logo

༄༅། །ཁ་སྒང་སྟག་འབུམ་རྒྱལ་གྱི་འགྱུར་རྩོམ།

རྩོམ་པ་པོ།:ཁ་སྒང་སྟག་འབུམ་རྒྱལ་གྱིས་བསྒྱུ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-29 ཀློག་གྲངས།:
རིག་པའི་ལྗང་ལོ་ལྷག་བསམ་འོད་ཀྱིས་བསྐྱངས། །སྐུ་ཚེའི་ཚོན་རིས་སེམས་ཤུགས་བརྟན་པོས་ཕབ། །
ལིག་ཡེ་ཀྲུང་གིས་བརྩམས།
ཁ་སྒང་སྟག་འབུམ་རྒྱལ་གྱིས་བསྒྱུར།

དང་པོ། གཞོན་ནུའི་ལང་ཚོས་ཐོས་པ་ལེགས་པར་བཙལ།
       སྟོབས་ཀྱིས་ཁྱོགས་པའི་སྐྱེས་གཟུགས་ལ་ཡ་ཡོའི་རྒུད་པའི་ཉེས་སྐྱོན་གྱིས་བྲལ་ཞིང་། རྣོ་ངར་ལྡན་པའི་སྤྱན་ཟུང་ལས་དཔལ་གྱིས་མཆོར་བའི་ལང་ཚོ་ཞིག་སྐུ་ཞབས་སྙིང་པོ་རྒྱལ་དང་ཐོག་མར་མཇལ་དུས་མཐོང་བྱུང་།
       རི་ཆུའི་སྣོད་བཅུད་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཐུས་སམ་མཚོ་སྔོན་ཡ་རྫིའི་སའི་ཆ་ལ་སྔོན་ནས་དམ་པའི་ཞབས་རྗེས་ཀྱི་རི་མོ་མ་ཆད་པར་ཡོད་པ་ལྟར། ལོ་རབས་ཉི་ཤུ་བའི་དུས་ཀྱི་ཁུག་པ་གཅིག་ཏུའང་མཚན་ལ་སྙིང་པོ་རྒྱལ་ཞེས་སྙན་པས་རྡུང་བའི་མཁས་པ་ཞིག་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱིས་རབ་ཏུ་སྣུམ་པའི་རྡོ་སྦིས་ཡུལ་གྲུའི་ལུང་པ་ཆུང་ཆུང་འདིར་བྱོན།
       སྤྱི་ལོའི༡༩༣༠ལོའི་ཟླ༡པའི་ཚེས༢༢ཉིན་གྱི་བཀྲ་ཤིས་པའི་ཉིན་མོར་ཡབ་བསྟན་འཛིན་རབ་རྒྱས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་རྡོ་སྦིས་དགུ་རུ་སྡེ་བར་སྐུ་བལྟམས། སྲས་ཀྱི་ཆེ་བ་ལགས་པས་སྐུ་ན་ཕྲ་དུས་ནས་ཡབ་ཡུམ་ཟུང་གིས་ཐུགས་རེ་མཐོན་པོར་བཟུང་པ་ལྟར་དུ་ཉིད་ནས་ཀྱང་དགོངས་པ་ཆུད་ཟོས་སུ་མ་བརླག་པར་དོན་ལྡན་དུ་མཛད་པས་ཕྱིས་སུ་སྐད་གྲགས་ཅན་གྱི་མི་རིགས་སློབ་གསོ་བ་དང་བོད་རིག་པའི་ཞིབ་འཇུག་པར་གྱུར།
       དུས་དབང་གིས་ཆུང་དུས་ནས་ཕ་ཡུལ་ནས་འཕྱན་ཏེ་ཨ་ནེ་དང་མཉམ་པོར་བསང་ཆུར་གྱར། སྐུད་འཁེལ་འཚེམ་བཟོའི་ལས་ཀས་འཚོ་བ་ངན་ངོན་བསྐྱངས། དགུང་གྲངས་བརྒྱད་ཐོག་བླ་བྲང་བོད་མིའི་སློབ་གྲྭར་ཀློག་བསླབས། ཡུལ་གྱར་གྱི་དབང་བཙན་པས་འཚོ་སྟབས་ཐབས་ཆག་ཏུ་གནས་ཀྱང་རྟག་གུས་ཀྱི་བརྩོན་པ་མ་དོར། རྒྱ་བོད་བཤེས་གཉེན་དུ་མའི་ཞབས་བསིལ་གྱི་དངོས་གྲུབ་སྤྱི་བོར་མཆོད་པའི་བཀའ་དྲིན་གྱིས་སྦྱངས་འབྲས་མི་དམན་པ་མནོས་པའི་རྟེན་འབྲེལ་ལ་བསང་ཆུའི་སྟབས་བདེ་སློབ་གྲྭར་ཕེབས། གནས་དེར་ཁོང་གི་ཕྱིས་ཀྱི་མི་ཚེའི་སློབ་གཉེར་ལ་རྨང་ལེགས་པོ་བཏིང་།
