logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་གཉིས་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-08 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ཉེར་གསུམ་པ།
       དཔྱད་གླེང་ཚོགས་འདུ་གྲོལ་སོང་། ཕྱིར་ཕ་ཡུལ་དུ་ལོག་ཉིན་མཐོ་སྒང་ལ་དབྱར་མགོའི་དཔལ་ཡོན་རྣམ་པར་རྒྱས་འདུག་སྟེ། མེ་ཏོག་མཛེས་ཤིང་རྐང་འཐུང་ལྗང་ལ་ནམ་མཁའ་སྔོ་ཞིང་སྤྲིན་པ་དཀར་བར། འགྲོ་དུས་ཀྱི་ལྷིང་འཇགས་ཀྱི་རྣམ་པ་གཞི་ནས་ཡལ་འདུག མཚོ་སྔོན་དུ་བསླེབས་མ་ཐག་མེ་འཁོར་གྱི་རྒྱང་བསྒྲགས་ལས་སྙན་ཞིང་འཇེབས་པའི་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་དབྱངས་རྟའི་ལ་གཞས་ཤིག་འདི་ལྟར་གྲགས་བྱུང་།
རི་མཐོ་ས་ཞིག་ནས་སྤང་ལ་བལྟས། །
སྤང་ནེའུ་གསིང་སྔོན་མོར་པདྨ་ཞིག །
ཕར་བལྟས་ན་སླ་ཡང་བཏོགས་ཁ་དཀའ། །
བཏོགས་མི་ཐུབ་ངལ་བ་འབྲས་མེད་རེད། །
       མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བལྟས་ཤིང་། ཡིད་འགུལ་ཐེབས་པའི་ལ་གཞས་ལ་ཉན་བཞིན། ཀྲུའུ་ཕིན་དང་ངོ་ཤེས་པའི་རྣམ་པ་ཕྱིར་དྲན་བྱེད་སྐབས། ང་ལ་གློ་བུར་དུ་ལ་གཞས་ཤིག་ལེན་འདོད་སྐྱེས་ཤིང་རང་དབང་མེད་པར་སྣ་གླུ་ཐན་ཐུན་གྱིས།
རི་མཐོན་པོར་འགོས་ནས་སྤང་ལ་བལྟས། །
སྤང་ནེའུ་གསིང་སྔོན་མོར་པད་མ་ཞིག །
སེམས་བརྟན་པོས་བཏོགས་ན་དཀའ་རྒྱུ་མེད། །
ཕོ་ངེད་ཚོར་འབྲེལ་བའི་མེ་ཏོག་ཡིན། །
       ཞེས་བླངས་ཚར་རྗེས། རང་གིས་རང་སེམས་རྟོགས་པའི་ཚུལ་གྱིས་ཁོང་དགོད་ཅིག་བྱས། སྤྱིར་ང་ཡང་སྔོན་ཆད་མེ་ཏོག་ལེན་ལུགས་ཀྱི་ལ་གཞས་ལེན་མཁན་ཞིག་ཡིན། ང་ནི་ཨ་མདོའི་ཤར་ཕྱོགས་རི་ཁུལ་གྱི་བོད་རིགས་ཞིང་འབྲོག་ཁྱིམ་ཚང་ཞིག་ཏུ་སྐྱེས། དེ་གར་བོད་རིགས་དང་། རྒྱ་རིགས། ཧྭེ་རིགས་སོགས་མི་རིགས་མང་པོས་འཚོ་བ་རོལ་བཞིན་ཡོད་པས། མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་རྒྱ་མཚོ་ཡིན། ང་ལ་སྐྱེས་ཐོབ་ཀྱི་སྐད་ངག་བདེ་མོ་ཞིག་ཡོད་རྐྱེན། ཕ་ཡུལ་དང་ཁ་བྲལ་རྗེས་བོད་རིགས་ཀྱི་ལ་གཞས་སྟབས་བདེ་རེ་ལེན་ཤེས་པ་མ་ཟད། མི་རིགས་ཁག་ཚང་མས་དགའ་བསུ་བྱེད་པའི་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་ལ་གཞས་ལ་དེ་བས་ཐོས་རྒྱ་ཟབ་ཅིང་ལེན་པའི་སྐབས་སུ་དེ་བས་ཉམས་འགྱུར་ལྡན། ཏག་ཏག་གཟའ་ཉི་མའི་ཉིན་ཞིག་སྟེ། སྤང་ལྗོངས་མཛེས་ཤིང་སྡུག་ལ། ལོ་ཏོག་ལྡེམ་ལྡེམ་བསྐྱོད། ཀེ་ཚེ་མེ་ཏོག་གི་དྲི་ཞིམ་ལྷུག་ལྷུག་འཐུལ་བའི་དུས་ཤིག་ལ། ང་བ་ལུང་རི་སྟེང་དུ་ལུག་རྫིར་སོང་། ཉིན་གུང་སླེབས་པའི་སྐབས་སུ་བུ་མོ་ཞིག་གིས་མེ་ཏོག་ལེན་ལུགས་ཀྱི་ལ་གཞས་ཤིག་འདི་ལྟར་བླངས་བྱུང་།
གསེར་རི་དངུལ་རི་བཀྲ་ཤིས་རྟགས་བརྒྱད་རི། །
རྟ་ནོར་ཕྱུགས་རིགས་འཚོ་བའི་རྩྭ་ར་ཡིན། །
རྟ་ནོར་རི་བོར་རང་དབང་མེད་པར་འཁོར། །
