logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-24 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

བཅུ་དགུ།
       འབྲུག་འབུམ་གྱི་དོན་དག་ད་དུང་མཇུག་སྒྲིལ་མེད། ཉིན་གཉིས་ཀྱི་རྗེས་སུ། ང་དང་སྒྲོལ་མས་གུང་ཟས་ཟ་བཞིན་པའི་སྐབས་སུ། ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་བྱུང་། མ་གཞིར་དེ་ནི་སྡེ་དཔོན་མཁའ་ལེས་བཏང་ཡོང་བ་རེད། ཁོས་སྔར་བཞིན་ང་ལ་རོགས་བྱས་ནས་འབྲུག་འབུམ་གྱི་བདེན་པའི་རྒྱབ་ལངས་ཀྱི་བྱ་དགའ་ཐག་གཅོད་བྱེད་དགོས་ཟེར་གྱི་འདུག ངས། ངས་སྔོན་ནས་འབྲུག་འབུམ་ལ་དོན་དག་འདིར་ངས་རོགས་རམ་བྱེད་མི་ཐུབ་ཅེས་བཤད་ཡོད་ཅེས་པར། ཁོས། མི་གཞན་ལ་རོགས་བྱེད་ན་རོགས་རམ་མཐར་ཕྱིན་པར་བྱེད་དགོས། ཁྱོད་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ལ་འཇོན་ཐང་ཅན་ཡང་ཡིན་པས། ཉིན་ཤས་ཀྱི་སྔོན་ལ་ང་ཚོས་ད་དུང་ཁྱེད་ལ་བསྔགས་བརྗོད་བྱས་པ་ཡིན། ཇི་ལྟར་ད་ལྟ་ངོ་གནག་འདོད་ན་གནག་སྲིད་པ་རེད་ཟེར། ངས། ཁྱོད་ཀྱང་གྲོང་སྡེའི་ནང་གི་ལས་བྱེད་པ་ཞིག་རེད། ཡིན་ཡང་ཐབས་ཤེས་ཡོད་དགུ་བཏོན་ནས་གཞུང་གི་དངུལ་སློང་གིན་འདུག གལ་ཏེ་ཁྱོད་ལ་ངེས་པར་དུ་མ་དངུལ་འདི་དགོས་ན། ང་ལ་ནུས་པ་མེད། ཁྱོད་ཀྱིས་སུ་འཚོལ་འདོད་ན་དེ་ཚོལ་ཅིག་ཅེས་བཤད་ཚར་རྗེས་ཁ་པར་གྱི་སྒོ་གཏན།
       སྒྲོལ་མས། ཁྱོད་ཀྱིས་དོན་དག་བྲིས་ཏེ་དོན་རྐྱེན་སློང་བ་མ་རེད་དམ། རྗེས་ཕྱོགས་གཏན་ནས་འབྲི་མི་དགོས་ཟེར།
       ངས། ཁྱོད་ཀྱིས་ཅིའི་ཕྱིར་རྩོམ་འབྲིས་ང་ཚོར་འཁྱེར་ཡོང་བའི་བཟང་ཆ་མི་ཤེས་སམ་ཞེས་པར།
       སྒྲོལ་མས། ཕན་པ་ཅི་ཡོད་དམ་ཟེར།
       ངའི་སེམས་མ་གཞི་ནས་མི་སྐྱིད་པའི་སྟེང་། སྒྲོལ་མའི་དེ་སྐད་སྨྲས་པས་དེ་བས་སེམས་མི་སྐྱིད་པར་གྱུར་ཞིང་། ཁྱོད་ཀྱིས་ཅིའི་ཕྱིར་དོན་དག་མང་བོ་བརྗེད་པ་ཡིན་ནམ། ང་ཚོར་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཡོད་པ་འདིའང་རྩོམ་འབྲིའི་ཕན་ནུས་ལས་བྱུང་བ་མ་ཡིན་ནམ་ཞེས་སྨྲས།