       སློབ་གྲྭར་མཐར་ཕྱིན་རྗེས་ཕ་ཡུལ་ནས་ཉིན་ཁ་ཤས་ལས་སྡོད་དབང་མ་རེག་པར་གོ་མིན་ཏང་གིས་དམག་མི་བཙན་བསྡུའི་སྐབས་དང་འཁེལ་རྐྱེན་རེ་ཞིག་ཉེ་འཁོར་གྱི་བྲག་ཁུང་དུ་མི་མངོན་པར་བསྐུངས། ཡབ་ལགས་ཀྱི་ཕྱག་རོགས་འོག་བསང་ཆུར་ཉེན་ཡོལ་དུ་ཕེབས། ཀ་ཅུར་རྒྱལ་བཙུགས་ཧོའུ་ཀྲིག་སློབ་གྲྭས་སློབ་བསྡུའི་སྐད་ཆ་ལམ་ཞོར་གསན་འཕྲལ་ཁུ་བྱུག་དཔྱིད་ཆར་དང་སྨོན་འཕྲད་ལྟར་བསླབ་སྦྱངས་ཀྱི་སྐལ་བ་ཐུགས་ཐོག་ཏུ་སྨིན། སློབ་གྲྭ་འདིའི་ལོ་གསུམ་གྱི་སློབ་གཉེར་གྱིས་རྒྱའི་གནའ་ཡིག་དང་ཡིག་བྲིས་ཀྱི་ཕྱོགས་ལ་རྨང་བརྟན་པོར་བཙུགས།
གཉིས་པ། ཏང་གི་དྲིན་བཟོར་དཔའ་ངར་མདུན་བསྐྱོད་བྱས།
       སྤྱི་ལོའི༡༩༤༩ལོར་ཀྲུང་གོ་གསར་བ་དབུ་བརྙེས་ལ་ཉེ་དུས་ཤིག་ལ་གཡུར་ཟའི་སྦྱངས་འབྲས་ཀྱི་སྐྱེས་སྤམ་ཅན་བསྣམས་ཏེ་མཐར་ཕྱིན། རྗེ་བཙུན་ཤེས་རབ་རྒྱ་མཚོའི་དྲུང་ཡིག་གིས་འཁྲིད་ནས་ཀ་ཅུར་གསར་བརྗེ་བྱ་བར་ཞུགས། གོ་མིན་ཏང་ཇག་ཚོགས་རྩ་འཇོམས་གཏོང་ཕྱིར་དམག་སྤྱི་བཱང་ཀྲིན་ལགས་ནས་རྒྱལ་བཙུགས་ཧོའུ་ཀྲིག་ནུབ་བྱང་དགེ་འོས་སློབ་གྲྭར་དམག་སྒར་བཏབ། ས་གནས་ཀྱི་བྱ་བ་དང་དམག་སྒར་གྱི་སྲིད་ཇུས་གསར་བ་དམངས་ལ་ལེགས་པོར་བརྡ་སྤྲོད་ཕྱིར་སྐུ་ཞབས་སྙིང་པོ་རྒྱལ་ལགས་དང་རུས་ལི་ཅན་གྱི་དགེ་རྒན་གཉིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ནས་སྐད་བསྒྱུར་དང་སྐད་ཡིག་ཟབ་སྦྱོང་གི་ལས་བགོས་གནངས། ཀ་ཅུ་བཅིངས་འགྲོལ་བཏང་རྗེས་དམག་དཔུང་ཞིན་ཅང་དུ་བསྐྱོད་དུས་སྐུ་ཞབས་སྙིང་པོ་རྒྱལ་ལགས་སྔར་མུར་ཀ་ཅུར་བཞུགས་ནས་སྐད་སྒྱུར་གྱི་ལས་ཀ་བསྒྲུབས། དེ་ལྟར་ལས་ཀར་འཇོན་ཐང་འབུར་དུ་ཐོན་པས་སྤྱི་ལོའི༡༩༥༡ལོ་ནས་བསང་ཆུ་རྫོང་གི་འཛུགས་སྐྲུན་ཁང་ནས་མགོ་ཁྲིད་ཀྱི་སྐལ་བབ་ཕྲག་ཏུ་བཀལ། ཞིང་ཆེན་འགྲིམ་འགྲུལ་ཐིན་དང་མཉམ་འབྲེལ་གྱིས་གཞུང་ལམ་གསར་བ་བཟོས་པ་སོགས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཉི་འོད་འཇམ་པོ་དམངས་ཀྱི་སྐྱེད་ཚལ་ལ་བདེ་སྐྱིད་ཀྱི་ཡོ་ལང་གསར་བར་བསྔགས།
       ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སྔ་ཕྱིར་མཚོ་སྔོན་དང་ཀན་སུའུ་ཡིས་གོང་རིམ་མི་སྣ་དག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་སྦྱོང་དུ་མངགས། ཀན་སུའུ་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་སྐབས་དེའི་བསང་ཁོག་རྫོང་འཛུགས་སྐྲུན་ཁང་གི་ཁག་གཙོ་སྙིང་པོ་རྒྱལ་དང་རྫོང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧོང་ཕེ་ཏིག་གཉིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་བཏང་། ལོ་ཙཱ་བའི་འགན་བགོས། མོའུ་ཙེ་ཏུང་གི«དམངས་གཙོ་རིང་ལུགས་གསར་མས»མཚོན་པའི་གཞུང་ལུགས་སློབ་དེབ་དང་ཀྲུང་གོའི་མི་རིགས་སྲིད་ཇུས་སོགས་གནས་དེའི་སློབ་གཉེར་བ་རྣམས་ལ་སློབ་རོགས་སུ་བསྐོས། སྤྱི་ལོའི༡༩༥༣ལོའི་ཟླ་བརྒྱད་པར། ཀན་སུའུ་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་རིགས་ལས་དོན་ཁྲུའུ་རུ་སྤར། སྤྱི་ལོའི༡༩༥༤ལོར་ཀན་སུའུ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དུ་ནང་བསྟན་ལས་དོན་གྱི་འགན་ཁུར་བར་བཞག། མི་རིགས་དུ་མའི་ལས་བྱེད་མི་སྣ་དང་ཞི་མཐུན་མཉམ་གནས་ངང་བཞུགས་པས་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་བྱ་བར་རང་ནུས་ཅི་མཆིས་ཕུལ། སྤྱི་ལོའི༡༩༥༥ལོར་ཀན་སུའུ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་བོད་ཡིག་དུས་དེབ«འབྲོག་ཁུལ་གྱི་འཚོ་བ»ཞེས་པ་པར་དུ་བཏབ། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་སུ་ཀན་སུའུ་ཞིང་ཆེན་ཡོངས་ནས་པར་དུ་བཏབ་པའི་བོད་ཡིག་དུས་དེབ་ཐོག་མ་སྟེ། སྐུ་ཞབས་སྙིང་པོ་རྒྱལ་མཆོག་གིས་ཞུས་དག་གཏན་འབེབས་བྱས། ལོ་དེར་ཀན་སུའུ་བོད་སྐད་རྒྱང་སྒྲོག་གཏོང་མགོ་ཚུགས། ཁོང་ནས་ཞུས་འབེབས་ཀྱི་ལས་ཀ་བསྒྲུབས། ཏང་གི་སྲིད་ཇུས་ཀྱི་དབྱངས་འགྱུར་སྙན་མོ་བོད་འབངས་ཐབ་ཁྱིམ་རེ་རེའི་རྣ་ལམ་དུ་བསྒྲགས།