སྲུང་ཆུང་ང་ནི་འཚོ་བ་སྙིང་རེ་རྗེ། །
       མེ་ཏོག་ལེན་ལུགས་ཀྱི་ལ་གཞས་འདི་ནི་རིའི་ཕ་རོལ་ནས་བརྒྱུད་ཡོང་བ་ཡིན། རིའི་ཕ་རོལ་ཏུ་རི་བོ་དང་ས་ཞིང་། རྩྭ་ཐང་གི་མཛེས་ལྗོངས་ཡོད་པ་ཕུད། ད་དུང་དཀན་གཟར་བརྗིད་ཆགས་ཀྱི་བྲག་རྡོ་ཡང་ཡོད་པས་མཛེས་ལྗོངས་དེ་བས་སྤྱིར་བཏང་ཞིག་མིན། ལ་གཞས་ལེན་པའི་སྐད་ངག་ཧ་ཅང་སྙན་ཏེ། བྲག་རྡོའི་བྲག་ཆ་བརྒྱུད་ནས་གྲགས་འོང་པས་དེ་བས་སྙན་ཞིང་འཇེབས་པའི་ཁྱད་ཆོས་ཀྱིས་ཕྱུག འོན་ཀྱང་སྒྲ་གདངས་དང་ནང་དོན་ལ་སྐྱོ་སྣང་གིས་ཁེངས་འདུག ངར་ད་དུང་རི་གླུར་ཉན་འདོད་སྐྱེས་མོད། འོན་ཀྱང་མོས་ད་ཡང་མཇུག་མི་སྐྱོང་བར་འདུག ངའི་སེམས་སུ། མོས་ངལ་རྩོལ་གྱི་བར་གསེང་ནས་ཁེར་རྐྱང་དང་སྐྱོ་སྣང་སེལ་ཆེད་གང་འདོད་དུ་བླངས་པ་ཡིན་པས་ལེན་ཡ་མི་འདུག་སྙམ་ཞིང་། སླར་ལན་ཞིག་འདི་ལྟར་སློག
གསེར་རི་དངུལ་རི་བཀྲ་ཤིས་རྟགས་བརྒྱད་རི། །
རྟ་ནོར་ཕྱུགས་རིགས་འཚོ་བའི་རྩྭ་ར་ཡིན། །
རི་མཛེས་ཆུ་དྭངས་དབྱར་གྱི་ཉིན་བཟང་འདིར། །
སྲུང་ཆུང་ཅིའི་ཕྱིར་སྡུག་བསྔལ་སྙིང་རྗེར་གནས། །
       སྙིང་རྗེ་ནི་ང་ཚོ་ཡུལ་ལུང་གི་སྐད་དུ་སུན་སྣང་དང་སྡུག་བསྔལ་ལ་འཇུག་པས། ཡང་སེམས་སུ་བུ་མོ་འདིའི་སེམས་ཁམས་ལ་གནད་དོན་ཡོད་པ་ཁོ་ཐག་རེད་སྙམ་ཞིང་ཉམས་སད་དུ་ཡང་གཅིག་བླངས་པ་ན། ཅུང་ཙམ་འགོར་རྗེས་བུ་མོ་དེས་ཡང་བསྐྱར་འདི་ལྟར་བླངས་བྱུང་།
ཉི་ཟེར་གོང་ཁའི་སྨུག་སྤྲིན་ཆེ། །
ཟི་ལིང་གྲོང་གི་ཙོང་ཆུ་ཆེ། །
འཇིག་རྟེན་མི་ལ་སྡུག་བསྔལ་ཆེ། །
གཡང་ལ་མཆོང་ནས་འཆི་ན་བསམ། །
       བདག་གིས་ཐོས་མ་ཐག་ཏུ་སྐྲག་ཐག་ཆོད་སོང་། སྙིང་ག་དེ་མུར་ཡར་བཀྱགས་ཡོང་ཞིང་། འཕྲལ་མར་སེམས་གསོ་མཚོན་པའི་གླུ་ལན་ཞིག་འདི་ལྟར་སློག་པ་ཡིན།
ཉི་ཟེར་གོང་ཁའི་སྨུག་སྤྲིན་ཆེ། །
ཟི་ལིང་གྲོང་གི་ཙོང་ཆུ་ཆེ། །
སྲུང་ཆུང་མ་ཡི་ཁོག་རྒྱ་ཆེ། །
སྡུག་ཆུང་དོན་ལ་བརྩི་དོན་མེད། །
       གླུ་ལན་བསློགས་རྗེས་ངས་ལུག་རི་མགོར་བསྐྱིལ་བ་དང་། སྐད་ཀྱི་འགྲོས་དང་བསྟུན་ནས་མོའི་ཕྱོགས་སུ་སོང་།
       བུ་མོའི་གཟུགས་བྱད་ཀྱང་མི་ཡག་རྒྱུ་མེད། ཡིད་ཕངས་པ་ཞིག་ལ་དབང་བོ་སྐྱོན་ཅན་ཞིག་རེད། མོའི་ལག་གཡས་པ་ཟླ་འགའི་སྔོན་ལ་འབྲུ་འདོན་འཕྲུལ་ཆས་ཀྱིས་འབྲུ་འཐག་སྐབས་སེམས་ཆུང་མ་བྱས་པར་ནང་དུ་ཤོར་ནས་ཆག་གྲུམ་ཤོར་པ་རེད། རྨ་ཁ་སོས་ནས་སྨན་ཁང་ལས་ཕྱིར་བུད་རྗེས་མོས་ངལ་རྩོལ་བྱེད་ནུས་ཤོར་བའི་ལག་གཡས་པར་བལྟས་ནས་རང་ལ་མ་འོངས་པའི་རེ་བ་མེད་སྙམ་ཞིང་རིམ་གྱིས་རང་སྲོག་བཏང་ན་འདོད་འདུག དེ་རིང་མོས་ལ་གཞས་བླངས་རྗེས་གཞི་ནས་བྲག་ལ་མཆོངས་ཏེ་རང་སྲོག་གཏོང་རྩིས་རེད། ངས་ཨུ་རུ་སུའི་རྩོམ་པ་པོ་ཨའོ་སི་ཐེ་ལུའོ་ཕུའུ་སི་ཅི་ཡི་གསུང་རྩོམ་གྲགས་ཅན«ངར་ལྕགས་ནི་ཇི་ལྟར་གྲུབ་པ་ཡིན»ཞེས་པ་བཀླགས་མྱོང་བས། ངས་པའོ་ཨེར.