       ངས་བཤད་པ་ནི་ང་གཞི་རིམ་ནས་ཁུལ་ལས་ཁུངས་སུ་ལས་གནས་སྤོར་དུས། སྔོན་ཆད་འགྲེམ་སྤེལ་བྱས་ཟིན་པའི་ཤིན་ཏུ་མཐུག་པོའི་འཚེམ་བརྒྱབ་པའི་གསར་འགྱུར་ཁྱབ་བསྒྲགས་དང་། སྙན་ངག ལྷུག་རྩོམ། ཐོར་རྩོམ་དང་བཅས་རིག་པའི་གཞུང་ལུགས་ཀྱི་རྩོམ་ཡིག་འབེལ་བོ་ཁྱེར་ནས་ཁུལ་རིག་གནས་དྲིལ་བསྒྲགས་སྡེ་ཁག་ཏུ་ལས་ཁུངས་འབྲེལ་གཏུགས་སུ་སོང་བ་དང་། ད་དུང་ཁྱོད་ཀྱང་ལས་ཁུངས་ཉེ་གནས་ཞིག་ཏུ་ལས་གནས་སྤོར་བར་རེ་བ་བཏོན་པ་ལ། སྐབས་དེར་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་གཅིག་ལྕོགས་སུ་བཞེས་པའི་ཚེ་ཏིག་ལགས་ཀྱིས་གཟིགས་རྗེས་བློ་ཡིད་ཧ་ཅང་ཚིམ་སྟེ་དེ་མ་ཉིད་དུ་ཁས་བླངས་པ་ཡིན་མོད། འོན་ཀྱང་སྐབས་དེ་དུས་ཁུལ་དང་རྫོང་གི་ནོར་སྲིད་སོ་སོར་ཕྱེ་པ་དང་། གོ་བ་ཡིན་ན་ཁུལ་དུ་ལས་གནས་ཡོད་པའི་ལས་ཁུངས་མི་ཉུང་བ་ཞིག་ཡོད་མོད། ཡིན་ནའང་མི་གཅིག་ལས་གནས་སྤོར་བར་ཡང་ད་དུང་དཀའ་ཁག་ཧ་ཅང་ཆེན་པོ་འདུག་སྟེ། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་ཡོང་བ་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་བསམ་འཆར་མི་འདྲ་བ་བྱུང་ཡོད་དེ། མི་ལ་ལས། ད་ལྟ་ནོར་སྲིད་ཐད་ཐབ་ཀ་བགོས་ནས་ཟ་མ་ཟ་བ་ལག་བསྟར་བྱེད་བཞིན་ཡོད། གལ་ཏེ་ལས་ཁུངས་ལ་མི་ཆད་ན། ཁུལ་གྱི་ལས་ཁུངས་གང་རུང་ཞིག་ནས་མི་བདམས་ན་འགྲིག་གི་རེད་མ་གཏོགས། གཞི་རིམ་ནས་སྐོང་འཐེན་བྱེད་དགོས་དོན་མེད་ཅེས་པར། ཚེ་ཏིག་གིས། ངའི་ལས་ཀ་ལེགས་གྲུབ་ཡོང་དགོས་པས། ལས་ཁུངས་སུ་བཤད་མཁན་གྱི་མི་འདུག་མོད་ཀྱང་། སྨྱུ་གུ་འཛིན་མཁན་ཤིན་ཏུ་དཀོན་འདུག ངས་རྒྱུས་ལོན་བྱས་པ་ལྟར་ན། ཁུལ་རིམ་པའི་སྲིད་འཛིན་ལས་ཁུངས་ཀྱིས་རྒྱ་མཚོ་འདྲ་བའི་སྨྱུག་ཐོགས་པ་ཞིག་ཡོད་པ་ཤེས་མེད་ཚོད་རེད།  གལ་ཏེ་ལས་ཁུངས་ལ་ལར་ཡོད་པའི་དབང་དུ་བཏང་ཡང་ཁོ་ཚོ་རང་ཉིད་ཀྱིས་རེ་བ་མ་བཏོན་ཚེ་ང་ཚོས་མི་གཞན་གྱི་གྱང་རྟིང་སློག་ན་འོས་འཚམ་མ་རེད་ཅེས་བཤད། ད་དུང་མི་ལ་ལས། ཁོ་གཅིག་པུ་ལས་གནས་སྤོར་ན་སྤོར་མོད། ད་དུང་ཆུང་མའང་ཞོར་འཐེན་བྱེད་པ་ནི་རྒྱབ་སྐྱོར་བྱས་དྲག་པ་མ་ཡིན་ནམ་ཟེར་བར། ཚེ་ཏིག་གིས། རེད་ཡ། ང་ཚོས་ཁོ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། ཁྱོ་ཤུག་གཉིས་ཀ་སོ་སོར་སྡོད་པ་དེས་ལས་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། ང་ཚོས་དེ་ལྟར་བྱེད་དོན་ནི་ཁོ་བློ་བདེ་པོའི་ངང་སྡོད་དུ་འཇུག་བསམ་པ་དེ་ཡིན་ལ། དེ་ནི་དམིགས་བསལ་ཅན་གྱི་ཤེས་ལྡན་མི་སྣར་དམིགས་བསལ་གྱི་བརྩི་འཇོག་བྱས་པ་ཞིག་ཀྱང་ཡིན་ཞེས་སྨྲས། དེ་ལྟར་ང་དང་ཆུང་མ་གཉིས་ད་ལྟའི་སོ་སོའི་ལས་ཁུངས་སུ་ལས་གནས་སྤར།
