚེ་ལོའི་བསམ་པར་འདི་ནི་ཁོ་ཐག་མོ་ང་དང་ཤ་པགས་ལྟ་བུའི་གྲོགས་པོ་མི་བྱེད་པའི་ཆེད་དུ་རང་འགུལ་ངང་ཁོ་དང་རྒྱང་ལ་གྱེས་པ་རེད་སྙམ། ཡིན་ཡང་ཞིབ་འདང་ཞིག་བརྒྱབ་ན། ངེད་གཉིས་བར་དུ་ཤ་པགས་ལྟ་བུའི་གཉེན་ཉེ་ཡི་འབྲེལ་བ་མེད་ཀྱང་། སྔར་བཞིན་སུས་ཀྱང་ཤེས་པའི་བརྩེ་ལྡན་གྱི་གྲོགས་པོ་བཟང་པོ་ཡིན་པས། རིམ་བཞིན་ཁོ་ལ་ཐེ་ཚོམ་གྱི་ཚོར་སྣང་ཞིག་ངང་གིས་བསྐྱེད།
       ཉིན་དེར། ཚེ་ལོས་གློ་བུར་དུ་ཁོའི་གཞུང་ལས་ཁང་གི་འཐེན་སྒམ་དུ་འཕྲིན་ཡིག་གི་ཤོག་ཐུམ་ཞིག་ཡོད་པ་མཐོང་། ཁ་ཕྱེ་ནས་བལྟས་ཚེ་དེ་ནི་ཡོས་ལན་གྱིས་བྲིས་པ་རེད།
       འཕྲིན་ཡིག་ཏུ། ཚེ་ལོ་ལགས། ཉིན་འདི་དག་ལ་ང་སེམས་མི་སྐྱིད་པའི་དོན་དག་ཞིག་དང་འཕྲད། ཁྱོད་གཞི་རིམ་དུ་སོང་བའི་ཕྱི་ཉིན། ཨྱོན་གྱིས་ང་ལ་ཁོའི་གཞུང་ལས་ཁང་དུ་བོས་རྗེས་ངོ་ཚ་ཁྲེལ་མེད་ཀྱིས་བཤད་རྒྱུར། ང་ཁྱོད་ལ་ཧ་ཅང་དགའ་སྟེ། ཁྱོད་དང་གྲོགས་པོ་ཞིག་བསྒྲིགས་འདོད་ཟེར། ངས། ཤང་ཀྲང་ལགས། ཁྱོད་ཀྱིས་ཅིའི་ཕྱིར་འདི་ལྟ་བུའི་ཀུ་རེ་རྩེ་བ་ཡིན་ནམ། ཁྱོད་དང་ངེད་གཉིས་ཀྱི་ལོ་ཚོད་ཀྱི་ཧེ་བག་ཆེ་བ་ཕར་ཞོག་དང་། ང་ནི་གཉེན་སྒྲིག་བྱས་མེད་པའི་བུ་མོ་ཞིག་ཡིན་ལ། ཁྱོད་ནི་ད་དུང་ཁྱིམ་ཚང་ཡོད་པའི་མི་ཞིག་ཡིན་པ་མ་ཡིན་ནམ་ཞུས་པར། ཨྱོན་གྱིས། ཅི་ཞིག་གིས་བུ་མོ་བུ་མོ། ངས་ཁྱོད་དང་ཚེ་ལོ་སྔ་ས་ནས་འཕྲད་ཡོད་པ་ཤེས་ཡོད། ཁོ་ལའང་ཁྱིམ་ཚང་ཡོད་པ་མ་རེད་དམ་ཞེས་བཤད། ངས་ཁོང་ཁྲོའི་ངང་། ཤང་ཀྲང་ལགས། ཁྱེད་ཀྱིས་གང་བྱུང་མ་ཤོད་དང་། ང་དང་ཚེ་ལོའི་བར་ནི་གྲོགས་པོ་དཀྱུས་མའི་འབྲེལ་བ་ཡིན་པས་གཞན་དོགས་པ་ཟ་དགོས་པ་གང་ཡང་མེད་ཅེས་བཤད། ཨྱོན་གྱིས། ཁྱོད་ཚོས་