logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་དགུ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-16 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

བཅུ་བདུན།
       ལོ་སར་རྗེས། སྒྲོལ་མ་སྔར་བཞིན་སྐོར་བྲོ་འཁྲབ་ཏུ་ཕྱིན། མཚན་མོ་དེར། མོས་ངར་ཁ་པར་ཡོང་སྟེ་བུ་མོ་ཤའོ་ཡུན་ལ་དོན་རྐྱེན་ཞིག་བྱུང་བས་ཁོ་མོ་ཚོ་སྨན་ཁང་དུ་མོར་ལྟ་རུ་འགྲོ་དགོས་ཟེར། ངས། དོན་དག་ཅི་ཞིག་བྱུང་སོང་ཞེས་དྲིས་པར། མོས། རླངས་འཁོར་གྱི་དོན་རྐྱེན་རེད། བྱེ་བྲག་ཏུ་གསལ་བོ་མི་ཤེས་ཞེས་ཟེར།
       སྒྲོལ་མས་ཁ་པར་ཡོང་སྐབས་ངས་ཏག་ཏག་རྩོམ་འབྲི་བཞིན་ཡོད། ཤའོ་ཡུན་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་བ་ཤེས་རྗེས་ངའི་སེམས་ཀྱང་དེ་མུར་འཚབ་བྱུང་། སེམས་སུ་ཆག་སྒོ་ཇི་ལྟར་བྱུང་བ་ཡིན་ནམ། རྨས་ལྕིའམ་མི་ལྕི། ཡང་ན་ཚེ་སྲོག་ལ་སྐྱོན་མེད་དམ་ལ་སོགས་པའི་སེམས་ཁྲལ་གྱིས་འཚང་འོང་། འདི་ནི་སྒྲོལ་མ་དང་མཚོ་མོས་བཤད་མྱོང་བའི་ཤའོ་ཡུན་དང་ངའི་བུས་མཛའ་རོགས་བསྒྲིགས་པའི་དོན་དང་འབྲེལ་བ་མེད་དེ། ཡིན་རྒྱུ་ནི་གཡུ་བྱུར་མེ་ཏོག་དང་འདྲ་ཞིང་། སྤྱི་ཚོགས་སུ་ཞུགས་མ་ཐག་པའི་བུ་མོ་ཞིག་ལ་གལ་ཏེ་གནོད་འཚེ་ཚབས་ཆེན་ཐེབས་པ་ཡིན་ན། དེང་ཕྱིན་གྱི་མི་ཚེའི་ལམ་བུར་ཇི་ལྟར་བསྐྱོད་དགོས་སམ་སྙམ་པས་ཡིན།
       ངས་སེམས་མི་བདེ་བའི་ངང་སྒུག་ནས་བསྡད། སྒྲོལ་མ་དང་མཚོ་མོ་གཉིས་ཀྱིས་སྐད་བརྒྱག་བཞིན་བསླེབས་པ་ཐོས་རྗེས། སྒོར་སོང་ནས་སྒྲོལ་མའང་ཁྱིམ་དུ་བོས་ནས་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱེད་པར་སྟབས་བདེ་བཟོས། སྒྲོལ་མ་དང་མཚོ་མོས་ངས་ཚིག་གཅིག་དང་མོའི་ཚིག་གཅིག་གིས་ཤའོ་ཡུན་ལ་རྨས་ཕོག་པའི་བརྒྱུད་རིམ་བཤད། སྒྲོལ་མས། བུ་མོ་ཤའོ་ཡུན་གྱིས་དགོང་ཟས་ཟོས་རྗེས་ལས་ཁུངས་སུ་སྐོར་བྲོ་གསར་པའི་འོད་སྡེར་ལེན་དུ་སོང་བ་ལ། འོད་སྡེར་འཐེན་སྒམ་གྱི་འོག་ཏུ་ལྷུང་ནས་སྐབས་ཐོག་རིང་མ་རྙེད། རྙེད་སྐབས་དུས་རྒྱུན་དུ་ཚང་མར་བྲོ་ཁྲིད་པའི་དུས་ཚོད་ལས་བརྒལ་སོང་། མོས་བྲེལ་མྱུར་གྱིས་རླངས་འཁོར་བསྐོར་ཏེ་བྲེལ་འཚུབ་ངང་བྲོ་འཁྲབ་སར་བསྐྱོད་ཅིང་སེམས་སུ་ཚང་མར་ཞབས་བྲོ་ཁྲིད་རྒྱུའི་དོན་དེ་དྲན་པས། དྲན་མེད་ཚོར་མེད་ངང་རླངས་འཁོར་ལམ་འགྲམ་གྱི་བརྡ་ཁྱབ་བྱང་བུར་ཐོད་གཏུགས་བརྒྱབ། བརྡ་ཁྱབ་བྱང་བུའི་ལྕགས་སྣེ་ཞིག་གིས་རླངས་འཁོར་གྱི་ཤེལ་སྒོ་བརྟོལ་ཡོང་ནས་མོའི་རྩིབ་རུས་གཅིག་བཅག སྟབས་ལེགས་པ་ཞིག་ལ་ཚེ་སྲོག་ལ་ཉེན་ཁ་མེད་ལ་རྨས་སྐྱོན་ལྕི་མོའང་བྱུང་མེད་ཟེར། དེ་འདྲ་ཡིན་པ་ཤེས་པས་ངའི་སེམས་གཞི་ནས་ལྷོད་ལ་བབས་བྱུང་། མཚོ་མོས་དང་ཐོག་གི་ངའི་རྟབ་རྟབ་པོའི་སྣང་ཚུལ་མཐོང་བས་བཤད་རྒྱུར། ཁྱོད་ཀྱི་སེམས་བདེ་མོ་བྱོས་དང་། ཁྱོད་ཀྱི་བུ་དང་དགའ་རོགས་བསྒྲིག་པར་རྐྱེན་ངན་ཅི་ཡང་ཐེབས་མི་སྲིད་ཟེར། ངས། དེ་ནི་གང་ནས་གང་ཞིག་རེད་དམ། ངས་མོ་དང་ངའི་བུའི་དོན་དག་ལ་བསམ་བློ་ཅི་ཡང་གཏོང་བཞིན་མེད་ཅེས་བཤད། ངས་ཁ་ནས་དེ་ལྟར་བཤད་པ་ཡིན་མོད་ཀྱང་། སེམས་སུ་དངོས་གནས་དེ་ཕྱོགས་ཀྱི་འདང་བརྒྱག་ཅིག་འཁྱིལ་འདུག མ་གཏོགས་ཤའོ་ཡུན་ཀྱི་དོན་དེར་དེ་འདྲའི་འདང་བརྒྱག་སྲིད་མི་དཔེ།