       སྤྱི་ལོའི༡༩༥༨ལོར། ཞིང་ཨུས་ལས་བྱེད་ཚོ་ཆུང་ཞིག་བསང་ཆུར་མངགས། སྐུ་ཞབས་སྙིང་བོ་རྒྱལ་མཆོག་བླ་བྲང་དགོན་པའི་འཇམ་དབྱངས་ལས་བྱེད་ཚོགས་པའི་ཚོགས་གཙོ་ཟུར་བར་བདམས། ལོ་འདིར་རྒྱལ་ཡོངས་རྣོ་ལྕགས་འཇུ་བའི་ལོར་འཁེལ། ཏང་གིས་བསྐྱེད་བསྲིང་བྱས་པའི་ཤེས་ལྡན་མི་སྣ་ཞིག་གི་ངོས་ནས་དེ་ལྟའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་དུ་སྙིང་སྟོབས་ཆེན་པོ་དང་སྤྱན་རྒྱང་རིང་མོས་བླ་བྲང་གི་ཤུལ་བཞག་རིག་གནས་ལ་བདག་སྐྱོང་གང་ལེགས་གནངས། རྩ་ཆེ་བའི་རྒྱུ་ཆ་རྣམས་གང་སར་བོར་ནས་བདག་མེད་དུ་ལུས་པའི་ཚུལ་ལ་སྐུ་ཞབས་མཆོག་གིས་ཐུགས་ཀྱིས་མ་བཟོད་པར་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དབུ་ཁྲིད་ཟུར་བ་བཱང་གཡུ་ཕིན་ལ་འབྲེལ་ཡོད་གནས་ཚུལ་ཞུ་འབུལ་བྱས། ཟླ་ཕྱེད་ཀྱི་རྗེས་སུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སྤྱི་བདེ་པུའུ་གཉིས་ཀྱིས་མཉམ་འབྲེལ་གློག་འཕྲིན་བཏང་སྟེ་ཉིད་ཀྱི་ཞུ་འབུལ་ཇི་བཞིན་ལག་བསྟར་དགོས་པའི་བཀའ་འབྱོར། སྐབས་དེའི་རྫོང་ཨུའི་ཧྲུའུ་ཅི་ནས་ཐུགས་ཁུར་ཆེས་ཆེར་བྱས། སྐུ་ཞབས་ཀྱི་མདུན་སར་བཅར་ནས་གྲོས་མོལ་གང་ཡག་ཐོག་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ལོ་ཙཱ་ཁག་གི་མི་སྣ་ཡོངས་འདུས་པའི་ལས་བྱེད་ཚོ་ཆུང་ཞིག་བཙུགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་དངོས་ཀྱི་བདེ་འཇགས་དང་། དགོན་པར་ཉར་བའི་གསུང་རབ་བསྟན་བཅོས་པོ་ཏི་འབུམ་ཕྲག་ལྷག འཇམ་དབྱངས་བཞད་པས་ལྷ་སར་བསྣམས་འོངས་པའི་དགོན་པའི་སླང་ཆེན་སོགས་དགོན་པ་དང་དམངས་ཁྲོད་ཀྱི་རིག་དངོས་རྩ་ཆེན་དག་ལ་བསྡུ་བསྒྲིགས་དང་། རིགས་དབྱེ། དཀར་ཆག་བཟོ་བ། ཐོ་འགོད་སོགས་ཀྱི་བདག་གཉེར་དོ་དམ་བླ་མེད་བསྐྱངས་ཤིང་། ཏང་གི་མི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་བཅངས་པའི་སྲིད་ཇུས་དངོས་འབེབས་ཡང་དག་བྱས་པར་མ་ཟད་ཀྱི། དགུང་གྲངས་བཅུ་ལ་ཕེབས་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཐུགས་བརྩེ་དམ་མདུད་གཅིག་ཏུ་སྦྲེལ་པས་ཀུན་མཁྱེན་ཚང་ནས་ཕྱིས་སུ་ཕྱིར་དྲན་གྱི་སྐབས་ཐོག་མང་པོར་བཀའ་དྲིན་ཟབ་མཚོན་གྱི་གཏམ་མཆིད་ཡང་དུ་མཛད།
གསུམ་པ། སློབ་གསོའི་ལམ་དུ་སྐུ་ཚེ་དོན་ལྡན་འཕེལ།