མཉམ་དུ་ཟ་མ་ཟ་བ་དང་ཆང་ཡང་འཐུང་བ་རེད། ཁོ་ད་དུང་ཁྱོད་དང་འགྲོགས་ནས་ཉལ་བ་རེད། འདི་ནི་སྤྱིར་བཏང་གི་གྲོགས་པོའི་འབྲེལ་བ་ཞིག་ཡིན་ནམ། ངས་ཁྱོད་ལ་བཤད། འདི་དག་ཚང་མ་ངས་ཤེས་ཡོད། འོན་ཀྱང་ཁྱོད་དང་ཚེ་ལོས་ལས་ཁུངས་དང་སྤྱི་ཚོགས་སྟེང་དུ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ངས་ཁྱོད་ཚོར་ཡོངས་གྲགས་སུ་སྐྱོན་བརྗོད་བྱེད་མི་འདོད། ཆ་རྐྱེན་ནི་ཁྱོད་ཀྱིས་ངའི་མཛའ་གྲོགས་བྱེད་པར་ཁས་ལེན་དགོས་ཟེར། ང་རེ་ཞིག་ལ་ཚིག་འགགས་ནས་གང་ཞིག་བཤད་དགོས་པའང་མི་ཤེས་པར་ངོ་ཚ་ནས་ཕྱིར་བྲོས་ཡོང་བ་ཡིན། ཁྱོད་ཀྱིས་ཤོད་དང་ངས་ཅི་ཞིག་བྱ་དགོས་སམ་ཞེས་བྲིས་འདུག
       འཕྲིན་ཡིག་ལ་བལྟས་རྗེས། ཚེ་ལོ་ཡང་གནས་སྐབས་སུ་རྨོངས་པར་གྱུར་ཅིང་། རྒྱབ་ཏུ་ཁབ་ཀྱིས་གཙགས་པ་ལྟ་བུའི་ན་ཟུག་བཟོད་དཀའ་བར་གྱུར། སྤྱིར་ཁོ་དང་ཡོས་ལན་གཉིས་ཀྱིས་འོ་བྱས་མ་ཙམ་ལས་ཚད་ལས་འདས་པའི་སྤྱོད་ངན་གཞན་གང་ཡང་མ་བྱས་མ་ཟད། ད་དུང་རྗེས་ཕྱོགས་སུ་ད་ཡང་ཤ་འབྲེལ་གྱི་བརྩེ་དུང་གང་ཡང་མེད་ཚུལ་བརྗོད་ཡོད་མོད། འོན་ཀྱང་བྱ་བ་དེ་དག་དངོས་གནས་ཕྱི་ལ་ཤོར་ཚེ་སྔར་བཞིན་རྙོག་དྲ་མང་པོ་བཟོ་སྲིད། ཚེ་ལོ་ཕྱིར་ཉལ་ཁང་དུ་ལོག་རྗེས་མལ་ཁྲིའི་སྟེང་དུ་ལོག་ནས་ཕར་འཁོར་ཚུར་འཁོར་བྱས་ནས་འདང་མང་པོ་བརྒྱབ། སེམས་སུ་གལ་ཏེ་དོན་དེ་རིགས་སྣང་མེད་དུ་བཞག་ན། ཨྱོན་གྱིས་ཡོས་ལན་རྫོབས་དྲགས་པ་མ་ཟད། རང་ཉིད་དང་ཡོས་ལན་གྱི་དོན་དེ་ཨྱོན་གྱི་ཁའི་ནང་དུ་ལྡབ་ག་ཚོད་ཀྱིས་ཇེ་ཆེར་གཏོང་མིན་ཡང་མི་ཤེས། དེ་འདྲ་བྱས་ན་ཡོས་ལན་བརླགས་སྲིད་པ་མ་ཟད། རང་ཉིད་ཀྱང་མི་ཚུལ་ལྡན་ཞིག་བྱེད་དཀའ། ཁོས་ཨྱོན་གྱིས་དེ་ལྟར་ཡོས་