logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་གསུམ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-16 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ཉེར་ལྔ་པ།
       སྒྲོལ་མའི་ཟབ་སྦྱོང་གི་དུས་ཚོད་གཞི་ནས་ལོང་སོང་། ཡིན་ནའང་མོ་ད་དུང་ཕྱིར་ལོག་འདོད་མི་འདུག མོས། ཟབ་སྦྱོང་སྐབས་སུ་གསེར་ཆེན་ཁུལ་ནས་ཕྱི་རུ་ལས་རིགས་གསར་གཏོད་དུ་སོང་ནས་ལེགས་གྲུབ་བྱུང་བའི་སྦྱིན་བདག་ཆེན་པོ་ཞིག་ངོ་ཤེས་བྱུང་། སྦྱིན་བདག་དེས་རྨ་ལྷོ་རྫོང་གི་ཡིག་ཚགས་ཁང་གི་ཀླུ་སྐྱིད་ངོ་ཤེས་ཀྱི་ཡོད། ཁོས་ཕ་ཡུལ་ལ་བཅངས་པའི་དྲིན་གཟོདང་ཀླུ་སྐྱིད་སོགས་གྲོགས་པོ་རྙིང་པ་དེ་དག་ལ་བཅངས་པའི་མཛའ་གྲོགས་ཀྱི་བརྩེ་སེམས་མཚོན་པར་བྱ་ཆེད། ངེས་པར་དུ་ཚོགས་འདུ་མཇུག་སྒྲིལ་རྗེས་གསེར་ཆེན་ཁུལ་གྱི་ཚོགས་ཞུགས་མི་སྣ་ཚོ་དང་མཉམ་དུ་ཞིང་ཆེན་གྲོང་ཁྱེར་དུ་ཉིན་ཁ་ཤས་རིང་ཤིན་ཏུ་སྐྱིད་པོ་ཞིག་རྩེད་ཟེར་གྱི་འདུག་ཅེས་ཟེར། ངས། ཟབ་སྦྱོང་མཇུག་སྒྲིལ་སོང་བས་དུས་ལྟར་ལས་ཞུགས་མ་བྱས་ན་ཆོག་གམ་ཞེས་པར། སྒྲོལ་མས། ཟབ་སྦྱོང་སྐབས་སུ་ངལ་གསོ་མེད་པས་མཐའ་མཇུག་ངལ་གསོའི་ཉིན་ཁ་ཤས་ཁ་སྣོན་བྱས་སོང་བས་མི་སྐྱོན་ཞེས་ཟེར། ཁྱོད་རྩེད་འདོད་ན་རྩེ་རུ་སོང་ཆོག་ཀྱང་། ཅིའི་ཕྱིར་ངོ་མི་ཤེས་པའི་སྦྱིན་བདག་ཅིག་གི་རྗེས་སུ་རྒྱུགས་དགོས་པ་རེད་དམ་ཞེས་དྲིས། སྒྲོལ་མས། རང་ཉིད་ཀྱིས་ཀྱང་ངོ་གསལ་བོ་ཞིག་མི་ཤེས་མོད། ཀླུ་སྐྱིད་དང་མཉམ་དུ་ཡོད་པས་སེམས་འཁུར་ལྷག་མ་བྱེད་མི་དགོས་ཞེས་ཟེར།
       ལས་ཚོགས་གྲོལ་ནས་དགོང་ཇ་འཐུང་རྗེས། ངས་ལྷིང་འཇགས་སྒོས་རྩོམ་ཡིག་འབྲི་མགོ་བརྩམས། ཕལ་ཆེར་ཟླ་ཕྱེད་ཙམ་གྱི་ཚོགས་འདུ་དང་རྟོག་ཞིབ་བརྒྱུད་དེ་གཏམ་རྒྱུད་ནང་གི་མི་སྣའི་སྣང་བརྙན་དང་བྱུང་རིམ་འཕེལ་རྒྱས་ཀྱི་ཕྱོགས་ནས་ཅུང་ཙམ་རབ་རིབ་ཏུ་གྱུར་འདུག ལྷ་ཆེན་ཞེས་པའི་མི་སྣ་ཆུང་ཆུང་འདི་དོན་དངོས་སུ་རྩོམ་ཡིག་འདིར་བྱུང་དགོས་དོན་ཡོད་དམ་མེད། མཁའ་ལེའི་མ་འོངས་པའི་ལས་དབང་ཇི་ལྟར་བཀོད་སྒྲིག་བྱེད་དགོས་སམ། ཚེ་ལོ་དང་། གཡང་སྐྱིད། ཡོས་ལན། ད་དུང་ཨྱོན་སོགས་མི་སྣ་གཙོ་བོ་ཁ་ཤས་ཀྱི་གཏམ་རྒྱུད་ཀྱི་བྱུང་རིམ་ཇི་ལྟར་འཕེལ་རྒྱས་སུ་བཏང་ན་ད་གཟོད་ལྟད་མོ་ཡོད་པ་རེད་དམ། ངས་གོང་དུ་བཤད