       མཚན་དེར། ངས་ཡང་བསྐྱར་གཉིད་བཤད་བརྒྱབ་བྱུང་། རེད་མོད་ཀྱང“མི་བསད་སོང”ཟེར་བའི་སྐོར་གྱི་སྐད་ཆ་འཇིགས་པོ་དེ་མ་ཡིན་པར། ཤའོ་ཡུན་ཞེས་མོའི་མིང་ནས་འབོད་པའི་སྐད་འཇམ་པོ་དེ་རེད། སྒྲོལ་མས་ཐོས་རྗེས་འཁང་ར་མི་བྱེད་པར་དགའ་སྤྲོའི་ངང་གད་མོ་ཤོར།
༡༧
       ཉིན་འདི་དག་གི་རིང་ལ། ཚེ་ལོ་རྫོང་དང་ཤང་བར་དུ་ཉིན་གཉིས་གསུམ་ནང་ཐེངས་རེར་རྒྱུགས་བཞིན་ཡོད་མོད་ཀྱང་། འོན་ཀྱང་ཡོས་ལན་གྱིས་རླངས་འཁོར་འགོག་བཞིན་པ་གཏན་ནས་མཐོང་མི་ཐུབ། དོན་གྱིས་ཡོས་ལན་རྫོང་མཁར་དུ་མི་འགྲོ་བ་མ་ཡིན་པར། ཉིན་འགའི་སྔོན་གྱི་དོན་དེ་བྱུང་རྗེས་མོ་བསམ་བཞིན་ཁོ་ལ་ཡིབ་ནས་སྡོད་ཀྱི་ཡོད། དེའི་རྐྱེན། ཚེ་ལོའི་སེམས་སུ་མཚམས་རེར་ཅི་ཞིག་བོར་སོང་བ་བཞིན་སྟོང་སིང་ངེར་གྱུར་ལ། ཡང་མཚམས་རེར་བདེ་འཇགས་ཡིན་པའི་ཡིད་བརྟན་ཡང་སྟེར།
       ཟླ་ལྔ་བའི་ཉིན་ཞིག་ལ། ཤང་གིས་སྡོང་འཛུགས་ནགས་སྐྲུན་གྱི་ལས་ཀར་ཞུགས་པའི་ལས་བྱེད་པ་རྣམས་རྩ་འཛུགས་བྱས་ཏེ་ཕྱི་རོལ་གྱི་བྱ་འགུལ་ཐེངས་གཅིག་སྤེལ། ཁོང་ཚོ་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་བཅུ་ཙམ་ལས་མེད་པའི་ཕྱི་རོལ་གྱི་རི་ཆུ་འཛོམས་ལ་ཡུལ་ལྗོངས་མཛེས་པའི་ས་གནས་ཤིག་ཏུ་བསླེབས་རྗེས། ཤིན་ཏུ་ཚོ་བའི་ཤ་གཟན་ཞིག་བཤའ་དགོས་འདུག ཤ་གཟན་དེའི་མགོར་ཕྲ་ཞིང་འཁྱིལ་བའི་རྭ་ཟུང་སྐྱེས་ཡོད་ལ། མཆུ་དཀར་ཞིང་གདོང་ནག་པ་དང་། མིག་གི་ནང་དུ་འཇིགས་ཤིང་སྐྲག་པའི་མདངས་ཤིག་མངོན་ཡོད་ཅིང་། ལུས་ཡོངས་ཀྱི་བལ་སྤུ་དཀར་ཞིང་མཐུག་པོ་འདུག འདི་ནི་སྡེ་བའི་འཆར་གཞིའི་དམིགས་ཚད་ནང་ཚུད་པ་ལྟར་ཉོ་སྒྲུབ་བྱས་པ་སྟེ། ཤང་དུ་ལོ་རེར་སྡེ་བ་སོ་སོས་གྲངས་ཚད་ངེས་ཅན་གྱི་ཕྱུགས་ཤ་འཇལ་དགོས་པ་ཡིན།
       ཤང་ཀྲང་ཨྱོན་གྱིས་ཟ་མ་གཡོས་བསྐོལ་གྱི་ལས་འགན་བཀོད་སྒྲིག་འོག་ཏུ། མི་སྐོར་གཅིག་གིས་ཐབ་ཁང་བརྩིགས་པའི་འགན་འཁུར་བ་དང་། སྐོར་ཅིག་གིས་སྣོད་ཆས་བཀྲུ་བའི་འགན་འཁུར་ལ། ཡོས་ལན་གྱིས་ཆུ་ལེན་པའི་འགན་འཁུར་ཞིང་། ཚེ་ལོར་ཇ་མར་རོགས་བྱས་ཏེ་ལུག་བཤའ་བ་དང་ནང་ཁྲོད་འཁྲུད་བའི་འགན་བགོས། མ་བཤས་གོང་གི་ཤ་གཟན་གནམ་ལྡིང་ས་ལྡིང་བྱས་ཏེ་ཇ་མ་ཅུང་ཟད་སྤ་བཀོང་བར་བྱས། མི་རྣམས་ཀྱིས་ལུག་གི་སུག་བཞི་བསྡམས་རྗེས་ཇ་མས་བརྡར་ནས་ཤིན་ཏུ་རྣོ་བའི་གློ་གྲི་བཏོན་བྱུང་། ཚེ་ལོས་སྔོ་ཙོང་ཞིབ་འཐག་ཅུང་ཙམ་བླུགས་ཡོད་པའི་དོང་གཞོང་ཞིག་བཟུང་ཡོང་སྟེ་ལུག་གི་སྐེ་རྩར་ཁྲག་གཟེད་པར་གྲ་སྒྲིག་བྱས། ཇ་མ་ཡིས་གློ་གྲི་ཤ་གཟན་གྱི་ཨོལ་བར་བཙུགས་མ་ཐག