ཁོ་ཁྲ་ཅིན་གྱི་མི་ཚེ་གླེང་ནས་མོ་ལ་སྐུལ་མ་བཏང་ལ། མོས་རང་ཉིད་ཀྱི་སྐད་གདངས་སྙན་མོ་དང་། གཟུགས་བྱད་ལེགས་པོ། ད་དུང་མེ་ཏོག་ལེན་ལུགས་ཀྱི་རི་གླུ་བཅོས་ཐུབ་པའི་ལེགས་ཆ་སྤྱད་ནས་དེའི་ཕྱོགས་ཀྱི་སྒྱུ་རྩལ་འཕེལ་རྒྱས་བཏང་ན་འོས་པའི་རེ་བ་བཏོན་པ་མ་ཟད་། བྱ་བ་གཅིག་ལ་བྱེད་ཐབས་བརྒྱ། བགྲོད་ས་གཅིག་ལ་བགྲོད་ལམ་སྟོང་། ཞེས་པ་བཞིན་གཙོ་བོ་རང་གིས་ལ་གཞས་ཀྱི་སྒྱུ་རྩལ་སྟེང་རང་ཉིད་ཀྱི་ཡོན་ཏན་སྣ་གཅིག་འདོན་སྤེལ་བྱས་ན་འབྱུང་འགྱུར་མདུན་ལམ་བཟང་པོ་ཡོང་ངེས་ཡིན་ཞེས་སྐུལ། ཕྱིས་སུ་ངས་གོ་ཐོས་སུ་བུ་མོ་དེ་དངོས་གནས་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་གླུ་མ་སྐད་གྲགས་ཅན་ཞིག་ཏུ་གྱུར་འདུག་ཅིང་། དཔལ་འབྱོར་གྱི་ཡོང་འབབ་ཕུན་སུམ་ཚོགས་ལ་ཞིམ་མངར་གྱི་བརྩེ་དུང་གི་འཚོ་བའང་བཟང་པོ་ཞིག་ཐོབ་འདུག་སྐད།
       འགྲུལ་བཞུད་སྤྲོ་བས་རྫོགས། ཁུལ་ཏུ་ལོག་དུས། སྒྲོལ་མས་མོ་ཞིང་ཆེན་གྱི་ལས་སྒོའི་སྦྱོང་བརྡར་ལ་ཞུགས་ཟེར། སྔོན་ལ། མེ་འཁོར་སྟེང་དུ་ཁ་པར་གྱི་བརྡ་རྟགས་མེད་ཀྱང་སྲིད། ཡང་ན་མོ་བརྡ་རྟགས་ཞབས་ཞུ་ས་ཁུལ་དུ་མེད་ཀྱང་སྲིད། གང་ལྟར་ང་ཚོས་འབྲེལ་གཏུག་བྱེད་མ་ཐུབ། ངས་ཁ་པར་ལས་འཁང་རའི་ཚིག་འགའ་གླེང་རྗེས་ཁྱིམ་ནས་ཟས་རིགས་འཚོལ་བ་ཡིན། སྐབས་དེར། ཀྲུའུ་ཕིན་གྱི་བརྡ་འཕྲིན་འབྱོར་བྱུང་། མོས་ང་ཁྱིམ་དུ་བསླེབས་ཡོད་མེད་དང་། འགྲུལ་བཞུད་ག་འདྲ་ཡིན་པ་དྲིས་འདུག ངས་གནས་ཚུལ་ཇི་བཞིན་ཀྲུའུ་ཕིན་ལ་བཤད་རྗེས་མོས་ཡང་བསྐྱར་ང་ལ་བརྩེ་སེམས་མཚོན་པའི་སྐད་ཆ་འགའ་བཤད་བྱུང་།
       དོན་གྱིས་ང་དང་ཀྲུའུ་ཕིན་བར་ལ་སྔོན་ནས་དམ་ཟབ་གྱི་འབྲེལ་འདྲིས་བྱུང་སོང་།
       ཉིན་དེར། ང་དང་ཀྲུའུ་ཕིན་ཁྲིན་ཏུ་ལ་ཐོན་པ་ན་དགོང་མོའི་ཆུ་ཚོད་བཅུ་གཉིས་ཡས་མས་སུ་བསླེབས་འདུག ངེད་གཉིས་ཉིན་གཅིག་གི་སྔོན་ལ་ཐོན་པའི་རྐྱེན་གྱིས་མེ་འཁོར་ས་ཚིགས་སུ་སྣེ་ལེན་བྱེད་མཁན་མི་འདུག ངེད་གཉིས་ཀྱིས་གྲོས་བསྡུར་བྱས་རྗེས་ཐག་ཉེའི་མགྲོན་ཁང་ཞིག་ཏུ་བསྡད་པ་ཡིན། ངས་རོགས་བྱས་ནས་མོའི་རྡོག་ཁྲེས་མོའི་མལ་ཁང་དུ་བསྐྱལ་རྗེས། མོས་ང་ད་དུང་ཅུང་ཙམ་སྡོད་ཟེར། ཡིན་ཏེ། ཉིན་མོར་ཕན་ཚུན་འབྲེལ་འདྲིས་བྱས་པ་དང་མོའི་གནས་ཚུལ་ལ་རྒྱུས་ལོན་ཅུང་ཙམ་གཏིང་ཟབ་བྱས་པས། ངའི་སེམས་སུའང་མོ་དང་དེ་མུར་དེ་ལྟར་ཁ་འབྲལ་མི་འདོད་པར་གྱུར། ངས«འབྲོག་ཁྱི་ལ་བོ»ནང་གི་ལིས་ཉི་མས་མེ་ཏོག་ལྷ་མོ་ལ་བཞིན་ལག་པ་བརྐྱངས་ཏེ་མོའི་ལག་གཡོན་མར་འཇུས་པ་ན། མོས་ཀྱང་ལག་པ་གཡས་པ་བརྐྱངས་ཡོང་ནས་ངའི་ལག་རྒྱབ་ཏུ་བཞག་ཅིང་ལྐོག་གྱུར་གྱི་དགའ་དུང་གི་བསམ་པ་མཚོན་པར་བྱེད། དེ་རྗེས་སུ་ངེད་གཉིས་ཀྱིས་ཆུ་རྐར་ཆུ་བཞུར་བ་བཞིན་དུ་འོ་བྱས་པར་གྱུར། ཡང་ཡང་འོ་བྱས་པས་ངེད་གཉིས་ལ་འདོད་པའི་མེ་ལྕེ་འབར། ཏག་ཏག་གཉི་གས་ལྭ་བ་ཕུད་ནས་ཕན་ཚུན་གྱི་ལུས་མྱོང་བྱེད་མགོ་བརྩམས་དུས། ཀྲུའུ་ཕིན་གྱིས་གློ་བུར་དུ་ཁྱོད་ཀྱིས་གྱང་ངོས་སུ་ལྟོས་དང་དེ་རུ་ཅི་ཞིག་བྲིས་འདུག་ཟེར། ངས་ཕྱིར་འཁོར་ནས་བལྟས་ཚེ། དེ་ནི་སྤྱི་བདེའི་རྩ་དོན་རེད་དེ་སྟེང་དུ། དུག་རྫས་འཐེན་པ་དང་སྨད་འཚོང་འཆལ་རྒྱུག་བྱེད་པ་སོགས་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་ལ་རྡུང་རྡེག་དྲག་པོ་གཏོང་དགོས་ཞེས་འཁོད་འདུག