ལན་ལ་བརྙས་བཅོས་བྱེད་པར་བཟོད་དཀའ། ཡང་ཡང་བསམ་བློ་བཏང་རྗེས། ཁོས་ཨྱོན་ལ་ཁ་གཏད་འཇལ་བའི་ཐབས་བསླབས་པའི་ཡིག་ལན་ཞིག་འདི་ལྟར་བྲིས་པ་སྟེ། གལ་ཏེ་ཨྱོན་གྱིས་མུ་མཐུད་དེ་རྒྱུ་མཚན་དུ་བཟུང་ནས་ཁྱོད་ལ་འཁྲིལ་ཞིང་དམའ་འབེབས་དང་གནོད་འཚེ་བྱེད་ཚེ། ཁྱོད་ཀྱིས། ང་དང་ཚེ་ལོར་ཉེས་པ་ཡོད་མེད་ཁྲིམས་ལུགས་སྨན་པར་བརྟེན་ནས་གསལ་འབྱེད་བྱས་ཆོག་སྟེ། གལ་ཏེ་ང་ཚོར་ཉེས་པ་མེད་ན། ངས་ཁྱེད་རང་ཉེས་མེད་སྙོན་འཛུགས་དང་མ་ཉེས་ཁ་གཡོགས་བྱེད་པའི་ཉེས་ཅན་དུ་ཞུ་གཏུགས་བྱེད་རྒྱུ་ཡིན་ཞེས་ཤོད་ཅེས་བསྐུར།
       ཚེ་ལོའི་བྱེད་ཐབས་དེ་ནི་དངོས་གནས་སྣག་ཐོག་ཁབ་གཙགས་སུ་གྱུར་བས། ཨྱོན་གྱིས་ད་ཡང་ཡོས་ལན་ལ་རྙོག་དྲ་མ་བཟོས།
བཅུ་དྲུག་པ།
       ལོ་གསར་འཆར་ཉེར་ཡོད་པའི་དུས་སུ། ནུ་བོས་ང་དང་སྒྲོལ་མས་ལས་ཁུངས་སུ་ལས་རེས་བྱེད་དགོས་ཀྱི་ཡོད་པ་དང་ཕ་ཡུལ་དུ་ཡོང་མ་ཐུབ་པ་ཤེས་པས་ཕག་མགོ་ཕྱེད་ཀ་དང་། ཕག་བརླ། ཁྱིམ་བྱ་གཅིག་བཅས་འཁྱེར་ནས་ཁུལ་དུ་ང་ཚོར་ལྟ་རུ་ཡོང་། ངས་ནུ་བོར། ཁྱོད་མི་བུད་ཡོང་ན་དེ་ཆོག་གི དངོས་པོ་དེ་དག་འཁྱེར་ཡོང་དགོས་པ་རེད་དམ། ལམ་བར་དུ་ཡར་འཁུར་མར་འཁུར་བྱས་ན་དཀའ་ལས་མི་ཆེའམ་ཞེས་པར། ནུ་བོས། འདི་ཡང་ཨ་ཕའི་བསམ་ཚུལ་ཡིན་ཏེ། ཁོང་གིས་སྲི་མོའི་ལུས་སྟོབས་ཇེ་ཞན་དུ་ཕྱིན་པར་སེམས་ཁྲལ་བྱེད་ཀྱིན་འདུག་པས། དངོས་བོ་འདི་དག་གིས་ལུས་གསོ་ཙམ་བྱོས་གསུངས་བྱུང་ཟེར། ངས་ཨ་ཕའི་ལུས་ཕུང་ཅི་འདྲ་ཡིན་པ་དྲིས་པར། ནུ་བོས། སྐྱོན་ཆེན་པོ་མི་འདུག་སྙམ། དེ་ནི་གློ་ལུ་ཙམ་རེད། ད་ཐེངས་ཁོང་ཡང་འདིར་ཡོང་རྒྱུར་གྲ་སྒྲིག་བྱས་མོད། ངས་གནས་འདིའི་མཁའ་དབུགས་མི་འཕྲོད་པར་སྐྲག་པས་བཀག་ཟིན་ཟེར། སྒྲོལ་མས་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་ཏེ་མིག་ཆུ་དབང་མེད་དུ་བཞུར་བྱུང་།