ལུག་གི་འཕག་འཚག་གཅིག་གི་མགོ་བོས་ཇ་མ་གན་རྐྱལ་དུ་འགྲིལ་ཞིང་། ཤ་གཟན་སྐེ་ཡི་གྲི་ཁ་ནས་འཕྱོ་བའི་ཁྲག་གིས་ཚེ་ལོའི་གདོང་དང་ལུས་ཡོངས་སྦགས། ཇ་མས་མགོ་བོ་སྐྱོར་ནས་ན་ཚུལ་བརྗོད་པ་དང་། ལུག་གནས་མལ་དུ་འགྲིལ་ནས་ཁྲག་དམར་གང་སར་ཐོར། ལས་གྲོགས་རྣམས་ཀྱིས་ངང་ཚུལ་དེ་མཐོང་བས་ཧ་ཧའི་ཧབ་ཆ་བརྒྱབ།
       ལུག་གི་དབུགས་གཞི་ནས་ཆད་སོང་། ཡིན་ཡང་ཁྲག་རྒྱུ་ཟ་མི་ཐུབ་པས། མི་ལ་ལ་ཞིག་ཡིད་ཕངས་ཀྱང་ཡང་ལ་ཤས་ཀྱིས་དོ་སྣང་གཏན་ནས་བྱེད་ཀྱིན་མེད། ཨྱོན་གྱིས་ཀུ་རེའི་ཚུལ་དུ། ཚེ་ལོ། མགྱོགས་པོར་སོང་ནས་གདོང་དང་ལྭ་བ་ཁྲུས་ཤིག དེ་མིན་གཞན་གྱིས་མཐོང་ཚེ་ང་ཚོས་སྤྲོ་བསང་སྐབས་ད་དུང་རྡུང་རེས་བྱས་པ་རེད་ཟེར་སྲིད་སྨྲ་བཞིན། ནང་ཁྲོད་གཙང་འཁྲུད་བྱེད་པའི་ལས་འགན་དེ་ལས་གྲོགས་གཞན་པར་བཅོལ་སོང་།
       ཚེ་ལོ་ནི་ཆུ་བོའི་སྨད་ཀྱི་དབེན་གནས་ཤིག་ཏུ་སོང་སྟེ་སྔོན་ལ་སྟོད་སྨད་ཀྱི་ཕྱི་ལྭ་ཕུད་དེ་ཆུའི་མི་གཏིང་ས་ཞིག་ཏུ་རྡོས་མནན་ཏེ་བངས་རྗེས། ཕྱོགས་བཞིར་མི་མེད་པ་བརྟག་རྗེས་ཡང་ཁོག་སྟོད་ཀྱི་འོག་འཇུག་ཚི་ལེན་ཕུད་དེ་གདོང་དང་ལུས་བཀྲུས་ཤིང་བྲང་རྗེན་གན་རྐྱལ་དུ་ཆུ་འགྲམ་གྱི་ནེའུ་གསིང་ཞིག་ཏུ་ཉི་མར་ལྡེ། སྐབས་དེར། ཡོས་ལན་གྱིས་ཟོ་སྟོང་ཆ་གཅིག་བཀྱགས་ནས་ཚུར་ཡོང་། ཚེ་ལོས་མཐོང་བས་དངངས་འདར་ཞིག་བརྒྱབ། ཡོས་ལན་གྱིས་ཚེ་ལོའི་ཁོག་སྟོད་གཅེར་བུར་བུད་པ་མཐོང་མ་ཐག་ཅུང་འཚུབ་མོད། རིམ་བཞིན་ཡང་མྱོང་རོལ་བྱེད་སར་གྱུར། མོའི་མགོ་ཙམ་ཡང་མི་འཁྱོག་པར་ཚེ་ལོའི་གྲང་ཁར་བལྟས་པས། ཚེ་ལོ་ཤིན་ཏུ་དོགས་མི་བདེ་བར་བཏང་། ཚེ་ལོས་ཡོས་ལན་འདི་འདྲའི་སྤོབས་པ་ཆེ་བ་མཐོང་བས། རང་ཉིད་ཀྱི་མིག་ལ་དེ་འདྲའི་ཡིད་ཆེས་མི་སྐྱེས་པར་གྱུར།
       ཡོས་ལན་གྱིས་ཤེས་བཞིན་དུ་འདྲི་རྒྱུར། ཁྱོད་ཀྱིས་ལྭ་བ་བཀྲུ་བཞིན་ཡོད་དམ་ཞེས་པར།
       ཚེ་ལོས་དོགས་མི་བདེ་བའི་ངང་ཡིན་ལུགས་བརྗོད་རྗེས་སླར་ཁྱོད་ཆུ་ལེན་དུ་ཡོང་བ་ཡིན་ནམ་ཞེས་དྲིས།
       ཡོས་ལན་གྱིས་ཅུང་ཙམ་ཐེ་ཚོམ་ངང་ནས། ཨིན། ཡིན་ཟེར།
       ཚེ་ལོས། གོང་ན་ཆུ་ཡོད་པ་མ་ཡིན་ནམ། ཁྱོད་ཀྱིས་ཅིའི་ཕྱིར་ཉེ་དོར་རིང་འཚོལ་བྱེད་པ་ཡིན་ནམ་ཟེར་བར།
       ཡོས་ལན་གྱིས། ངས་ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་མེད་ལྟར་ཡོང་བ་ཡིན་ལ། ཞོར་དུ་ངལ་གསོ་བྱེད་དུའང་ཡོང་བ་ཡིན་ཟེར།
       ཚེ་ལོས། དེས་ན་གཡོས་བསྐོལ་གྱི་ཆུ་ཇི་ལྟར་བྱའམ་དྲིས་པར།
       ཡོས་ལན་གྱིས། ཆུ་ཡིས་འདང་ཡོད། ངས་ཁྱོད་ལ་ལྭ་བ་བཀྲུ་རོགས་བྱེད་ཟེར་བར།
       ཚེ་ལོས། དེ་མི་ཆོག གཞན་གྱིས་མཐོང་ན་སྐད་ཆ་ཆོ་མེད་བཤད་ངེས་ཟེར།
       ཡོས་ལན་གྱིས། ང་མི་སྐྲག་ཟེར་བ་དང་སྦྲགས་ངའི་ལྭ་བ་འཁྲུད་བྱུང་།