       ངས་དོན་འདི་གླེང་རྗེས། སྒྲོལ་མ་གྲགས་མེད་དུ་བཏང་།
       ངས་རྒྱལ་ཁ་ཆུང་ཆུང་ཞིག་བླངས་སོང་།
༡༩
       གཟའ་སྤེན་པར་ད་དུང་བསླེབས་མེད། གཡང་སྐྱིད་ཀྱིས་ཁ་པར་ཡོང་ནས་རང་ཉིད་ལ་ནད་ཅིག་བྱུང་སྟེ་ཟས་ཟ་མི་འདོད་ཅིང་། ལས་ཀ་ཡང་བྱེད་མི་འདོད་དེ། ཁོག་པའི་ནང་དུ་ཧ་ཅང་མི་བདེ་རྐྱེན་ཚེ་རིང་ཡོང་ནས་མོ་ཁྲིད་དེ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས་ཟེར། ཚེ་ལོས་དགོངས་པ་ཞུས་ནས་རྫོང་མཁར་ལ་སོང་། བརྟག་དཔྱད་བྱས་པ་བརྒྱུད་གཡང་སྐྱིད་ཀྱི་བུ་སྣོད་དུ་འབྲས་སྐྲན་ཞིག་ཡོད་ཅིང་། འབྲས་སྐྲན་ནི་ཁམས་དམར་འདྲེན་སྦུག་དང་ཉེ་བའི་གནས་སུ་སྐྱེས་ཡོད། འདིས་བཟའ་ཟླ་གཉིས་ལ་འཇིགས་སྐྲག་ཆེན་པོ་བསླངས། གཉེན་སྒྲིག་བྱས་ནས་ལོ་གཉིས་འགོར་སོང་། ཁོ་གཉིས་ཀྱིས་ལྷོད་པོའི་སྒོ་ནས་ལོ་འགར་བྱ་བ་ལས་པའི་ཆེད་དུ། ཁོ་གཉིས་ཀྱིས་མཚན་ཤུབས་གྱོན་ནས་སྦྲུམ་འགོག་བྱེད་ཐབས་སྤྱད་པས། ཁྱོ་ཤུག་གི་འཚོ་བ་ནི་ཐོག་མཐའ་བར་གསུམ་དུ་གཙང་སྦྲ་ལྡན་པ་ཞིག་ཡིན་ཏེ། ནད་འདི་ཕོག་ཡོད་ཡིད་ལ་མ་སྐྱེས། སྨན་པས། འབྲས་སྐྲན་ད་དུང་ཆུང་ཞིང་ཁྱབ་ཚད་ཆུང་བས། སྨན་ཁང་ཆེ་གྲས་སུ་གཤག་བཅོས་བྱེད་དགོས་ཀྱི་འདུག་ཟེར། ཚེ་ལོས་ཅི་ཡང་མི་སྨྲ་བར་གཡང་སྐྱིད་ཁྲིད་དེ་ཁུལ་སྨན་ཁང་དུ་སོང་ཞིང་བསྐྱར་དཔྱད་བྱས་རྗེས་སྐྲན་ནད་གཤག་བཅོས་བྱས།
       གཤག་བཅོས་བྱས་རྗེས་ཀྱི་ནད་ཁྲིའི་ཐོག་ཚེ་ལོས་ཕྱོགས་གཅིག་ནས་གཡང་སྐྱིད་ལ་ཟ་འཐུང་ཁར་ལྡུད་དང་ནད་སྐྱོང་ཞིབ་ཚགས་བྱེད་ལ། ཕྱོགས་གཅིག་ནས་སྙན་པའི་ངག་གིས་མོ་ལ་སེམས་གསོ་བྱས།
       གཡང་སྐྱིད་ཀྱིས། ད་ཐེངས་བུ་སྣོད་གཤག་བཅོས་བྱས་པས། ཕྱིན་ཆད་བུ་ཕྲུག་སྐྱེ་ཐུབ་མིན་མི་ཤེས་ཞེས་བཤད།
       ཚེ་ལོས། སྨན་པས་བཤད་པ་ཡིན་ན། གལ་སྲིད་ནད་དྲག་ཚེ་བུ་ཕྲུག་བཙའ་བར་ཤུགས་རྐྱེན་ཐེབས་མི་སྲིད་ཟེར་ཞེས་བཤད།
       གཡང་སྐྱིད་ཐེ་ཚོམ་ངང་། སྨན་པས་ང་ཚོར་སེམས་གསོ་བྱས་ཀྱང་སྲིད་ཟེར།
