སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་བཞི་བ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-11-28
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཉེར་བདུན་པ།
ངས་ཕྱོགས་གཅིག་ནས་སྒྲོལ་མར་བལྟས་ནས་ཟ་མ་ཟ་བ་དང་། ཕྱོགས་གཅིག་ནས་མོ་དང་ཁ་བརྡ་བྱས།
ངས། ཉིན་འདི་གཉིས་ནང་ཁྱོད་ཚོར་སྣེ་ལེན་བྱེད་མཁན་དེ་སུ་ཡིན་ནམ་ཞེས་དྲིས་པར།
སྒྲོལ་མས་རབ་བེ་རིབ་བེས། གསེར་ཆེན་རྫོང་གི་མི་ཞིག་རེད། ཁོས་སྔོན་ཆད་ང་ངོ་ཤེས་ཟེར་མོད། འོན་ཀྱང་ངའི་ཡིད་ལ་མི་དྲན་ཞེས་ཟེར།
ཁོའི་མིང་ལ་ཅི་ཟེར་རམ།
ཁོའི་མིང་ལ་བཀྲ་ལོ་ཟེར།
ཁོ་ནི་ད་ལྟ་ཅི་ཞིག་བྱེད་མཁན་ཞིག་རེད་དམ།
ཁོ་ནི་དབྱར་རྩྭ་དགུན་འབུའི་ཚོང་ལས་གཉེར་མཁན་ཞིག་ཡིན་ཟེར།
སྒྲོལ་མས་ཐོག་མར་མིང་བཤད་དུས་ང་ལ་དྲན་རྒྱུ་ཡར་མར་ཅང་མ་བྱུང་། རྒྱུ་མཚན་ནི་བོད་རིགས་ཁྲོད་མིང་གཅིག་འདྲ་ཅན་གྱི་མི་མང་པོ་ཡོད་པའི་རྐྱེན་ཡིན། རེད་མོད་ཀྱང་དབྱར་རྩྭ་དགུན་འབུའི་ཉོ་ཚོང་སྐོར་གླེང་སྐབས་ངས་གློ་བུར་ཀྲུའུ་ཕིན་དང་གླེང་མོལ་བྱས་ཚུལ་དང་ཁོང་གིས་ཡི་གེ་བསྐུར་ཡོང་བ་དྲན་བྱུང་། དེའི་ཕྱིར། ངས། ཁྱོད་ཀྱིས་ཤོབ་དེ་འདྲ་བསྒྲིགས་དགོས་པ་མ་རེད། མི་དེ་ནི་སྔོན་ཆད་ཁྱོད་དང་མཉམ་དུ་ཟློས་གར་འཁྲབ་མྱོང་བའི་སངས་རྒྱས་མ་རེད་དམ་ཞེས་པར། སྒྲོལ་མ་ཧང་སངས་ཤིང་ང་ལ་ཡུད་ཙམ་རིང་ཅེར་རྗེས་ཁོང་ཁྲོ་ཆེན་པོས། ཁྱོད་ལ་སུས་བཤད་པ་ཡིན། ཁྱོད་ཀྱིས་ང་ལ་ལྐོག་ལྟ་བྱེད་ཀྱིན་ཡོད་པ་མ་རེད་དམ། ཁྱོད་འདི་མི་ཇི་འདྲའི་ཐ་ཤལ་ཞིག་རེད་ཨང་ཞེས་སྡིགས་བྱུང་།
ངས་དོན་དེར་འགྲེལ་བརྒྱག་ཐབས་མི་འདུག རྒྱུ་མཚན་ནི་ངའི་སེམས་སུའང་སེམས་ཁྲལ་ཞིག་སྦས་ཡོད་པས་ཡིན་ཏེ། གལ་ཏེ་ངས་ཀྲུའུ་ཕིན་དང་ངེད་གཉིས་ཀྱི་འབྲེལ་བ་ཁོ་མོར་བཤད་ན། དེ་ནི་མ་བསམ་ས་ནས་ཕལ་ཆེར་རང་གིས་སྒྲོལ་མ་དང་དགོངས་འགལ་བྱས་པའི་དོན་དེ་ཕྱིར་མངོན་པ་མ་ཡིན་ནམ།
མཁའ་དབུགས་མཁྲེགས་པོར་གྱུར་སོང་། ངེད་གཉིས་ཀྱིས་སུས་ཀྱང་སྐད་ཆ་མ་བཤད། གློ་བུར་དུ་སྒྲོལ་མས་སྤོབས་པ་ཆེན་པོས། ཡིན་ཡང་རུང་ཅི་རེད། ཁོས་ང་ཚོ་ཚང་མ་གདན་འདྲེན་བྱས་པ་རེད། ངས་ཀྱང་ཁོ་དང་ཚད་ལས་འདས་པའི་བྱ་བ་ཅི་ཡང་བསྒྲུབས་མ་མྱོང་། འདིའི་ཐད་ནས་ཀླུ་སྐྱིད་ཀྱིས་བདེན་དཔང་བྱེད་ཐུབ། ང་ལ་འདི་ལྟ་བུའི་རང་དབང་ཞིག་ཀྱང་མེད་དམ་ཟེར་ལ། མོས་ཇི་ལྟར་བཤད་ན་དེ་ལྟར་ཁོང་ཁྲོས་འཁེངས་ཡོང་ཞིང་། རང་ཉིད་ཚོད་འཛིན་བྱེད་མི་ཐུབ་པར་གྱུར་ཏེ་བུད་མེད་ངན་པ་ཞིག་དང་འདྲ་བར་ངུས་བྱུང་།
ངས། སངས་རྒྱས་ཡིན་ཡང་བསྐྱུར་ཞོག་དང་། ཁྱོད་ཀྱིས་གསང་བའི་ཚུལ་གྱིས་ཅིའི་ཕྱིར་སྐད་ཆ་དྲང་མོ་མི་བཤད་པ་ཡིན་ནམ་ཞེས་པར།
སྒྲོལ་མས། ང་སྔར་བཞིན་ཁྱོད་ཀྱིས་དེ་སྔའི་འཁོན་འཛིན་དྲན་ཡོང་བསམས་ནས་སེམས་ཁྲལ་བྱས་པ་མ་ཡིན་ནམ། དོན་དམ་དུ་ང་ཚོར་དེ་ལྟ་བུའི་གནས་ཚུལ་ཞིག་གཏན་ནས་མེད་ཅེས་ཟེར།
དེ་ལྟ་བུའི་སྒྲོལ་མའི་རྣམ་འགྱུར་མཐོང་དུས། ངའི་སེམས་སུ་མོར་སེམས་གསོ་བྱེད་དགོས་པའི་སྐད་ཆ་འགའ་བཤད་དགོས་པ་རེད་དམ། ཡང་ན་མོར་ན་ཟུག་སློང་བའི་སྡིགས་དམོད་ཅིག་བྱེད་དགོས་པ་རེད་དམ་ཞེས་ཅི་བྱེད་འདི་བྱེད་མེད་པར་གྱུར།