       སྒྲོལ་མས་ཆེས་ཞིམ་པའི་ཟ་མ་སྤྱད་ནས་ནུ་བོར་སྣེ་ལེན་བྱས་ཏེ་མཚན་མོའི་སྐོར་བྲོའང་འཁྲབ་ཏུ་མ་སོང་། ང་ཚོས་ཕྱོགས་གཅིག་ནས་ཟ་འཐུང་རོལ་བ་དང་ཕྱོགས་གཅིག་ནས་ཡུལ་གྱི་དོན་དག་སྟེ། དཔེར་ན། སྡེ་བའི་ནང་གི་ད་ལྟའི་ལོ་ན་ཆེས་ཆེ་བའི་རྒན་པོ་དེ་སུ་ཡིན་པ་དང་། ཁོང་ཚོའི་ལུས་ཕུང་ཅི་འདྲ་ཡིན་པ། ད་ལོའི་ཐོན་འབབ་ཅི་འདྲ་ཡིན་པ། སང་ལོར་ཞིང་ནང་དུ་ལོ་ཏོག་ཅི་ཞིག་འདེབས་འདོད་པ། སྡེ་བའི་ནང་དུ་གཏམ་རྒྱུད་གསར་བ་ཅི་ཞིག་ཡོད་པ་སོགས་གླེང་བ་ལ། ཐོས་ཚད་ཚང་མ་གཏམ་བཟང་རེད། ལྷག་པར་དུ་ང་ཚོས་རྒྱལ་ཁབ་ཀྱི་གྲོང་སྡེ་སྲིད་ཇུས་སྐོར་གླེང་སྐབས། ནུ་བོས་རྩི་རྒྱུར། དཔེར་ན། ཁྱིམ་ཚང་མང་པོའི་གཤིན་སའི་འབྲུ་ཁྲལ་རྩ་ཆག་གཏོང་རྒྱུ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རྒུད་སྐྱོབ་ཁ་གསབ་སྤྲོད་རྒྱུ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་འཛུགས་རྒྱུ། ས་བོན་དང་རྫས་ལུད་རིན་མེད་དུ་གནང་རྒྱུ། གྲངས་འབོར་ཉུང་བའི་དངུལ་བུན་གཏོང་རྒྱུ་སོགས་ཀྱི་གནས་ཚུལ་སྐོར་བཤད་བྱུང་། ཞིང་པའི་འཚོ་བའི་འགྱུར་ལྡོག་ཆེན་པོས་ང་ཚོ་ལ་སྤྲོ་སྣང་བསླངས་བྱུང་། འོན་ཀྱང་གླེང་བཞིན་གླེང་བཞིན་ནུ་བོས་ང་ཚོར་བུ་མོ་ཞིག་དགོས་འདོད་པའི་པའི་དོན་དེ་གླེང་བྱུང་། ངས། དོན་འདི་ང་ཚོས་ཁྱོད་ལ་གླེང་མ་མྱོང་། ཁྱོད་ཀྱིས་ཅི་ལྟར་ཤེས་སམ་ཞེས་དྲིས་པར། ནུ་བོས། ཨ་ཕས་བཤད་པ་ཡིན་ཟེར། ངས་ཡང་། ཨ་ཕས་ཅི་ལྟར་ཤེས་པ་ཡིན་ནམ་ཞེས་དྲིས་པར། ནུ་བོས