་པ་བཞིན། ཚེ་ལོའི་ལུས་སྟེང་དུ་ངའི་གཞོན་དུས་ཀྱི་གྲིབ་གཟུགས་ཡོད་དེ། ང་ལའང་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་སྟེང་། འཚོ་བའི་ཁྲོད་དུ་ཡོས་ལན་ལྟ་བུའི་བརྩེ་དུང་གིས་བཅིངས་པའི་གྲོགས་པོར་ཡང་འཕྲད་མྱོང་བས། རྩོམ་ཡིག་ནང་གི་གལ་ཆེའི་བྱུང་རིམ་ཁ་ཤས་ལ་རྩོད་ཐབས་བྲལ་བའི་བདེན་དངོས་རང་བཞིན་ལྡན་པ་དང་། དེ་མིན་གྱི་རྫུན་བཟོའི་མི་སྣ་ཁ་ཤས་ལའང་འཚོ་བའི་མ་དཔེ་ངེས་ཅན་ཞིག་ཡོད་ངེས། ངའི་ད་ལྟའི་ལས་འགན་གཙོ་བོ་ནི་ཁོ་ཚོར་སྒྱུ་རྩལ་གྱིས་ལས་སྣོན་བྱས་ཏེ། མིག་སྔར་གྱི་མོག་མོག་ཞིབ་ཕྲ་ཡི་དོན་རྣམས་ཚང་མའི་མིག་ལམ་དུ་གསལ་ཐག་ཆོད་ཅིང་གསོན་ཉམས་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་པར་བྱ་རྒྱུ་དེ་ཡིན།
       ངས་དོན་ཚན་འགའ་བྲིས་རྗེས་གཉིད་ལ་ཁད་ཀྱི་དུས་སུ་ཀྲུའུ་ཕིན་གྱི་འཕྲིན་ཐུང་འབྱོར་བྱུང་། འཕྲིན་ཐུང་དུ། ཉིན་དེར་མེ་འཁོར་ནང་དུ་ངས་རང་གི་གཉེན་སྒྲིག་གི་སྐོར་མ་གླེང་བ་ནི་སྐབས་དེར་ད་དུང་ཕན་ཚུན་ཆ་རྒྱུས་དེ་ཙམ་མེད་པས་ཡིན་ལ། དུས་མཚུངས་སུ་དོན་དེ་དེ་ལྟར་སྐད་ཆ་ཚིག་གཅིག་གཉིས་ཀྱིས་བཤད་ཚར་བ་ཞིག་ཀྱང་མིན་པའི་རྐྱེན་ཡིན། ད་ལྟ་ངེད་གཉིས་ནི་སྐད་ཆ་གང་ཡོད་གསང་བ་མེད་པའི་བརྩེ་ལྡན་གྱི་གྲོགས་པོ་ཡིན་པས། ངས་དོན་དག་དེ་ཡི་གེའི་ལམ་ནས་ཁྱོད་ལ་སྤྲིངས་ཆོག ཁྱོད་ཀྱིས་དལ་མོར་ཞིབ་ལྟ་ཞིག་བྱོས་ཞེས་བྲིས་འདུག
༢༥
       དངོས་ཟོག་སྤེལ་རེས་ཀྱི་ཉིན་མོ་ཐོན་བྱུང་། ཉིན་དེར། རྫོང་གི་ཤར་འདབས་སུ་ནོར་ལུག་གི་པགས་པ་སོགས་ཞིང་ཕྱུགས་ཐོན་རྫས་སྤེལ་རེས་ཀྱི་ཁྲོམ་ར་བཙུགས་ལ། ནུབ་འདབས་སུ་འབེན་ར་བཙུགས། ལྷོ་ཕྱོགས་ཀྱི་སྤང་ཐང་དུ་མུ་མཐའ་མེད་པའི་རྟ་རྒྱུགས་འགྲན་ར་བཟོས། ལྟེ་གནས་ཐང་ཆེན་དུ་གླུ་གར་གྱི་སྟེགས་བུ་བསྐྲུན་པའི་སྟེང་སྐར་ལྔའི་རྒྱལ་དར་བསྐྱོད་པའི་ཕྱོགས་བཞིར་ཚོན་མདོག་སྣ་ཚོགས་ཀྱི་དར་ཆ་བཙུགས། ཐང་ཆེན་དུ་མི་ཚོགས་ཀྱི་རྦ་རླབས་འཕྱུར། རྫོང་དཔོན་གྱིས་གཏམ་བཤད་ཚར་རྗེས་སྤེལ་རེས་ཚོགས་འདུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད། དེ་དང་བསྟུན་ནས་གར་སྟེགས་སུ་སྐོར་བྲོ་དང་མཛའ་གཞས་འགྲན་བསྡུར་སྔ་རྗེས་སུ་སྤེལ་བ་དང་། དེ་མིན་གྱི་འགྲན་ར་ཁག་གི་བྱེད་སྒོ་ཁག་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད། ལག་རྩལ་སྤོ་ལོའི་འགྲན་བསྡུར་དེ་རྫོང་ལས་ཁུངས་ཀྱི་སྒོ་ར་ཆེན་པོའི་སྤོ་ལོ་ར་བར་སྤེལ་བཞིན་ཡོད། འགྲན་རར“མཛའ་གྲོགས་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པ”ཞེས་པའི་འཕྲེད་ཡིག་བཀལ་འདུག