ཉིན་གཉིས་པར། ང་དང་སྒྲོལ་མར་དོན་དག་མེད་པའི་སྣང་བས་ལས་ཚོགས་སུ་སོང་། དགོང་མོ་ཡུལ་ལ་ལོག་སྟེ་དགོང་ཟས་བཟོ་མགོ་བརྩམས་དུས་སུ་ང་ལ་སི་ཁྲོན་གྱི་སྤྱི་བདེའི་ཕྱོགས་ནས་ཁ་པར་འབྱོར་བྱུང་། ཁ་པར་ནང་དུ་ཁོང་ནི་ཁྲིན་ཏུ་གནམ་ཐང་གི་མི་དམངས་ཉེན་རྟོག་པའི་གཞུང་ལས་ཁང་གི་འགན་འཁུར་བ་ཡིན་ཞེས་ཟེར་བ་དང་། ད་དུང་ཁྱེད་ཀྱི་གཉེན་ཉེར་གནས་ཚུལ་བྱུང་སྟེ་ད་ལྟ་ཁྲིན་ཏུ་མི་དམངས་སྨན་ཁང་དང་པོར་མྱུར་སྐྱོབ་བྱེད་བཞིན་ཡོད་པས་ཁྱེད་རང་མགྱོགས་མྱུར་ངང་ཁྲིན་ཏུ་རུ་ཐེངས་གཅིག་ཕེབས་རོགས་ཞེས་ཟེར་བ་རེད། ངས། ཁྱོད་ཀྱིས་ཁ་པར་བཏང་བ་ནོར་སོང་། ངེད་ཚང་ནི་མཚོ་སྔོན་དུ་ཡོད། སི་ཁྲོན་ན་གཉེན་ཉེ་ཅི་ཡང་མེད་ཅེས་བཤད་མཚམས་བཞག་རྗེས་ཁ་པར་གྱི་སྒོ་གཏན། ཁ་པར་འབྱོར་མ་ཐག་སི་ཁྲོན་ཉེན་རྟོག་ཕྱོགས་ཡིན་པ་ཤེས་རྗེས་ངའི་སེམས་ནང་དུ་དངངས་འཚབ་ཕྲན་བུ་བྱུང་སོང་། དེ་ནི་ཁོང་ཚོས་མགྲོན་ཁང་གི་ལྟ་སྐུལ་ཚོད་འཛིན་ལ་བལྟས་རྗེས་ང་དང་ཀྲུའུ་ཕིན་གཉིས་ཀྱིས་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་པར་ང་བཙལ་ཏེ་གླེང་མོལ་བྱེད་འདོད་པ་དེ་ཨེ་ཡིན་ནམ་སྙམ་པས་ཡིན་མོད། འོན་ཀྱང་ཁོ་ནི་གནམ་ཐང་གི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པ་དང་དོན་དག་ནི་མི་ཞིག་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་པ་ཡིན་པས་སྙིང་ཁམས་དེ་མུར་བདེ་ལ་བབས་བྱུང་། ཁ་པར་ཡང་བསྐྱར་གྲགས་བྱུང་། ཨང་གྲངས་སྔོན་དང་གཅིག་རེད། ངས་འདི་ནི་མགོ་སྐོར་གཏོང་བའི་ཁ་པར་ཞིག་ཡིན་སྲིད་ཅེས་བསམ་ཞིང་མ་བླངས། ཁ་པར་གཅིག་རྗེས་གཉིས་མཐུད་དུ་གྲགས་ནས་མཚམས་མི་འཇོག སྒྲོལ་མས་ང་ལ་སྣེ་ལེན་བྱེད་པར་སྐུལ་བྱུང་། ངས་ཁོང་ཁྲོ་ངང་ནས་ཁ་པར་ལ་ཉན། སི་ཁྲོན་ཕྱོགས་ནས་གཟབ་ནན་གྱི་རྣམ་འགྱུར་གྱིས། ཁྱེད་ཀྱིས་མཁྱེན་ལྡན་མ་ཀྲུའུ་ཕིན་ངོ་མི་ཤེས་སམ། ཁོང་ནི་ཁྱེད་ཀྱི་གཉེན་ཉེ་མིན་ནམ། ཁོང་གནམ་གྲུར་བསྡད་དེ་མཚོ་སྔོན་དུ་ལོག་རྩིས་བྱེད་སྐབས་གནམ་ཐང་དུ་གནམ་གྲུར་སྐྱོན་ཤོར་བས་མོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གཉིད་ལས་མི་སད། ད་ཆ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་ཁོང་གིས་ཉེ་དུས་བཏང་བའི་ཁ་པར་དང་བསྐུར་བའི་ཆ་འཕྲིན་བརྒྱུད་དེ་ཁྱེད་ལ་འབྲེལ་བ་བྱས་པ་ཡིན་ཞེས་ཟེར།
སི་ཁྲོན་གྱི་ཁ་པར་ལ་ཉན་རྗེས་ངས་ཅི་ལྟར་ལན་འདེབས་དགོས་པའང་མི་ཤེས། ངས་སྒྲོལ་མའི་མདུན་ནས་ངས་མི་འདི་ངོ་མི་ཤེས་ཞེས་བཤད་འདོད་མོད། ཡིན་ནའང་ང་ཚོར་ཁ་པར་དང་འཕྲིན་ཐུང་གི་ཟིན་ཐོ་ཡོད་པས། ཉེན་རྟོག་པས་ང་བཙལ་བ་ནི་ཁུངས་ལུང་ཡོད་པ་ཞིག་དང་གཏན་ནས་བསྐྱུར་མི་སྲིད་པ་ཞིག་རེད། ང་རེ་ཞིག་ལ་ཁ་རོག་གེར་བསྡད་རྗེས། ང་ཚོ་ནི་ད་སོ་མ་ངོ་ཤེས་པའི་སྤྱིར་བཏང་གི་གྲོགས་པོ་ཞིག་ཡིན་པ་ལས་འབྲེལ་བ་གཞན་མེད་ཅེས་བཤད་པ་ན། ཕ་རོལ་བས། ཁྱོད་ཚོ་ནི་དགའ་རོགས་སམ་གྲོགས་པོ་གང་ཡིན་རུང་། ང་ཚོས་ཁྱོད་ལ་བརྡ་བརྒྱབ་ཟིན། རྗེས་ཕྱོགས་གནད་དོན་ཅི་ཞིག་ཡོད་ན་ང་ཚོས་འགན་མ་འཁུར་ཞེས་ལེ་བདའ་མ་བྱེད་ཅེས་སྨྲས་རྗེས་ཁ་པར་གྱི་སྒོ་གཏན་སོང་།
སྒྲོལ་མས་ངའི་སྐད་ཆ་ཤོད་དཀའ་བའི་རྣམ་པ་མཐོང་རྗེས་ཐེ་ཚོམ་ངང་། ཁྱོད་ཀྱིས་སྐབས་རེར་གཞན་གྱིས་སྐད་ཆ་བཤད་མ་ཚར་བར་ཁ་པར་གྱི་སྒོ་གཏན་ལ། སྐབས་རེར་ཁ་པར་མི་ལེན་པ་དང་། ཡང་སྐབས་རེར་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ངོ་ཤེས་མ་ཐག་པའི་གྲོགས་པོ་དཀྱུས་མ་ཞིག་ཡིན་ཞེས་བརྗོད་པ་དེ་ཡང་སྙིང་ཅིའི་དོན་དུ་ཡིན་ནམ་ཞེས་པར། ངས། ད་རེས་སི་ཁྲོན་དུ་འགྲོ་བའི་ལམ་བར་དུ་ཞིང་ཆེན་དགེ་འོས་སློབ་གྲྭ་ཆེན་མོའི་བུད་མེད་དགེ་རྒན་ཆེན་མོ་ཞིག་ངོ་ཤེས་བྱུང་། མོའི་ཡོན་ཏན་གྱི་ཚད་ཧ་ཅང་མཐོ་བས་ངས་ཁོ་མོར་དད་གུས་ཆེན་པོ་བྱེད་ཀྱིན་ཡོད། མོས་ཀྱང་ངའི་རྩོམ་ལ་བལྟས་མྱོང་འདུག ང་ཚོས་གླེང་མོལ་གཏིང་ཟབ་པ་བྱས་པ་མ་ཟད། ཕྱིན་ཆད་རྩོམ་རིག་གསར་རྩོམ་གྱི་མྱོང་ཚོར་སྤེལ་རེས་བྱེད་ཆེད་ད་དུང་ཕན་ཚུན་ཁ་པར་ཨང་གྲངས་ཀྱང་བྱིན་ཡོད། ཉེ་ཆར་ང་ཚོས་ཁ་པར་ཐེངས་ཁ་ཤས་བཏང་བ་དང་འཕྲིན་ཐུང་ཡང་བསྐུར་མྱོང་། ཁ་སང་ཁོ་མོ་ཕྱིར་ལོག་སྐབས་གནམ་གྲུར་དོན་རྐྱེན་བྱུང་ཞིང་རྨས་ལྕི་མོ་ཕོག་སྟེ་ད་ལྟ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་འདུག་སྐད་ཅེས་བཤད།
ངས་ང་ཚོའི་བར་གྱི་མཛའ་འབྲེལ་ཟབ་པའི་གནད་དོན་དེ་དག་སྦ་གསང་བྱེད་གང་ཐུབ་བྱས།
སྒྲོལ་མས། ཁྱོད་ད་དུང་མི་ཞིག་ལ་རྩི་ཆོག་གམ། མི་ཞིག་ཡིན་ན་གཞུང་དྲང་དང་བརྩེ་སེམས་ཡོད་དགོས། མ་གཞིར་ཁྱོད་ཚོས་ངོ་ཤེས་པ་མ་ཟད་ད་དུང་ཁ་པར་གྱི་འབྲེལ་བའང་བྱེད་ཀྱིན་ཡོད་ཚེ། ཉེན་རྟོག་ཕྱོགས་ཀྱིས་ཁ་པར་བཏང་ཡོང་བ་ནི་ཕྱོགས་དེའི་མིའི་སྲོག་གི་ཉེན་ཁ་ལ་ཁྱོད་ཀྱི་རོགས་རམ་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁྱོད་ཀྱིས་ལན་བཟང་བོ་ཞིག་ཀྱང་འདེབས་ཀྱིན་མི་འདུག ཁྱོད་མ་མཐའ་ཡང་ལྟ་རུ་སོང་ན་ད་གཟོད་འགྲིག་འདུག་ཟེར།
ང་ཁྱོད་ལ་སྐྲག་པ་ཡིན། ངས་དེ་ལྟར་ལན་བཏབ།
ང་ནི་དེ་འདྲའི་ཁོག་རྒྱ་ཆུང་ཆུང་ཞིག་ཡིན་ནམ། ཁྱོད་དང་མི་འདྲ་སྟེ། ཕོ་མོའི་བར་གྱི་འབྲེལ་བ་ཙམ་ལ་དེ་མུར་དོགས་པ་ཟ་བ་དེ་འདྲ་མིན་ཞེས་ཟེར།
ངས་ཤེས་ཏེ། སྒྲོལ་མས་ཁ་ནས་དེ་ལྟར་ཟེར་བ་མ་གཏོགས་དོན་དམ་གྱི་སེམས་སུ་ང་ལ་དོགས་པ་ཟ་བཞིན་འདུག་མོད། འོནཀྱང་མོས་བཤད་པར་ཡང་གནས་ལུགས་མཆིས་སོ། །ངོ་མ། མིའི་ཚེ་སྲོག་ནི་ཤིན་ཏུ་གལ་ཆེ་སྟེ། གལ་ཏེ་ཕན་ཚུན་ངོ་ཤེས་ཤིང་ཆ་རྒྱུས་ཡོད་པའི་བུད་མེད་ཅིག་ཤི་གསོན་གྱི་གནད་འགག་གི་སྐབས་སུ་སྔ་བལྟས་ཕྱི་བསམ་དང་ཁ་ཡ་ཡང་མི་བྱེད་པའི་སྐྱེས་པ་ཞིག་ལ་རང་གི་ཆུང་མས་ཀྱང་མཐོང་ཆུང་བྱེད་ཁོ་ཐག་རེད།
དེ་ལྟར། ཉིན་གསུམ་པར་ངས་གནང་བ་ཞུས་ནས་ཁྲིན་ཏུ་རུ་སོང་།
༢༧
གཟའ་འཁོར་གཅིག་དེ་མུར་ཕར་འདས་སོང་། ཤང་གི་ལས་བྱེད་པ་ཚོས་དུས་ཐུང་གི་ངལ་གསོ་དང་སེམས་ཁམས་སྙོམས་བསྒྲིགས་བྱས་རྗེས་རྒྱུན་ལྡན་ལྟར་ལས་ཚོགས་སུ་ཞུགས། གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ཚེ་ལོ་རྫོང་དུ་བསྐྱོད་རྩིས་ཡོད། ཡོས་ལན་གྱིས། སང་ཉིན་རྫོང་དུ་གློག་བརྙན་སྟོན་གྱིན་ཡོད་པས་ང་ཡང་གློག་བརྙན་ལ་ལྟ་བར་འགྲོ་རྒྱུ་ཡིན། མི་གཅིག་ཁོ་ན་ཤང་དུ་བསྡད་ན་དངོས་གནས་ཁེར་རྐྱང་ཡིན་དྲག་སོང་ཞེས་ཟེར།ལམ་བར་དུ། ཚེ་ལོས་གཡང་སྐྱིད་ཀྱིས་ཁོ་ཚོའི་བར་གྱི་འབྲེལ་བ་ཤེས་ཡོད་པའི་དོན་དེ་ཡོས་ལན་ལ་བཤད། ཡོས་ལན་གྱིས་ཐོག་མར་སེམས་ཁྲལ་ཏོག་ཙམ་བྱེད་ཀྱི་ཡོད་དེ། གལ་སྲིད་གཡང་སྐྱིད་མཐོང་ན་དོགས་མི་བདེ་བར་འདོད།
ཚེ་ལོས། གཡང་སྐྱིད་ནི་ཁོག་རྒྱ་ཧ་ཅང་ཆེ། མོས་ང་ཚོའི་དོན་དག་ཆུང་ཆུང་དེ་ལ་རྩོད་པ་མི་བྱེད་ཅེས་ཟེར།
ཡོས་ལན་གྱིས། གལ་ཏེ་ང་ཚོས་མཆུ་ཏོ་རེག་པ་ཙམ་མིན་པར། འོ་མངར་མོ་བྱས་པ་ཡིན་ཡང་མོས་ཁ་ཡ་མི་བྱེད་པ་ཡིན་ནམ་ཞེས་ཟེར།
ཚེ་ལོས། དེ་ངས་མི་ཤེས། འོན་ཀྱང་མོས་རྟག་ཏུ་ང་ལ་མཛེས་མ་དང་ཐུག་འཕྲད་མང་ཙམ་བྱས་ནས་རང་ཉིད་ཀྱི་ཁེར་རྐྱང་གི་གཤིས་ཀར་འགྱུར་ལྡོག་གཏོང་དགོས་པའི་སྐུལ་ལྕག་བྱས་བྱུང་ཞེས་བཤད།
ཡོས་ལན་གྱིས། གལ་ཏེ་མོ་དངོས་གནས་དེ་འདྲ་ཞིག་ཡིན་ཚེ་ངས་སྒེར་སེམས་མེད་པའི་ཨ་ཅེ་ཁོང་ལ་དངོས་སུ་འཕྲད་རྒྱུ་ཡིན་ཞེས་ཟེར།
ཚེ་ལོས། རྒྱབ་སྐྱོར་ཡོད་ཅེས་སྨྲས།
ཉིན་གཉིས་པའི་ཉིན་གུང་ནི་རྫོང་གློག་བརྙན་ཁང་དུ་དྲག་འཛིང་གློག་བརྙན«ཧྲའོ་ལིན་དགོན་པ»གཏོང་བའི་དུས་ཚོད་རེད། ཚེ་ལོས་སྔ་མོ་ནས་པ་སེ་གསུམ་ཉོས་ནས་གཡང་སྐྱིད་དང་ཡོས་ལན་གཉིས་ཁྲིད་དེ་གློག་བརྙན་ལ་ལྟ་རུ་འགྲོ་གྲབས་བྱེད། གཡང་སྐྱིད་ཧ་ཅང་སྤྲོ་བས་ཁྱབ། ཞོགས་ཟས་བཟས་རྗེས་ད་དུང་མཛེས་བཟོ་བྱས་པ་མ་ཟད། ཚེ་ལོར་ཡང་མཛེས་བཟོ་བྱེད་པར་སྐུལ། ཚེ་ལོས། ཐང་ཆད་དམ་མི་ཆད། གློག་བརྙན་ཞིག་ལ་བལྟ་ན་ད་དུང་དཀའ་ལས་སྐུ་ཚེགས་མང་པོ་མྱོང་དགོས་ཞེས་པར། གཡང་སྐྱིད་ཀྱིས། དེ་རིང་ང་ནུ་མོ་གསར་བར་འཕྲད་དགོས་པ་མ་རེད་དམ། ཡང་ཅིག་བཤད་ན་མོ་ཡང་ཁྱོད་ཀྱི་གྲོགས་པོ་བཟང་པོ་དེ་མིན་མི་སྲིད་ཅེས་པར་ཚེ་ལོར་དོགས་མི་བདེ་བར་བཏང་།