། ཁོང་གི་སྲིང་མོ་ན་སྐབས་མོར་ལྟ་རུ་སོང་དུས་ཁོང་གཉིས་ཀྱིས་གླེང་མོལ་བྱས་པ་འདྲ། ཨ་ཕས་ད་སྐབས་ད་དུང་མཐའ་འཁོར་ནས་བུ་མོ་སྙོར་རྒྱུའི་གནས་ཚུལ་ཡོད་མེད་ལ་བརྟག་བཞིན་ཡོད་ཟེར་བར། སྒྲོལ་མས་དོན་དེ་ཐོས་རྗེས་ཡང་བསྐྱར་སེམས་སྐྱོ་བྱུང་།
       ནུ་བོ་ཁྱིམ་ལས་ལ་བྲེལ་བ་ཆེ་བས་ཕྱི་ཉིན་ཕྱིར་ཕ་ཡུལ་ལ་ལོག
       ལོ་སར་གྱི་གནང་གང་དགོང་མོར། སྒྲོལ་མས་ཕག་མགོ་བཙོས་ནས་གནམ་གང་རོལ་ཟེར་བར། ངས། བཞག་ནས་སང་ཉིན་ཟ་རྒྱུ་བྱེད་ཅེས་པར། སྒྲོལ་མས་ང་ལ་དེའི་རྒྱུ་མཚན་དྲིས་བྱུང་། ངས་སྔོན་ཆད་ང་ཚོའི་རྒན་པོ་དར་རྒྱས་ཚེ་ལས་འདས་རྗེས་ཁྱིམ་མི་རྣམས་ཀྱིས་རྗེས་དྲན་བྱེད་ཆེད་ལོ་རེའི་ཚེ་གཅིག་ཞོགས་པར་ཕག་ཤ་ཟ་བའི་དོན་དག་དེ་བཤད་པ་ཡིན། ཡིན་ཡང་སྐད་ཆ་དེ་སྒྲོལ་མའི་རྣ་བར་མི་འགྲོ་བར། ངེས་པར་གནམ་གང་དགོང་མོ་ཟ་རྒྱུ་སྟེ་ཕྱི་ཉིན་ཤ་ཡི་བྲོ་བ་ཉམས་འགྲོ་ཞེས་ཟེར། ང་ཁོང་ཁྲོ་ལངས་ནས། གལ་ཏེ་ཁྱོད་ཀྱིས་ཟ་འདོད་ན་རང་གིས་ཟོ། གང་ལྟར་ངས་མི་ཟ་ཞེས་པར། སྒྲོལ་མས་ཁམ་འགའ་ཟོས་རྗེས་མུ་མཐུད་དུ་ཟ་མ་ཐུབ་པར་མིག་མཐར་ཆུ་ཞགས་ཀོ་རོ་རོ་འཁོར། གློ་བུར་དུ་མོས་ཁ་པར་བཟུང་སྟེ་ཕ་ཡུལ་ལ་ཁ་པར་བཏང་། ཨ་ཕས་ངེད་གཉིས་ཀྱིས་ཕག་མགོ་ཟ་བའི་རྩོད་གཞི་དེ་རྟོགས་རྗེས་ཁ་པར་ང་ལ་ཉན་དུ་བཅུག་ནས་སྨྲས་རྒྱུར། ཁྱོད་ཀྱིས་ཅུང་ཙམ་གུ་ཡངས་སུ་བཏང་ན་མི་ཆོག་གམ། དོན་དག་ཆུང་ཆུང་འདི་འདྲ་ཞིག་གི་ཆེད་དུ་ཕན་ཚུན་ལ་རྩོད་རེས་བྱས་ན་འོས་སམ། དགོང་མོར་ཕག་མགོའི་ཤ་ཟོས་པ་ཙམ་གྱིས་ང་ཚོའི་ཁྱིམ་རྒྱུད་ཀྱི་རྗེས་རབས་པ་མ་རེད་ཅེས་སུས་ཟེར་རམ་ཟེར།
       ཨ་ཕའི་གཏམ་ལ་ཉན་རྗེས། ངས་མྱུར་དུ་ཕག་མགོའི་ཤ་ལེབ་གཉིས་དྲས་ནས་ལེབ་མོ་གཅིག་རང་གི་ཁ་རུ་བཅུག་པ་དང་ལེབ་མོ་གཅིག་སྒྲོལ་མའི་ཁ་ནང་དུ་བཞག
༡༦ 
       «ཧོར་གླིང་གཡུལ་འགྱེད»ཅེས་པའི་འཁྲབ་ཚན་བསྟུད་མར་ཐེངས་བཅུ་ཕྲག་ལྷག་ལ་འཁྲབ་སྟོན་བྱས། ཧ་ལམ་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་ཚང་མས་ཐེངས་གཅིག་བལྟས་པ་ཡིན། མི་ཁ་ཤས་ནི་འཁྲབ་ཐེངས་རེ་རེར་ཆད་མེད་ཀྱང་སྲིད། རྒྱུ་མཚན་ནི་དེ་སྔ་གར་སྟེགས་སྟེང་གི་གེ་སར་རྒྱལ་པོའི་སྐོར་གྱི་འཁྲབ་སྟོན་ལ་བལྟས་མྱོང་མེད་ཅིང་ཚང་མར་གསར་བྱུང་ཡིད་འགུགས་ཀྱི་ཚོར་ནུས་ཆེས་ཆེར་ཕྱིན་པས། གདེང་འཇོག་ཀྱང་ཤིན་ཏུ་མཐོ། དེ་རྗེས་སུ་ཁྱིམ་མཚེས་རྫོང་གི་རིག་གནས་ཚན་པས་ཀྱང་གདན་འདྲེན་ཞུས་ནས་འཁྲབ་སྟོན་བྱས་པ་སོགས་ཀྱིས་སངས་རྒྱས་དང་གཡང་སྐྱིད་ནི་སྐབས་ཤིག་རིང་ལ་ལྟད་མོ་བ་ཚོའི་སེམས་ནང་གི་མི་སྣ་གྲགས་ཅན་དུ་གྱུར་ཅིང་། ས་ཆ་གང་དུ་བསླེབས་ནའང་མི་ཚང་མས་ཁོ་གཉིས་སྐོར་ཡོང་བ་རེད། རྒྱུན་དུ་དེ་དུས། སངས་རྒྱས་ཀྱིས་གཡང་སྐྱིད་ཀྱི་ལག་པ་བཟུང་སྟེ། ངས་རང་གི་ལྕམ་མོ་བདག་སྐྱོང་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཡང་ཧོར་རྒྱལ་པོས་འཕྲོག་སོང་ན་ཇི་ལྟར་བྱ་ཞེས་ཟེར་ཞིང་། དེ་མཚུངས་སུ་གཡང་སྐྱིད་ཀྱིས་ཀྱང་དཔའ་བོ་ཁྱོད་མདུན་དུ་ཡོད་བཞིན་དུ་སུ་ཞིག་གིས་ང་རང་འཕྲོག་བཅོམ་བྱེད་ཕོད་དམ་ཟེར་བར། མཐའ་བསྐོར་བ་རྣམས་ཧ་ཧོའི་ཧབ་ཆས་འཁེངས།
       གཡང་སྐྱིད་ཀྱིས་ཚང་མའི་ཡིད་སྨོན་འཆོར་བའི་སྤྲོ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