ང་སྙིང་ཡེར་རེ་བཏང་། གལ་ཏེ་ཁང་པའི་ནང་དུ་གསང་མིག་ཡོད་དེ་གནས་ཚུལ་དེ་རིགས་སྤྱི་བདེ་པས་ཤེས་རྟོགས་བྱུང་ཚེ། ངེད་གཉིས་ནི་སྨད་འཚོང་འཆལ་རྒྱུག་བྱེད་མཁན་ཞིག་ཏུ་བརྩིས་ནས་འཛིན་བཟུང་བྱེད་སྲིད་པས། ཚོགས་འདུར་ཞུགས་མི་ཐུབ་པ་ཕར་ཞོག་དང་མ་འོངས་པར་ཇི་ལྟར་འཚོའམ། ང་སྐྲག་མ་དངངས་ཀྱིས་རང་གི་ཁང་བར་ཆས། ཉིན་གཉིས་པར། ང་ཚོས་ཕན་ཚུན་ཁ་པར་ཨང་གྲངས་བྱིན་ཅིང་ཕྱིར་ཡུལ་དུ་ལོག་རྗེས་ཕན་ཚུན་འབྲེལ་གཏུགས་བྱེད་ཅེས་སོ་སོར་གྱེས་སོང་།
       ད་ལྟ་ཀྲུའུ་ཕིན་ད་དུང་ཁྱིམ་དུ་ལོག་མེད། ཁོ་ཚོའི་གྲོས་ཚོགས་ཀྱི་དུས་ཡུན་ཅུང་རིང་ཞིང་ད་དུང་ཉིན་འགའི་རྗེས་སུ་ད་གཟོད་ཕྱིར་ལོག་ཐུབ་ཟེར།
༢༣
       རྫོང་གི་དངོས་རྫས་རིག་གནས་སྤེལ་རེས་ཀྱི་ཚོགས་འདུའི་དུས་ཚོད་དང་ཐག་ཇེ་ཉེར་ནས་ཇེ་ཉེར་གྱུར། ཤང་གིས་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་ལ་གྲ་སྒྲིག་བྱེད་པའི་ལས་ཀའང་ཉིན་རེ་ལས་ཉིན་རེར་ཇེ་དམ་དུ་འགྲོ་བཞིན་ཡོད། ཤང་འཕྲོད་བསྟེན་ཁང་དང་། ཕྱུགས་རིགས་སྨན་བཅོས་ས་ཚིགས། ཆུ་ལས་དོ་དམ་ཁང་། འབྲུ་རིགས་ས་ཚིགས། ནགས་ལས་དོ་དམ་ཁང། ཚོང་ལས་མཉམ་འབྲེལ་ཁང། མངགས་གཏོང་ཁང་སོགས་ལས་ཁུངས་སོ་སོས་གཞོན་ནུ་ཕོ་མོ་མངགས་ཏེ་སྐོར་བྲོ་སྦྱོང་བརྡར་བྱེད་ཀྱིན་ཡོད། ཡོས་ལན་ནི་སློབ་ཞོར་ཁྲིད་ཞོར་བྱེད་བཞིན་པའི་འཁྲབ་ཁྲིད་པ་རེད། ཡིན་ནའང་ལྷ་ཆེན་རྒྱུན་དུ་ཤང་དུ་བསྡད་མེད་པས་ཁྲིད་མཁན་མེད་སྟབས་མོ་རྫོང་དུ་སློབ་སྦྱོང་བྱེད་དུ་འགྲོ་ཡི་ཡོད། ཕར་རྒྱུག་ཚུར་རྒྱུག་ཐེངས་ཁ་ཤས་བྱས་པས་ཐང་ཆད་ཅིང་དྲོས་འཁྱག་གི་ནད་ཀྱིས་ཟིན་སོང་། འདི་ལྟར། ལྷ་ཆེན་གྱིས་ཡང་དུས་ཚོད་བཙལ་ནས་སྐོར་བྲོ་ཁྲིད་ཚར། སྤོ་ལོའི་རུ་ཁག་གི་ཕོ་གསར་ཚོས་ལུས་ལ་ཤང་ནས་གཅིག་གྱུར་ངང་ཉོས་པའི་ལུས་རྩལ་གྱི་འོག་འཇུག་གྱོན་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་ལྒང་རྩལ་སྦྱོང་བཞིན་ཡོད་པ་དང་། གཞས་འགྲན་བུད་མེད་ཚོས་བརྩེ་གླུའི་སྒྲ་ཐག་སྣ་ཚོགས་བཙལ་ནས་སྒྲ་ཕབ་འཕྲུལ་ཆས་ལས་གཞས་གཏོང་ཞོར་ལེན་རེས་སྦྱོང་བརྡར་བྱེད། ཤང་ནས་གླུ་ལེན་མཁན་དང་བྲོ་འཁྲབ་པའི་ཕོ་མོ་གཉིས་ཀར་བོད་ཆས་གཅིག་གྱུར་བཟོས་པ་དང་། ཚེ་ལོ་ཉིན་གསུམ་བཞིའི་ནང་རྫོང་གྱོན་ཆས་བཟོ་གྲྭར་སོང་སྟེ་གྱོན་ཆས་བཟོ་འདེད་དང་མཁོ་ཆས་གཞན་དག་ཉོ་བར་བྲེལ་འཚུབ་ཆེ། སྡེ་བ་སོ་སོའི་བྱེད་སྒོ་ཁག་ཀྱང་དམ་འཛིན་བྱས་ནས་སྤེལ་བཞིན་ཡོད། ཨྱོན་གྱིས། ངས་སྔར་ནས་སྨྲས་ཟིན། ང་ཚོ་བྱེད་སྒོར་མ་ཞུགས་ན་བསྐྱུར་ཞོག་དང་། གལ་ཏེ་ཞུགས་ཟིན་ན་ཅིས་ཀྱང་ཨང་དང་པོ་བརྩོན་ལེན་བྱེད་དགོས་ཞེས་ཨང་དང་པོར་བརྩོན་ལེན་བྱེད་ཆེད། ཁོས་སྡེ་བ་ཁག་ནས་བདམས་ཐོན་བྱུང་བའི་མཛེས་མ་ཚོར་ལས་འགན་གལ་ཆེན་གཞན་ཞིག་བཀོད་སྒྲིག་བྱས་པ་སྟེ། དེ་ནི་རྫོང་ཐོག་གི་འབྲེལ་ཡོད་འགོ་ཁྲིད་དང་། དཔྱད་འདེམས་པ། ཤན་འབྱེད་པ་བཅས་ལ་གླུ་ལེན་ཆང་འདྲེན་བྱས་ནས་ཁོང་ཚོའི་སྤྲོ་བ་འཕེལ་བར་བྱེད་རྒྱུ་དང་། ད་དུང་གལ་ཏེ་ཤང་ཡོངས་ཀྱིས་ཨང་དང་པོ་བླངས་ཚེ། བཀོད་སྒྲིག་དེའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་ཡོད་པའི་མཛེས་མ་རྣམས་ལ་ཤང་སྲིད་གཞུང་གིས་བྱ་དགའ་གཞན་ཆེན་པོ་སྤྲོད་རྒྱུ་ཡིན་ཞེས་བཤད། མི་ལ་ལས། མཛེས་མ་ཚང་མ་སྤྱིར་བཏང་གི་གླུ་མ་ཁོ་ན་ཡིན་པས། ཇི་ལྟར་དཔོན་པོ་མཐོན་པོ་དེ་དག་དང་ཉེ་བར་འབྲེལ་ལམ་ཟེར་བར། ཨྱོན་གྱིས། དེ་ང་རང་ལ་ཐབས་ཡོད་ཟེར།
       དུས་ཚོད་ཉིན་གསུམ་གྱི་རྗེས་སུ། དངོས་རྫས་རིག་གནས་སྤེལ་རེས་ཀྱི་ཚོགས་འདུ་དངོས་སུ་མགོ་རྩོམ་རྒྱུ་རེད། ཤང་ཁོངས་གཏོགས་ལས་ཁུངས་ཚོས་སྔོན་ལ་འགྲན་བསྡུར་རྣམ་གྲངས་སྣ་ཚོགས་ཀྱི་གྲ་སྒྲིག་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ལ། རྫོང་ཐོག་གི་འབྲེལ་ཡོད་འགོ་ཁྲིད་དང་། བྱེད་སྒོའི་རྣམ་གྲངས་ཀྱི་དཔྱད་འདེམས་པ་དང་ཤན་འབྱེད་པ་གདན་འདྲེན་ཞུས་ནས་དངོས་སུ་མཛུབ་སྟོན་གནང་དུ་བཅུག་པ་རེད། གྲ་སྒྲིག་འགྲན་བསྡུར་མཇུག་བསྒྲིལ་རྗེས། ཤང་གིས་མགྲོན་པོ་རྣམས་ལ་གསོལ་སྟོན་གཟབ་རྒྱས་གྲ་སྒྲིག་བྱས་ཤིང་། གསོལ་སྟོན་ཁང་དུ་མཛེས་མ་ཚོས་མགྲོན་པོ་ཚོར་རེས་མོས་ཀྱིས་ཆང་འདྲེན་པ་དང་། ལྷ་ཆེན་གྱིས་ད་དུང་དམིགས་བསལ་གྱི་བྲོ་འཁྲབ་པ་རེད། མགྲོན་པོ་རྣམས་ཧ་ཅང་དགའ་ཞིང་རེ་རེ་བཞིན་ཆང་གིས་བཟི། མཇུག་མཐར། མཛེས་མ་རྣམས་ཀྱིས་རང་རང་སར་མགྲོན་པོ་རེ་རེ་སྐྱོར་ནས་སོ་སོའི་ངལ་གསོ་ཁང་དུ་བསྐྱལ་བ་རེད།
ཉེར་བཞི་པ།
       སྒྲོལ་མའི་ཞིང་ཆེན་རིམ་པར་གསབ་སྦྱོང་བྱེད་བཞིན་མཆིས། དུས་ཚོད་ཤིན་ཏུ་དམ་འཛིན་བྱེད་བཞིན་པ་སྟེ་གཟའ་ཉི་མའི་ཉིན་ཡང་ངལ་གསོ་མི་འདུག ཡིན་ནའང་ང་ལ་ཉིན་གཉིས་ཀྱི་གཟའ་མཇུག་གི་ངལ་གསོའི་དུས་ཚོད་ཡོད་པས། སེམས་སུ་ཡང་རྒྱང་རང་གི་ཕ་རྒན་དྲན་ལ་བློ་ཐག་རྦད་ཆོད་ཀྱིས་ཕ་ཡུལ་ལ་ཐེངས་ཤིག་ལོག་སོང་།
       ཞོགས་པར་ལམ་ལ་ཆས་ཏེ་ཉི་ནུབ་ཀྱི་དུས་སུ་ད་གཟོད་གཞི་ནས་ཕ་ཡུལ་དུ་འབྱོར་བྱུང་། ནུ་བོ་བཟའ་ཟླ་གཉིས་སྒོར་ལས་ཀར་སོང་འདུག ཨ་ཕས་གསོམ་ཤིང་ཕྲ་ལ་རིང་བ་ཞིག་གི་ཤུན་པགས་བཤུ་བཞིན་འདུག