       ཚེ་ལོས་ཧ་ལས་པའི་སྒོ་ནས། ཉིན་འདི་དག་གི་རིང་ལ་ཁྱོད་དོན་དག་འབྱུང་བར་སྐྲག་པ་མིན་ནམ། དུས་རྒྱུན་དུ་ང་ལ་གཡོལ་བཞིན་པ་མིན་ནམ། ཡིན་ཡང་དེ་རིང… …
       ཡོས་ལན་གྱིས་ཁོང་ཁྲོའི་ངང་ནས་བཤད་རྒྱུར། སྐྲག་ཀྱང་ཅི་ལ་ཕན་ནམ། སྐད་ཆ་ཆོ་མེད་བཤད་མཁན་གྱིས་སྔར་བཞིན་ཆོ་མེད་བཤད་པ་དང་། འཁོན་ལན་སློག་མཁན་གྱིས་ཀྱང་སྔར་བཞིན་འཁོན་ལན་སློག་གི་ཡོད་ཟེར།
       ཚེ་ལོའི་སེམས་མི་བདེ་བའི་ངང་། ཁྱོད་ཀྱིས་སྐད་ཆ་ཆོ་མེད་ཅི་ཞིག་གོ་སོང་ངམ་ཞེས་དྲིས།
       ཡོས་ལན་གྱིས། རེད་ཡ། ཁ་སང་ང་ཤང་སྒོ་བསྟེན་ཚོང་ཁང་དུ་ཚོང་བརྒྱག་ཏུ་སོང་ཚེ། ཚོང་བརྒྱབ་ནས་སྒོ་ཁར་ཉི་མར་སྡེ་ཡོད་པའི་རྒད་མོ་སྐོར་ཞིག་གིས་ངེད་གཉིས་ལ་དཀྲོག་གཏམ་སློང་གིན་འདུག མོ་ཚོས་སྣ་དང་མིག་ཡོད་པའི་སྒོ་ནས་ང་ཚོས་ཇི་ལྟར་ལྐོག་གཡེམ་བྱས་ཚུལ་གླེང་བཞིན་འདུག ང་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཚིག་འགས་གཤེ་གཤེ་བཏང་། དེ་བཞིན་ཨྱོན་ལ་ལྟོས་དང་། ཁོས་དེ་རིང་ངེད་གཉིས་ལ་ཆེས་ལྕི་ཞིང་བཙོག་ཤོས་ཀྱི་ལས་ཀ་གཉིས་བྱེད་དུ་བཅུག་པ་ནི་ང་ཚོར་འཁོན་ལན་སློག་པ་མ་རེད་དམ་ཟེར།
       ཚེ་ལོས། ཕྱི་རོལ་གྱི་དཀྲོག་གཏམ་ནི་རླུང་གིས་མི་ཁོགས་པས། ཁོ་ཚོར་ཅི་ཤོད་འདོད་ན་བཤད་དུ་ཆུག་ཅིག གང་ལྟར་ངེད་གཉིས་ནི་གཙང་མ་ཡང་མ་ཡིན་པ་བཞིན་རེད། ཨྱོན་གྱིས་དེ་རིང་ང་ཚོར་བཀོད་སྒྲིག་བྱས་པའི་ལས་ཀ་རྣམས་ལྕི་ཙམ་འདུག་མོད། འོན་ཀྱང་ང་ཚོ་ཚང་མ་ཞིང་གྲོང་ནས་སྐྱེས་ལ་ལོའང་ཧ་ཅང་ཆུང་བས་ལས་ཀ་མང་ཙམ་བྱས་ཀྱང་མི་སྐྱོན། སྐྲག་པ་ནི་ཕྱིན་ཆད་གལ་ཆེའི་ལས་ཀ་ཁ་ཤས་ཐད་ང་ཚོར་གནོད་མ་བསྐྱལ་ན་ད་འགྲིག་འདུག མིག་སྔར་ང་ཚོས་མ་ཉེས་ཁ་གཡོག་ཙམ་འཁུར་དགོས་ཟེར།
       ཡོས་ལན་གྱིས། དེས་ན་དཀྲོག་གཏམ་ཆོ་མེད་དེ་ཁྱོད་ཀྱི་ཆུང་མའི་རྣ་ནང་དུ་འགྲོ་བར་ཁྱོད་མི་སྐྲག་གམ་ཟེར་བར།
       ཚེ་ལོས། ངའི་ཆུང་མ་ང་ལ་ཡིད་ཆེས་ཡོད། གལ་ཏེ་ངེས་ངེས་ཕྱི་རོལ་གྱི་དཀྲོག་གཏམ་ཆོ་མེད་ཐོས་ཚེ། ངས་ཀྱང་མོའི་བསམ་བློ་འཁོར་བའི་ཁ་བརྡ་བྱེད་ཐུབ་མོད། ཡིན་ཡང་སེམས་ཁྲལ་ཆེ་བ་ནི་ཁྱོད་ཀྱིས་དཀྲོག་གཏམ་གྱི་གནོན་ཤུགས་བཟོད་ཨེ་ཐུབ་སྙམ་པ་དེ་ཡིན། གལ་སྲིད་ཁྱོད་ཀྱིས་དེ་དག་ལ་དོ་སྣང་མི་བྱེད་ཚེ། ང་ཚོ་ལུས་གཟུགས་དྲང་ན་གྲིབ་མ་འཁྱོག་པར་ཅིའི་ཕྱིར་སྐྲག་སྟེ།  སླད་མར་བློ་རྒྱ་ཆེན་པོས་མཉམ་འབྲེལ་བྱའོ་ཟེར།
       … …
       ཅང་མ་འགོར་བར། ཁོ་གཉིས་ཀྱིས་ལྭ་བ་བཀྲུས་ཚར་ཞིང་ལྭ་དཀྲིས་ཆུ་བཙིར་བྱས་རྗེས། ཆུ་འགྲམ་གྱི་ཉི་མས་བསྲེགས་ནས་ཚ་ལམ་ལམ་བྱེད་པའི་རྡོ་ཆེན་པོ་ཞིག་གི་སྟེང་དུ་བསྐམས། ཚེ་ལོས་འོག་འཇུག་གྱོན་ཞིང་ཡོས་ལན་ལ་ཆུ་དྭངས་མོ་བཅུས་རོགས་བྱས་རྗེས། ལྕགས་ཟོ་ཆ་དེ་ལག་པ་གཉིས་ཀྱིས་བཏེགས་ནས་ཡོས་ལན་དང་མཉམ་དུ་སྤྲོ་བསང་བྱེད་སའི་ཕྱོགས་སུ་སོང་།