མགར་ཁྲི་ཤང་གི་སྤོ་ལོའི་རུ་ཁག་དེ་ཚོ་ཆུངCནང་དུ་བགོས་འདུག་པ་དང་འབྲོག་ལས་ཅན་གྱི་ཤང་གི་སྤོ་ལོའི་རུ་ཁག་ཁ་ཤས་དང་མཉམ་དུ་ཡོད། སྤོ་ལོ་རུ་ཁག་དེ་དག་གི་རུ་མི་དག་རྒྱུན་དུ་སྤོ་ལོ་དེ་འདྲ་རྩེ་མྱོང་མེད་ཅིང་ལྒང་རྩལ་རང་ག་བ་ཞིག་ཡིན་པས། མགར་ཁྲི་ཤང་གི་སྤོ་ལོ་རུ་ཁག་གིས་ཚོ་ཆུངCལས་དེ་མུར་ལས་སླ་མོ་ངང་ནས་རྒྱལ་ཁ་བླངས། ཉིན་གཉིས་གསུམ་ཙམ་སོང་རྗེས་འགྲན་བསྡུར་ཁག་གི་ཨང་རིམ་གཅིག་རྗེས་གཉིས་མཐུད་ངང་ཐོན་བྱུང་། གཞས་མའི་ཨང་རིམ་སྔོན་མ་གསུམ་པོ་བསྟུད་མུར་མགར་ཁྲི་ཤང་དུ་བྱུང་ཟིན་ལ། སྐྱེས་པའི་ཨང་རིམ་སྔོན་མ་སོ་སོ་ཤང་གཞན་གྱིས་བླངས་སོང་། སྐོར་བྲོ་འགྲན་བསྡུར་གྱི་ཨང་དང་པོ་དེ་རྫོང་ཨུ་ལས་ཁུངས་རུ་ཁག་ལ་ཐོབ། མགར་ཁྲི་ཤང་གི་སྐོར་བྲོ་འཁྲབ་པ་དེ་ཙམ་ཡག་པོ་མེད་མོད། འོན་ཀྱང་གྱོན་ཆས་གྲ་དག་པ་སོགས་ཀྱི་རྐྱེན་གྱིས་ཨང་རིམ་གཉིས་པ་ཐོབ། མདའ་འཕེན་པ་དང་རྟ་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་དེ་ལས་ཁུངས་གཞན་དག་དང་གྲོང་ཚོ་གཞན་པར་ཐོབ་པ་རེད།
       ལག་རྩལ་སྤོ་ལོ་འགྲན་བསྡུར་གྱི་མཐོ་དམན་སྐབས་ཐོག་རིང་མི་ཤེས་པར་ད་དུང་བྲེལ་འཚུབ་ངང་འགྲན་བསྡུར་བྱེད་བཞིན་ཡོད། འགྲན་བསྡུར་གྱི་ཆེས་མཐའ་མའི་ཉིན་མོ་དེར་འགར་ཁྲི་ཤང་ལས་ཁུངས་ཀྱི་རུ་ཁག་དང་རྫོང་སློབ་གསོའི་ཁོངས་གཏོགས་ཀྱི་མཉམ་འབྲེལ་རུ་ཁག་གིས་ཨང་དང་པོ་རྩོད་ཀྱིན་འདུག འགྲན་བསྡུར་ལ་ལྟ་མཁན་ཧ་ཅང་མང་པོ་ཡོད་ཅིང་། དེའི་ནང་རྫོང་དང་། གྲོང་གསེབ། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་སྟོང་ཕྲག་ཁ་ཤས་ཡོད་པ་མ་ཟད། ད་དུང་རྫོང་གི་འགོ་ཁྲིད་པའང་ཡོད། སློབ་གསོའི་ཁོངས་གཏོགས་ཀྱི་མཉམ་འབྲེལ་རུ་ཁག་ནི་རྫོང་སྲིད་གཞུང་གནས་སའི་སློབ་གྲྭ་ཁག་གི་ན་གཞོན་དགེ་རྒན་ལས་གྲུབ་པ་ཞིག་ཡིན་པས་ལུས་སྟོབས་ཞན་ཙམ་སྣང་ཡང་། འོན་ཀྱང་མང་ཆེ་བར་ལྒང་རྩེད་ལུས་སྦྱོང་གི་རྨང་གཞི་བཟང་བོ་ཐེབས་ཡོད། ལྷག་པར་དུ་རུ་མི་ཨང༡༢པ་ནི་གཟུགས་པོ་ཆེ་བའི་སྟེང་། རྫོང་སློབ་འབྲིང་གི་ལུས་རྩལ་དགེ་རྒན་ཡིན་པས་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་གཞན་ལས་ཕུལ་དུ་བྱུང་། རུ་ཁག་འདིའི་འགྲན་བསྡུར་བརྒྱུད་རིམ་ཁྲོད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པས། ཨང་དང་པོ་ལེན་པའི་འབོད་སྒྲ་ཡང་ཧ་ཅང་ཆེ། འགྲན་བསྡུར་གྱི་འགོ་བརྩམས་མ་ཐག་སློབ་གསོའི་རུ་ཁག་གི་རུ་མི་ཨང་རྟགས༡༢པ་དེ་མུར་འགྲན་བསྡུར་ཁྲོད་འཐིམས། ཁོ་གཡས་ལྡིང་གཡོན་མཆོངས་བྱེད་དུས་སུས་ཀྱང་འགོག་མི་ཐུབ། ཁོའི་སྣེ་ཁྲིད་འོག་ཏུ་སློབ་གསོ་རུ་ཁག་གིས་འགྲན་ཐེངས་དང་པོའི་ནང་ཁོ་ནར་དེ་འཕྲལ་སྐར༢༠:༡༥ཡི་སྡུར་ཚད་ཀྱིས་རྒྱལ་ཁ་བླངས་བྱུང་ལ། དེའི་ཁྲོད་དུ་ཨང་རྟགས༡༢པ་ཁོ་ནས་སྐར་མ༡༣བླངས་ཡོད་པ་མ་ཟད། ད་དུང་ཞྭ་ཁེབས་གཉིས་དང་། དྲ་པང་གསུམ། རྒོལ་རོགས་ཐེངས་གཅིག་བཅས་བྱས་ཡོད། གནས་ཚུལ་དེ་རིགས་མཐོང་རྗེས། འགྲན་བསྡུར་ལ་ལྟ་མཁན་དང་མཛུབ་སྟོན་གྱི་འོས་འགན་འཁུར་ཡོད་པའི་ཤང་ཀྲང་ཨྱོན་བྲེལ་བ་ལངས་བྱུང་། ཁོང་གིས་འགྲན་ཐེངས་གཉིས་པར་ལྒང་རྩལ་གྱི་ཆུ་ཚད་སྤྱིར་བཏང་ཡིན་ཡང་། གཟུགས་པོའི་བྱང་ཚད་མཐོ་བའི་རྐུབ་སྟེགས་རུ་མི་ཨང་རྟགས༡༡པ་དེ་དཔའ་བོར་བརྩིས་ནས་བེད་སྤྱོད་བཏང་། ཨང་རྟགས༡༡པ་འགྲན་བསྡུར་ནང་ཞུགས་རྗེས་ཕར་ཚུར་ཐེངས་འགའ་རྒྱུགས་ཀྱང་ཨང༡༢པ་དེ་གཏན་ནས་འགོག་མ་ཐུབ། ཏག་ཏག་ཨང་རྟགས༡༢པས་ཡང་བསྐྱར་ཡར་སྤོ་ལོ་འཕེན་རྩིས་བྱེད་སྐབས། སྔོན་ལ་ཡར་ལྡིང་བའི་ཨང་རྟགས༡༡པའི་རྐང་བ་ཨང་རྟགས༡༢པའི་རྐང་བའི་སྦ་ཐོག་ཏུ་བབས། ཨ་ཡོ་ཞེས་པའི་སྒྲ་དང་བཅས་ཏེ་ཨང་རྟགས༡༢པ་ཐང་ལ་འགྱེལ་བྱུང་། ཤན་འབྱེད་པས་དེ་མུར་སྒྲིག་འགལ་གྱི་པི་པི་བུས་ཤིང་ཨང་རྟགས༡༢པར་ལྒང་ལི་འཕེན་དུ་བཅུག ཡིན་ནའང་ཨང་རྟགས༡༢པ་ད་ཡང་ས་ནས་ཡར་ལངས་མ་ཐུབ། ལྒང་རྩལ་ར་བར་སྐབས་ཐོག་རིང་འདུ་འཛིས་ཁེངས།
       སློབ་གསོའི་རུ་ཁག་གི་རུ་མི་ཞིག་གིས་ཅིས་ཀྱང་མགར་ཁྲི་ཤང་གི་རུ་ཁག་ཨང༡༡པ་དང་རྡུང་རེས་བརྒྱག་གྲབས་བྱེད་དུས། ཤན་འབྱེད་པས་བཀག་འགོག་བྱས་པ་རེད། ཤན་འབྱེད་པས་ཨང་རྟགས༡༡པར་བསམ་ངན་སྒྲིག་འགལ་གྱི་ཆད་པ་བཅད་དེ་འགྲན་བསྡུར་ནས་ཕྱི་རུ་སྤྲད། དེ་ལྟར་ཡང་། སློབ་གསོའི་རུ་ཁག་གི་རུ་མི་འགའ་ཡིས། ང་ཚོས་མི་འགྲན། ང་ཚོས་མི་འགྲན་ཞེས་འུར་བཞིན་མཆིས། སྐབས་དེར