       ཚེ་ལོས། བྱིས་པ་སྐྱེས་མི་ཐུབ་ན་ང་ཚོར་བྱིས་པ་མི་དགོས་རྒྱུ་བྱས་ཆོག དེ་མི་ཆོག་རྒྱུ་ཅི་ཡོད་ཅེས་བཤད།
       གཡང་སྐྱིད་ཀྱིས། བཤད་ན་སླ་མོད་ཀྱང་། གལ་ཏེ་བྱིས་པ་མེད་ན་རྗེས་ཕྱོགས་ཀྱི་ང་ཚོའི་རྒན་གསོའི་གནད་དོན་ཇི་ལྟར་བྱའམ་ཟེར།
       ཚེ་ལོས། རྒན་གསོ་ཁང་དུ་སོང་ཆོག སྐབས་དེ་དུས་ཀྱི་རྒན་གསོ་ཁང་ནི་ཁོ་ཐག་ལ་གཉེར་སྟངས་ཧ་ཅང་ཡག་པོ་ཡིན་ངེས་པས། དེར་སེམས་ཁྲལ་བྱ་དགོས་དོན་གང་ཡང་མེད་ཟེར།
       གཡང་སྐྱིད་ཀྱིས། གལ་ཏེ་ང་མི་རྒས་མིག་ཉམས་སུ་གྱུར་ཚེ། ཁྱོད་ཀྱང་ང་ལ་མི་དགའ་བར་འགྱུར་བས། ངའི་བསམ་པ་བརྟེན་ས་གང་ཡང་མེད་ཅེས་པར།
       ཚེ་ལོས། སེམས་ཁ་བདེ་མོ་བྱོས། ང་ཚེ་གང་བོར་ཁྱོད་ལ་དགའ་ངེས། གལ་ཏེ་ང་ཡོད་ན་ཁྱོད་ནི་ངའི་ལག་མཐིལ་གྱི་ནོར་བུ་ཡིན་ཞེས་བཤད།
       ཁོ་ཚོས་ཇི་ལྟར་ཁ་བརྡ་བྱས་ན་དེ་ལྟར་ཕན་ཚུན་དུང་ཞིང་། ཇི་ལྟར་ཁ་བརྡ་བྱས་ན་དེ་ལྟར་སྤྲོ་སེམས་འཁོལ། ཅུང་མ་འགོར་བར་ཡང་ལས་ཁུངས་ཀྱི་དོན་དག་གླེང་བྱུང་། ཚེ་ལོས་རང་ཉིད་ཀྱིས་བྲིས་པའི་སྔོན་ཐོན་བྱས་རྗེས་ཀྱི་དཔྱད་གཞིའི་ཡིག་རིགས་ཤིག་ཞིང་ཆེན་གྱི་ཚགས་པར་དུ་སྤེལ་ཟིན་ལ། ཏང་ཡོན་ངོ་མར་བསྒྱུར་བའི་དོན་ཡང་དུས་ལྟར་ལེགས་གྲུབ་བྱུང་སོང་ཞེས་པར། གཡང་སྐྱིད་ཀྱིས། བཟང་བཟང་ཞེས་སྨྲས་ཤིང་ཡིད་ཚིམ་པའི་གདོང་མདོག་མངོན། གཡང་སྐྱིད་ཀྱིས། ཉིན་དེར་ངས་འཁྲབ་སྟོན་བྱེད་སྐབས་ཁྱོད་ཀྱི་འགྲམ་དུ་བུ་མོ་སྙིང་དུ་སྡུག་པ་སྐྲ་ལོས་དཔུང་རྒྱབ་ཁེབས་ཡོད་པ་ཞིག་ཡོད་པ་དེ་སུ་རེད་ཅེས་དྲིས་པར། ཚེ་ལོས། ང་ཚོའི་ལས་ཁུངས་ཀྱི་ལས་རོགས་ཤིག་རེད། སྔོན་ཁྱོད་ལ་བཤད་མྱོང་བའི་ཀེ་ཚེ་ཞིང་ནང་དུ་སྦྲང་མར་སྐྲག་ནས་སྐད་ཅོར་རྒྱག་མཁན་དེ་རེད་ཅེས་བཤད། གཡང་སྐྱིད་ཀྱིས། མོའི་མིང་ལ་ཅི་ཟེར་རམ་ཞེས་དྲིས་བྱུང་། ཚེ་ལོས། མོའི་མིང་ལ་ཡོས་ལན་ཟེར་ཏེ། རྒྱ་རིགས་ཀྱི་མིང་ཞིག་བཏགས་ཀྱང་དོན་དངོས་སུ་རྒྱའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་རྣལ་མ་ཞིག་རེད་ཅེས་བཤད། ཚེ་ལོས་གཡང་སྐྱིད་ཁོའི་ཁ་བརྡར་ཉན་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད་པ་མཐོང་བས་མུ་མཐུད་དུ། མོའི་སྐྱེས་གཟུགས་ཧ་ཅང་ཡག་པ་མ་ཟད། གཤིས་ཀ་ཡང་ཧ་ཅང་ཡག་པོ་འདུག ཡིན་ནའང་བློ་ཕངས་པ་ཞིག་ནི་མོའི་ཆེད་ལས་ནི་རོལ་མོ་ཆེད་ལས་ཡིན་པས། ཤང་དུ་ཁྱད་ཆོས་དེ་འདོན་ཐུབ་ཀྱི་མི་འདུག་ཅེས་བཤད། སྐད་ཆ་བཤད་ནས་མཚམས་དེར་བསླེབས་དུས་ཚེ་ལོས་གློ་བུར་དུ་གཡང་སྐྱིད་ཀྱིས་རང་ལ་དོགས་པ་དང་ཚོད་བགམ་བྱེད་ཀྱི་ཡོད་པ་མིན་ནམ་བསམ་ཞིང་དེ་མུར་འཚུབ་ཆ་ལངས་ཤིང་། གཡང་སྐྱིད་ལ་ཁག་མི་འདུག་སྙམ། སེམས་སུ། ཁོས་ཁོ་དང་ཡོས་ལན་འབྲེལ་བ་བཟང་ཚུལ་དང་། ལྷག་པར་དུ་ཉིན་ཞིག་གི་དགོང་མོ་ཡོས་ལན་དང་ཆང་འཐུང་རྗེས་ཅུང་ཙམ་མིན་ན་ཚད་ལས་བརྒལ་ཚུལ་ལམ། རྗེས་སུ་ཡང་ཡོ་བསྲང་མཐའ་གཅིག་ཏུ་བྱས་པའི་དོན་སོགས་ལྷག་ལུས་མེད་པར་མོར་བཤད་སྙམ་ཡོད་མོད་ཀྱང་། ཡང་ཚོར་སྣང་ཤིག་ལ་གཡང་སྐྱིད་ལ་ཐེ་ཚོམ་དང་ཚོད་བགམ་གྱི་རྣམ་འགྱུར་ཅི་ཡང་མེད་པ་རྟོགས་པས་སྐད་ཆ་དེ་མུར་དེར་བསྐྱུར་བ་སྟེ། ཁོ་སེམས་འཚབ་པ་ནི་ནད་ཀྱིས་མནར་ཡོད་སྐབས་ཀྱི་གཡང་སྐྱིད་ཀྱིས་ཁོའི་གསལ་བཤད་དང་ལེན་བྱེད་མ་ཐུབ་ཚེ་ནད་གཞི་སྔར་ལས་ཇེ་ལྕི་རུ་འགྲོ་བར་འདོད་པ་དེ་རེད།
       ཉིན་བཅུ་ལྷག་གི་རྗེས་སུ། ཁོ་ཚོ་སྨན་ཁང་ནས་ཕྱིར་བུད།
ཉི་ཤུ།
       ཞིང་གིས་ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ཐད་ཀྱི་ཡིག་ཆ་བཀྲམ་ཞིང་། ཁུལ་སོ་སོས་ཡིག་ཆའི་རྩ་གནད་གཞིར་བཟུང་ནས་ཡུལ་དངོས་བརྟག་ཞིབ་ཀྱི་རྩོམ་ཡིག་བྲིས་ཏེ། ཇི་ལྟར་ད་གཟོད་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་གནད་དོན་འཕེལ་རྒྱས་སུ་གཏོང་བའི་དཔྱད་གཞིའི་ཡིག་ཆར་བརྩི་དགོས་པའི་བླང་བྱ་བཏོན་པ་རེད། ཁུལ་ཨུས་ལས་འགན་འདི་དྲིལ་བསྒྲགས་པུའུ་ལ་སྤྲད་ཅིང་། ལས་ཁུངས་ཀྱིས་ཀྱང་བྱེ་བྲག་གིས་ངའི་ལག་ཏུ་སྤྲད་པ་རེད། ངས་འབྲེལ་ཡོད་ལས་ཁུངས་ཀྱི་དཔྱད་གཞི་འབོར་ཆེན་ལ་ལྟ་ཀློག་བྱས་པ་མ་ཟད། རྫོང་ཁག་སོ་སོར་བསྐྱོད་དེ་ཡུལ་དངོས་བརྟག་ཞིབ་བྱས་པ་བརྒྱུད་ནས«གསེར་ཆེན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབས་དང་རྒྱུ་རྐྱེན་དབྱེ་ཞིབ»ཅེས་པའི་རྩོམ་ཡིག་བྲིས་ནས་ཕུལ་བ་ཡིན། ལས་འགན་གྲུབ་རྗེས་ཡང་བསྐྱར་བཟོ་བཅོས་ཐེངས་གཅིག་བྱས་ནས་ང་རང་གི་མིང་ཐོག་ནས་འབྲེལ་ཡོད་དུས