སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་གཅིག་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-11-01
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཉེར་གཅིག་པ།
སྒོར་ཐོན་རྗེས། ང་འཇེམ་འཁོར་ཞིག་ལ་ཁེལ་ཞིང་། ཁ་ལོ་བ་ནི་སི་ཁྲོན་གྱི་མི་ཡིན་པ་ཤེས་པས་ཁོ་དང་ཁ་བརྡ་བྱེད་མགོ་བརྩམས། ངས་ང་སི་ཁྲོན་ལ་ཚོགས་འདུ་ཞིག་ལ་འགྲོ་བའི་དོན་དེ་བཤད་པ་ན། ཁ་ལོ་བས། སི་ཁྲོན་དུ་དུས་འདིར་ཚ་བ་ཤིན་ཏུ་ཆེ་བ་མ་ཟད། ད་སྐབས་ལྷག་པར་དུ་ཆེ་རུ་འགྲོ་བཞིན་པའི་སྒང་ཡིན་པས་བོད་ཆས་གྱོན་མི་དགོས་ཞེས་ཟེར་བར། ངས། ཚོགས་འདུའི་རེ་བ་རེད། ཡང་ཅིག་བཤད་ན། བོད་ལྭ་འདི་དུས་ཚིགས་གང་རུང་གི་སྐབས་གྱོན་ཆོག་པའི་ལྭ་རྐྱང་ཡིན་པས་དེ་འདྲ་ངར་མི་སྲིད་ཅེས་པར། ཁ་ལོ་བས་མགོ་གཡུག་ཞོར་དུ་སེམས་སུ་སྔར་བཞིན་ལྭ་བ་མཐུག་པོ་གྱོན་འདུག་སྙམ་ཞིང་དེ་འབྲེལ་གྱི་དགོད་གཏམ་ཞིག་ཀྱང་འདི་ལྟར་སྨྲས་བྱུང་། ཉི་མ་ཤིན་ཏུ་ཚ་བའི་ཉིན་ཞིག་ལ། ནང་ལོགས་ནས་ཡོང་བའི་ལྗོངས་རྒྱུ་བ་ཞིག་ཟོག་རྫི་རྒད་པོ་ཞིག་དང་སྤང་ཐང་དུ་ངོ་འཕྲད། ངོ་འཕྲད་དུས་ལྗོངས་རྒྱུ་བས་དོར་ཐུང་ཞིག་དང་ཕུ་ཐུང་ཞིག་ལས་གྱོན་མེད། ཡིན་ཡང་ཟོག་རྫི་རྒད་པོས་སློག་པ་མཐུག་པོ་ཞིག་གྱོན་ཡོད། ལྗོངས་རྒྱུ་བས་ཟོག་རྫི་རྒད་པོར། ནམ་ཟླ་འདི་འདྲའི་ཚ་བའི་ནང་ཁྱེད་ཀྱིས་ཅིའི་ཕྱིར་འདི་འདྲའི་སློག་པ་མཐུག་པོ་ཞིག་གྱོན་པ་ཡིན་ནམ་ཞེས་དྲིས། ཟོག་རྫི་རྒད་པོས་སླར་ལྗོངས་རྒྱུ་པར། ནམ་ཟླ་འདི་འདྲའི་ཚ་བའི་ནང་ཁྱོད་ཀྱིས་ཅིའི་ཕྱིར་ལྭ་བ་འདི་འདྲའི་སྲབ་མོ་ཞིག་གྱོན་པ་ཡིན་ནམ་ཞེས་ལན་སློག་ཟེར། དགོད་གཏམ་བཤད་ནས་མཚམས་འདིར་ཐོན་དུས། ངས་ཁ་ལོ་བར་དེ་གཉིས་ལས་སུས་བཤད་པ་འགྲིག་གམ་ཞེས་དྲིས། ཁ་ལོ་བས་ཅི་བསམ་འདི་བསམ་མེད་པར། ལྗོངས་རྒྱུ་པས་བཤད་པ་ངེས་པར་བདེན་ཟེར། ངས། ཁྱོད་ཀྱིས་སྔོན་ཆད་འཁྱག་སྒྲོམ་དང་འཁྱག་སྒམ་མེད་པའི་ཆ་རྐྱེན་འོག་ཏུ་སློག་པས་འཁྱག་ཞོ་སྲུང་སྐྱོབ་བྱེད་པའི་རྒྱུ་མཚན་མི་ཤེས་སམ་ཞེས་བཤད་པ་ན། ཁ་ལོ་བས་ཡང་སྙིང་གི་དོན་རྟོགས་སོང་བ་འདྲ་སྟེ། མཚམས་ཤིག་ཏུ་ངེད་གཉིས་ཀ་བགད་བྱུང་།
ཤེས་མེད་ཚོར་མེད་ངང་ཞིང་ཆེན་ལྟེ་གནས་ཀྱི་མེ་འཁོར་ས་ཚིགས་སུ་ཐོན།
ངས་ཉོས་པ་ནི་མེ་འཁོར་གྱི་མལ་ཁྲི་འོག་མའི་སྤ་སེ་ཡིན། རྡོག་ཁྲེས་སྟབས་བདེ་ལས་མེད་དེ། ཚི་ལེན་དཀར་པོ་ཞིག་དང་། རྐང་སྣམ་སྔོན་པོ་ཞིག གདོང་འཁྲུད་སྣོད་ཆས་འགའ་ཤས། གཞན་ལམ་ནས་བཀླག་བྱ་རྩོམ་མཁན་གྲགས་ཅན་ཡཱང་ཀྲི་ཅོན་ལགས་ཀྱི་བྲིན་རྒྱུག་ཆེ་བའི«འབྲོག་ཁྱི་ལ་བོ»ཞེས་པའི་དེབ་གཅིག་ལས་བཟུང་མེད། མེ་འཁོར་སྟེང་བུད་རྗེས། རྡོག་ཁྲེས་དང་དེབ་དེ་ཉིད་རང་གི་མལ་ཁྲིའི་སྔས་མགོར་བཞག་མ་ཐག སི་ཁྲོན་ཕྱོགས་ཀྱི་ཁ་པར་འབྱོར་བྱུང་། ཁ་པར་ལེན་དུས་ངས་མཉམ་བཞག་པ་ན་ངའི་མལ་ཁྲིའི་ཁ་གཏད་དུ་སྐྲ་ལོ་ཕྲག་མགོར་བྱུང་བའི་བུད་མེད་ཅིག་གིས་དངོས་རྫས་འཇོག་སྟེགས་སྟེང་དུ་ཀོ་སྒམ་དམར་སྨུག་ཅིག་འཇོག་གིན་འདུག གོ་སྒམ་ཅུང་ཆེ་ཞིང་ནང་དུ་ད་དུང་དངོས་པོ་འབོར་ཆེན་ཞིག་བཞག་ཡོད་པ་འདྲ་སྟེ། མོས་ཕལ་ཆེར་ཡར་འགྱོགས་དཀའ་བའི་མཉམ་འགྱུར་མངོན་འདུག ངས་བྲེལ་མ་འཚུབ་ཀྱིས་ཁ་པར་སྣེ་ལེན་བྱས་རྗེས་མྱུར་དུ་མོ་ལ་རོགས་བྱས་ཏེ་ཀོ་སྒམ་ཡར་བཞག
བུད་མེད་དེ་མལ་ཁྲིར་ཙོག་རྗེས་ཁ་ཚུར་འཁོར་ནས་ང་ལ་ཐུགས་རྗེ་ཆེ་ཞེས་བཤད་བྱུང་། སྐབས་དེར་ངས་མཐོང་བའི་མོ་ནི་ཤིན་ཏུ་མཛེས་མ་ཞིག་སྟེ། མིག་གཉིས་ཆེ་ཞིང་མིག་དཀྱུས་རིང་ལ། གདོང་གཟར་ཞིང་མཆུ་སྒྲོས་ཆུང་། ཤ་རྩ་དཀར་ལ་སྐྲ་ལོ་གནག་ཅིང་ལྡེམ་པའི་ལོ་ན་བཞི་བཅུ་ཡས་མས་ཀྱི་བུད་མེད་ཅིག་རེད། ངས་མོ་ལ་ཉམ་ཆུང་བའི་སྐད་ཆ་འགའ་བཤད་བཞིན་འདེགས་ཁུག་ཆུང་བ་ལས་ཇ་ཕོར་སྟོང་བ་དེ་བླངས་ཏེ་མདུན་ཅོག་སྟེང་དུ་བཞག མེ་འཁོར་བསྐྱོད་ལ་ཉེ་དུས། མོས་ཀྱང་རང་གི་ཇ་ཕོར་བླངས་ཡོང་བ་དང་སྦྲགས་ང་ལ་ཆུ་ཁོལ་དགོས་མིན་དྲིས་བྱུང་། ངས། ངས་རང་གིས་བླུགས་ཆོག་ཅེས་པར། མོས། འཛེམ་དོགས་བྱེད་མི་དགོས། ཚང་མ་མཚོ་སྔོན་གྱི་མི་རེད་ཟེར། ངས། ཁྱོད་ཀྱིས་ང་རང་མཚོ་སྔོན་གྱི་ཡིན་པ་ཇི་ལྟར་ཤེས་པ་ཡིན་ནམ་ཞེས་པར། མོས་ཕྱོགས་གཅིག་ནས་ཆུ་ཁོལ་ལྡུག་པ་དང་ཕྱོགས་གཅིག་ནས་ང་ཚོ་མཉམ་དུ་མེ་འཁོར་ལ་བུད་པ་ཡིན། གཞན་ཡང་ཁྱོད་ཀྱི་སྐད་རིགས་དང་གྱོན་ཆས་ཐོག་ནས་ཤེས་ཐུབ། ང་འཆུག་མི་སྲིད་ཅེས་སྨྲས་བྱུང་།