། དབུ་ཁྲིད་ཅིག་ཡར་ལངས་ནས་འདི་སྐད་དུ། ཁྱོད་ཚོས་ལྟོས་དང་། འཕྲེད་ཡིག་ཏུ་ཅི་ཞིག་བྲིས་ཡོད་དམ། མཛའ་བརྩེ་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པ་ཡིན་ཞེས་པ་མིན་ནམ། སྤྱིར་མགར་ཁྲི་ཤང་གི་རུ་མིའི་སྒྲིག་འགལ་ནི་མི་འགྲིག་པ་ཞིག་རེད་མོད། འོན་ཀྱང་དེ་ནི་སྤོ་ལོ་ཐང་གི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་ལ། ཤན་འབྱེད་པས་ཆད་པ་ལྕི་མོའང་བཅད་ཟིན་པས། ཁྱོད་ཚོའི་སློབ་གསོ་རུ་ཁག་གིས་ཅིའི་ཕྱིར་མི་གཞན་ལ་གུ་ཡངས་མི་གཏོང་བ་ཡིན་ནམ། ཁོ་ཚོ་དང་བསྡུར་ན། ཁྱོད་ཚོ་ནི་མཐོ་རིམ་སློབ་གསོ་ཐོབ་མྱོང་བར་མ་ཟད། ཆེད་ལས་སློབ་གསོ་ཐོབ་མྱོང་མཁན་ཡང་རེད་ཅེས་པའི་སྐད་ཆ་གཅིག་གིས་སློབ་གསོའི་རུ་ཁག་གི་ཁོང་ཁྲོ་གཞི་ནས་མར་མནན།
       ལུས་རྩལ་པ་གཙོ་བོ་མེད་སོང་བས། སེམས་ཁམས་མི་སྐྱིད་པའི་སློབ་གསོའི་རུ་ཁག་གིས་གང་ནུས་ཀྱིས་དུས་ཡུན་རིང་བོ་ཞིག་ལ་འགྲན་བསྡུར་རྒྱུན་འཁྱོངས་བྱས་མོད། འོན་ཀྱང་ཆེས་མཇུག་ཏུ་སྐར་མ་ལྔ་ཡི་བར་ཁྱད་ཀྱིས་ཕམ་ཁ་ཉོས།
       དེར་བརྟེན། མགར་ཁྲི་ཤང་ལ་ཨང་རིམ་མཐོན་པོ་མང་པོ་ཡོད་པའི་སྟབས་ཀྱིས་ཕྱོགས་བསྡོམས་སྐར་གྲངས་ཐད་རྫོང་ཡོངས་ཀྱི་ཨང་དང་པོར་བསླེབས་ཡོད་པ་རེད།
ཉེར་དྲུག་པ།
       ཉིན་གཉིས་པར། ང་ལས་ཚོགས་སུ་ཞུགས་ཏེ་གཞུང་ལས་ཁང་གི་ཅོག་ཙེ་གཙང་མར་ཕྱིས་ཤིང་མར་ཙོག་མ་ཐག ཡི་གེ་གཏོང་ལེན་པས་སི་ཁྲོན་གྱི་འཕྲིན་ཡིག་ཅིག་འབྱོར་བྱུང་བ་བསྐྱལ་ཡོང་། ངས་ཀྲུའུ་ཕིན་གྱི་ཡིན་པ་ཤེས་པས་མགྱོགས་པོར་ཁ་ཕྱེས་ནས་བལྟས།
       འཕྲིན་ཡིག་ཧྲིལ་བོར་མོ་དང་མོའི་ཁྱོ་གའི་གཉེན་སྒྲིག་གི་འཚོ་བ་གླེང་འདུག
       ཀྲུའུ་ཕིན་གྱིས། མོ་དང་ཁྱོ་ག་ཉིན་འགའི་སྔོན་ཏག་ཏག་ལ་བཟའ་ཐོར་བྱས་མ་ཐག་ཡིན། གནས་ལུགས་ནི་ཤིན་ཏུ་སྟབས་བདེ་ཞིག་སྟེ། མོ་གཉིས་བར་ལ་སྤྱི་མཐུན་ཀྱི་སྐད་ཆ་མེད་སོང་བས་ཡིན་ཟེར།
       ཀྲུའུ་ཕིན་དང་བཀྲ་ལོ་གཉེན་སྒྲིག་བྱེད་སྐབས་ཀྲུའུ་ཕིན་སྔོན་ནས་ཞིང་ཆེན་གྱི་དགེ་འོས་སློབ་གླིང་དུ་དགེ་རྒན་བྱེད་ཀྱི་ཡོད། ཁོང་ལས་ལོ་འགས་ཆེ་བའི་བཀྲ་ལོ་ནི་སྔོན་ཆད་གསེར་ཆེན་ཁུལ་རྨ་ལྷོ་རྫོང་མཁར་གྲོང་སློབ་ཆུང་གི་དགེ་རྒན་ཞིག་ཡིན། སྲིད་ཇུས་ཇེ་ལྷོད་དུ་བཏང་རྗེས་བྱ་བའི་ལོ་ཚད་བཙོང་ནས་འཁྲབ་སྟོན་པའི་ལས་རིགས་གཉེར་བར་གྱུར། གཉེན་སྒྲིག་བྱས་རྗེས། དང་ཐོག་མོ་གཉིས་ཀྱི་དཔལ་འབྱོར་གྱི་ཡོང་འབབ་དེ་ཙམ་མི་མཐོ་ནའང་། འཚོ་བ་ནི་ཞིམ་ཞིང་མངར་ལ་སྤྲོ་སྐྱིད་ཀྱིས་ཁེངས་ཡོད། ཁོང་ཚོར་བུ་མོ་ཞིག་ཀྱང་སྐྱེས་རྗེས། བཀྲ་ལོའི་ལས་ཁུངས་ཁ་ཐོར་དུ་ཕྱིན་པའི་སྟེང་ལོ་ཚད་ཀྱང་ཆེ་རུ་ཕྱིན་ནས་ཞབས་བྲོ་འཁྲབ་པར་མི་འོས་པར་འདུག་པས། སེམས་སུ་སྔ་ས་ནས་ལས་ཀ་གཞན་ཞིག་བྱེད་འདོད་པ་རེད། ཀྲུའུ་ཕིན་གྱིས་ཀྱང་དེ་ནི་བདེན་སྙམ་སྟེ་ཁོ་ལ་ཚོང་ཁང་ཞིག་གཉེར་དུ་བཅུག ཚོང་ཁང་གཉེར་བར་དཀའ་ལས་ཆེ་ཙམ་ཡོད་མོད། འོན་ཀྱང་ཡོང་འབབ་ཧ་ཅང་བཟང་པོ་འདུག རེད་མོད་ཀྱང་། གསོག་དངུལ་ཅུང་ཙམ་ཡོད་རྗེས་བཀྲ་ལོའི་མིག་མདའ་རིམ་བཞིན་ལས་ཀ་ཡང་ཞིང་སྒོར་མང་པོ་རག་ཐུབ་པའི་དབྱར་རྩྭ་དགུན་འབུའི་ཚོང་ལས་ལ་འཁོར་སོང་།
       བཀྲ་ལོས་ཅུང་ལ་ཡོགས་ཡིན་པའི་གྲོང་ཁྱེར་གྱི་གྲུ་ཟུར་ཞིག་ཏུ་སྟབས་བདེའི་ཁང་མིག་གྱན་ཁ་ཤས་གླས་ཤིང་སྒོ་བྱང་བཀལ་ནས་དབྱར་རྩྭ་དགུན་འབུའི་ཉོ་ཚོང་སྒྲུབ་འགོ་བརྩམས། ཁོས་བོད་རྒྱ་སྐད་གཉིས་ལ་བྱང་བའི་ཁྱད་ཆོས་སྤྱད་ནས་མཐོ་སྒང་གི་དབྱར་རྩྭ་དགུན་འབུའི་སྐྱེ་གནས་དང་ནང་ལོགས་ཀྱི་ཉོ་བདག་མི་སྣའི་བར་འབྲེལ་ཟམ་བཙུགས་ཏེ་ཚོང་བརྒྱབ་ཀྱིན་ཇེ་ཆེར་གྱུར་ཞིང་། མ་དངུལ་སྒོར་སྟོང་ཁྲིའི་སྦྱིན་བདག་ཆེན་པོ་ཞིག་ཏུ་གྱུར་ཡོད། ཁོས་བསྐོར་བ་ནི་རྒྱས་སྤྲོས་ཅན་གྱི་འཇེམ་འཁོར་ཡིན་ལ། གྱོན་པ་ནི་མིང་གྲགས་ཅན་གྱི་གྱོན་ཆས་ཡིན་ཞིང་། ས་གར་འགྲོའི་དུས་སུ་སྐར་མ་རིམ་པའི་མགྲོན་བྲང་དུ་སྟེ་རྒྱུན་དུ་མཚན་མོ་ཁྱིམ་དུ་མི་ལོག་པ་རེད། དེ་ཡང་མི་སྐྱོན་ཏེ། དེར་ཀྲུའུ་ཕིན་གྱིས་ཀྱང་འདང་དཔོག་གི་ཡོད་དེ། ཚོང་ཆེན་པོ་བརྒྱག་པའི་མི་ནི་དེ་འདྲ་རང་རེད། འོན་ཀྱང་ཕྱིས་སུ་མོས་བཀྲ་ལོས་ཕྱི་རོལ་དུ་བུད་མེད་མང་པོ་གསོ་བཞིན་ཡོད་པ་ཐོས་རྗེས་བ་ད་ཡང་དང་ལེན་བྱེད་མ་ཐུབ་པར་གཟའ་ཐོར་གྱི་རེ་བ་བཏོན་པ་ལ་བཀྲ་ལོ་ཡང་མོས་མཐུན་བྱུང་།
       བཀྲ་ལོ་ཟེར་བ་འདི་ངའི་བརྩམས་སྒྲུང་ནང་གི་མི་སྣ་སངས་རྒྱས་རེད། དེ་སྔོན་ང་དང་བཟའ་ཟླ་གཉིས་གཞི་རིམ་དུ་ལས་ཀ་བྱེད་སྐབས་མི་སྣ་དེ་དང་འཕྲད་མྱོང་ཡོད། མི་འདིས་བསྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཁྲོད་ད་ཡོད་ཀྱི་དགེ་རྒན་གྱི་ལས་ཀ་བསྐྱུར་ནས་ཡོང་འབབ་གསར་པ་འཚོལ་བར་ཕྱིན་སོང་། དེའི་ཕྱིར། ཁོ་ངའི་བརྩམས་སྒྲུང་གི་མཇུག་ཏུ་མུ་མཐུད་གླེང་ངེས།