       སྐབས་དེར། དྲི་ཞིམ་ལྷུག་ལྷུག་འཐུལ་བའི་སླ་ངའི་ནང་གི་ཤ་ཡང་འཚོས་རན།
བཅོ་བརྒྱད།
       ངས་བྲིས་པའི་མི་བཟང་དོན་བཟང་ལ་གཟེངས་བསྟོད་བྱེད་པའི་རྒྱུ་ཆ་དེ་པུའུ་ལ་སྤྲད་ཅིང་ཞིབ་བཤེར་བྱས་རྗེས་ཚགས་པར་ཁང་ལ་སྤྲད་ཟིན་ལ། ཚགས་པར་ཁང་གིས་སྔ་ས་ནས་ཁྱབ་སྤེལ་བྱས་བྱུང་། ཟླ་འགའི་རྗེས་སུ། འབྲུག་འབུམ་ཟེར་བའི་ན་གཞོན་དེ་ང་བཙལ་དུ་ཡོང་། ངས་བསམ་པར་ཁོ་ནི་ཕལ་ཆེར་གནས་ཚུལ་དེ་དོན་དུ་ཡོང་བ་རེད་བསམ་པས། འབོལ་ཁྲིར་བཞུགས་གདན་བཞག་ཅིང་ཆུ་ཁོལ་ཕོར་བ་གང་བླུགས་རྗེས་ཁོས་ཁྱབ་སྒྲོག་དེ་མཐོང་ཡོད་མེད་དང་། དེར་དོན་དངོས་མིན་པའི་གནས་ཚུལ་ཡོད་མེད་སྐོར་དྲིས་པར། ཁོང་གིས། མཐོང་བྱུང་སྟེ། སྡེ་ཨུས་ད་དུང་མང་ཚོགས་ཚོགས་ཆེན་ཐོག་གནས་ཚུལ་དེ་སྒྲོག་འདོན་བྱས་པས། གྲོང་མི་ཡོངས་ཀྱིས་ཤེས་ཤིང་། ད་ལྟ་ང་ནི་མི་ཚང་མའི་མིག་ལམ་དུ་ཡོད་པའི་དཔའ་བོ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད། ངས། རེད་ཡ། ད་དུང་ཁྱོད་ཀྱི་གླ་ཆའི་དོན་དག་དེའང་ཁ་པར་བརྒྱུད་དེ་ས་གནས་དེ་གའི་ཁྲིམས་ཁང་ལ་འབྲེལ་གཏུག་བྱས་ཡོད། ཁྲིམས་ཁང་གི་བློ་མཐུན་ཚོས། ཁེ་བདག་དེས་ད་དུང་ལས་མིའི་གླ་ཆ་མང་པོ་ཆད་ཡོད་པས། ལས་མི་དེ་དག་གིས་ཀྱང་ཁྲིམས་ཁང་ལ་གཏུགས་བཞིན་པའི་སྒང་རེད་འདུག ད་ལྟ་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་དེ་དོན་དག་དེ་སྒྲུབ་བཞིན་ཡོད་པས་སྒྲུབ་ཚད་ག་འདྲ་ཡིན་པ་ད་དུང་བཤད་དཀའ་ཞེས་པར། འབྲུག་འབུམ་གྱིས། སྒོར་ད་སོ་མ་ལག་ཏུ་འབྱོར་ཟིན་པས་ངོ་མས་ཁྱེད་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་ཟེར་བཞིན་འཁུར་ཁུག་ལས་ཁ་བཏགས་ཤིག་དང་སྒོར་བཅུ་ཡས་མས་ཀྱི་ཆང་རྒྱ་མ་དོ་བཏེགས་ནས་ང་ལ་བྱིན་བྱུང་། ངས་ཁ་བཏགས་ཁོ་ན་ལས་མྱུར་དུ་ཆང་ཕྱིར་བསློགས་ནས། ངས་ཁྱོད་ཀྱི་སེམས་རྟོགས་སོང་། ཡིན་ཡང་དངོས་པོ་ལེན་མི་རུང་། ང་ཚོས་གཞུང་དོན་གཞུང་དོན་ལྟར་བསྒྲུབས་དགོས་པ་ལས། བྱ་བ་སྒྲུབ་པ་དང་བསྟུན་ནས་མང་ཚོགས་ཀྱི་ལག་རྟགས་བླངས་ན་མི་འགྲིག གལ་ཏེ་བླངས་ཚེ་ཆད་པ་ཕོག་ངེས་རེད་ཅེས་པར། འབྲུག་འབུམ་གྱིས་ང་ཡི་གཟབ་ནན་གྱི་རྣམ་པ་དེ་མཐོང་བས་དངོས་པོ་ཕྱིར་བསྡུས།
       བྱེད་དགོས་པའི་ཁ་བརྡ་ཚང་མ་བྱས་ཚར་སོང་། ངས་ལས་ཚོགས་འཇོག་རྩིས་ཡོད་མོད། འོན་ཀྱང་འབྲུག་འབུམ་ད་དུང་འགྲོ་རྩིས་མི་འདུག ངས། ཁྱོད་ལ་ད་དུང་དོན་དག་ཅིག་ཡོད་པ་མིན་ནམ་ཞེས་དྲིས་ཚེ། འབྲུག་འབུམ་ཅུང་དོགས་མི་བདེ་ཞིང་ངོ་གདོང་དམར་པོར་འགྱུར་བཞིན་དུ་ང་ལ། བདེན་པའི་རྒྱབ་ལངས་ཀྱི་མ་དངུལ་ཞིག་རག་ཐབས་བྱེད་ཀྱི་ཡིན་ཞེས་ཟེར་བར། ངའི་ཐེ་ཚོམ་ངང་། ཁྱོད་ཀྱིས་བྱིས་པ་བསྐྱབས་པའི་ཁྱིམ་མིའི་བཀའ་དྲིན་ཞུས་བའི་སྒོར་མོ་ཡང་མི་ལེན་པ་མ་ཡིན་ནམ། ཡང་འདི་འདྲ་ཡིད་ལ་དྲན་དོན་ཅི་ཡིན་ནམ་ཞེས་པར། ཁོས། ཉེ་ཆར་ཁོ་བོའི་བྱས་རྗེས་ཀྱི་ཚགས་པར་མཐོང་རྗེས། ང་ནི་གྲོང་མི་ཚོའི་གླེང་གཞིར་གྱུར་བའི་སྙིང་བོར་གྱུར། སྡེ་དཔོན་གྱིས་བཤད་ན། རྒྱལ་ཁབ་ལ་བདེན་པའི་རྒྱབ་ལངས་ཀྱི་མ་དངུལ་ཞིག་ཡོད་ཚུལ་སྨྲ་ལ། དེ་ནི་ཆེད་དུ་རང་སྲོག་འཛེམ་མེད་ངང་གཞན་སྲོག་བསྐྱབས་པའི་དཔའ་བོ་དཔེ་བཟང་མི་སྣར་གཟེངས་བསྟོད་བྱེད་པའི་མ་དངུལ་ཞིག་རེད་ཟེར་ལ། ད་དུང་ཁྱེད་ཀྱི་རིག་གནས་ཀྱི་ཆུ་ཚད་མཐོ་བ་དང་ལས་དོན་སྒྲུབ་པའི་ནུས་པ་ཆེ་བས་མ་དངུལ་དེ་རག་ཐབས་བྱེད་ཐབས་ཡོད་ཟེར། ངས། ང་ཚོས་ཚགས་པར་གྱི་སྟེང་དུ་ཁྱོད་ཀྱི་བསམ་བློ་གོ་རྟོགས་མཐོ་ཞེས་བསྟོད་བསྔགས་བྱས་ཡོད་པས། ཡང་ཁ་གདངས་ནས་རྒྱལ་ཁབ་ཀྱི་སྒོར་མོ་སློང་དོན་ཅིག་ཡིན་ནམ་ཞེས་པར། འབྲུག་འབུམ་གྱིས། ང་རང་ཉིད་ཀྱིས་སྒོར་མོ་དགོས་འདོད་མི་བསམ་མོད་ཀྱི། ཡང་སྡེ་དཔོན་གྱིས་གཞུང་གི་སྒོར་མོ་དང་མང་ཚོགས་སྒེར་གྱི་སྒོར་མོ་ནི་དོན་དག་གཉིས་ཡིན་པས་མ་བླངས་ན་རང་གྱོང་རེད་ཟེར་ལ། གལ་ཏེ་རང་ཉིད་ལ་མི་དགོས་ཚེ་གྲོང་ཚོའི་ནང་གི་དཔལ་འབྱོར་འཛུགས་སྐྲུན་ཐད་ཕུལ་ཆོག་ཟེར། ངས་འབྲུག་འབུམ་ལ། བདེན་པའི་རྒྱབ་ལངས་ཀྱི་མ་དངུལ་ནི་དྲང་བདེན་བྱ་གཞག་གི་ཆེད་དུ་རང་སྲོག་བློས་གཏོང་མཁན་མི་སྒེར་ལ་བྱ་དགའ་སྤྲོད་པ་ཞིག་ཡིན་པ་མ་ཟད། ད་དུང་རིམ་པ་བཞིན་ཡར་ཞུ་ཆོག་མཆན་འགོད་དགོས་པ་ཞིག་ཡིན། ཁྱེད་ཚོའི་སྡེ་དཔོན་གྱིས་སྟོང་སེམས་ཆེན་མོས་གཞུང་གི་དངུལ་སློང་གི་ཡོད་པས་ངས་རོགས་བྱེད་མི་ཐུབ་ཅེས་བཤད་ཅིང་། ཁོང་ཁྲོའི་ངང་སྒོར་བུད།
       ཡུལ་ལ་ལོག་རྗེས་ངས་གནས་ཚུལ་འདི་སྒྲོལ་མར་བཤད། སྒྲོལ་མས་འཕྱ་སྨོད་ཀྱི་འཛུམ་གྱིས། ཁྱོད་ཀྱིས་ལྟོས་དང་། དཀའ་ལས་བརྒྱབ་ཀྱང་ངོ་སོ་ཨེ་ཡོད་དམ། འདི་ནི་ཐེངས་གཉིས་པ་ཡིན་པས། དྲན་ཤེས་ཟབ་མོ་ཞིག་བརྟེན་རྒྱུ་ལས་ཉིན་ལྟར་བྲི་རྒྱུ་བསྐྱུར་ཞོག་ཟེར།
       སྒྲོལ་མའི་སྐད་ཆ་ངའི་ན་ཟུག་སྟེང་འཁེལ། དེ་སྔ་ངས་གཞི་རིམ་དུ་ལས་ཀ་བྱེད་སྐབས། ཚགས་པར་སྟེང་སྡེ་དཔོན་ཞིག་དྲིལ་བསྒྲགས་བྱས་མྱོང་ཡོད། སྡེ་དཔོན་དེ་ཡུན་རིང་མ་སོང་བར་རྒྱལ་ཁབ་ཀྱི་ལས་བྱེད་པར་བསྒྱུར་སོང་། རྗེས་སུ། ང་རང་ལས་གནས་ཐོབ་ཐང་གི་འགྲན་རར་ཞིག་ལ་ཞུགས་སྐབས། སྔོན་ཆད་ཀྱི་སྡེ་དཔོན་དེས་ཁྱི་སྤྱང་ངན་འབྲེལ་གྱིས་སྒྲུབ་མི་འོས་པའི་བྱ་བ་བསྒྲུབས་པས་ངའི་སེམས་ལ་གནོད་འཚེ་ཆེན་པོ་བཟོས། དོན་དག་དེ་ནི། ངས་བསམ་ན་ངས་ཐོག་མའི་དཔྱད་གཞི་ཞིག་གི་ངོས་ནས་རང་ཉིད་ཀྱི་བརྩམས་སྒྲུང་ནང་བྲིས་ཟིན་པ་ཡིན།
༡༨