དེ་ལྟར་ངེད་གཉིས་ཀྱིས་ཁ་བརྡ་རེ་རེ་གླེང་མགོ་བརྩམས།
མཛེས་མའི་མིང་ལ་ཀྲུའུ་ཕིན་ཟེར་ལ། ཞིང་ཆེན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རེད། མོ་ནི་སི་ཁྲོན་དུ་རྒྱ་ཡིག་སློབ་ཁྲིད་ཕྱོགས་ཀྱི་ཚོགས་འདུ་ཞིག་ལ་འགྲོ་བཞིན་འདུག འགྲུལ་བཞུད་ཁེར་རྐྱང་སྟེང་ཚང་མ་རིག་གནས་པ་ཡིན་པའི་སྟབས་ཀྱིས་གླེང་གཞི་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ་རིམ་བཞིན་ཁྱིམ་ཚང་དང་དགའ་ཕྱོགས་ཐམས་ཅད་ལབ། ངས་ད་དུང་མོའི་སྟེང་དུ་རྟོགས་ཐུབ་པ་ནི། མིང་ལ་ཀྲུའུ་ཕིན་ཟེར་བའི་རྒྱ་རིགས་བུད་མེད་མཛེས་མ་འདིས་ང་དང་འདི་འདྲའི་གླེང་མོལ་ལྷུག་བརྗོད་བྱེད་ཐུབ་པ་ནི་མོའི་སྟེང་དུ་ད་དུང་ང་ཚོས་རྟོགས་དཀའ་བའི་བོད་མིར་བཅངས་པའི་མཛའ་བརྩེ་ཞིག་ཆགས་འདུག་པ་ཚོར།
ལོ་ཉི་ཤུའི་ཡར་སྔོན་གྱི་ཉིན་ཞིག་ལ། པེ་ཅིང་དུ་སློབ་གྲྭར་འགྲོ་བཞིན་པའི་ཀྲུའུ་ཕིན་དང་མོའི་སློབ་གྲོགས་གཉིས་གནམ་བདེ་སྒོ་མོ་ཆེར་མཚོ་སྔོན་ནས་བསླེབས་པའི་གླུ་གར་ཚོགས་པ་ཞིག་གི་འཁྲབ་སྟོན་ལ་ལྟ་རུ་སོང་། འཁྲབ་སྟོན་གྱི་བརྒྱུད་རིམ་ཁྲོད་དུ། མིང་ལ་བཀྲ་ལོ་ཟེར་བའི་འཁྲབ་སྟོན་པ་ཞིག་གིས་རྐྱང་བྲོ་ཚན་པ་ཞིག་འཁྲབ། བཀྲ་ལོ་སྐྱེ་གཟུགས་རིང་ལ་དྲང་ཞིང་། གདོང་ལ་ཕོ་ཉམས་དོད་པ། སྐྲ་ལོ་རིང་ཞིང་ཕྲག་པར་ཁེབས་པ། བྲོ་འཁྲབ་པའི་དུས་ན་ཡང་ཟོར་ལྡན་ཞིང་སྒེག་ཉམས་ལྡན་པས་ལྟ་མཁན་རྣམ་པའི་ཐལ་མོ་རྡེབ་སྒྲས་བསུས། མོའི་གྲོགས་མོས་དེ་མཐོང་རྗེས། མ་འོངས་བར་འདི་ལྟ་བུའི་སྟག་ཤར་དང་འགྲོགས་ཐུབ་ན་དེ་ལ་ད་གཟོད་བདེ་སྐྱིད་ངོ་མ་ཟེར་བ་རེད་ཟེར། འདི་ལྟ་བུའི་གྲོགས་མོའི་སྣང་མེད་ཀྱི་སྐད་ཆ་ཡིས། མོས་སྟག་ཤར་འདི་ངོ་ཤེས་ན་འདོད་པའི་ངར་སེམས་སྦར། འཁྲབ་སྟོན་མཇུག་རྫོགས་རྗེས། མོས་དུས་རྒྱུན་དུ་ལུས་སུ་མནབས་པའི་ཟིན་འགོད་འབྲི་དེབ་དང་སྣུམ་སྨྱུག་མགོ་ཟླུམ་བླངས་ཡོང་སྟེ། བཀྲ་ལོའི་མདུན་དུ་སོང་ཞིང་ཁོ་ལ་མིང་འབྲིའི་དྲན་རྟེན་འགོད་དུ་བཅུག
བཀྲ་ལོས་ཧ་ལས་ཧོན་ཐོར་ངང་མོ་ལ་ཡུན་རིང་ཙམ་བལྟས་རྗེས། ལག་པ་བརྐྱངས་ཡོང་ཞིང་ཡང་བསྐུམས་པའི་ཚུལ་གྱིས་རང་གིས་ཉན་ནོར་བ་ཨེ་ཡིན་ནམ་སྙམ་ཞིང་དེ་འདྲའི་དགའ་གུས་ཐོབ་པར་ཧ་ལས་པའི་རྣམ་འགྱུར་མངོན། མོས། ངས་ནི་སྙིང་ནས་ཞུས་པ་ཡིན། ང་ཡང་མཚོ་སྔོན་གྱི་མི་ཡིན། པེ་ཅིང་དུ་སློབ་གྲྭར་འགྲོ་བཞིན་ཡོད། ཁྱོད་བྲོ་བཁྲབ་པ་ངོ་མས་ཡག་པོ་འདུག ངས་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་ཁྱོད་ལ་མིང་ཐོ་འགོད་དུ་བཅུག་སྟེ་ངོ་ཤེས་ཞིག་བཅའ་བསམ་པ་ཡིན་ཟེར་བ་ན། བཀྲ་ལོར་ཡིད་འགུལ་ཆེན་པོ་ཐེབས་ཏེ་མིང་བྲིས་དྲན་རྟེན་བཀོད་ཅིང་ཁ་པར་ཨང་གྲངས་བྱིན། བཀྲ་ལོས་ཀྱང་མོ་ཡི་མིང་དང་ཁ་པར་ཨང་གྲངས་སློང་། རྗེས་སུ་ཁོ་གཉིས་བར་ལ་བརྩེ་དུང་གི་འབྲེལ་བ་འཕེལ། མ་ཟད་ཀྲུའུ་ཕིན་མཐར་ཕྱིན་ནས་ཞིང་ཆེན་དུ་ལས་བགོས་བྱས་རྗེས་ཁྱིམ་མིའི་ངོ་རྒོལ་ལ་ཁ་ཡ་མི་བྱེད་པར་ཁོ་གཉིས་ཀྱིས་བཟའ་བསྒྲིགས་བྱས་པ་རེད། ཀྲུའུ་ཕིན་གྱིས་བཤད་ནས་མཚམས་འདིར་ཐོན་རྗེས་བཤད་མཚམས་བཞག ངས་མོར། ཁྱོད་ཚོའི་བརྩེ་དུང་གི་འཚོ་བ་ནི་འཆར་ཡན་གྱིས་ཕྱུག་པ་ཞིག་རེད། བཟའ་སྒྲིག་བྱས་རྗེས་ཀྱི་འཚོ་བ་ནི་ཁོ་ཐག་ལེགས་ཤིང་སྐྱིད་པར་ངེས་ཞེས་སྨྲས།
ཀྲའོ་ཕིན་གྱིས་སྐྱོ་བསྔལ་གྱི་གདོང་མདོག་ཅིག་ཕྱུང་སྟེ། ད་མི་བཤད། འདི་ནི་སྐྱོ་གར་ཞིག་ཡིན་ཟེར།
ང་ཡིད་གཉིས་ཐེ་ཚོམ་དུ་གྱུར་ཞིང་དོགས་ཀྱང་ཅུང་ཙམ་མི་བདེ་བར་གྱུར། ཁྱད་མཚར་བའི་སེམས་ཁམས་ཀྱིས་ང་ལ་གནས་ཚུལ་དེ་རྒྱུས་ལོན་བྱེད་འདོད་ཀྱི་བསམ་བློ་སྐྱེད་མོད། ཡིན་ཡང་བློ་གྲོས་ཀྱིས་དེ་ཕམ་པར་བརྒྱབ་བྱུང་། ངའི་བསམ་པར། ང་དང་ཀྲུའུ་ཕིན་གཉིས་བར་ལ་བྱ་རྡོ་ལམ་འཕྲད་ཙམ་སྟེ། འབྲེལ་བ་དེ་འདྲའི་ཚད་ལ་བསླེབས་མེད། ཡང་ཅིག་བཤད་ན། དེ་ནི་མིའི་སྡུག་བསྔལ་ཞིག་རེད། མི་ཞིག་གིས་རང་གིས་ཁྱད་མཚར་བའི་སེམས་ཁམས་ཀྱིས་གཞན་གྱི་སྡུག་བསྔལ་གྱི་གསང་བ་དེ་བརྟོལ་ན། དེ་ནི་ཤིན་ཏུ་མི་འོས་པའི་གཤིས་སྤྱོད་ངན་པ་ཞིག་མ་རེད་དམ་སྙམ།
དྲོས་ཇ་འཐུང་རྗེས། ངེད་གཉིས་ཀྱིས་ངལ་གསོ་ཙམ་བྱེད་པར་ཐག་བཅད། ང་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་པ་མ་གཏོགས་གཉིད་བསམ་གཏན་ནས་མེད། ལག་གི་དཔེ་ཆ་ཁ་ཕྱེ་ནས«འབྲོག་ཁྱི་ལ་བོ»ཡི་ལེའུ་ལྔ་བའི་ནང་གི་ངོ་མཚར་བའི་དུམ་ཚན་ཞིག་ལ་བལྟས། དུམ་ཚན་དུ་འདི་ལྟར་བྲིས་ཡོད་དེ། བྱིས་སྒྲུང་དུ་གྲུབ་པ་ལ་ད་དུང་ས་ཁུལ་ཀྱི་སྒོ་ཁྱི་བདུན་བརྒྱད་ཙམ་ཡོད། ས་ཁུལ་གྱི་སྒོ་ཁྱིའི་ནང་གི་སྒོ་ཁྱི་ལ་བོ་དེ་དོན་དངོས་སུ་བཤད་ན་ཁྱི་རྒྱལ་སྟག་མགོ་གངས་ཁྱི་དང་དེ་དང་འབྲེལ་བ་ཤིན་ཏུ་ཟབ་པའི་ལ་བོ་ནག་ལྡང་མགོ་རིལ་དང་། ཁྱི་རྒན་ལ་བོ་སྐྱ་ལྡང་། དེ་བཞིན་ལ་བོ་གཞན་འགའ་ཞིག་སྟེ་དེ་དག་ཐག་མི་ཉེ་མི་རིང་བའི་མཚམས་སུ་ཁོ་ཚོའི་རྗེས་དེད་འདུག ལིས་ཉི་མས། སུན་པ་ལ་ཁོ་ཚོ་ངེད་ཚོའི་རྗེས་དེད་ནས་ཅི་བྱེད་ཟེར་བ་ཡིན་ནམ་ཞེས་པར། མེ་ཏོག་ལྷ་མོས། ཁོ་ཚོས་སྣས་བསྣམས་འཕྲལ་དེ་མ་ཐག་ཁྱོད་མི་བཟང་བོ་ཞིག་མིན་པ་ཤེས་པས་རྗེས་དེད་ཡོང་ནས་ཁྱོད་ཀྱིས་ང་ལ་བརྙས་བཅོས་བྱེད་པར་བཀག་འགོག་བྱེད་འདོད་པ་དེ་རེད་ཅེས་བཤད། ལིས་ཉི་མས། ངས་ད་བརྙས་བཅོས་བྱེད་ངེས་ཡིན། ཅི་རེད། ཅི་རེད་ཟེར་བཞིན་ཡང་མོ་པང་དུ་བསྡམས་བྱུང་། སྒོ་ཁྱི་ལ་བོ་དག་ཁ་ཕྱིར་འཁོར་ཞིང་། དེ་ཚོས་ཁོ་དང་ཁོ་མོའི་བར་གྱི་དེ་ལྟ་བུའི་བརྙས་བཅོས་ལ་ཕལ་ཆེར་མི་བཞིན་ངོ་སྐྱེངས་ནས་མི་ལྟ་བར་སྣང་། མེ་ཏོག་ལྷ་མོས། ལྷོད་ཞོག ལྷོད་ཞོག ཁྱོད་ཀྱིས་ད་དེ་ལྟར་མ་བྱས་ན་མི་བཟང་ངམ། ཁྱིས་ཀྱང་ངོ་ཚ་ཤེས་པ་མ་ཡིན་ནམ་ཞེས་བཤད།
ལིས་ཉི་མ་དང་མེ་ཏོག་ལྷ་མོ་གཉིས་ནི་དགའ་རོགས་ཆ་གཅིག་རེད། མེ་ཏོག་ལྷ་མོས་རྒྱུན་དུ་ལིས་ཉི་མ་ཁྲིད་ནས་ནུབ་སྐྱེ་རྒུ་དགོན་པའི་ཨ་ཕར་བལྟས་རྗེས་ཕྱིར་ལོག་གི་ཡོད། ལོག་དུས་སུ་ཁོ་ཚོ་ཚང་མ་རྡོ་མཁར་གྱི་གཞོགས་གཞན་ཞིག་བསྐོར་ཏེ་ཐང་སྟོང་དུ་བསྐྱོད། གངས་རི་མཐོ་ཞིང་བརྗིད་ལ་རྩྭ་ཐང་ཡངས་ཤིང་ཆེ། ཆུ་བོ་དྭངས་ཤིང་གཙང་ལ་མི་མེད་ལྷིང་འཇགས་སུ་གནས། ཁོག་རྒྱ་བསྐྱེད་པའི་སྔོ་ལྗང་གི་སྤང་ཐང་ཆེན་མོར་ཁོ་གཉིས་ཁོ་ན་ལས་ཅི་ཡང་མེད། ཁོ་གཉིས་ཀྱིས་ཐོག་མར་ཁ་བརྡ་ཙམ་བྱེད་མོད་ཀྱང་རིམ་བཞིན་ཁ་བརྡ་གཏན་ནས་མེད་པར་གྱུར། དེ་དུས། ཁོས་འདོད་པ་ལྟར་མོ་བཟུང་བྱུང་། ཐོག་མར་མོའི་ལག་པར་འཇུས་ལ་དེ་ནས་མོའི་གདོང་དང་མཆུ་སྒྲོས་བཟུང་། དེ་ནས་མོའི་ལུས་པོ་བཟུང… …།
ས་ཁུལ་དེ་དག་གི་ཁྱི་ཡིས་དེ་ལྟ་བུའི་སྣང་ཚུལ་མཐོང་།
དུམ་ཚན་གཅིག་ལ་བལྟས་རྗེས། ངས་མིག་ཟུང་ཟུམ་ནས་ངལ་གསོ་ཅུང་ཙམ་བྱས་ཤིང་ མལ་ཁྲིའི་སྟེང་ཡར་ཙོག་དུས་ཀྲུའུ་ཕིན་ཡང་མལ་ལས་ལངས་འདུག མོས་ཚད་ལྡན་གྱི་སྤྱི་སྐད་ཀྱིས་ང་ལ། ཁྱོད་ཀྱིས་ལྟ་བཞིན་པ་ནི«འབྲོག་ཁྱི་ལ་བོ»ཡིན་ནམ། བལྟས་རྗེས་བསམ་ཚུལ་ག་འདྲ་ཡོད་དམ་ཞེས་དྲིས་བྱུང་། ངས། ད་དུང་བལྟས་ཚར་མེད་པས་གླེང་རྒྱུའང་ཅང་མེད། གང་ལྟར་སེམས་སུ་སྤྲོ་སྣང་གི་ཚོར་བས་ཁྱབ་འདུག་ཅེས་པར། མོས། ངས་ཡཱང་ཀྲི་ཅོན་གྱི«འབྲོག་ཁྱི་ལ་བོ»དང་དེ་བཞིན་འབྲོག་ཁྱི་ལ་བོ་དངོས་ལ་ཞིབ་འཇུག་བྱས་མྱོང་སྟེ། འབྲོག་ཁྱི་ལ་བོ་ནི་ལོ་ངོ་ཁྲི་ཆིག་སྟོང་ལྷག་ཙམ་གྱི་སྔོན་ལ་ཧི་མ་ལ་ཡའི་རྒྱུད་དུ་འཚོ་ཞིང་། རྗེས་སུ་མཐོ་སྒང་གི་སྒོ་ཁྱིའི་རིགས་སུ་གྱུར། ཁྱིའི་རིགས་ཀྱི་འཇིག་རྟེན་དུ། དེ་ནི་དུས་ཚོད་དང་ཁོར་ཡུག་གིས་འགྱུར་བ་བཏང་