ཉིན་གུང་ད་དུང་བསླེབས་མེད། ཚེ་ལོ་དང་གཡང་སྐྱིད་གློག་བརྙན་ཁང་དུ་འབྱོར། སྐབས་དེར་ཡོས་ལན་གྱིས་སྔར་ནས་སྒོ་ཁར་སྒུག་འདུག
ཚེ་ལོས་གཡང་སྐྱིད་དང་ཡོས་ལན་གཉིས་ཀྱི་གནས་ཚུལ་ཕན་ཚུན་ལ་ངོ་སྤྲོད་ཙམ་བྱས།
གཡང་སྐྱིད་ཀྱིས་ཡོས་ལན་གྱི་ལག་པར་འཇུས་ནས་ཁྱོད་ངོ་ཤེས་པར་ཧ་ཅང་དགའ་སྤྲོ་ཆེ་ཞེས་བཤད།
ཡོས་ལན་གྱིས། ཁྱེད་ནི་ང་ཚོའི་རྫོང་གི་འཁྲབ་སྟོན་པ་གྲགས་ཅན་ཞིག་རེད། ངས་སྔ་ས་ནས་ཁྱེད་མཐོང་མྱོང་མོད། ཡིན་ཡང་དངོས་འཕྲད་ཀྱི་གོ་སྐབས་མེད་སོང་བ་ཙམ་ཡིན་ཞེས་སྨྲས།
འདི་ལྟར་ཕན་ཚུན་བརྩི་བཀུར་དང་ངོ་བསྟོད་ཅིག་བྱས་རྗེས་ཚང་མ་གློག་བརྙན་ཁང་དུ་སོང་།
གློག་བརྙན་ད་དུང་སྟོན་མགོ་ཚུགས་མེད། གཡང་སྐྱིད་ཀྱིས་ཡོས་ལན་ངེད་གཉིས་ཀྱི་བར་དུ་ཙོག་པར་བཀོད་སྒྲིག་བྱས་ཤིང་། རང་ཉིད་དང་ཚེ་ལོ་གཉིས་ཡོས་ལན་གྱི་གཡས་གཡོན་དུ་བཀོད་སྒྲིག་བྱས། ནང་གི་རྐུབ་སྟེགས་སུ་བསྡད་རྗེས། རས་ཡོལ་ངོས་སུ་ཁ་གསབ་ཁྱབ་སྒྲོག་གི་གློག་བརྙན་དུམ་བུ་ཞིག་སྔོན་དུ་བཏང་བྱུང་། དེ་ནི་འཁྲིག་སྦྱོར་སྐོར་གྱི་ཤེས་བྱའི་སྐོར་རེད་དེ། མིའི་ཁམས་དཀར་ནི་ཇི་ལྟར་ཁམས་དམར་དང་འདྲེས་ཏེ་མིར་གྲུབ་མིན་གླེང་བཞིན་འདུག གཡང་སྐྱིད་ཀྱིས་བལྟས་ནས་སྤྲོ་བ་འཕེལ་ཞིང་རྒྱུན་མི་ཆད་པར་དགོད་སྒྲ་སྒྲོག གློག་བརྙན་སྟོན་འགོ་བརྩམས། རིམ་གྱིས་ངོ་མཚར་ཆེ་བའི་རྣམ་པ་ཁ་ཤས་ཐོན་པ་དང་ཆབས་ཅིག་ལྟད་མོ་བའི་རྣམ་པ་འཁྲུག་ཆ་དོད་དུ་ཕྱིན་ནས་དགའ་སྤྲོའི་འབོད་སྒྲ་རྒྱུན་མི་ཆད་པར་སྒྲོག ཡོས་ལན་གྱིས་གཡང་སྐྱིད་ལ་ཁ་བརྡ་འདྲ་བྱེད་བཞིན་འདུག་མོད། གཡང་སྐྱིད་ཀྱིས་ཁ་གཏད་ནས་ཅུང་ཙམ་རིང་ཉན་རྗེས་ཉབ་བེ་ཉོབ་བེས་གཉིད་པའི་རྣམ་པ་ཞིག་མངོན། ཡོས་ལན་ཡང་ཚུར་འཁོར་ནས་ཚེ་ལོ་དང་མཉམ་དུ་གློག་བརྙན་ནང་གི་གཏམ་རྒྱུད་ཀྱི་བྱུང་རིམ་གླེང་མོལ་བྱས། གློག་བརྙན་ལ་བལྟས་ཚར་རྗེས། ཁོ་ཚོ་ཟ་ཁང་ཆུང་ཆུང་ཞིག་ཏུ་སོང་ནས་ཟ་མ་ཟ་བཞིན་ཁ་བརྡ་བྱས།
གཡང་སྐྱིད་ཀྱིས། དེ་རིང་གི་གློག་བརྙན་དེ་འདྲ་ཞིག་མ་རེད། མགོ་མཇུག་བར་གསུམ་དུ་ཁྱོད་ཤི་ང་གསོན་གྱི་མི་གསོད་ཀྱི་སྐོར་ཁོ་ན་ལས་གཞན་གང་ཡང་མྱོང་མི་ཐུབ་མོད། ཡིན་ཡང་ཁ་གསབ་ཁྱབ་སྒྲོག་གི་བརྙན་ཐུང་དེར་ད་དུང་ནང་དོན་ལྡན་འདུག་ཅེས་ཟེར།
ཡོས་ལན་གྱིས། བྱུང་རིམ་ཡོད་དེ། གནས་ཚུལ་དེ་ནི་ཞའོ་ཧུའུ་ཡིས་ཕའི་ཚབ་ཏུ་དགྲ་ཤ་རྩོད་པའི་གཏམ་རྒྱུད་ཅིག་རེད་ཅེས་ཟེར།
གཡང་སྐྱིད་ཀྱིས། ཞའོ་ཧུའུ་སུ་རེད་ཅེས་དྲིས།
ཡོས་ལན་གྱིས། ཆོས་མིང་ལ་ཅའོ་ཡོན་ཟེར་བའི་ཧྲའོ་ལིན་དགོན་པའི་དགེ་འདུན་པ་དེ་རེད་ཅེས་ཟེར།
གཡང་སྐྱིད་ཀྱིས། ཁོའི་ཕ་སུ་རེད། འཁོན་འགྲས་ཅི་ཞིག་ཡོད་དམ་ཞེས་དྲིས།
ཡོས་ལན་གྱིས། དེ་ངས་ཀྱང་ངོ་མས་མི་ཤེས་ཞེས་ཟེར།
ཚེ་ལོས། ཞའོ་ཧུའུ་ཡི་ཕ་ནི་སུའེ་ཐང་རྒྱལ་རབས་སྐབས་ཀྱི་སྐད་གྲགས་ཆེ་བའི་དྲག་རྩལ་པ་ཞིག་གི་བུ་རེད། གཏུམ་སྤྱོད་ལ་ངོ་རྒོལ་དང་དྲང་བདེན་ལ་རོགས་རམ་གྱི་དུས་སུ་ཝང་རེན་ཙེས་ལྐོག་གསོད་བྱས་པ་རེད། བུ་ཞའོ་ཧུའུ་ཧྲའོ་ལིན་དགེ་འདུན་དྲག་རྩལ་པ་ཐན་ཙོང་གིས་བསྐྱབས་པ་རེད། ཞའོ་ཧུའུ་ཡིས་ཕ་ཡི་དགྲ་ཤ་ལེན་ཆེད་ཐན་ཙོང་སློབ་དཔོན་དུ་བསྟེན་ཏེ་ཧྲའོ་ལིན་དགོན་པར་དྲག་རྩལ་སྦྱོང་། དབུ་སྐྲ་བཞར་བའི་མཚན་ལ་གྲྭ་བ་ཆུང་བ་ཟེར་ལ་ཆོས་མིང་ལ་ཅའོ་ཡོན་ཟེར། སྐབས་དེའི་ཐང་གི་རྒྱལ་བོ་ལི་ཧྲི་མེན་ཝང་རེན་ཙེའི་དམག་གིས་བསྐོར་ནས་དཀའ་ཁག་བྱུང་དུས་སུ། ཅའོ་ཡོན་སོགས་ཀྱིས་ཐབས་བཀོལ་ནས་སྐྱོབ་རོགས་བྱས་པས། ཝང་རེན་ཙེས་ཅའོ་ཡོན་སོགས་ཀྱིས་དགྲ་དང་ངན་འབྲེལ་བྱས་པའི་མ་ཉེས་ཁ་གཡོག་གི་ཞྭ་མོ་བསྐོན་ནས་རྒོལ་ཐབས་བྱས་ཏེ་ཧྲའོ་ལིན་དགོན་པ་རྩ་མེད་དུ་གཏོང་རྩིས་བྱས། དེའི་ཕྱིར་གྲྭ་ཚོགས་ཀྱིས་ཁྲག་འདོན་དམར་འཛིང་བྱས་པ་བརྒྱུད་ཐན་ཙོང་གི་ཚེ་སྲོག་ཤོར། ལི་ཧྲི་མེན་གྱིས་དམག་མི་ཁྲིད་ནས་ཕྱིར་ལོག་ཅིང་། ཝང་རེན་ཙེ་ཅའོ་ཡོན་གྱིས་བསད། ཐན་ཙོང་གི་དགོན་པའི་ཁྲི་བའི་མཇུག་སྐྱོང་ཆེད་ཅའོ་ཡོན་གྱིས་སྡོམ་པ་བླངས་ཤིང་དངོས་སུ་རབ་ཏུ་བྱུང་བ་མ་ཟད། དགོན་པའི་ཁྲི་བའི་འགན་འཁུར་ཞེས་ཞིབ་རྒྱས་ངང་བཤད།
ཡོས་ལན་གྱིས་བསྔགས་བརྗོད་ཀྱིས། ཤེས་ཡོན་མང་བའི་མི་དང་མི་ཕལ་བས་གོ་བ་ལེན་པའི་ནུས་པ་མི་འདྲ་བས། ཁྱོད་ཀྱིས་ལྟོས་དང་། ཁོས་བཤད་པ་ནི་ཇི་འདྲའི་བརྒྱུད་རིམ་ལྡན་ཞིང་མགོ་མཇུག་ཚང་བ་ལ་ཨང་ཞེས་ཟེར།
གཡང་སྐྱིད་ཀྱིས། ཁོང་ནི་དཔེ་ཆ་བ་གླེན་པ་ཞིག་ཡིན་པས་འཇོན་ཐང་དེ་ཙམ་ལས་མེད། དོན་དངོས་སུ་བཤད་ན་སྡུག་མྱོང་དགོས་པའི་ལས་དབང་ལས་མ་འདས་ཞེས་ཟེར།
ཡོས་ལན་གྱིས། ངག་རྒྱུན་དུ། དཀའ་བའི་ལ་མ་བརྒྱུད་ན་བདེ་མོའི་ཐང་དུ་མི་འབབ་ཅེས་པ་བཞིན་སྔོན་ལ་དཀའ་སྡུག་དང་རྗེས་སུ་མངར་མོ་ཡིན་པས། ཅིས་ཀྱང་ཉིན་ཞིག་ལ་ཁྱོད་ཀྱིས་ཕན་ཡོན་མཐོང་ངེས་ཞེས་ཟེར།
གཡང་སྐྱིད་ཀྱིས། ཉིན་དེ་འདྲ་ཡོད་མི་སྲིད། ཁོ་ང་ལ་རྒྱུས་མངའ་ཡོད། ཁོ་ནི་རིག་གནས་ཀྱི་ཐད་ནས་བཤད་རྒྱུ་མེད་མོད། འོན་ཀྱང་སེམས་རྒྱུད་དྲང་དྲག་སོང་བས་བྱ་བ་སྒྲུབ་ན་ཐབས་ཇུས་མི་འདུག རྩ་བའི་རྩད་པ་ནི་སྤྱི་ཚོགས་འདི་དང་འཚམ་དཀའ་བ་རེད། དེ་ལྟ་བུའི་མི་ཞིག་ལ་མདུན་ལམ་ཡག་པོ་ཞིག་ཅི་ལྟར་ཡོད་སྲིད་དམ་ཞེས་ཟེར།
ཡོས་ལན་གྱི་མདུན་དུ་གཡང་སྐྱིད་ཀྱིས་དེ་ལྟ་བུའི་སྐད་ཆ་བཤད་ན་ཚེ་ལོའི་བློ་ལ་བདེ་པོ་མེད་པ་སྨོས་མེད་ཡིན་མོད། འོན་ཀྱང་ཁོས་ཅི་ཡང་མ་བཤད། གང་ལགས་ཤེ་ན། གཡང་སྐྱིད་ནི་ཁ་མགྱོགས་ཚིག་མགྱོགས་ཤིག་ཡིན་པས་སེམས་སུ་ཅི་ཡང་འཛིན་མི་སྲིད་པས་ཡིན། དེར་མ་ཟད་གཡང་སྐྱིད་ཀྱིས་བཤད་པའི་སྐད་ཆ་དེ་ཡང་རང་གི་ལྟ་ཚུལ་ཞིག་རེད། གང་ལྟར་བསམ་ངན་བཅངས་པས་ནི་མིན། དེ་ལྟར་བུད་མེད་དེ་གཉིས་ཀྱི་ལྟ་ཚུལ་ལས་ཡང་སྙིང་གང་ཡང་དག་པ་ཡིན་པ་དེ་འབྱུང་འགྱུར་གྱི་ལག་ལེན་ཁོ་ནས་ད་གཟོད་ར་སྤྲོད་བྱ་ཐུབ།
གཡང་སྐྱིད་དང་ཡོས་ལན་གཉིས་ཀྱིས་ཁྱབ་སྒྲོག་བརྙན་ཐུང་དེའི་སྐོར་གླེང་བྱུང་། ཚེ་ལོའི་ངོ་གདོང་ནས་ཉན་མི་འདོད་པའི་རྣམ་འགྱུར་མངོན་པས། ཡོས་ལན་ཅུང་དོགས་མི་བདེ་བར་གྱུར། གཡང་སྐྱིད་ཀྱིས་ཚེ་ལོར་བལྟས་བལྟས་རྗེས་ཡོས་ལན་ལ། ཁྱོད་ཀྱིས་ཁོའི་གཟབ་ནན་གྱི་གདོང་ལ་ལྟོས་དང་། རྣམ་ཤེས་མེད་ཅིང་མིའི་ཡུལ་གྱི་མེ་དུར་མི་རོལ་བ་དང་འདྲ་བར་ཁྱོད་ཀྱིས་རྗེས་ཕྱོགས་རོགས་བྱས་ནས་སྦྱོང་བརྡར་བྱེད་དགོས་ཞེས་ཟེར། ཡོས་ལན་དགོད་ཞོར་དུ། ཆོག་གི། ཆོག་གི། ངས་ཁོ་སྦྱོང་བརྡར་བྱས་ནས་ཁྱོད་ཀྱི་འདོད་ཐོག་ཏུ་ཡོང་བར་བྱེད་ཅེས་པར། ཚེ་ལོས་ཉན་རྗེས་ལོགས་སུ་དོགས་མི་བདེ་བར་མགོ་ཡར་བཀྱགས་པ་རེད།
གཟའ་ཉི་མའི་ཉིན་ཞིག གཡང་སྐྱིད་ཀྱིས་ཡང་ཡོས་ལན་ཁྱིམ་དུ་བོས་ནས་ལུག་ཤའི་ཐུག་པ་འཐུང་དུ་བཅུག ཉིན་གཅིག་རིང་གི་འབྲེལ་འདྲིས་བརྒྱུད། ཁོ་མོ་གཉིས་ནི་ལུས་དང་གྲིབ་མ་བཞིན་འབྲལ་ཐབས་མེད་པའི་གཅེན་གཅུང་ལྟ་གྱུར་སོང་།
ས་རུབ་ལ་ཉེ་དུས། གཡང་སྐྱིད་ཀྱིས་མོ་སྡོད་དུ་འཇུག་བསམ་མོད། འོན་ཀྱང་ཁང་མིག་གཅིག་གི་ནང་དུ་ཞག་སྡོད་བྱེད་མི་བདེ། གཡང་སྐྱིད་ཀྱིས་ཚེ་ལོར་ཡོས་ལན་དྲུད་ནས་ཕྱིར་ལས་ཁུངས་སུ་སྐྱེལ་དུ་བཅུག་པར། ཡོས་ལན་གྱིས་གཞི་ནས་བཀག་བྱུང་། མོས། ང་རང་གིས་སྟབས་བདེའི་རླངས་འཁོར་ཞིག་བཙལ་ཆོག ཁོ་སང་ཉིན་ཞོགས་པ་ལོག་ན་བཟང་། ཁྱོ་ཤུག་གཉིས་ཀ་སོ་སོར་སྡོད་པའི་གནས་ཚུལ་འོག་དགོང་མོ་གཅིག་ལ་མང་ཙམ་འཛོམས་ན་བརྩེ་དུང་དེ་བས་ཇེ་ཟབ་ཏུ་འགྲོ་ཡི་རེད་ཅེས་པར།