་དེབ་ཐོག་ཏུ་སྤེལ། ཅུང་མ་འགོར་བར། སི་ཁྲོན་ཕྱོགས་ཀྱི་གདན་ཞུའི་ཡི་གེ་ཞིག་འབྱོར་བའི་ནང་། གུས་པར་འོས་པའི་སྐུ་ཞབས་རྒྱ་མཚོ་ལགས། ནུབ་བྱང་ས་ཁུལ་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ཅུང་ཆེ་བའི་ས་ཁུལ་ཡིན་ཞིང་། མིག་སྔར། ལོ་རྒྱུས་དང་། ས་ཁམས། རིག་གནས་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དཔལ་འབྱོར་ད་དུང་འཕེལ་རྒྱས་དལ་པའི་དུས་རིམ་དུ་གནས་ཡོད། དེ་ཡང་རིག་གཞུང་གི་སྒོ་ནས་འཕེལ་རྒྱས་དལ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་དང་། ལག་བསྟར་བྱེད་ཐབས་འཚོལ་བ། འགོ་ཁྲིད་ཀྱིས་ཇུས་ཐག་གཅོད་པར་གཞི་འཛིན་ས་འདོན་སྤྲོད་བཅས་བྱེད་ཆེད། ང་ཚོས་ཐེངས་འདིའི་རིག་གཞུང་ཞིབ་འཇུག་དང་བརྟག་དཔྱད་གྲོས་བསྡུར་སློབ་སྦྱོང་གི་བྱེད་སྒོ་ཞིག་རྩ་འཛུགས་བྱས་པ་ཡིན། སྐུ་ཉིད་ཀྱིས་དུས་ཡུན་རིང་པོར་བོད་རིགས་ས་ཁུལ་དུ་ཕྱག་ལས་གནང་གི་ཡོད་ཅིང་། བོད་རིགས་ས་ཁུལ་གྱི་གནས་ཚུལ་ལ་ཞིབ་འཇུག་མི་ཉུང་བ་གནང་འདུག ཉིད་ཀྱི«གསེར་ཆེན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབས་དང་རྒྱུ་རྐྱེན་དབྱེ་ཞིབ»ཞེས་པའི་རྩོམ་ཡིག་དེར་བྱ་དགའ་ཐོབ་པ་དང་ཚོགས་འདུའི་བསམ་འཆར་བརྗེས་རེས་ཀྱི་ཚད་གཞི་དང་ཡང་མཐུན་པས་ཁྱེད་སྐུ་དངོས་སུ་བྱེད་སྒོར་ཞུགས་དགོས་ཞེས་བྲིས་འདུག་ཅིང་། ད་རུང་ཚོགས་ཞུགས་ཀྱི་ཞིབ་ཕྲའི་དུས་ཚོད་དང་ས་གནས། འགྲོ་གྲོན་གྱི་འགན་ལེན་བྱེད་ཐབས་སོགས་གསལ་བོར་བཀོད་ཡོད། ངས་ལས་ཁུངས་ཀྱི་འགོ་ཁྲིད་ལ་ཡར་ཞུ་ཞུས་པར། འགོ་ཁྲིད་ཀྱིས་ཁོ་བོ་བྱེད་སྒོ་འདིར་ཞུགས་པར་རྒྱབ་སྐྱོར་གནང་ཞིང་། ཡིད་དུ། བསམ་འཆར་བརྗེས་རེས་ཀྱི་བྱེད་སྒོ་འདི་འདྲར་དོན་སྙིང་ཆེན་པོ་ལྡན་པར་འདོད་དེ། ས་ཆ་གཞན་པའི་ཉམས་མྱོང་མང་པོ་བསྡུ་ལེན་བྱེད་ཐུབ་ཅིང་། རང་གི་གཞུང་ལུགས་ཀྱི་ཟབ་ཚད་མཐོར་འདེགས་བྱེད་ཐུབ་པར་བསམ། ངས་བྱུང་འཛིན་ཤོག་བྱང་བསྐོངས་རྗེས། མེ་འཁོར་སྤ་སེ་ཉོ་སྒྲུབ་བྱས་ཤིང་། ཚོགས་འདུའི་བླང་བྱ་ལྟར་བྲེལ་འཚུབ་ཀྱིས་གྲ་སྒྲིག་བྱེད་འགོ་བརྩམས།
༢༠