ངས་ཨ་ཕར། དེའི་ཤུན་ལྤགས་བཤུས་ནས་ཅི་བྱེད་དམ་ཞེས་དྲིས་པར། ཨ་ཕས། ཁྱིམ་དཀྱིལ་གྱི་དར་ལྕོག་འདོགས་བྱེད་དར་ཤིང་ཡིན་ཟེར། ཨ་ཕས་དེ་ལྟར་ཟེར་བཞིན་ལག་གི་ལས་ཀ་བསྐྱུར་ནས་ང་ལ་གོ་རེ་དང་ཇ་འཁྱེར་ཡོང་རྗེས་ཡང་ལས་ཀའི་མགོ་བཟུང་། ངས། ཕ་ལགས། ཁྱེད་བར་སྐབས་རིང་ངལ་གསོ་ཞིག་བྱོས་ཡ། ནམ་ཞིག་ཁོམ་སྐབས་ཡོད་ཚེ་ད་གཟོད་ལས་ན་མི་ཆོག་གམ་ཞེས་པར། ཨ་ཕས། དེ་རིང་ནི་ཉིན་བཟང་སྐར་བཟང་ཞིག་རེད། ངེས་པར་དུ་མ་ཎིའི་དར་ཤིང་ཡར་བསླངས་དགོས། ཡང་ཅིག་བཤད་ན། གསོམ་ཤིང་གསར་བའི་ཤུན་པགས་རློན་པ་ཡིན་དུས་མ་བཤུས་ན་སྐམ་པར་གྱུར་ཚེ་བཤུ་ཁ་དཀའ་ཟེར། ངས་ཟ་འཐུང་རོལ་ནས་ངལ་ཙམ་གསོས་རྗེས། ཨ་ཕའི་ལག་གི་གཏུབ་གྲི་ཚུར་བླངས་ཏེ་གསོམ་ཤུན་བཤུ་རོགས་བྱས་པ་མ་ཟད། ཤིང་སྣེར་དར་ཚོན་སྣ་ལྔ་ཡི་མ་ཎིའི་དར་ལྕོག་བཏགས་ཤིང་ཁྱམས་རར་བསླངས། ཨ་ཕ་དང་ངེད་གཉིས་ཀྱིས་དར་ཤིང་སྟེང་གི་མ་ཎིའི་དར་ལྕོག་རླུང་གིས་ལྷབ་ལྷུབ་བསྐྱོད་བཞིན་པར་བལྟས་ཡོད་པའི་སྒང་དེར་ནུ་བོ་ཁོ་ཚོའང་ཐོན་བྱུང་།
       ངས་སི་ཁྲོན་གྱི་ཕོ་པའི་སྒོ་ངའི་བག་ལེབ་དང་། ཁ་ཚའི་སྐམས་ཀྱི་ཤ་སྐམ། ལུའུ་ཀྲུག་ལོ་ཅོ་དེམ་བེ་དོ། ད་དུང་ཆེད་དུ་ཨ་ཕར་གློག་གི་སྨར་བཞར་ཉོས་ཡོད་པ་བཅས་འཁྱེར་ཡོང་། དགོང་མོར། ངེད་ཁྱིམ་མི་གང་བོས་ཟ་འཐུང་ལ་རོལ་བ་དང་། ཨ་ཕས་སྟབས་བདེའི་སྨར་བཞར་གསར་བར་རེག་བཞིན་གདོང་ལ་དགའ་འཛུམ་གྱིས་འཁེངས་འདུག
       ང་ཚོས་གླེང་བཞིན་གླེང་བཞིན་ཨ་ཕས་ཡང་ཁ་བརྡ་རྙིང་བ་དེའི་མགོ་བརྩམས་བྱུང་སྟེ། ང་ལ་བྱིས་པ་དགོས་པའི་དོན་དེ་ཇི་ལྟར་བྱའམ་ཞེས་དྲིས་པ་མ་ཟད། ད་དུང་སྡེ་བའི་ཁྱིམ་ཚང་ཞིག་ལ་བྱིས་པ་གསུམ་འདུག་ཚུལ་དང་། ཆེས་ཆུང་བ་ནི་བུ་མོ་ཞིག་ཡིན་ཚུལ། བྱིས་པའི་རུས་ཁྲག་དང་། ལུས་ཕུང་། བྱད་བཞིན་སོགས་ཀྱི་ཆ་རྐྱེན་བཟང་ཚུལ། ཡིན་པ་ནི་ཁྱིམ་ཚང་དཀའ་ངལ་ཆེ་བའི་སྟེང་བྱིས་པ་ལྷག་བསྐྱེད་ཡིན་ཚུལ། གལ་ཏེ་ཆ་རྐྱེན་བཟང་བའི་ཁྱིམ་ཚང་ནས་བུ་སྐལ་བླངས་ན་ཁོ་ཚོས་ཆེས་ཆུང་བ་དེ་གནང་མི་སྲིད་ཚུལ་སོགས་གླེང་བྱུང་ལ། ཡང་། ང་ཚོས་སྙོར་བར་བྱ་རེ་ཟེར་བར། ངས་མགོ་བོ་སྒུར་ནས་ཡུན་རིང་བར་སྐད་ཆ་མ་བཤད་ལ། དངོས་གནས་ཕྱོགས་གཉིས་ནས་དཀའ་ལས་གཏད་ཡོང་ཞིང་ཇི་ལྟར་བྱེད་དགོས་པའང་མི་ཤེས་པའི་རྣམ་འགྱུར་བསྟན། ཨ་ཕས། ཁྱོད་ཁ་གྲགས་ཡ། ཁྱོད་ལ་དགོས་འདོད་ཡོད་པ་མ་རེད་དམ། ཡང་ན་རང་གིས་ཐག་གཅོད་བྱེད་མི་ཐུབ་པ་ཡིན་ཟེར།
       ཡིན་ཏེ། གལ་ཏེ་ཟླ་ཕྱེད་རིང་གི་སྔོན་ཡིན་རྒྱུ་ན་ངས་དགའ་དགའ་སྤྲོ་སྤྲོས་དེ་འཕྲལ་དོན་འདི་ཐག་གཅོད་བྱེད་སྲིད། རྒྱུ་མཚན་ནི་ང་དང་སྒྲོལ་མས་ཁ་བརྡ་བྱས་མྱོང་སྟེ། གལ་ཏེ་སྐུད་མོས་བྱིས་པ་བཙའ་མི་ཐུབ་ཚེ་ང་ཚོས་གཞན་ནས་བཙལ་ཆོག་པ་བྱས། ཡིན་ནའང་། སྐབས་འདིར་ཅིའི་དོན་ཡིན་པ་མི་ཤེས་ཏེ་ངའི་སེམས་ཐེ་ཚོམ་གྱིས་བཅངས་བྱུང་བས། ངས། དོན་འདི་ད་དུང་སྒྲོལ་མ་དང་ཁ་བརྡ་ཞིག་བྱེད་ཅེས་སྨྲས།
       ཨ་ཕས་ང་ལ་གཟིགས་ནས་ཧ་མི་གོ་བའི་རྣམ་འགྱུར་མངོན་འདུག
༢༤
       ཡོས་ལན་གྱི་ལུས་ཕུང་ཅུང་ཙམ་ཇེ་བདེར་ཡོང་འདུག ཡིན་ནའང་ད་དུང་ལས་ཚོགས་སུ་ཞུགས་མི་ཐུབ། ཚེ་ལོ་མོའི་མལ་ཁང་དུ་མོར་བལྟ་རུ་སོང་།