ཚེ་ལོས་དེའང་བདེན་པར་སྙམ་ཞིང་ཁྱིམ་དུ་བསྡད།
ཟླ་འགའ་ཕར་འདས་སོང་། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་མུ་མཐུད་དུ་མལ་ཁྲིའི་སྟེང་གི་བྱ་བ་སྒྲུབ་སྟེ་སེམས་གཅིག་ལུས་གཅིག་གིས་བྱིས་པ་ཞིག་འདོད་ཀྱིན་ཡོད་མོད། ཡིན་ནའང་གཡང་སྐྱིད་ཀྱི་ཕོ་བ་ཅུང་ཙམ་ཡང་འབུར་མ་བྱུང་།
ཚེ་ལོས། ཨ་ནེ་ལགས། ཁྱོད་ཀྱིས་མགྱོགས་པོར་ང་ལ་བྱིས་པ་ཞིག་བཙས་ན་ཅི་འདྲ་རེད་ཅེས་སྨྲས།
གཡང་སྐྱིད་ཀྱིས། ཁྱོད་ཀྱང་བྲེལ་དྲགས་སོང་། དེ་ནི་དགོས་འདོད་ན་ཡོད་པའི་དོན་ཞིག་མ་རེད། མི་ལ་ལར་སྐྱེས་འདོད་ན་སླ་མོ་ཞིག་རེད། སེམས་ཆུང་མ་བྱས་ན་དེ་མུར་མངལ་ཆགས་ངེས། ཡིན་ཡང་མི་ལ་ལར་ལོ་རྒས་ན་ད་གཟོད་བྱིས་པ་གཅིག་སྐྱེས་ཙམ་རེད། ད་དུང་མི་ལ་ལས་རང་གི་ཆུང་མ་མནན་ནས་གླེབས་ཀྱང་བྱིས་པ་མི་སྐྱེས་ཞེས་བཤད།
ཚེ་ལོས། ངས་ང་ཚོར་སྔ་ཙམ་ཕྲུ་གུ་ཞིག་ཡོད་ན་ཡག་གི་རེད་བསམ་པ་སྟེ། བར་དུ་ལོ་འགའ་འགོར་རྗེས་ཡང་གཅིག་བཙས་ཆོག་པ་རེད་ཅེས་སྨྲས།
གཡང་སྐྱིད་ཀྱིས། བྱ་བ་ཐམས་ཅད་ཡུན་གྱིས་སྒྲུབ། །གང་ཞིག་འབད་པས་མཐར་མི་ཕྱིན། །ཞེས་པ་བཞིན་ཕྲུ་གུ་གཅིག་སྐྱེས་ཐུབ་མིན་ཡང་བཤད་དཀའི་བའི་སྟེང་ད་དུང་གཉིས་དགོས་ཟེར་བ་དགོད་རེ་བྲོ་ཞེས་ཟེར།
ཚེ་ལོས། ངས་བརྙན་འཕྲིན་ལས་ཕྱི་རྒྱལ་གྱི་བུད་མེད་ཅིག་གིས་ཚེ་གང་བོར་ཕྲུ་གུ་ཉི་ཤུ་ལྷག་བཙས་པ་མཐོང་བྱུང་ཞེས་བཤད།
གཡང་སྐྱིད་ཀྱིས་ཁས་མི་ལེན་པར། རྫུན་མ་བཤད། རྫུན་མིན་ན་དེ་མི་ཡིན་རྒྱུ་མ་རེད་ཅེས་ཟེར།
ཚེ་ལོས། ངོ་མ་རེད། ངས་ཤང་གི་བརྙན་འཕྲིན་ནས་མཐོང་བ་ཡིན། ཕྲུ་གུ་དེ་དག་མང་ཆེ་བ་ད་དུང་གསོན་འདུག་ཅེས་བཤད།
གཡང་སྐྱིད་ཀྱིས། ངས་ཁྱོད་དང་ཁ་རྩོད་མི་བྱེད། ཁྱོད་ཀྱིས་ང་ལ་ཉོས་པའི་བརྙན་འཕྲིན་ཅི་འདྲ་རེད། རྫོང་གི་ཁྱིམ་ཚང་མང་པོ་ཞིག་ལ་བརྙན་འཕྲིན་འདུག་ཅེས་སྨྲས།
ཚེ་ལོས། བརྙན་འཕྲིན་ཉོ་བའི་དོན་དེ་རྗེས་སུ་ཅུང་ཙམ་བསྣུར་དགོས། ད་ནི་ལོ་གསར་ལ་བསླེབས་རན་པས། སྔོན་ལ་ཁྱིམ་གྱི་རྒན་རྒོན་ཚོར་དངུལ་ཏོག་ཙམ་རེ་བསྐུར་ཏེ་ཁོང་ཚོར་གྱོན་གོས་གསར་པ་རེ་གྱོན་དུ་འཇུག་ཅེས་པར།
གཡང་སྐྱིད་ཀྱིས་འཁང་རའི་ངང་། རྒན་པོ་ཚོར་ལྭ་བ་ཉོ་བྱེད་ཀྱི་སྒོར་མོ་བསྐུར་བ་ལ་ངས་ངོ་རྒོལ་བྱེད་མི་འདོད་མོད། འོན་ཀྱང་ཁྱོད་ཀྱིས་ཚོན་མདོག་མ་ཡིན་པའི་བརྙན་འཕྲིན་ཉོ་བྱེད་ཀྱི་སྒོར་མོ་ཙམ་ཡང་འཁྱེར་ཡོང་མི་ཐུབ་ན། ད་རུང་བྱིས་པ་སྐྱེས་འདོད་པ་ཡིན་ནམ། ངས་ཁྱོད་ལ་ཕྱེན་ཞིག་སྐྱེས་པར་བྱེད་ཅེས་བཤད།
ཚེ་ལོས། ཁོང་ཁྲོ་མ་ལངས། དཀར་ནག་ཅན་གྱི་བརྙན་འཕྲིན་ཞིག་ལ་ལྟ་རྒྱུ་ཅི་ཡོད་དམ། མེ་ཏོག་སྣ་ཚོགས་དང་སྔོ་ལྗང་གི་ལྗོན་པ་ཐམས་ཅད་ཤི་མིར་འཕུལ་བའི་མཆོད་རྫས་དང་འདྲ་ལ། ནང་གི་མི་ཡང་མི་མིན་འདྲེ་མིན་དུ་གནས། དེ་བས་སྒོར་འགའ་བསོགས་ནས་རྗེས་སུ་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་ཞིག་ཉོས་ན་བཟང་ཞེས་པར་གཡང་སྐྱིད་ད་གཟོད་དགའ་བྱུང་།
ཉེར་བརྒྱད་པ།
ཁྲིན་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་ཁྲིའི་ཐོག་དྲན་པ་སོས་མ་ཐག་པའི་ཀྲུའུ་ཕིན་ཁ་ཁུ་སིམ་པོའི་ངང་ཉལ་ནས་བསྡད་ཡོད་པ་དང་། ཁོང་གི་མགོ་དང་རྐང་པར་རྨ་རས་མཐུག་པོས་དཀྲིས་འདུག ཀྲུའུ་ཕིན་གྱིས་ང་མཐོང་རྗེས་ཧང་སངས་པའི་རྣམ་འགྱུར་གྱིས་མགོ་བོ་ཡར་བཀྱགས་ཙམ་བྱས་རྗེས་སླར་ཡང་མར་བསྙེས། མཆུ་ཏོ་འགུལ་ཙམ་བྱས་ནས་ཅི་ཞིག་བཤད་འདོད་བསྟན། སྨན་པས་མོས་ད་དུང་སྐད་ཆ་བཤད་མི་ཐུབ་ཅེས་ཟེར། མོའི་རྐང་བ་གཡོན་པའི་རུས་པར་ཆག་སྐྱོན་ཤོར་ལ། མགོ་བོར་རྨས་ཕོག་ནས་ཀླད་པའི་ནང་རོལ་དུ་ཁྲག་ཉུང་ཙམ་བཞུར་སོང་མོད། འོན་ཀྱང་ཉེན་ཁའི་དུས་ལས་ཡོལ་སོང་བས་གནད་དོན་ཆེན་པོ་ཡོད་མི་སྲིད་ཅེས་སྨྲས་བྱུང་།ནད་ཁང་ནང་དུ་འགོ་ཁྲིད་ཀྱི་ཚུགས་ཀ་ཡོད་པའི་མི་ཞིག་བསྡད་འདུག