མ་ཐུབ་པའི་གནའ་བོའི་འགྱུར་རྡོ་གསོན་པོ་ཞིག་དང་མཚུངས་པའི་དངོས་པོ་ཞིག་རེད། ཁོ་ཚོ་སྔོན་ཆད་མཚོ་བོད་ས་མཐོའི་ཕྱོགས་བཞི་མཚམས་བརྒྱད་ལ་གང་འདོད་དུ་མྱུལ་ཞིང་། ལོ་ངོ་དྲུག་སྟོང་ལྷག་ཙམ་གྱི་གོང་དུ་ད་གཟོད་མིའི་རིགས་ཀྱིས་འདུལ་གསོ་བྱས་ནས་མིའི་རིགས་དང་གཅིག་ལ་གཅིག་བརྟེན་གྱི་འཚོ་བ་སྐྱེལ་འགོ་ཚུགས། སྐུ་ཞབས་ཡཱང་ཀྲི་ཅོན་ནི་ང་ཚོའི་མཚོ་སྔོན་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོ་ཞིག་ཡིན་ལ། ཁོང་གི་ཡབ་མེས་དང་ཁོང་ཚོས་མཚོ་བོད་ས་མཐོར་ཡུན་རིང་དུ་འཚོ་གནས་བྱས་ཤིང་གྲོང་སྡེར་བསྐྱོད་དེ་སྦྲ་གུར་ནང་གི་འཚོ་བ་ཏན་ཏིག་བསྐྱལ་བས། ཁོང་གིས་འབྲོག་ཁྱི་ལ་བོར་རྒྱུས་མངའ་གཏིང་ཟབ་པ་ལོན་ཞིང་གསོན་ཉམས་དོད་པའི་ངང་འབྲོག་ཁྱི་ལ་བོའི་ཚོགས་སྤྱིའི་སྐོར་བྲིས་བྱུང་། ཁོང་གིས་སྨྱུག་རྩེ་ནས་ཁྱི་རྒྱལ་སྟག་མགོ་གངས་ཁྱི་དང་། གངས་རིའི་སེང་གེ། སེང་མགོ་ཁྱི་མོ་ནག་རིལ། དེ་བཞིན་དེའི་སྤུན་ཟླའི་གཅེན་མོ་མགོ་རིལ། དེ་སྔའི་ཁྲག་འཐུང་རྒྱལ་པོ་ལྡོང་སྤྱང་གློ་ཁྲ། རྗེས་ཀྱི་རྡོ་རྗེ་ལད་པ་སོགས་ཀྱིས་དབང་སྡུད་དང་དབང་དུ་བསྡུ་བྱའི་ཁྲོད་དུ་རང་ཉིད་ཀྱི་དཔའ་མཛངས་དང་བརྗིད་ཉམས་མཚོན་པར་བྱས་ཡོད་པ་མ་ཟད། ཁོ་ཚོས་དཔལ་མཛངས་བག་ལྷོད་དང་སྒྲིག་འཁུར་འགན་སྲུང་ཁྲོད་དུ། རྣོ་དབལ་གྱི་མཆེ་གྲི་དང་རང་སྲོག་ལ་མི་འཛེམ་པའི་སྡེར་བགྲད་ཀྱིས་ད་གཟོད་རང་གི་འོས་འགན་དེ་ལེགས་གྲུབ་བྱུང་བ་རེད། བདེན་ཏེ། དེ་དག་ལ་གཞི་བཅོལ་ནས་ད་དུང་ཁོ་ཚོའི་མི་གཤིས་ཀྱི་སྐྱུག་བྲོ་བ་དང་དགེ་མཚན་ཡང… …།
ངེས་ངེས་ཁུང་ཧྥུ་ཙིའི་སྒོ་ཁར་ཁུང་ཙིའི་གསུང་སྒྲོས་ཚོང་བར་ཡོང་རང་རེད། ཀྲུའུ་ཕིན་ནི«འབྲོག་ཁྱི་ལ་བོ»ཡི་དེབ་ཀྱི་ནང་དོན་ལ་རྒྱུས་མངའ་གཏིང་ཟབ་ཡོད་པ་མ་ཟད། དཔྱད་གཏམ་གནད་ལ་འཁེལ་འདུག ཁོ་བོ་མིག་མདུན་གྱི་བུད་མེད་འདིའི་ཐོགས་རྡུགས་མེད་པའི་ལྷུག་བརྗོད་ཀྱིས་ཕམ་པར་བརྒྱབ་བྱུང་། ངའི་འཇིག་རྟེན་དུ། ང་འདི་འདྲའི་འཇོན་ཐང་ཅན་གྱི་བུད་མེད་མཛེས་མ་ཞིག་དང་ད་དུང་འཕྲད་མ་མྱོང་།
༢༡
དབྱར་མཇུག་གི་རྨ་ལྷོ་རྫོང་གི་གནམ་གཤིས་དྲོ་ཞིང་འཇམ། རྩི་ཤིང་རབ་ཏུ་འཛིངས་ཤིང་མེ་ཏོག་རྣམ་པར་བཞད། སྤྲིན་པ་དཀར་ཞིང་ནམ་མཁའ་སྔོ་ལ་ཆུ་བོ་ལྷུང་ལྷུང་འབབ། ནོར་ལུག་གིས་རི་བོ་ཁེབས་ཤིང་ཡུལ་ལྗོངས་བགྲང་མཐའ་དབེན། རྫོང་གིས་ཞིབ་འཇུག་ཐག་གཅོད་ལྟར་ན་གསར་དུ་བསྐྲུན་པའི་མཁར་སྒོའི་བདེ་སྐྱིད་ཐང་ཆེན་དུ་རྫོང་ཡོངས་ཀྱི་དངོས་ཟོག་རིག་གནས་སྤེལ་རེས་ཀྱི་སྤྲོ་ཚོགས་ཐེངས་གཅིག་སྤེལ་རྒྱུ་དང་། དེ་དང་བསྟུན་ནས་རྟ་རྒྱུག་དང་། མདའ་འཕེན། གླུ་གར། ལག་རྩལ་སྤོ་ལོ་འགྲན་བསྡུར་སོགས་རིག་རྩལ་ལུས་སྦྱོང་སྐོར་ཡང་སྤེལ་འཆར་འདུག རྩ་འཛུགས་བྱེད་མཁན་གྱིས་སྔོན་ལ་བརྡ་སྦྱོར་བཏང་ནས་ཤང་སོ་སོས་རང་རང་གི་དོན་དངོས་གཞིར་བཟུང་ནས་ཧུར་ཐག་སྒོས་འགྲན་ཞུགས་ཀྱི་རྣམ་གྲངས་ཡར་ཞུ་བྱེད་དགོས་པའི་རེ་བ་བཏོན་པ་རེད། འཕྲིན་ལས་ཧྲུའུ་ཅིས། འདི་ནི་རྫོང་དབུ་ཚུགས་པའི་ཚུན་ཆད་ནས་སྐབས་དང་པོར་སྤེལ་བཞིན་པའི་ཆེས་ཆེ་བའི་སྤེལ་རེས་སྤྲོ་ཚོགས་ཤིག་རེད། འདིས་ལས་བྱེད་མང་ཚོགས་ཀྱི་དངོས་པོའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པས། ལས་བྱེད་པ་དང་མང་ཚོགས་ཡོངས་ཧུར་ཐག་ངང་ཞུགས་དགོས་ཞེས་བླང་བྱ་བཏོན། རྫོང་གི་འགྲན་བསྡུར་གྱི་རྣམ་གྲངས་སྐོར་གླེང་སྐབས། ཨྱོན་གྱིས་བཤད་རྒྱུར། འགྲན་བསྡུར་ལ་ཞུགས་པ་ཁོ་ནས་མི་ཆོག་སྟེ། བརྒྱ་ལ་འགྲན་བསྡུར་ལ་ཞུགས་པ་ཡིན་ན། ང་ཚོས་ངེས་པར་དུ་དགའ་རྟགས་མང་པོ་ལེན་དགོས། མ་གཏོགས་ནང་དོན་ཆེན་པོ་ཅི་ཡང་མི་འདུག་ཟེར། འཕྲིན་ལས་ཀྱིས། ཁྱོད་ལ་དེ་ལྟ་བུའི་སྤྲོ་སྣང་ཡོད་ན་ཐེངས་འདིའི་འགྲན་བསྡུར་གྱི་འགན་འཁུར་དེ་ཁྱོད་ལ་སྤྲད་པ་ཡིན་ཏེ་དོན་གཞན་པ་ཚང་མ་ངས་འགན་འཁུར་ཆོག་ཟེར། སྐད་ཆ་འདི་བཤད་པས་ཨྱོན་གྱི་བརྩོན་ཤུགས་དེ་བས་ཇེ་མཐོར་གྱུར་ཞིང་། ཁོས་དངོས་སུ་བྱ་བའི་འཆར་གཞི་བཀོད་ཏེ་ཤང་གཏོགས་ལས་ཁུངས་ཁག་དང་སྡེ་བ་སོ་སོར་འགྲིམས་ནས་སྐུལ་སློང་བཀོད་སྒྲིག་དང་རྒྱུ་མཚན་རྒྱུས་ལོན་གྱི་བྱ་བར་བྲེལ། ཁོས་སྡེ་བ་རེ་ལ་མདའ་འཕེན་རུ་ཁག་རེ་དང་། ཐོག་མཐེན་རུ་ཁག་རེ། སྐོར་བྲོ་རུ་ཁག་རེ། ད་དུང་འབྲོག་ཁུལ་སྡེ་བ་གཉིས་ལ་རྟ་རྒྱུགས་འགྲན་བསྡུར་གྱི་འོས་འགན་བགོས་ཏེ་སྦྱོང་བརྡར་བྱེད་དུ་བཅུག་ལ། ཡང་སྡེ་བ་སོ་སོ་ནས་ཕོ་སྒོ་མོ་སྒོ་འཛོམས་པའི་ལ་གཞས་ལེན་མཁན་མི་སྣ་བརྒྱད་བདམས་ཏེ་ཤང་དུ་བོས་ནས་སྦྱོང་བརྡར་བྱེད་དུ་བཅུག ཤང་གིས་ཀྱང་ལྒང་རྩེད་རུ་ཁག་ཅིག་དང་སྐོར་བྲོ་རུ་ཁག་རེ་བཙུགས་ནས་ཉིན་རྒྱུན་སྦྱོང་བརྡར་བྱེད་བཞིན་མཆིས།ཤང་ཡོངས་ཀྱི་མི་རྣམས་དེ་མ་ཐག་འཁྲུག་ཆ་དོད་པོར་གྱུར་པ་རེད། ཤང་གིས་གནས་སྐབས་རིང་ལུས་རྩལ་པ་དང་གཞས་པ་ངལ་གསོ་བྱེད་སའམ་ཞག་སྡོད་བྱེད་སའི་གུར་ཁ་ཤས་ཕུབ་ལ། ཇ་ཁང་དུ་ཇ་མ་ཇེ་མང་དུ་བཏང་། ཤང་ཀྲང་གཞོན་པ་དང་ཚེ་ལོ་སོགས་མི་ཁ་ཤས་ཤིག་བྲེལ་འཚུབ་ངང་རྒྱབ་ཕྱོགས་ཞབས་འདེགས་ཀྱི་བྱ་བར་བྲེལ།
ཐེངས་དང་པོར་འདི་ལྟ་བུའི་བྱ་འགུལ་སྤེལ་བའི་རྐྱེན་གྱིས། ཤང་དུ་སྐོར་བྲོ་འཁྲབ་ཤེས་མཁན་མང་པོ་མེད་དེ། ཕར་འདེམས་ཚུར་བདམས་བྱས་བྱས་མཐར་གསར་དུ་ཐོན་པའི་ལྷ་ཆེན་ཞེས་པའི་ན་གཞོན་བུད་མེད་ལས་སྒྲུབ་པ་ཞིག་མ་གཏོགས་སྐོར་བྲོ་འཁྲབ་ཤེས་མཁན་གཅིག་ཀྱང་མི་འདུག ཨྱོན་གྱིས་མོ་ཁྲིད་དེ་གྲོང་ཚོ་སོ་སོར་མཛུབ་ཁྲིད་བྱེད་དུ་སོང་བས་ཡང་ལས་ཁུངས་སུ་སྐོར་བྲོ་ཁྲིད་མཁན་མེད་སོང་། ཨྱོན་གྱིས་ཡོས་ལན་ལ། ཁྱོད་ཀྱིས་རོལ་དབྱངས་སྦྱོང་མྱོང་ཡོད་པས་ཁོ་ཐག་ཞབས་བྲོ་ཡང་འཁྲབ་ཤེས་ངེས། དེས་ན་ཁྱོད་ཀྱིས་ཕྱོགས་གཅིག་ནས་ཁོམ་པ་བཙལ་ནས་ལྷ་ཆེན་མདུན་དུ་སློབ་སྦྱོང་བྱེད་པ་དང་། ཕྱོགས་གཅིག་ནས་ཚང་མར་འཁྲབ་ཁྲིད་བྱེད་དགོས་ཞེས་བཤད། ཡོས་ལན་གྱིས་དེ་སྔོན་སློབ་གྲྭའི་ནང་ཞབས་བྲོ་སྦྱོང་མྱོང་ཡོད་ལ་རྨང་གཞིའང་བརྟན་པོ་ཡོད་པས་སྦྱོང་མ་ཐག་ཤེས་ངེས་མོད། འོན་ཀྱང་སྐོར་བྲོ་གསར་བ་སྦྱོང་མྱོང་མེད་པའི་སྟེང་ལྷ་ཆེན་རེ་ཁོམ་རེ་བྲེལ་ཆེ་བས་སྐོར་བྲོ་སྦྱོང་བའི་གོ་སྐབས་ཧ་ཅང་ཉུང་། དེར་བརྟེན། སློབ་ཁྲིད་བྱེད་སྐབས་དཀའ་ངལ་ཆེ་ཙམ་འཕྲད་ཀྱི་ཡོད།
ཉེར་གཉིས་པ།
མེ་འཁོར་ལོ་ཡཱང་ལ་བརྒྱུད་སྐབས། ང་དང་ཀྲུའུ་ཕིན་གཉིས་ཀྱིས་ཡང་བསྐྱར་ཁ་བརྡ་བྱེད་མགོ་བརྩམས། ང་ཚོས་སྔར་བཞིན་རྩོམ་རིག་ཕྱོགས་ཀྱི་བརྗོད་གཞི་གླེང་། ཁོ་མོ་ཨ་ལེའི་བརྩམས་སྒྲུང་ལ་དགའ་བ་མ་ཟད། ཟླ་བའི་སྙན་ངག་ལའང་དགའ་པོ་ཡོད། མོས་དེ་སྔ་རང་གིས་འབྲེལ་ཡོད་ཚགས་པར་དང་དུས་དེབ་ཐོག་ཀློག་མྱོང་བའི་བོད་རིགས་ས་ཁུལ་གྱི་འཚོ་བ་མཚོན་པའི་བརྩམས་ཆོས་ནང་ངའི་བརྩམས་ཆོས་ཀྱང་ཡོད་པ་ཤེས་པས། ངོ་མཚར་ཞིང་ཡིད་སྨོན་བྱེད་ཀྱི་ཡོད། མོས། ངས་དེ་སྔ་ཁྱོད་ཀྱི་བརྩམས་ཆོས་ཁག་གཅིག་ཀློག་མྱོང་ཡོད་མོད་ཀྱང་། རྩོམ་པ་པོ་ཉིད་དང་འཕྲད་མྱོང་མེད། དེ་རིང་དངོས་གནས་བསོད་ནམས་ལྡན་སོང་ཟེར་ལ། ད་དུང་མོས། མོ་ནི་རྩོམ་རིག་སྒྱུ་རྩལ་རིག་གཞུང་གི་ཞིབ་འཇུག་པ་ཙམ་ཞིག་དང་། དེབ་མི་ཉུང་བ་ཞིག་ལ་བལྟས་མྱོང་ལ། རྩོམ་ཡིག་མྱོང་དཔྱད་ཁ་ཤས་ཀྱང་བྲིས་མྱོང་མོད། འོན་ཀྱང་མིག་མཐོ་ལག་དམའ་བས་གསར་རྩོམ་གྱི་བརྩམས་ཆོས་འབྲི་མི་ཐུབ་སྟེ། ཇི་ལྟར་ཡང་གསར་རྩོམ་གྱི་ཚོར་སྣང་རྙེད་ཀྱི་མི་འདུག དེ་ཡང་བཤད་ན། འོ་ལེ། རྩོམ་རིག་གི་ཐད་ནས་གཞན་རྩོམ་ལ་བཅངས་པའི་དྲན་ཤེས་ཙམ་ལས་རང་གིས་གསར་རྩོམ་བྱེད་ཐུབ་པའི་ཉམས་རྟོགས་མེད། དེ་རིང་ཁྱོད་ཀྱི་རྩོམ་རིག་གསར་རྩོམ་གྱི་མྱོང་ཚོར་ལ་ཤིན་ཏུ་ཉན་འདོད་ཆེན་པོ་འདུག་ཟེར། ངས། ཁྱོད་ཀྱིས་ཁེངས་སྐྱུང་བྱས་དྲགས་སོང་། དེ་རིང་ཕྱི་དྲོའི«འབྲོག་ཁྱི་ལ་བོ»ཡི་དེབ་ཀྱི་དཔྱད་བརྗོད་ཁྲོད་ནས་ངས་ཁྱོད་ཀྱི་རྩོམ་རིག་སྒྱུ་རྩལ་རིག་གཞུང་གི་གཏིང་ཟབ་པའི་འཇོན་ནུས་རྟོགས་སོང་། གང་ལགས་ཤེ་ན། ངས་བྲིས་པའི་རྩོམ་ཡིག་དེ་དག་ནི་རང་ཉིད་རྩོམ་འབྲིར་དགའ་བའི་སེམས་ཤུགས་ཀྱིས་ལས་ཞོར་གྱི་དུས་ཚོད་ནང་གང་བྱུང་དུ་རྟོག་བཟོ་རྫུན་བསྒྲིགས་བྱས་པ་ཙམ་གྱིས་གྲུབ་པ་ལས་གཞན་ཉམས་མྱོང་གང་ཡང་མེད་ཅེས་པར། མོས། ངས་ཁྱོད་ཀྱི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་ཐོག་སྤེལ་བའི“སྐུ་ཀུབ”ཅེས་པའི་བརྩམས་སྒྲུང་ཞིག་ལ་བལྟས་མྱོང་། བརྩམས་སྒྲུང་དེའི་བློས་བསླངས་ཀྱི་བརྒྱུད་རིམ་ཞིག་གླེང་རོགས་ཟེར།“སྐུ་ཀུབ”སྐོར་གླེང་ཚེ། ངས་དངོས་གནས་དོན་ཞིག་གླེང་འདོད་འདུག