       ཉེ་ཆར། མཛངས་མ་འབའ་ཕྲུག་གི་བྱས་རྗེས་ཚགས་པར་སྟེང་དུ་བཀོད་ཅིང་། ཡོས་ལན་གྱི་སྐུལ་ལྕག་ཐེབས་རྗེས། ཚེ་ལོས་ཚགས་པར་སྟེང་རང་ཉིད་ཀྱི་མིང་མཐོང་འདོད་པའི་རེ་བ་སྔར་བས་ཆེ་རུ་གྱུར། ཁོས་རང་གི་བྱ་བ་དང་འབྲེལ་ནས་བསྟུད་མར་འཕྲིན་གསར་འགའ་བྲིས་ནས་ཚགས་པར་ཁང་དུ་བསྐུར་བར། དེའི་ནང་ནས་ཤང་འདིའི་བོད་རྒྱ་མི་རིགས་ཕན་ཚུན་མཐུན་སྒྲིལ་རོགས་རེས་ཀྱི་གནས་ཚུལ་བཀོད་པའི་འཕྲིན་གསར་དེ་ཞིང་ཆེན་ཚགས་པར་སྟེང་བཀོད་པ་རེད། ཚེ་རིང་གིས་ཐེངས་དང་པོར་རང་ཉིད་ཀྱི་མིང་བྲིས་ཡོད་པའི་འཕྲིན་གསར་མཐོང་བ་དང་། སེམས་ལ་སྤྲོ་སྣང་འཕེལ་ཞིང་རྩོམ་འབྲིའི་སྤྲོ་སེམས་དེ་བས་ཇེ་ཆེར་ཕྱིན། འཕྲིན་ལས་ཧྲུའུ་ཅི་ཡིས་ཚེ་ལོའི་བྱ་བ་དང་སློབ་སྦྱོང་སོགས་ཀྱི་ཐད་ཡར་རྒྱས་གང་མྱུར་བྱུང་བ་ཤེས་རྗེས་བསྔགས་བརྗོད་ཆེན་པོ་གནང་བ་མ་ཟད། ཁོང་ལ་ང་རྒྱལ་དང་འཚབ་འཚུབ་སྤངས་ནས་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
       ཡོས་ལན་གྱིས་ཚེ་ལོའི་རྩོམ་ཡིག་ཚགས་པར་དུ་བཀོད་པ་མཐོང་ནས་རྟེན་འབྲེལ་ཞུ་བར་འོང་།
       ཁྱེད་ཀྱི་རྩོམ་ཡིག་ཡང་བསྐྱར་ཚགས་པར་ཐོག་བཀོད་པ་མ་ཟད་། རང་ཉིད་ཀྱི་མིང་དངོས་སུ་བཀོད་པ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
       ཁྱོད་ཀྱི་སྐུལ་ལྕག་གིས་ད་གཟོད་ང་ལ་དེ་རིང་གི་གྲུབ་འབྲས་འདི་ཐོབ་པ་ཡིན།
       ངས་སྔ་ས་ནས་རྟོགས་ཡོད་དེ། ཁྱེད་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་། ཡར་རྒྱས་བརྩོན་ལེན་གྱི་སེམས་ཤུགས་ཆེན་པོ་ལྡན་པས། ནམ་ཞིག་ཅིས་ཀྱང་སྦྱངས་འབྲས་ཐོན་ངེས་ཡིན་པས། ངས་ཁྱེད་ལ་ཡིད་སྨོན་བྱེད་ཀྱི་ཡོད།
       ཁྱོད་ལའང་ཡར་རྒྱས་བརྩོན་ལེན་གྱི་སེམས་ཤུགས་མེད་པ་མ་ཡིན་ཏེ་རང་གི་ཆེད་ལས་དང་མི་མཐུན་པར་རེད།
       རེད་ཡ། སློབ་གྲྭའི་ནང་དུ་ང་ཡང་རྗེས་སུ་མི་ལུས་པའི་མི་ཞིག་ཡིན། སློབ་རའི་ཚགས་པར་སྟེང་ད་དུང་རང་གིས་བརྩམས་པའི་གླུ་དབྱངས་སྤེལ་མྱོང་། རེད་མོད་ཀྱང་ད་ལྟ་ཤང་དུ་བགོས་རྗེས་རང་གི་རོལ་མོའི་འཇོན་ནུས་ཕུད་ཐབས་མི་འདུག ཁྱེད་ཚོ་ལ་གྲུབ་འབྲས་ཡོད་པ་མཐོང་ཚེ། ངའི་སེམས་སུ་བྲེལ་འཚུབ་ཀྱིས་འཁེངས་འགྲོ།
       ཁྱོད་ཀྱིས་སློབ་གྲྭའི་ནང་ནས་བརྩམས་ཆོས་སྤེལ་མྱོང་བ་དེ་གླུ་ཚིག་ཡིན་ནམ་གདངས་ཡིན། ཡང་ན... ...