ཁོས་ང་ལ་ཁྱོད་ནི་ཀྲུའུ་ཕིན་གྱི་ཅི་ཡིན་ནམ་ཞེས་དྲིས་བྱུང་། ངས་དོན་དངོས་ལྟར་ཀྲུའུ་ཕིན་ནི་ངས་ད་སོ་མ་ངོ་ཤེས་པའི་གྲོགས་པོ་ཡིན་ཞེས་བཤད། འགོ་ཁྲིད་ཀྱིས། ཁོང་ནི་ཀྲུའུ་ཕིན་གྱི་ལས་ཁུངས་ཀྱི་ཧྲུའུ་ཅི་ཡིན་ཞེས་ཟེར་ལ། ད་དུང་ཀྲུའུ་ཕིན་ཡུན་རིང་མ་སོང་གོང་ཁྱོ་ག་དང་ཁ་བྲལ་ལ། བུ་མོས་སློབ་ཆེན་ག་གེ་མོ་ཞིག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པས། བུ་མོའི་སློབ་སྦྱོང་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་དོན་འདི་བུ་མོར་གསང་ཡོད། ཁོ་ད་རེས་ཡོང་དོན་ནི་སྔོན་ལ་ནད་གཞིའི་རྒྱུ་མཚན་རྒྱུས་ལོན་བྱེད་བསམ་པ་ཡིན་ཟེར། ངས་གསལ་བཤད་མང་པོ་བྱེད་མི་འདོད། གྲོགས་པོའི་ཐོབ་ཐང་གིས་ཁོང་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། འགོ་ཁྲིད་ཀྱིས་ང་ལ་དགེ་རྒན་ཀྲུའུ་ཕིང་གི་ནད་གཞི་ད་དུང་ཧ་ཅང་ལྕི་བས་མདུན་དུ་ད་དུང་ལྟ་རྟོག་བྱེད་མཁན་དགོས་ཀྱི་འདུག ང་ཕྱིར་ལོག་རྗེས་མི་ཞིག་ཁྱེད་ལ་རོགས་རམ་བྱེད་པར་མངགས་ངེས། ད་དུང་བྱ་བ་གང་ཞིག་ཡོད་ན་དུས་ཐོག་ཏུ་ང་ཚོ་དང་འབྲེལ་བ་བྱེད་རོགས་ཞེས་བཤད་བྱུང་།
འགོ་ཁྲིད་ཀྱིས་དེ་ལྟར་བཤད་རྗེས་ཕེབས་སོང་། ངས་ཉིན་གཉིས་ལ་ཞབས་ཕྱི་སྒྲུབ་རྗེས་ཀྲུའུ་ཕིན་གྱིས་ད་གཟོད་ང་དང་ཁ་བརྡ་བྱེད་མགོ་བརྩམས།
ཁྱོད་ཀྱིས་ང་ལ་འདི་ནས་དོན་དག་བྱུང་བ་ཅི་ལྟར་ཤེས་པ་ཡིན།
འདི་གའི་ཉེན་རྟོག་པས་ང་ལ་ཁ་པར་བཏང་ཡོང་བས་ཡིན།
ཉེན་རྟོག་པས་ངས་ཁྱོད་ངོ་ཤེས་པ་ཅི་ལྟར་ཤེས་སམ།
ཁོ་ཚོས་ངེད་གཉིས་ཀྱི་ཁ་པར་ཟིན་ཐོ་དང་ཆ་འཕྲིན་ནང་དོན་གཞིར་བཟུང་ནས་ང་རྙེད་པ་ཁོ་ཐག་རེད།
ཁྱོད་ཀྱིས་ཁྱིམ་མི་ཁྲིད་ནས་ང་ལ་བལྟ་རུ་ཡོང་བ་ཡིན་ནམ།
ཆུང་མ་སྒྲོལ་མས་ང་ཁྱོད་ལ་བལྟ་རུ་མངགས་པ་ཡིན།
ཁྱོད་ཀྱིས་རྫུན་བཤད་པ་མིན་ནམ། མོས་ཁྱོད་རང་ཡོང་དུ་འཇུག་སྲིད་དམ།
ངོ་མས་ཡིན། མོས་ང་ཚོ་ནི་གསར་དུ་ངོ་ཤེས་པའི་གྲོགས་པོ་ཡིན་པ་ཤེས་ལ། ཁྱོད་ལ་དོན་དག་ཆེན་པོ་བྱུང་བ་ཡང་ཤེས་པས། ང་ཁྱོད་ལ་བལྟ་རུ་ཡོང་དུ་བཅུག་པ་ཡིན། མོ་མེད་ན་ང་ངོ་མ་ཡོང་མི་ཕོད།
འཇིག་རྟེན་དུ་ད་དུང་འདི་འདྲའི་ཆུང་མ་བཟང་བོའང་ཡོད་པ་རེད་དམ། ང་མོ་དང་མ་འཕྲད་ཀྱང་མོའི་སེམས་རྒྱ་ཆེ་བ་མཐོང་བ་རེད། ཀྲུའུ་ཕིན་གྱིས་སྐད་ཆ་འདི་བཤད་པའི་སྐབས་སུ་སེམས་འགུལ་ཚད་མེད་ཐེབས་པའི་རྣམ་པས་འཁེངས།
ཀྲུའུ་ཕིན་གྱི་ནད་གཞི་ཉིན་རེར་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། ལས་ཁུངས་ཀྱིས་ཀྱང་མི་མངགས་ནས་ཁོ་མོར་ཞབས་ཞུ་སྒྲུབ་ཏུ་བཅུག མོས་ང་ལ་མྱུར་དུ་ཁྱིམ་དུ་ལོག་དགོས་པའི་སྐུལ་མ་བཏང་ལ། སྒྲོལ་མར་གཅེས་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད་པ་དང་ཆབས་ཅིག་ཏུ། ད་དུང་ང་ཚོས་སྒྲོལ་མར་འཇོག་མེད་ཀྱི་བྱ་བ་བསྒྲུབས་པས། སྒུག་ནས་རང་ཉིད་ཀྱི་རྨ་ཁ་དྲག་སྐྱེད་བྱུང་རྗེས་ངེས་པར་སྒྲོལ་མར་ཐེངས་གཅིག་ལྟ་རུ་ཡོང་དགོས་ཞེས་ཟེར།
ང་ཡུལ་ལ་ཐོན་རྗེས་སྒྲོལ་མས་ང་ལ་ཀྲུའུ་ཕིན་གྱི་གནས་ཚུལ་ཅི་འདྲ་ཡིན་པ་དྲིས་བྱུང་། ངས་གནས་ཚུལ་ཇི་བཞིན་ཁོ་མོར་བཤད་པ་དང་། ད་དུང་ཀྲུའུ་ཕིན་གྱིས་ཁྱེད་ཀྱི་བྱེད་སྟངས་ལ་ཐུགས་རྗེ་ཆེ་ཞུ་བ་མ་ཟད། དྲག་སྐྱེད་བྱུང་རྗེས་ཁྱེད་ལ་ལྟ་རུ་ཡོང་རྒྱུ་ཟེར་བཞིན་འདུག་ཅེས་བཤད་པ་ན། སྒྲོལ་མས། མི་དཀའ་ཁག་ལ་འཕྲད་ཚེ་རོགས་རམ་བྱེད་ཐུབ་ན་ཅིས་ཀྱང་རོགས་རམ་བྱེད་དགོས་པ་ཡིན། མཐའ་ན་མི་དེ་ཁྱོད་ཀྱི་ཅི་ཞིག་ཡིན་ཡང་རུང་ཞེས་སྨྲས་བྱུང་།
༢༨