ལོ་འགའི་སྔོན་ལ། ང་སྡོད་སའི་གྲོང་བརྡལ་གྱི་བུད་མེད་ཅིག་གི་ཁྱིམ་གྱི་ཚལ་ཞིང་ཞིག་གི་ནང་དུ་དངོས་གནས་སངས་རྒྱས་ཀྱི་སྐུའི་ཚལ་ཀུབ་ཅིག་སྐྱེས་བྱུང་། བུད་མེད་ཀྱིས་སྔོན་ལ་སངས་རྒྱས་ཀྱི་སྐུའི་ཚལ་ཀུབ་དེ་མིག་ལམ་ཏུ་མངོན་ས་ཞིག་ཏུ་བཞག་སྟེ་མི་མང་ལ་མཇལ་དུ་འཇུག་གི་ཡོད་པས། ང་ཡང་ཡ་མཚན་སྐྱེས་ནས་མི་ཚོགས་ཀྱི་ཁྲོད་དུ་འཚང་ནས་སངས་རྒྱས་ཀྱི་སྐུའི་ཚལ་ཀུབ་དེར་བལྟས། དངོས་གནས་རེད། སྐུ་ཀུབ་འདིའི་སྟེང་གི“སངས་རྒྱས”ཀྱི་དབུ་སྔོ་ལ་འོད་སྣང་ལྡན་པ་དང་། སྙན་ཟུང་དཔུང་མགོར་འཕྱང་བ། སྤྱན་ཤངས་གསལ་བ། ཞལ་སྒྲོས་བཞད་པ། མགྲིན་པར་ད་དུང་སྲན་སྔོ་ལྟ་བུའི་ཕྲེང་བས་བརྒྱན་འདུག་པ་སོགས་དངོས་གནས་སངས་རྒྱས་ཀྱི་སྐུ་འཁྲུལ་མེད་ཅིག་རེད། མི་འགྱངས་པར། ངོ་མཚར་བའི་དོན་དེ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ། བུད་མེད་ཀྱིས་ཡང་སྐུ་ཀུབ་དེ་མཆོད་རྫས་བཤམས་སར་བཞག་ནས་་པ་སེ་བཙོང་སྟེ་མི་རྣམས་ལ་མཇལ་དུ་བཅུག་ལ། དད་ལྡན་མང་པོས་ཕྱག་འཚལ་མཆོད་འབུལ་བྱེད་པ་དང་ཆབས་ཅིག་རང་ཉིད་ཀྱི་སྒོར་ཡང་སྐུ་ཀུབ་ལ་ཕུལ། ཕྱིས་སུ། གོ་ཐོས་སུ་སྐུ་ཀུབ་དེ་རྙིད་པ་རེད་ཟེར་ལ། ཉེ་འགྲམ་གྱི་དགོན་པར་བཙོངས་པ་རེད་ཀྱང་ཟེར་བ་དང་། ད་དུང་མི་མང་པོས་སྐུ་ཀུབ་དེ་གྲུབ་པའི་བརྒྱུད་རིམ་ལ་ཚོད་དཔག་འདི་ལྟར་བྱས་པ་སྟེ། ལ་ལས་རང་བཞིན་དུ་གྲུབ་པར་འདོད་ལ། ལ་ལས་བུད་མེད་ཀྱིས་ཚལ་ཀུབ་ཆུང་དུས་སུ་སྟེང་དུ་གྲི་ཆུང་གིས་སྐུ་གཟུགས་བརྐོས་རྗེས་རིམ་བཞིན་གྲུབ་པར་འདོད་ཅིང་། ཡང་ལ་ལས་དེང་རབས་ཀྱི་འོད་འགྱེད་ལག་རྩལ་སྤྱད་ནས་བཤར་འབེབས་བྱས་པ་ལས་གྲུབ་པ་ཡིན་པར་འདོད་པ་རེད། དེ་ནི་ཇི་ལྟར་གྲུབ་སྲིད་ཀྱང་རུང་། གང་ལྟར། བུད་མེད་དེའི“སྤྱང”དང་དད་ལྡན་པའི“བླུན”གཉིས་ཀྱིས་དོན་འདིའི་མཚོན་ཚུལ་ཧ་ཅང་གསལ་པོར་བསྟན་པ་རེད། དོན་འདིས་ངའི་སེམས་ཧ་ཅང་སྡུག་བསྔལ་བར་གྱུར་བ་སྟེ། སེམས་ཁམས་དུས་ཡུན་རིང་པོ་ཞིག་ལ་དཀྲུགས་སོང་། ངའི་བསམ་པར་ངས་ཀྱང་དོན་དེའི་ཐད་ཅི་ཞིག་བསྒྲུབ་པར་འདོད་པས། དེའི་རྗེས་ཀྱི་ཉིན་ཞིག་ལ། ང་ལ་གློ་བུར་དུ་བརྗོད་གཞི་འདིར་དམིགས་ནས་བརྩམས་སྒྲུང་འབྲི་བའི་བསམ་བློ་སྐྱེས་བྱུང་། སྒྲུང་རྩོམ་དེ་ལེགས་གྲུབ་ངང་དུས་དེབ་ཏུ་སྤེལ་རྗེས་ཡར་སྔོན་སྒྲུང་རྩོམ་བྲིས་པ་ཤིན་ཏུ་ཉུང་བའི་ང་གཞི་ནས་སྒྲུང་རྩོམ་ལ་དུང་བ་ཟབ་མོ་ཆགས་ཤིང་བསྟུད་མུར་སྒྲུང་རྩོམ་འགའ་བྲིས། དུས་ཡུན་མི་རིང་བའི་གོང་དུ་ང་སླར་ཡང་ངའི་སྒྲུང་རིང་ལ་འཐམས་མགོ་ཚུགས།
ངས་གནས་ཚུལ་འདི་དག་ཀྲུའུ་ཕིན་ལ་བཤད་རྗེས་ཀྲུའུ་ཕིན་ཡིད་ཚིམས་པར་གྱུར། མོས། ཁྱོད་ལ་གཏིང་ཟབ་པའི་འཚོ་བའི་ཉམས་མྱོང་ཡོད་ལ། འཚོ་བ་དེ་སྒྱུ་རྩལ་གྱི་ཚད་མཐོ་སར་བསླེབས་ཡོད་པས་ངས་ཤིན་ཏུ་ཡི་རང་གོང་བཀུར་བྱེད་ཟེར།
སི་ཁྲོན་གྱི་མངའ་ཁོངས་སུ་བསླེབ་ལ་ཉེ་དུས། ཀྲུའུ་ཕིན་གྱིས་ང་ལ་མོས་འཁྱེར་ཡོང་བའི་བག་སོབ་དང་། སྒོ་ང་། བྱ་གག་གི་ཤ་བཅས་བཟའ་བར་སྐུལ། ང་དོགས་མི་བདེ་བར་འཁོར་སྒམ་གྱི་ཟ་ཁང་དུ་ཟ་མ་ཟ་རུ་འགྲོ་གྲབས་བྱས་ཚེ་མོས་ང་བཀག་སྟེ། ད་དུང་ཅི་ཞིག་ལ་འཛེམ་དགོས་སམ། ངེད་གཉིས་ཀྱིས་ངོ་ཤེས་ཚར་བ་མ་ཡིན་ནམ་ཟེར།
༢༢