       གདངས་ཡིན། གླུ་ཚིག་གཞན་གྱིས་བྲིས་པ་ཡིན།
       བླངས་ནས་ངས་ཅིག་ཉན་ན་ཨེ་ཆོག
       ཡོས་ལན་གྱིས་ངག་གཉོམ་པོས།
དཔྱིད་མགོའི་དུས་ཀྱི་སློབ་རའི་ནང་། ཁམ་བུའི་མེ་ཏོག་ཕན་ཚུན་འགྲན་ནས་བཞད།
འདབ་བརྒྱའི་ཁྲོད་ཀྱི་གཡུ་སྦྲང་གིས། སྦྲང་རྩི་ཉར་ཏེ་བདེ་སྐྱིད་འཚོ་བ་བསྙལ།
དཔྱིད་མཇུག་དུས་ཀྱི་སློབ་རའི་ནང་། ཀུ་ཤུའི་མེ་ཏོག་དྲི་ཞིམ་ལྷུག་ལྷུག་འཐུལ།
སིལ་སྡོང་འོག་གི་སྙིང་སྡུག་གིས། ཞིམ་མངར་ཤིང་འབྲས་སྨིན་ལ་རེ་སྒུག་བྱས།
ཚེ་ལོས་ཉན་རྗེས་སྤྲོ་སེམས་འཁོལ་བའི་ངང། གླུ་འདི་ཤིན་ཏུ་སྙན་ཞིང་།ཚིག་གིས་སེམས་འགུལ་ཐེབས།
       ཚིག་འདིའི་རྩོམ་པ་པོ་སུ་རེད་དམ་ཞེས་དྲིས།
       ཡོས་ལན་གྱིས། ཚིག་རྩོམ་མཁན་ནི་ངའི་ཕུ་བོ་དེ་རེད། སྐབས་དེར་ངེད་གཉིས་ཀྱིས་དགའ་རོགས་སྒྲིག་བཞིན་ཡོད་ཅེས་པར།
       ཚེ་ལོས་བསྟོད་བསྔགས་ཀྱིས། ཁོ་ནི་དངོས་གནས་ཤེས་རིག་ལྡན་པའི་མི་ཞིག་རེད། སེམས་ཕངས་པ་ཞིག་ལ་ཁྱོད་ཚོས་ནམ་ཡང་བརྩེ་དུང་གི་ཀུ་ཤུ་དམར་པོ་ཟ་མི་ཐུབ་ཅེས་སྨྲས།
       ཡོས་ལན་ཅུང་སྐྱོ་སྣང་གིས་ཚེ་ལོའི་བརྗོད་གཞི་ལས་གཡོལ་ཏེ། ཁོང་གིས་ད་དུང་སྙན་ངག་གསར་རྩོམ་ཐད་རང་ཉིད་འཕེལ་རྒྱས་བཏང་ཞིང་། ཞིང་ཆེན་རིམ་པའི་ཚགས་པར་དང་དུས་དེབ་ཐོག་སྙན་ངག་བརྩམས་ཆོས་སྤེལ་འགོ་བརྩམས་མོད། འོན་ཀྱང་ངས་བལྟས་བལྟས་རིག་རིག་ལ་ཁོའི་རྩོམ་ཁ་ཐུར་ལ་བབས་བྱུང་ཟེར།
       ཚེ་ལོས། དལ་མོར་ཤོག་དང་། གསེར་ཡིན་ན་ཅི་ལྟར་ཡང་ནམ་ཞིག་ས་ཁར་བུད་ནས་འོད་འཕྲོ་ངེས་ཡིན་ཟེར།
       ཏག་ཏག་ཁ་བརྡ་བྱེད་བཞིན་པའི་སྒང་དེར། ཟ་ཁང་གི་གུང་ཟས་རོལ་བའི་དྲིལ་བརྡ་གྲགས་བྱུང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།