       ཚེ་ལོས། ཅི་འདྲ་རེད་། ཆམ་པ་ཇེ་བཟང་ལ་ཡོང་ཡོད་དམ་ཞེས་དྲིས།
       ཡོས་ལན་གྱིས། ལུས་སྟེང་གི་ནད་ཇེ་བཟང་དུ་ཡོང་མོད་འོན་ཀྱང་སེམས་གཏིང་གི་ནད་ཇེ་བཟང་དུ་མ་ཡོང་། རྒྱུ་མཚན་ནི་ཨྱོན་ཤང་ཀྲང་གིས་བགོས་པའི་འོས་འགན་ལེགས་འགྲུབ་མ་བྱུང་ཟེར།
       ཚེ་ལོས། ངས་ཅུང་ཙམ་ལྟ་ཤེས་སོང་། ཁྱོད་ཀྱི་ལུས་ཕུང་མི་བདེ་བ་བདེན་ལ། སེམས་ཁམས་མི་དྭངས་བའང་རྟོགས་ཐུབ་ཟེར།
       ཡོས་ལན་གྱིས། རེད་ཡ། ལྟ་ཤེས་ན་བཟང་གི། ཁྱོད་ཀྱིས་ཨེ་ཤེས། ཨྱོན་གྱིས་ང་ལ་སྐོར་བྲོ་ཁྲིད་ཏུ་འཇུག་པ་ནི་གལ་འཛུགས་རང་བཞིན་ཞིག་རེད། ཐོག་མར་ངས་བྱིས་བློའི་རང་བཞིན་གྱིས་རང་ལ་ཞབས་བྲོའི་རྨང་གཞི་ཡོད་འདོད་པས། གལ་ཏེ་ལྷ་ཆེན་གྱིས་ང་ལ་ཁྲིད་པ་ཡིན་ན་ཤེས་པ་མགྱོགས་པར་འདོད་ཅིང་གཞན་ལ་ཁྲིད་ནའང་འདང་བརྒྱག་མེད་སྙམ། དེ་ལྟར་ངས་དགའ་སྤྲོའི་ངང་དང་ལེན་བྱས་པ་ཡིན། ཡིན་ནའང་ལྷ་ཆེན་གྱིས་ཐེངས་འགར་ཁྲིད་རྗེས་ད་ཡང་མི་ཁྲིད་པར་ཉིན་རྒྱུན་ཨོ་རྒྱན་ལ་འགྲོགས་ནས་གཞི་རིམ་དུ་སྐྱོད་བཞིན་ཡོད། དགོང་མོ་ཕྱིར་ཡོང་ནའང་ཨྱོན་གྱི་གཞུང་ལས་ཁང་དུ་འཛུལ་ནས་ཕྱིར་མི་འབུད། བཤད་པ་ལྟར་ན་བྱ་བར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། དགོང་མོ་ཞིག་ལ་བྱ་བ་ཅི་ཞིག་གྲོས་བསྡུར་བྱེད་རྒྱུ་ཡོད་དམ། ཨོ་རྒྱན་གྱི་གཤིས་ཀ་ལྟར་ཡིན་ན། ཁོ་གཉིས་ཀྱིས་ཅི་ཞིག་བྱེད་བཞིན་པ་སུས་ཤེས་སམ། ང་རྫོང་དུ་སོང་ནས་ཐེངས་འགའ་སློབ་མོད། ཡིན་ནའང་ཤང་གིས་རླངས་འཁོར་མཁོ་སྤྲོད་མི་བྱེད་པས་ངའི་རླངས་འཁོར་བཙལ་ནས་ཕར་ཚུར་རྒྱུག་ན་ཧ་ཅང་ཐང་ཆད་པ་རེད། རྗེས་སུ་ལུས་ཕུང་མི་བདེ་བར་གྱུར། རྒྱུ་རྐྱེན་དེ་དང་བསྟུན་ནས་ཐད་ཀར་དུ་མི་ཁྲིད་རྒྱུ་བྱས། ངས་མ་ཁྲིད་པས་ལྷ་ཆེན་ལ་ཡང་སྐོར་བྲོ་ཁྲིད་པའི་དུས་ཚོད་ཡོད་འདུག བར་འདི་ལ་གསང་བ་ཞིག་ཡོད་པ་མིན་ནམ་ཟེར།
       ཚེ་ལོས། ད་ཁོང་ཁྲོ་མ་ལངས། ཁོང་ཁྲོ་ལངས་ན་ལུས་སེམས་གཉིས་ཀར་གནོད་ངེས་རེད། ང་ཚོས་དགའ་སྤྲོའི་སྐོར་ཁ་བརྡ་བྱེད་ཟེར།
       ཡོས་ལན་གྱིས། ངས་ཁྱོད་ཀྱི་ཁར་ཉན། ཁོང་ཁྲོ་ལངས་ནའང་ཉིན་གཅིག་རེད། མ་ལངས་ནའང་ཉིན་གཅིག་རེད། ང་ཚོས་ཅིའི་ཕྱིར་དང་པོ་དེ་མི་བདམས་པ་ཡིན་ནམ་ཟེར།
       ཚེ་ལོས། ངས་ཁྱོད་ལ་བོད་ཀྱི་གཞས་ཤིག་གཏོང་ཟེར་བར།
       ཡོས་ལན་གྱིས། ཆོག་གི། བཏང་ཚར་རྗེས་བསྒྱུར་འགྲེལ་བྱེད་དགོས། དེ་མ་གཏོགས་ངས་ཅི་ཡང་མི་གོ་ཟེར།
       ཚེ་ལོས་བླངས་ཚར་རྗེས་བསྒྱུར་དོན།
ང་དང་བྱམས་པའི་སྡེབ་ས། །
ལྷོ་རོང་མོན་པའི་ནགས་གསེབ། །
སྨྲ་མཁན་ནེ་ཙོ་མ་གཏོགས། །
སུ་དང་གང་གིས་མི་ཤེས། །
སྨྲ་མཁན་ནེ་ཙོས་ལོས་ཤེས། །
གསང་ཁ་སྟོན་པ་མ་གནང་། །
       ཞེས་པར། ཡོས་ལན་གྱིས། ཁྱོད་ཀྱིས་བླངས་བ་ངོ་མས་སྙན་གི། ཚིག་དེ་བས་ངོ་མཚར་ཆེ། ཁྱོད་ཀྱིས་བྲིས་པ་མིན་ནམ་ཟེར།