ཚེ་ལོ་ཡིན་པ་ནི་ནམ་ཡང་རྫོང་ཐོག་ཏུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཚང་མ་སྤེལ་རེས་ཚོགས་འདུར་བྲེལ་བའི་དབང་གིས་ཕ་ཡུལ་ལ་འགྲོ་བའི་གོ་སྐབས་ཧ་ཅང་ཉུང་། ཐ་ན་གཟའ་ཉི་མའི་ཉིན་ཡང་དེ་འདྲ་ཞིག་རེད། ཉིན་དེར། གཡང་སྐྱིད་ཀྱིས་ཁོ་ལ་ཁ་པར་ཡོང་སྟེ་ཁོ་ངེས་པར་དུ་ཁྱིམ་དུ་ཐེངས་གཅིག་ལོག་དགོས་ལ་དོན་དག་གལ་ཆེན་ཞིག་དང་གྲོས་མོལ་བྱེད་དགོས་འདུག་ཟེར། ཚེ་ལོའི་སེམས་སུ་ཁ་པར་ནང་དུ་བཤད་མི་རུང་བའི་སྐད་ཆ་ཞིག་ཡིན་ན་ཅིས་ཀྱང་དོན་དག་གལ་ཆེན་ཞིག་ཡིན་ངེས་སྙམ་ཞིང་། ཇ་ཁང་དུ་ཟ་མའང་མ་ཟོས་པར་ཕ་ཡུལ་དུ་ལོགལམ་དུ་ཚེ་ལོ་ཡིད་གཉིས་ཐེ་ཚོམ་གྱི་དྲ་བར་ཚུད། སེམས་སུ་ང་དང་ཡོས་ལན་བར་གྱི་དོན་དེའི་ཕྱིར་འབོད་པ་མ་ཡིན་ནམ། ཡང་ན་གཡང་སྐྱིད་ཀྱིས་ང་དང་ཡོས་ལན་བར་གྱི་གཏམ་འགའ་ཐོས་སོང་བ་མ་ཡིན་ནམ། གཞན་ཡང་ཐེངས་སྔོན་མར་སྨན་ཁང་དུ་སྡོད་སྐབས་རང་ཉིད་ཀྱིས་རང་འགུལ་ངང་རང་དང་ཡོས་ལན་བར་ཆང་འཐུངས་རྗེས་རང་གཟུགས་ཤོར་ནས་ཅུང་ཙམ་མིན་ན་ཚད་ལས་བརྒལ་བའི་དོན་དག་བྱུང་བ་དེ་མ་བཤད་པས། ད་ལྟ་མོས་མི་གཞན་གྱིས་འཁྲབ་སྟོན་བྱས་པའི་ཕོ་མོའི་སྐྱུག་བྲོ་བའི་གནས་ཚུལ་ཐོས་པར་སྐྲག་སྣང་སྐྱེས། འདང་བརྒྱབ་ནས་མཚམས་དེར་ཐོན་དུས་ཁོ་ཅུང་ཙམ་འགྱོད་བྱུང་ལ་ཅུང་ཙམ་འཇིགས་ཡང་སོང་། ལམ་བར་དུ་ཁོའི་སེམས་ཤིན་ཏུ་འཁྲུགས་པ་སྟེ། སེམས་སུ་ད་ཐེངས་ཁྱིམ་དུ་ལོག་ན་ངས་རང་འགུལ་ངང་བྱ་བ་དེ་གསལ་པོ་ཤོད་དགོས་པ་རེད་དམ་ཡང་ན་སྔོན་ལ་ཁོང་གི་རྣམ་འགྱུར་ལ་ལྟ་དགོས་པ་རེད་དམ། གལ་ཏེ་ཁོ་མོས་གནས་ཚུལ་དེ་ཤེས་མེད་ཀྱང་ངས་ཧོལ་རྒྱུག་གིས་ཁོ་མོར་གནོད་འཚེ་ཐེབས་པའི་བྱ་བ་དེ་བཤད་ན་ཁོ་མོས་ཇི་ལྟར་བསམ་མམ་སྙམ་ཞིང་། སྔར་བཞིན་གནས་ཚུལ་ལ་བལྟས་ནས་ཐག་གཅོད་རྒྱུ་དེ་ལེགས་པར་འདོད།
ཁྱིམ་དུ་སླེབས་དུས་གཡང་སྐྱིད་ཀྱིས་འོ་ཇ་དང་། བག་ལེབ། ཤ་སོགས་གྲ་སྒྲིག་བྱས་ནས་སྒུག་འདུག་པ་མ་ཟད། ད་དུང་ལག་ཕྱིས་འཁྱེར་ཡོང་ནས་ཁོའི་ལུས་སྟེང་གི་ཐལ་རྡུལ་ཕྱིས། ཁོས་གཡང་སྐྱིད་ཀྱིས་རང་ལ་ཤིན་ཏུ་མཛའ་ཞིང་གཅེས་པའི་རྣམ་པ་དེ་མཐོང་རྗེས། སེམས་སུ་རང་ཉིད་ལས་རྒྱུ་འབྲས་དང་མི་མཐུན་སྙམ་ཞིང་རང་ལ་ལེ་བདའ་བྱས། དོན་གྱིས་གཡང་སྐྱིད་ཀྱིས་ཁོ་དང་ཡོས་ལན་བར་གྱི་དོན་དག་དེ་ཤེས་མེད་མོད་ཀྱང་། ཡང་ཚེ་ལོའི་སེམས་སུ་ནོངས་འགྱོད་ཀྱིས་ཁེངས་ཤིང་འདི་སྙམ་དུ་བསམ་སྟེ། སྤྱིར་ངས་ཡོས་ལན་དང་འོ་ཙམ་བྱས་པ་ཙམ་དང་རྗེས་སུ་སྤྱོད་ངན་ཡང་ཡོ་བསྲང་བྱས་ཟིན་མོད། འོན་ཀྱང་གཡང་སྐྱིད་ལ་འཇོག་མེད་བྱས་སོང་སྙམ་པའི་སེམས་དེ་སྔར་བཞིན་བསྒྱུར་མི་ཐུབ། གང་ལྟར། ད་ཐེངས་ཁོ་མོར་དོན་དག་འདི་གསལ་པོར་བཤད་དགོས། དེ་ལྟར་མ་བྱས་ན་རང་གིས་གཡང་སྐྱིད་ལ་འཇོག་མེད་བྱས་པའི་འགྱོད་པ་བསལ་མི་ཐུབ་པ་མ་ཟད། ད་དུང་དོན་དེ་གཞན་ལས་བརྒྱུད་དེ་གོ་བ་ཡིན་ཚེ་རང་ཉིད་ལ་བཟོད་སྒོམ་བྱེད་མིན་ཡང་ཤེས་དཀའ། དེ་ལྟར། ཁོས་ཕྱོགས་གཅིག་ནས་ཟ་མ་ཟ་བ་དང་ཕྱོགས་གཅིག་ནས་རང་འགུལ་ངང་རང་ཉིད་དང་ཡོས་ལན་བར་གྱི་དོན་དག་དེ་མ་གསང་དྲང་མོར་བཤད་པ་རེད། གཡང་སྐྱིད་ཀྱིས་གོ་མ་ཐག་སྔོན་ལ་རེ་ཞིག་ཧད་པར་གྱུར་མོད། འོན་ཀྱང་མྱུར་དུ་རྒྱུན་ལྡན་ལྟར་གྱུར། ཚེ་ལོས་མཐར་ཁོ་གཉིས་བར་ཚད་བརྒལ་གྱི་གནས་ཚུལ་ཅི་ཡང་མ་བྱུང་ཞེས་བརྗོད་པ་ན་གཡང་སྐྱིད་ཀྱིས་ཡིད་རྒྱ་བསྐྱེད་ནས། སྐྱོན་མེད། སྐྱོན་མེད། ཁྱོད་ཀྱིས་འདི་ལྟར་གཡོ་ཟོལ་མེད་པར་བཤད་ན་ང་དགའ་ཞིང་ཁྱོད་ལ་ལེ་བདའ་མི་བྱེད་ཟེར་ལ། ཡུད་ཙམ་སོང་རྗེས་གཡང་སྐྱིད་ཀྱིས་ཀྱང་སངས་རྒྱས་ཟེར་བ་དེས་རྒྱུན་དུ་ཁོ་མོར་རྗེས་འདེད་གཏོང་ཞིང་ཅུང་ཙམ་མིན་ན་དྲག་གནོན་ལ་བརྟེན་ནས་ཁོ་མོར་འདོད་ཧམ་སྤྱད་སོང་ཟེར་བ་ན། ཚེ་ལོས་ཁོང་ཁྲོ་ཆེན་པོས། ད་དུང་དོན་དེ་འདྲ་ཡོད་པ་བསམ་པའི་རྒྱུད་དུའང་མ་འཆར། དེ་ནི་དུད་འགྲོས་བསྒྲུབ་རྒྱུའི་དོན་ཞིག་སྟེ། དཔེ་མཚོན་རང་བཞིན་གྱི་བཙན་གཡེམ་བྱས་པའི་བྱ་སྤྱོད་ཅིག་ཡིན་པས། ངས་ཁྲིམས་ཁང་དུ་ཁོ་ཞུ་གཏུག་བྱེད་ངེས་ཡིན་ཟེར།