       ཚེ་ལོ་ཏང་ནང་དུ་ཞུགས་ཏེ་ཏང་ཡོན་དངོས་མར་བསྒྱུར་བའི་དུས་ཚོད་ཐོན་ལ་ཉེ། ཤང་གིས་ཁོ་དང་ཡོས་ལན་བར་དུ་མི་འོས་པའི་ཕོ་མོའི་འབྲེལ་བ་ཡོད་པའི་ངག་འཆལ་དེ་ཇེ་མང་ལས་ཇེ་ཉུང་དུ་མ་བཏང་། ཁོས་དོན་དངོས་སུ་སུ་ཞིག་གིས་དཀྲོག་གཏམ་འདི་བཟོས་པ་ཤེས་འདོད་ལ། དཀྲོག་གཏམ་འདིས་རང་ཉིད་ཏང་ཡོན་དངོས་མར་བསྒྱུར་བར་ཤུགས་རྐྱེན་ཡོད་མེད་ཀྱང་ཤེས་འདོད། ཁོས་ཨྱོན་གྱིས་ཉིན་དེའི་མཚན་མོར་ང་ཡོས་ལན་གྱི་ཉལ་ཁང་དུ་སོང་བ་མཐོང་མི་སྲིད་མོད། འོན་ཀྱང་དཀྲོག་གཏམ་དེ་རིགས་འབད་པས་བརྒྱུད་བསྒྲགས་བྱེད་མཁན་ནི་ཡིན་ཐག་ཆོད་ཅེས་ཚོད་དཔག་བྱས། ཁོའི་བསམ་པར། ཨྱོན་དང་ཡོས་ལན་གཉིས་བར་བརྩེ་དུང་གི་འགལ་བ་ཟབ་མོ་ཡོད་པས། འགལ་བ་དེ་རིགས་ཀྱི་ཁྲོད་དུ་རང་ཉིད་ལ་རྒྱལ་ཁ་ཙམ་ཡོད་པས། ཁོས་ཏང་ཡོན་དངོས་གཞིར་མ་བསྒྱུར་བའི་སྔོན་ལ་གནས་ཚུལ་འདི་དག་གསལ་བོ་ཞིག་ཤེས་དགོས་ཞེས་འདོད།
       དབྱར་དུས་ཀྱི་ཉིན་མོ་ཧ་ཅང་རིང་། ལས་ཁུངས་ཀྱི་ཇ་ཁང་དུ་དགོང་ཟས་ཟོས་རྗེས།
       ཉི་མ་ད་དུང་ནུབ་ཕྱོགས་སུ་མཐོ་བར་འཕགས་འདུག མཁའ་རླུང་དུ་ཞིང་ཁའི་ལོ་ཏོག་སྣ་ཚོགས་ལས་འཁུར་ཡོང་བའི་དྲི་ཞིམ་གྱིས་འཁེངས། ཨྱོན་གྱིས་རྒྱབ་ལག་བཅོས་ནས་ཤང་སྲིད་གཞུང་གནས་སའི་གྲོང་ཚོའི་ཞིང་ཁར་འཆམ་འཆམ་དུ་བསྐྱོད་བཞིན་འདུག ཚེ་ལོས་བཏུང་ཇ་དམ་བུ་གཉིས་ཉོས་ནས་ཨྱོན་ལ་ཤེལ་དམ་གཅིག་སྤྲད་པ་དང་། ཤེལ་དམ་གཅིག་རང་གི་ལག་ཏུ་བཟུང་ནས་ཤང་ཀྲང་དང་མཉམ་དུ་འཆམ་འཆམ་ལ་འགྲོ་ཁུལ་བྱས།
       དེ་རིང་གི་ཨྱོན་གྱི་སྣང་བ་ཧ་ཅང་སྐྱིད་པོར་མཆིས། ཁོས་ཚེ་ལོས་ཁོ་ལ་ངོ་དགའ་བྱེད་པ་མཐོང་ནས་བློ་ཡིད་ཚིམ་པའི་ངང་ཁུག་མའི་ནང་ནས་དུ་བ་རྐང་གཅིག་བླངས་ཏེ་ཚེ་ལོར་བྱིན། ཚེ་ལོས་གུས་པ་ཆེན་པོས་དུ་བ་མི་འཐེན་ཟེར་བར། ཁོས་དུ་བ་ཞིག་ལ་མེ་སྒྲོན་རྗེས་དགའ་སྤྲོའི་ངང་ཚེ་ལོར་ལབ་གླེང་བྱེད་མགོ་བརྩམས། ཚེ་ལོས་ཐད་ཀར་དུ་དཀྲོག་གཏམ་དེར་རྒྱུས་ལོན་བྱེད་མ་ཕོད་པས། ཚིག་དཀྱོགས་ནས། ཤང་ཀྲང་ཨོ་ལགས། ཁྱོད་ནི་འགོ་ཁྲིད་ཡིན་ཞིང་ང་ཚོའི་ཚོ་ཆུང་འདི་ཡི་ཏང་ཚོ་ཆུང་བའི་ཚོ་ཀྲང་ཡང་ཡིན། ང་ཏང་ལ་ཞུགས་ནས་ཏང་ཡོན་དངོས་མར་བསྒྱུར་བའི་དུས་ཚོད་ཐོན་ལ་ཉེ་བས་ཁྱོད་ཀྱིས་བལྟས་ན་ངས་ད་དུང་ཕྱོགས་གང་ཐད་ནས་འབད་བརྩོན་བྱེད་དགོས་སམ་ཞེས་དྲིས།
       སྐད་ཆ་དེ་ཐོས་མ་ཐག་ཏུ་ཨྱོན་གྱི་ངོ་གདོང་ཅུང་ཙམ་གནག་པར་གྱུར་ཞིང་གཟབ་ནན་གྱི་ཚུལ་བསྟན་ཏེ། ཁྱོད་ཀྱི་བྱ་བའི་ནུས་པ་ཆེ་ལ་བརྩོན་འགྲུས་ཀྱང་ཆེ། འདི་ནི་སུས་ཀྱང་མིག་མཐོང་ལག་ཟིན་རེད། ཡིན་ཡང་མང་ཚོགས་ཀྱིས་ཁྱོད་ཀྱི་ཕོ་མོའི་ཀུན་སྤྱོད་ཀྱི་གནད་དོན་ཐད་ནས་དེ་འདྲ་མི་འདང་ཞེས་བརྗོད་བཞིན་ཡོད་པས། ངས་ད་རུང་འོས་འཚམ་གྱི་གྲོས་ཚོགས་སྟེང་ནས་གནད་དོན་འདི་འདོན་རྩིས་ཡོད་ཟེར།
       ཚེ་ལོས། ཁྱོད་ཀྱིས་བཤད་པ་དེ་ཕལ་ཆེར་ང་དང་ཡོས་ལན་བར་གྱི་དོན་དག་ཡིན་རྒྱུ་རེད། ང་ཚོ་ནི་སྤྱིར་བཏང་གི་ལས་གྲོགས་སམ་གྲོགས་པོའི་འབྲེལ་བ་ཙམ་ཡིན་པ་ལས། དེ་ལས་འགལ་བའི་བྱ་སྤྱོད་གང་ཡང་མེད་ཅེས་བཤད།
       ཨྱོན་གྱིས། ངས་ཀྱང་ཁྱོད་ཚོའི་བར་ཚད་ལས་འདས་པའི་བྱ་སྤྱོད་ཡོད་མེད་ཤེས་ཀྱི་མེད། འོན་ཀྱང་། ལས་བྱེད་པ་དང་མང་ཚོགས་ཚོས་བསམ་འཆར་མང་པོ་འདོན་གྱི་ཡོད་པས་དུས་ཐོག་ཏུ་དངོས་མར་བསྒྱུར་ཐུབ་མིན་ངས་དངོས་གནས་བཤད་ཁག་པོ་འདུག་ཟེར།