       དོན་དངོས་སུ། ང་དང་ཀྲུའུ་ཕིན་གཉིས་ཀྱིས་ངོ་ཤེས་མ་ཐག་དེར་མོས་བཤད་པའི་བཀྲ་ལོ་ཞེས་པའི་འཁྲབ་སྟོན་པ་དེ་ནི་ཕལ་ཆེར་ངའི་བརྩམས་སྒྲུང་ནང་གི་སངས་རྒྱས་ཡིན་པ་ཐག་ཆོད་པ་སྟེ། རྗེས་སུ་མིང་བརྗེས་པ་ཙམ་རེད། འོན་ཀྱང་ངས་མོར་གནས་ཚུལ་དེ་ཇི་བཞིན་མ་བཤད། རྒྱུ་མཚན་ནི་ང་སྐྲག་པ་ནི་རང་ཉིད་མི་དེར་མི་དགའ་བའི་སྣང་ཚུལ་གྱིས་ཁོ་ཚོའི་བར་གྱི་སྤྲོ་སྣང་ལའང་ཤུགས་རྐྱེན་བཟོས་ན་མི་འགྲིག་སྙམ་ལ། ཡང་ན། ངས་མི་དེ་ངོ་ཤེས་པའི་དབང་གིས་ཀྲུའུ་ཕིན་གྱིས་མི་དེ་མི་གླེང་བར་བྱས་ན་མི་འགྲིག་འདོད། དེ་ལྟར་ཡིན་པའི་དབང་གིས་ང་ཀྲུའུ་ཕིན་དང་འབྲེལ་བ་བྱུང་འདོད་པའི་ངར་སེམས་སྦར་བ་ཡིན་ལ། དེ་ནི་ང་མོ་ལ་སེམས་གཏིང་ནས་དགའ་བ་ལས་གཞན་ལྐོག་གྱུར་སྒོས་བཀྲ་ལོ་ལ་རྒོལ་ལན་བསློགས་པ་ཞིག་ཀྱང་ཡིན་སྲིད།
༢༦ 
       སྤེལ་རེས་ཚོགས་འདུ་མཇུག་གྲིལ་བའི་ཉིན་དེར། མགར་ཁྲི་ཤང་གིས་དུས་ཐོག་ཏུ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཞིག་འཚོགས་ནས་རུ་མི་ཚོའི་རྣམ་འགྱུར་ལ་ཁས་ལེན་དང་བསྔགས་བརྗོད་གང་ལེགས་བྱས་པ་མ་ཟད། ད་དུང་རུ་མི་མཛེས་མ་དེ་དག་ལ་ཁུག་དམར་སྤྲད། ཤང་ལས་ཁུངས་རུ་ཁག་གི་སྐོར་བྲོས་ཨང་དང་པོ་མ་བླངས་པར་འགྱོད་སེམས་འདུག་མོད་ཀྱང་ཡང་སུ་ལ་ལེ་བདའ་ཡང་མ་བྱས། ལྷ་ཆེན་སོགས་བྱེད་སྒོ་དེའི་ནང་གྲུབ་འབྲས་བཞག་པའི་ཤང་གི་ལས་བྱེད་པར་ཡང་གཟེངས་བསྟོད་དང་བྱ་དགའ་སྤྲད། ཤང་ཀྲང་ཨྱོན་གྱིས་ད་དུང་ལག་རྩལ་སྤོ་ལོའི་འགྲན་བསྡུར་ནང་རྨས་སྐྱོན་ཕོག་པའི་སློབ་གསོའི་རུ་ཁག་གི་རུ་མི་ཨང་རྟགས༡༢པར་ཤང་གི་འཆར་གཞིའི་དམིགས་ཚད་ཁྲོད་ནས་ཚོ་ཞིང་ཆེ་བའི་ཤ་གཟན་ཞིག་ལུས་ཕུང་གསོ་སྤྱད་དུ་གནང་བས། སྐྱོན་ཆེན་པོ་མེད་པའི་རུ་མི་ཨང་རྟགས༡༢པའང་ཚོགས་འདུར་ཞུགས་ནས་བཀའ་དྲིན་མཚོན་པར་བྱས། དངོས་རྫས་རིག་གནས་བརྗེ་རེས་ཀྱི་ཚོགས་འདུར་ཞུགས་ནས་གྲུབ་འབྲས་ཆེན་པོ་བླངས་པས། ཚང་མས་མཉམ་དུ་བཟའ་བཏུང་སྣ་ཚོགས་དང་བདུད་རྩིའི་ཆང་ལ་རོལ་ཞིང་། གླུ་ལེན་གར་རྩེ་ངང་རྒྱལ་ཁ་ཐོབ་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།