གཡང་སྐྱིད་ཀྱིས། སངས་རྒྱས་ཀྱི་རེ་འདོད་མ་སྨིན་ཞིང་ཕན་ཚུན་གྱི་ལུས་སྟེང་དུའང་རྗེས་ཤུལ་གང་ཡང་བཞག་མེད་པས་ཁོ་གཏུགས་པར་བདེན་དཔང་མི་འདུག་ཟེར་ལ། ཁོ་མོས་ད་དུང་སངས་རྒྱས་ཀྱིས་བསྐྱེད་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྣ་ཚོགས་ཤིག་ཇི་ལྟར་ཞུ་གཏུགས་བྱེད་དགོས་དོན་གླེང་བྱུང་བས། ཚེ་ལོས་ཀྱང་དེ་ལྟར་བསྐྱུར་བཞག
ཁོ་གཉིས་ཉལ་བར་བརྩམས་དུས་ཚེ་ལོས། དེ་རིང་ཁྱོད་ཀྱིས་ང་འབོད་དོན་ནི་ཁྱོད་དང་སངས་རྒྱས་ཀྱི་དོན་དག་བཤད་འདོད་པ་ཡིན་ནམ་ཟེར།
གཡང་སྐྱིད་ཀྱིས། མིན། དོན་དག་འདིའི་རིགས་ནི་ངས་ཁྱོད་ལ་དུས་གང་འདྲ་ཞིག་ལ་གསང་འདོད་ན་དུས་དེ་འདྲ་ཞིག་ལ་གསང་ངེས་ཏེ། གང་ལགས་ཤེ་ན། ངས་ཁྱོད་ཀྱིས་ང་ལ་ཡིད་ཆེས་དང་རྒྱུས་ལོན་མེད་པར་སྐྲག་ལ། ད་དུང་ཁྱོད་ཀྱི་སྙིང་སྟོབས་ལ་ཕོག་ཐུག་བཏང་སྟེ་བྱ་བའི་སྟེང་སེམས་མི་འཁོར་སྙམ་ནས་ཤིན་ཏུ་སྐྲག རེད་མོད་ཀྱང་། དོ་དགོང་ཁྱོད་ཀྱིས་ངས་ཤེས་མེད་པའི་དོན་དག་དེ་བཤད་པས་ན། ངས་ཀྱང་ཇི་ལྟར་ཡང་དོན་འདི་ཁྱོད་ལ་བཤད་དགོས་པར་འདོད་ཟེར།
ཚེ་ལོས། དོན་འདི་ཁྱོད་ལ་ཁག་མི་འདུག རྗེས་སུ་སངས་རྒྱས་ལྟ་བུའི་མི་དང་འབྲེལ་བ་མ་བྱེད་ཟེར།
གཡང་སྐྱིད་ཀྱིས། ཡ་ཡ་ཞེས་ཁ་བླངས།
དུས་མཚུངས་སུ། ཚེ་ལོས་ཡང་ཁོ་དང་ཡོས་ལན་གཉིས་ཀྱི་དོན་དེ་ཡིད་ལ་དྲན་ཞིང་། ཁྱོད་ང་དང་ཡོས་ལན་གཉིས་བར་ད་དུང་མི་འོས་པའི་དོན་དག་འབྱུང་བར་མི་སྐྲག་གམ་ཞེས་དྲིས།
གཡང་སྐྱིད་ཀྱིས། ང་ལ་སེམས་ཚེགས་ཅི་ཡང་མི་འདུག རྒྱུ་མཚན་ནི་ཁྱོད་ཀྱིས་བྱ་བ་ཅི་ཞིག་སྒྲུབ་ནའང་སེམས་ཆུང་བྱེད་པའི་རྐྱེན་ཡིན། ཐེངས་འདིར་ཡང་ཆང་གིས་བཟི་རྗེས་ཚོད་འཛིན་བྱེད་མ་ཐུབ་པར་གཞན་དང་མཆུ་སྦྱོར་བ་ཙམ་རེད།
ཡང་གཅིག་བཤད་ན་ད་སྐབས་ནི་སྒོ་འབྱེད་ཀྱི་དུས་རབས་ཡིན་པས། སྟག་ཤར་ཞིག་ལ་རང་གི་འཚོ་བའི་ཁྲོད་དུ་སྒྲིག་འགལ་གྱི་ཀུན་སྤྱོད་རེ་གཉིས་ཡོད་པ་ནི་ཤིན་ཏུ་རྒྱུན་ལྡན་ཞིག་རེད་ཟེར།
ཚེ་ལོས་ཡིད་འགུལ་ཐེབས་པའི་ངང་ནས། ཁྱོད་ཀྱིས་སྐད་ཆ་དཀྱོགས་ནས་བཤད་པ་མིན་ནམ། གལ་ཏེ་ཁྱོད་ཀྱིས་ང་ལ་འདི་ལྟར་ཡིད་རྟོན་དང་ཁོག་རྒྱ་བསྐྱེད་ན། ངས་དེ་བས་རང་གི་བྱ་སྤྱོད་དང་སྐད་ཆ་ལ་མཉམ་འཇོག་བྱེད་དགོས། རྗེས་སུ་ད་ཡང་མོ་དང་འབྲེལ་བ་མི་བྱེད་ཟེར།
གཡང་སྐྱིད་ཀྱིས་ཕྱོགས་གཅིག་ནས་མལ་ས་བཅའ་བ་དང་ཕྱོགས་གཅིག་ནས་བཤད་རྒྱུར། ངས་ནི་ངོ་མ་བཤད་པ་ཡིན། ཁྱོད་ཀྱིས་སྔར་བཞིན་མོ་དང་མཉམ་འབྲེལ་བྱོས་ཤིག ཁྱོད་ཀྱི་གཤིས་ཀ་ནི་ཁེར་རྐྱང་ཡིན་དྲག་སོང་། ཁྲིག་ཁྲིག་མེད་ན་མཛེས་མ་དང་འགྲོགས་ན་ཁྱོད་ཀྱི་གཤིས་ཀ་བཅོས་བསྒྱུར་བྱེད་ཐུབ་ནའང་ཐང་ཟེར།
གཉིད་སྐབས་ལ་བསླེབས་སོང་། གཡང་སྐྱིད་ཀྱིས་མལ་ཁྲིའི་སྟེང་གི་དོན་དག་སྒྲུབ་ན་འདོད། ཚེ་ལོས་གོམས་ལུགས་ཀྱིས་གསང་ཤུབས་གོན་མགོ་བརྩམས། གཡང་སྐྱིད་ཀྱིས་ཚེ་ལོའི་ལག་གི་གསང་ཤུབས་བླངས་ནས། ང་ལ་བྱིས་པ་ཞིག་དགོས་ན་འདོད། ང་ལ་དོན་ངོ་མར་བྱིས་པ་བཙའ་ཐུབ་པའི་ནུས་པ་ཡོད་མེད་ཚོད་ལྟ་ཞིག་བྱས་ན་འདོད། ཡང་ཅིག་བཤད་ན། བྱིས་པ་དགོས་པའི་དུས་ཡང་ཐོན་སོང་ཟེར། ཚེ་ལོས་གཡང་སྐྱིད་ཀྱིས་ཁོ་ཡུལ་དུ་བོས་པ་དོན་གང་ཕྱིར་ཡིན་པ་ཤེས་པས་ཡིད་ལ་སྤྲོ་དགས་ཁྱབ། དོན་གྱིས་ཚེ་ལོའི་ཡིད་དུའང་ཟླ་འགའི་སྔོན་ནས་བྱིས་པ་ཞིག་དགོས་འདོད་ཀྱི་འདུན་པ་ཡོད་མོད། ཡང་གཡང་སྐྱིད་ཀྱིས་མོའི་ལུས་ཕུང་གི་གནས་ཚུལ་ཁོར་མ་བཤད། ཁོས་རྟོགས་ཏེ། རྒྱལ་ཁབ་ཀྱི་བུ་སྐྱེས་འཆར་གཞིའི་སྲིད་ཇུས་ཇེ་དམ་ནས་ཇེ་དམ་ཡིན་པ་དང་། གྲོང་ཁྱེར་སྡོད་དམངས་ཀྱི་རྒྱའི་མི་རིགས་ཀྱི་བཟའ་ཟླར་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་ལ། གྲངས་ཉུང་མི་རིགས་ལ་བྱིས་པ་གཉིས་སྐྱེས་ཆོག་པའི་ཚད་རྒྱ་བསྐྱེད་ཡོད། དེའི་སྟབས་ཀྱིས་ཁྱིམ་གཉིས་ཀྱི་རྒན་པ་རྣམས་ཀྱིས་ཀྱང་ཁོ་ཚོར་བྱིས་པ་གཉིས་སྐྱེས་པའི་རེ་བ་ཆེ་སྟེ། གལ་ཏེ་ད་མྱུར་དུ་མ་བཙས་ཚེ་གོ་སྐབས་ཡོད་མེད་ཀྱང་མི་ཤེས་འདོད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།