       ཚེ་ལོ་གློ་བུར་དུ་ཁོང་ཁྲོ་ལངས་ནས། ཤང་ཀྲང་ཨོ་ལགས། ངས་མང་ཚོགས་ལ་བསམ་འཆར་མེད་པ་ཤེས་ཡོད། གཙོ་བོ་ཁྱོད་ཀྱིས་བསམ་གཟས་ནས་ང་ལ་འཁོན་ལན་སློག་བཞིན་འདུག གལ་ཏེ་ཐེངས་འདིར་ང་ཕྱིར་ཕུད་བཏང་སྟེ་ཏང་ཡོན་དངོས་མར་བསྒྱུར་རྒྱུའི་སྐོར་གྱི་གྲོས་ཚོགས་སྐབས་གནད་དོན་དེར་འཕྲད་ཚེ། ངས་ཁྱོད་ཀྱིས་དབང་ཤུགས་ལ་བརྟེན་ནས་ཐ་ཤལ་གྱི་བྱེད་ཐབས་སྤྱད་དེ་ཡོས་ལན་ལ་བཙན་གཡེམ་བྱས་པར་འབྲས་བུ་མ་ཐོབ་པའི་དོན་དངོས་དེ་དམར་འདོན་བྱེད་རྒྱུ་ཡིན་ལ། ཁྱོད་ཀྱི་སྙན་གྲགས་བརླག་སྟེ་ཤང་ཀྲང་ཡང་བྱེད་མི་ཐུབ་པར་གཏོང་རྒྱུ་ཡིན་ཞེས་པར།
       ཨྱོན་གྱིས་ཚེ་ལོ་ཁོང་ཁྲོ་ལངས་པ་མཐོང་རྗེས། མྱུར་དུ་འཛུམ་དམུལ་དམུལ་ངང་། ཧ་ཧ། ངས་ཀུ་རེ་རྩེ་ནས་ཁྱོད་ལ་སྐྲག་ཅིག་ཕུད་བསམ་པ་ཡིན། མ་བསམ་ས་ནས་ཁྱོད་འདི་ལྟར་གྱུར་སོང་། གནད་དོན་མེད། ཁྱོད་དངོས་མར་བསྒྱུར་བའི་དོན་དེ་ངས་ཁག་ཐག་བྱས་པ་ཡིན་ཟེར།
       ཚེ་ལོས་ཨྱོན་གྱི་རྣམ་འགྱུར་འགྱུར་ཟིན་པ་མཐོང་རྗེས། མྱུར་དུ་ཞི་འཇམ་ངང་།
       ཤང་ཀྲང་ཨོ་ལགས། ངས་ཕོ་མོའི་སྤྱོད་ཚུལ་ལ་དེ་འདྲའི་དོ་སྣང་མི་བྱེད་ཟེར་མཁན་དེ་དོན་ངོ་མ་སུ་རེད་ཅེས་དྲིས་པར།
       ཨྱོན་གྱིས། ཡོས་ལན་གྱི་ཁ་ནས་བརྒྱུད་ཡོང་བ་མ་ཡིན་ནམ། མི་འདི་ནི་ཤིན་ཏུ་ཉེན་ཁ་ཅན་ཞིག་རེད། མོས་ཡོངས་ཀྱི་མདུན་དུ་ཁྱོད་གཉིས་ནི་གནམ་འོག་གི་ཆེས་ལྷད་མེད་དྭངས་གཙང་གི་གྲོགས་མཆོག་ཕོ་མོ་གཉིས་ཡིན་ཞེས་འཛེམ་ཆ་སྤུ་ཙམ་ཡང་མེད་པར་ཁྱོད་དང་འབྲེལ་ལམ་བཙུགས་ཏེ་ཕན་ཚུན་ལ་སེམས་ཁུར་དང་རོགས་རམ་བྱེད་པའི་བག་ཆགས་ཤིག་སྟེར་མོད་ཀྱང་། ཡིན་ནའང་རྒྱུན་དུ་ནི་ལྐོག་ནས་ཁྱོད་ཀྱི་གཏམ་ངན་བཤད་དེ། ཁྱོད་ཀྱིས་མོ་ལ་བསླུ་བྲིད་བྱེད་པ་རེད་ཟེར་བཞིན་འདུག མོས་ད་དུང་ངས་ཀྱང་ཁོ་མོར་གུས་ལུགས་དང་མི་མཐུན་པའི་བྱ་སྤྱོད་ཕུད་པའི་སྐད་ཆ་སྒྲོག་བཞིན་ཡོད་། ཁོ་མོས་ནི་ང་ཚོ་འཇོན་ཐང་ཡོད་པའི་སྐྱེས་པ་འདི་དག་ཚང་མ་མེ་དོང་ནང་དུ་དེད་དེ། རང་ཉིད་བུད་མེད་སྟོབས་ཆེན་ཞིག་བྱེད་འདོད་པ་དང་རང་ཉིད་ཀྱི་རིན་ཐང་མཐོ་རུ་གཏོང་འདོད་པས་རེད་ཟེར།
       ཚེ་ལོས་ད་དུང་ཅི་ཞིག་བཤད་འདོད་ཀྱང་རེ་ཞིག་བཤད་མ་ཐུབ།
       ཏང་ཡོན་དངོས་མར་བསྒྱུར་བའི་ཉིན་དེར། ཨྱོན་གྱིས་དངོས་གནས་ཡག་པོ་སྨྲས་བྱུང་། ཁོང་གིས་ཚེ་ལོས་སྔར་སྒྲུབ་མྱོང་མ་མྱོང་ཐམས་ཅད་ཡག་ཐོག་ལ་ཡག་བརྩེགས་ནས་བསྟོད་བསྔགས་བྱས་པ་མ་ཟད། ད་དུང་མི་རྣམས་ཀྱིས་ཕོ་མོའི་འབྲེལ་བའི་ཐད་ནས་གཞན་གྱི་སྐྱོན་འཚོལ་བར་ཡིད་ཆེས་བྱེད་མི་རུང་ཞེས་བཤད་པ་རེད།
       ཏང་ཡོན་དངོས་མར་བསྒྱུར་བའི་དོན་དག་དེ་ལྟར་བདེ་བླག་ངང་ལེགས་འགྲུབ་བྱུང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།