       ཚེ་ལོས། འདི་ནི་ཏཱ་ལའི་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མིང་དུ་གྲགས་པའི་མགུར་གླུ་རེད། ངས་ནི་སྙན་འཇེབས་ཀྱི་གཞས་འདི་ལྟ་བུ་ཞིག་ཇི་ལྟར་བརྩམས་ཐུབ་ཟེར།
       ཡོས་ལན་གྱི་གདོང་ལ་འགྱོད་གདུང་གིས་ཁེངས་ཏེ། ཡིན་ནའང་ང་བོད་ཅིག་ཡིན་བཞིན་དུ་རང་གི་མ་སྐད་མི་ཤེས། མ་གཏོགས་རང་མི་རིགས་ཀྱི་གཞས་ཀྱི་འཇིག་རྟེན་དུ་རང་དབང་དུ་བསྐྱོད་ཚེ་ཇི་འདྲའི་སྐྱིད་ཨང་ཟེར།
       ཚེ་ལོས། དེ་ཁྱོད་ལ་ཁག་མི་འདུག རྒྱའི་ས་གནས་སུ་འཚར་ལོངས་བྱུང་བའི་བོད་མི་ཞིག་ལ་མཚོན་ན། ཚང་མས་བོད་སྐད་མི་ཤོད་པའི་གནས་ཚུལ་མང་པོ་འདུག ང་ཡང་མི་རིགས་མང་པོ་འདུས་སྡོད་བྱས་པའི་སྡེ་བ་ཞིག་ཏུ་སྐྱེས། སྔོན་ཆད་མ་སྐད་ལ་དེ་འདྲ་མི་བཟང་། གཡང་སྐྱིད་དང་བཟའ་སྒྲིག་བྱས་རྗེས་མོའི་མདུན་དུ་སློབ་པ་ཡིན། སྤྱིར་ཡར་རྒྱས་བྱུང་ཡོད་མོད་འོན་ཀྱང་གདངས་ཇི་བཞིན་མི་ཐོན་པས། ས་གནས་འདི་གའི་བོད་རིགས་ལས་བྱེད་པས་ཐོས་རྗེས་སྐབས་ལ་ལར་ད་དུང་དགོད་ཁ་ཤོར་བ་རེད་ཟེར།
       ཡོས་ལན་གྱིས། གཞུག་ཕྱོགས་ངས་ཀྱང་མ་སྐད་སྦྱོང་དགོས། ཁྱོད་ཀྱིས་ང་ལ་ཁྲིད་ན་ཅི་འདྲ་རེད་ཅེས་པར།
       ཚེ་ལོས། དྲན་ཚུལ་ཧ་ཅང་ཡག་པོ་འདུག ངས་ཅི་ནུས་ཀྱིས་ཁྱོད་ལ་རོགས་བྱེད་ངེས་ཟེར།
       ཡོས་ལན་གྱིས། དེས་ན་ད་ནས་མགོ་རྩོམ་རེ་ཞེས་པར།
       ཚེ་ལོས། དེ་རིང་ང་ཚོས་གླུ་བླངས་ཏེ་རྩེད། སྒུག་ནས་ཁྱོད་ཀྱི་སེམས་ཁམས་ཇེ་བདེར་ཡོང་རྗེས་ང་ཚོས་ཁྲིད་ཆོག ཁྱོད་ཀྱིས་ཀྱང་གླུ་ཞིག་ལོངས་རེ་ཟེར།
       ཡོས་ལན་གྱིས། ཅི་ཞིག་ལེན་ནམ་ཞེས་པར།
       ཚེ་ལོས། གང་འདོད་དུ་བླངས་ཆོག ཅི་ཞིག་བླངས་འདོད་ན་དེ་བླངས་ཆོག་ཟེར།
       ཡོས་ལན་གྱིས། ཆོག་གི་ཟེར་ཞིང་། མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་ལ་གཞས་ཤིག་འདི་ལྟར་བླངས་བྱུང་།
པད་དཀར་ནི་དཀར་བས་མིག་ལ་མཚེར། །
པད་དམར་ནི་དམར་ཏེ་དགོད་འཛུམ་ཤོར། །
ཕུ་བོ་ཡི་ཁྱིམ་དུ་མི་ཡོད་འདུག །
མི་མེད་ན་ངེས་པར་ང་དགོས་ངེས། །
       ཚེ་ལོས་ཉན་རྗེས་སྙན་ཚོར་ལྡན་ཞིང་ནང་དོན་ལྡན་པས། རེ་ཞིག་བསམ་ཞིང་སླར་གླུ་ལན་ཞིག་འདི་ལྟར་སློག་བྱུང་།
པད་དཀར་ནི་དཀར་བས་མིག་ལ་མཚེར། །
ལོ་མ་ཡི་སྟེང་ལ་ཆར་འབབ་ངེས། །
ཕུ་བོ་ཡི་ཁྱིམ་དུ་མི་ཡོད་ལགས། །
མི་མེད་ཚེ་ཅིས་ཀྱང་ཁྱོད་བསུ་ངེས། །
       ཡོས་ལན་གྱིས་ཧབ་ཆ་ཞིག་བརྒྱབ་རྗེས། ཁྱོད་ལ་ངོ་མས་དགོད་རྒྱུ་ཡོང་གི། སྤྱིར་བཏང་གི་གྲོགས་པོ་ཕལ་བ་ཞིག་བྱེད་པར་ཡང་སྐྲག་ན། ད་དུང་ང་བསུ་འདོད་པ་ཀྱེ་མ་ཧུད་ཟེར།
       ཚེ་ལོས་ཡོས་ལན་གྱིས་རང་ལ་འཕྱ་དགོད་བྱེད་བཞིན་པ་མཐོང་རྗེས། བསམ་གཟས་ནས་ཀུ་རེ་ཡིས། ང་སྐྲག་པ་ནི་ངས་ཁྱོད་ཀྱི་ལུས་ཕུང་རྫོད་དྲག་ན་གནས་ལ་འགྲོ་ས་མེད་འདོད་པས་ཡིན། མ་གཏོགས་ཁྱོད་སྔ་མོ་ནས་ངའི་འགྲོགས་བཟང་དུ་གྱུར་མེད་པ་ཅི་ལ་སྲིད་ཅེས་བཤད།
འབྲེལ་ཡོད་འོས་སྦྱོར།