       འཁྲབ་སྟོན་མཇུག་སྒྲིལ་བྱུང་། གཡང་སྐྱིད་ཀྱིས་ད་གཟོད་ཉིན་འདི་དག་གི་རིང་ལ་ཚ་ཚ་འུར་འུར་ངང་བརྒྱུད་པའི་དཀའ་ཁག་ཚོར་ཞིང་ལུས་སུ་ཧ་ཅང་ཐང་ཆད་པའི་ཚོར་བས་ཁྱབ། མོས་ངལ་གསོ་ཡག་པོ་ཞིག་བྱེད་འདོད་མོད། ཡིན་ཡང་མོ་སངས་རྒྱས་དང་བར་ཐག་ཤིན་ཏུ་ཐུང་བས། དོན་དག་ཡོད་མེད་གཉིས་ཀར་སངས་རྒྱས་གཡང་སྐྱིད་ཀྱི་ཉལ་ཁང་དུ་ཡོང་ནས་ཁ་བརྡ་རེ་བྱེད་ཟེར་མོད། དོན་གྱིས་གཡོ་ཐབས་ཀྱིས་མོ་ལ་འཁྲིལ་གང་ཐབས་བྱེད་ཀྱིན་ཡོད། གཡང་སྐྱིད་ཀྱིས་ཁོ་གཉིས་ཀྱིས་མཉམ་དུ་འཁྲབ་གཞུང་འཁྲབ་པ་དང་། དེའི་ནང་ཡང་མི་སྣ་གཙོ་བོ་མཉམ་འཁྲབ་ཀྱི་སྐབས་སུ་སངས་རྒྱས་ཀྱིས་མོར་རོགས་སྐྱོར་ཇི་སྙེད་བྱས་པར་བསམ་སྟེ་དང་ཐོག་ཁོ་བོར་ངོ་ཡག་འདྲ་བྱིན་མོད། ཡིན་ཡང་རྗེས་སུ་ཁོས་རྐང་འགུལ་ལག་འགུལ་བྱས་ཏེ་ཅིས་ཀྱང་ཁོར་ལུས་འབྲེལ་བྱེད་ཐབས་བྱེད་པ་རེད། གཡང་སྐྱིད་ཀྱིས་ཤེས་ཏེ། གལ་ཏེ་འདི་ལྟར་མར་སོང་ན་མཇུག་འབྲས་ནི་ངོ་ལོག་གིས་འགྲུལ་བསྐྱེལ་བྱེད་དགོས་པ་དེ་རེད། སངས་རྒྱས་ཀྱིས་ཁོས་མོའི་ཡིད་སེམས་སྒུལ་མི་ཐུབ་པ་རྟོགས་པས་གདུག་རྩུབ་ཀྱི་རང་གཟུགས་མངོན་ཏེ་གཡང་སྐྱིད་མལ་ཁྲིའི་སྟེང་དུ་མར་མནན། སྟབས་ལེགས་པ་ཞིག་ལ་སྐབས་དེར་མི་ཞིག་གིས་སྒོ་རྡུང་བྱུང་བས་ད་གཟོད་གཞི་ནས་མཇུག་འབྲས་ངན་པ་འབྱུང་བར་བྱོལ་ཐུབ་སོང་།
       གཡང་སྐྱིད་ཀྱི་སེམས་སུ། སངས་རྒྱས་ཀྱིས་རང་གི་ལུས་སུ་ཁེ་ཕན་ཅང་མ་ལོན། གལ་ཏེ་དོན་འདི་ཕྱི་ལ་བཤད་ཚེ་རང་ཉིད་ཀྱི་མཚན་སྙན་བརླག་འགྲོ་བ་མ་ཟད། ལྷག་པར་དུ་ཚེ་ལོའི་ཤེས་ཚེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཅི་ཞིག་འབྱུང་བ་སུས་ཤེས་ཞེས་སྙམ་ཞིང་སེམས་ཁྲལ་ཆེན་པོས་དོན་དེ་དེ་ལྟར་སྦ་གསང་བྱས་པ་རེད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།