       ཡོས་ལན་ལ་སྤྲོ་བ་སྤུ་ཙམ་ཡང་མེད་པའི་ཚུལ་བསྟན་ཞིང་། གྲོས་ཚོགས་གྲོལ་རྗེས་མོ་གསོལ་སྟོན་ལ་མ་ཞུགས་པར་ཐད་ཀར་རང་ཉིད་ཀྱི་ཉལ་ཁང་དུ་ཕྱིན།
       ཚེ་ལོ་ཡིས་ཚུལ་དེ་མཐོང་བས།གསོལ་སྟོན་གྱི་བར་གསེང་བཙལ་ཏེ་ཡོས་ལན་ལ་ལྟ་རུ་སོང་།
       ཚེ་ལོས་སེམས་གསོའི་ངང་། ཁྱོད་ཀྱི་ལུས་པོ་མི་བདེའམ་ཡང་ན་སེམས་མི་དགའ་བ་ཡིན་ནམ། ཅིའི་ཕྱིར་ཟ་མའང་མ་ཟོས་པར་བུད་སོང་ཞེས་དྲིས།
       ཡོས་ལན་གྱིས། ད་ཐེངས་ངས་ལས་འགན་ལེགས་གྲུབ་མ་བྱུང་བས་ཇི་ལྟར་དགའ་ཐུབ་བམ་ཟེར།
       ཚེ་ལོས། ད་ཐེངས་ཤང་གི་སྐོར་བྲོ་ཡིས་ཨང་གཉིས་པ་བླངས་པ་དེ་ནི་ལས་སླ་པོ་ཞིག་ག་ནས་ཡིན་ནམ། ཤང་ཀྲང་གིས་ཀྱང་ཁས་ལེན་དང་བསྔགས་བརྗོད་བྱས་པ་མ་རེད་དམ་ཞེས་བཤད།
       ཡོས་ལན་གྱིས། ཁྱོད་ཀྱིས་ཕལ་ཆེར་ཧ་མ་གོ་ན་ཐང་ལ། མི་གཞན་པས་ཀྱང་རྟོགས་ཡོད་ཚོད་མི་འདུག དོན་གྱིས་བསྟོད་བསྔགས་བྱེད་པ་དེ་དག་ནི་ལྷ་ཆེན་གྱི་ཡིན་ལ། འགྱོད་པ་སྐྱེས་ཡུལ་དེ་དག་ནི་ང་རང་ལ་དམིགས་པ་རེད་ཟེར།
       ཚེ་ལོས། ཁྱོད་ཀྱིས་དེ་ལྟར་བསམ་མི་རུང་། ངས་བལྟས་ན་ཤང་ཀྲང་ཨྱོན་ནི་ཁོག་རྒྱ་ཆུང་བའི་མི་ཞིག་མ་རེད་ཅེས་པར།
       ཡོས་ལན་གྱིས། ཁྱོད་ལ་གཞི་འཛིན་ས་ཅི་ཞིག་ཡོད་དམ་ཟེར།
       ཚེ་ལོས། ཁྱོད་ཀྱིས་མ་མཐོང་ངམ། ལག་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་རྨས་སྐྱོན་ཕོག་པའི་རྫོང་སློབ་གསོ་རུ་ཁག་གི་རུ་མི་ཨང༡༢པ་མ་གཞི་ནས་ང་ཚོའི་འགྲན་ཡ་ཡིན་མོད། འོན་ཀྱང་ཁོང་ལ་རྨས་སྐྱོན་ཕོག་རྗེས་ཤང་ཀྲང་ཨྱོན་གྱིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད་དེ། ཁོ་ལ་ཤིན་ཏུ་ཚོ་བའི་ལུག་ཅིག་གནང་བ་ཕུད། ད་དུང་དེ་རིང་གི་མགྲོན་པོར་བསུས་པས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཟེར།
       ཡོས་ལན་གྱིས། དེ་ནི་ཁྱོད་ཀྱིས་མ་ཤེས་པའི་རྟགས་རེད། དེ་ནི་ལས་ཁུངས་དང་སྤྱི་དངོས་རྒྱུ་ནོར་ལ་བརྟེན་ནས་མི་སེམས་བསླུ་བའི་ངང་རང་ཉིད་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བའི་བྱ་ཐབས་ཤིག་ཡིན། མི་འདི་ངོ་མས་འདྲེ་དང་འདྲ་སྟེ་ཁེ་སྤོགས་བླངས་ཤིང་གཡོ་ཐབས་བཙོངས་ཟེར།
       ཁོ་གཉིས་ཀྱིས་ད་དུང་ཁ་བརྡ་བྱེད་འདོད་ཡོད་མོད། འོན་ཀྱང་ཁང་བའི་ནང་དུ་མི་བསླེབས་བྱུང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།