ཉིན་འདི་དག་གི་རིང་ལ་ཤང་དུ་ལས་ཀ་མང་པོ་མེད་པ་དང་། ཚེ་ལོ་ལའང་འབྲི་དགོས་པའི་ཡིག་ཆ་མེད་པས་ཁོས་འབྲེལ་ཡོད་གཞུང་ཞབས་ཕྱོགས་ཀྱི་དཔེ་ཆ་བཟུང་སྟེ་གཅིག་པུས་གཞུང་སྒྲུབ་ཁང་དུ་ལྟ་ཀློག་སློབ་སྦྱོང་བྱེད་བཞིན་འདུག ཡོས་ལན་ཕར་སོང་ནས་ཤེས་ལྡན་པ་ཆེན་པོ་ལགས། ད་ལྟ་ནི་བར་གསེང་གི་ངལ་གསོའི་དུས་ཚོད་ཡིན་པས་ང་ཚོ་ཕྱི་རུ་སོང་ནས་སྦྱོང་བརྡར་རེ་བྱས་ན་ཅི་འདྲ་རེད་ཅེས་དྲིས་བྱུང་།ཚེ་ལོས། ད་དུང་དུམ་ཚན་ཞིག་ལ་བལྟས་མ་ཚར་བས་བལྟས་ཚར་རྗེས་འགྲོ་ཞེས་ཟེར།
ཡོས་ལན་གྱིས་དཔེ་ཆ་ཚུར་འཕྲོག་ཅིང་། དཔེ་ཆར་བལྟས་ན་ཚར་འགྲོ་བ་ཞིག་ག་ལ་ཡོད་དམ། ང་ཚོ་སྔར་བཞིན་ཐོག་མར་སྒོར་སོང་ནས་སྦྱོང་བརྡར་ཞིག་བྱེད་ཅེས་བཤད་ཞོར་དུ་ཚེ་ལོ་འཐེན་ནས་སྒོར་བུད།
ཁོ་ཚོ་སྒོར་སོང་རྗེས་ཐོག་མར་བྱ་སྒྲོ་སྤོ་ལོ་ཞིག་རྩེ་བ་དང་། དེ་ནས་ཡང་ཐེ་པེད་རྩེ། ཐང་ཆད་ནས་ངལ་གསོ་བའི་སྐབས་སུ་ཚེ་ལོ་ཡིས་ཡོས་ལན་ལ། དེ་རིང་གི་ཁྱོད་ཀྱི་སེམས་ཁམས་ནི་ཇི་འདྲའི་སྐྱིད་ཨང་། ཕལ་ཆེར་ཁྱོད་ཀྱིས་ཁོ་བོ་གཞུང་སྒྲུབ་ཁང་ནས་སྒོར་འཐེན་ནས་ཐོན་བྱུང་ཞེས་ཟེར།
ཡོས་ལན་གྱིས། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱས་ཏེ་ལས་ཀའི་བར་གསེང་དུ་སྦྱོང་བརྡར་བྱེད་དུ་བསྐྱོད་ན་ལུས་སེམས་བདེ་ཐང་ལ་ཤིན་ཏུ་ཕན་ཐོགས་ཆེ། དེ་ནི་ངས་ཁྱེད་ཀྱི་བཟའ་ཟླར་ཁས་ལེན་བྱས་པ་ལག་བསྟར་བྱས་པ་ཞིག་ཀྱང་ཡིན་ཞེས་བཤད་ཞོར་དུ་ཚེ་ལོ་ཡི་ཕྲག་པར་རྡེབ་ཙམ་བྱས།
ཚེ་ལོས་དགོད་ཞོར་དུ། ཁྱོད་ལ་གཞི་ནས་མོའི་ཤུགས་རྐྱེན་ཐེབས་པ་མ་རེད་དམ་ཞེས་ཟེར་བར།
ཡོས་ལན་གྱིས་པྲ་ཚག་གི་རྣམ་པས། མོས་ཁྱོད་ང་ལ་སྤྲད་པ་མིན་ནམ། སྐབས་དེར་ཁྱོད་ཀྱིས་ཀྱང་ཁས་བླངས་སོང་བས། ད་ནི་ངར་ཁྱོད་ལ་བདེ་སྲུང་བྱེད་པའི་འོས་འགན་ཡོད་ཅེས་སྨྲས་བྱུང་།
ཚེ་ལོས། མོའི་སྐད་ཆ་ཁྱོད་ཀྱིས་བདེན་པར་བཟུང་ཡོད་དམ་ཞེས་པར།
ཡོས་ལན་གྱིས། ངས་ཀྱང་དེ་ཟློས་གར་འཁྲབ་པའི་དགོད་གཏམ་ཞིག་ཡིན་ནམ་སྙམ་མོད། འོན་ཀྱང་ངས་ཆེས་མ་མཐའ་ཡང་མོ་ནི་བུད་མེད་ཁོག་རྒྱ་ཆེ་བ་ཞིག་ཡིན་པ་ཁས་ལེན་ཐུབ། གཞན་ཡང་། གལ་ཏེ་ཁྱོད་ཀྱིས་འཚོ་བའི་ཁྲོད་ནས་སྒྲིག་འགལ་གྱི་བྱ་སྤྱོད་རེ་སྤེལ་ཡང་མོས་ཁྱོད་དང་གཉེན་འཐོར་བྱེད་མི་སྲིད་ཅེས་ཟེར།
ཚེ་ལོས་བསམ་བཞིན་དུ། དེས་ན་ང་ཚོས་སེམས་བདེ་མོ་བྱས་ནས་དགའ་རོགས་བསྒྲིགས་ན་ཅི་འདྲ་རེད་དམ་ཞེས་པར།
ཡོས་ལན་གྱིས། དེ་ལྟར་མི་ཆོག གལ་ཏེ་ཁོ་མོ་གཡང་སྐྱིད་མིན་ཚེ་ངས་ག་དུས་ཤིག་ལ་ཁྱོད་ལ་ཁས་ལེན་བྱེད་སྲིད་ནའང་ཐང་མོད། ཡིན་ནའང་། གཡང་སྐྱིད་མཐོང་བ་ནས་བཟུང་སྟེ་ཁོ་མོའི་གུ་ཡངས་དང་མཛའ་མཐུན་གྱི་སྙིང་སྟོབས་ཆེན་པོས་ང་ལ་སེམས་འགུལ་ཐེབས་སུ་བཅུག་པས་ངས་མོར་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད། ང་དང་མོ་ནི་ད་ལྟ་གཞི་ནས་གྲོགས་པོ་བཟང་བོར་གྱུར་ཡོད་པས། མོ་ང་ལ་ཇི་ལྟར་བཟང་ན་ངས་དེ་ལྟར་མོར་དགོངས་འགལ་གྱི་བྱ་བ་མི་བསྒྲུབས་པར་མཉམ་འཇོག་བྱ་དགོས་ཞེས་ཟེར།
ཚེ་ལོས། ཨ་ལ། ངས་ཀྱང་ཀུ་རེ་རྩེ་བ་ཡིན། ངས་སྔ་མོ་ནས་བཤད་མྱོང་། ཁྱོད་ནི་མེ་ཏོག་གསེར་ཆེན་ལྟ་བུའི་བུ་མོ་ཞིག་རེད། ངས་ཁྱོད་ཀྱི་ལུས་པོ་བརླག་ན་ག་ལ་རུང་། ཐེངས་དེར་ཆང་འཐུང་རྗེས་ངས་ཁྱོད་དང་མཆུ་སྦྲེལ་བའི་དོན་དེ་ཙམ་གྱིས་ཀྱང་སེམས་སུ་འགྱོད་གདུང་གིས་མནར་སོང་། ཡང་ཅིག་བཤད་ན་ད་ནི་ང་ཡང་ཏང་ཡོན་ལས་བྱེད་པ་ཞིག་ཡིན། སྤྱིར་ད་ལྟ་ནི་ཚོང་རའི་དཔལ་འབྱོར་གྱི་དུས་རབས་ཡིན་པས་ལས་བྱེད་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་དམ་འཛིན་ཐད་ཅུང་ལྷོད་གཡེང་བྱས་ཡོད་མོད། འོན་ཀྱང་རང་ཉིད་དེའི་རྐྱེན་གྱིས་རྒྱ་ཡན་དུ་གཏོང་མི་རུང་ཞེས་ཟེར་བཞིན་རང་གི་གཞུང་སྒྲུབ་ཁང་དུ་རྒྱུགས།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།