       རིག་གནས་གསར་བརྗེ་ཆེན་མོའི་སྐབས། མི་དམངས་ཉིན་རེའི་ཚགས་པར་ནས་རྒྱ་ཆེའི་ལས་བྱེད་པ་དག་གཞི་རིམ་དུ་ངལ་རྩོལ་ལ་མངགས་པ་ནི་སློབ་སྦྱོང་གི་གོ་སྐབས་བསྐྱར་མ་ཡག་ཤོས་ཤིག་སྟེ། རྒས་འཁོགས་ནད་པ་དང་དབང་སྐྱོན་སོགས་མ་ཡིན་པའི་ལས་བྱེད་པ་དག་གཞི་རིམ་དུ་ངལ་རྩོལ་དུ་མངགས་འོས་ཞེས་པའི་ཁྱབ་བསྒྲགས་ཐོན་པ་དང་འབྲེལ། ཀྲུང་དབྱང་དང་ཏང་སྲིད་ལས་ཁུངས། སློབ་གྲྭ་ཆེན་མོ། རིག་གཞུང་སྡེ་ཁག་སོགས་ཀྱི་ལས་བྱེད་པ་དང་། དགེ་རྒན། ཆེད་མཁས་པ། རིག་རྩལ་འཁྲབ་སྟོན་པ་མང་པོ་ཞིག་དང་འདྲ་བར་སྐུ་ཞབས་མཆོག་ཀྱང་གཞི་རིམ་དུ་བསྐྱོད།
       སྤྱི་ལོའི༡༩༧༣ལོ་ནས་བཟུང་། དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་རིང་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་བ་གང་ལ་ཕོགས་པའི་གྲིབ་བསིལ་གྱི་སྐལ་བ་བཟང་པོའི་འོག་སྔ་ཕྱིར«མདོ་སྨད་ཆོས་འབྱུང»དང་། «ཐུའུ་བཀྭན་གྲུབ་མཐའ» «གླིང་གེ་སར་རྒྱལ་པོའི་སྒྲུང»སོགས་བསྟན་བཅོས་པོ་ཏི་ཉི་ཤུ་ལྷག་དཔར་བསྐྲུན་གྱི་བྱ་བ་རླབས་པོ་ཆེ་བརྩམས་ཤིང་། ཞིང་ཆེན་ཡན་གྱི་གོང་རིམ་པའི་ཆེད་བསྟོད་ཀྱི་གཟེངས་བྱང་ཡང་མང་དུ་ཐོབ།
       ཏང་རྩ་འཛུགས་ཀྱི་ཕྱག་སྟོན་དང་ལས་ཀའི་དགོས་མཁོའི་དབང་གིས་སྤྱི་ལོའི༡༩༨༣ལོ་ནས་ནུབ་བྱང་མི་རིགས་སློབ་གླིང་གི་གླིང་གཙོ་ཟུར་བའི་འགན་བཞེས། ཆབས་ཅིག་ཏུ་ཀན་སུའུ་མི་རིགས་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་། ནུབ་བྱང་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་བོད་ཡིག་པར་མའི་གཙོ་སྒྲིག་པ། ཀན་སུའུ་ཞིང་ཆེན་རྩོམ་སྒྲིག་མཐུན་ཚོགས་ཀྱི་རྒྱུན་ལས། ཀན་སུའུ་ཞིང་ཆེན་ཨ་མདོ་ཞིབ་འཇུག་ཁང་གི་མཚན་འཛིན་ཀྲུའུ་རིན་སོགས་ཀྱི་ཁུར་མང་ཕྲག་ཏུ་བླངས་ཏེ། མི་རིགས་ཡིག་ཚགས་ཀྱི་བདག་གཉེར་དང་ཕྱག་ལེན་སྒོས་སུ་རང་རྒྱལ་མི་རིགས་མཐོ་སློབ་ཀྱི་སློབ་གསོའི་བྱ་གཞག་གི་སྔུན་སྐྱོད་གདོང་ལེན་པར་ཆགས།
       སྐུ་ཞབས་མཆོག་གིས་ནུབ་བྱང་ནས་སྲིད་ཀྱི་ཕྱག་ལས་གནངས་རིང་ལ་རིག་གཞུང་ཞིབ་འཇུག་གི་ཐད་དུའང་ཤེས་ལྡན་ནང་འདྲེན་དང་བསླབ་ཚན་འཛུགས་བསྐྲུན་སོགས་ཀྱི་དོན་སྙིང་ལྡན་པའི་མཛད་པ་མང་དུ་བྱུང་། སློབ་གྲྭའི་ལོ་ངོ་བདུན་ཅུ་ལྷག་གི་འཕེལ་རྒྱས་ཁྲོད་དངོས་གཞིའི་སློབ་གསོ་གཙོ་བོའི་འོག་གི་དར་མའི་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། གྲ་སྒྲིག་སློབ་གསོ། རྒྱུན་མཐུད་སློབ་གསོ་སོགས་སློབ་སྒྲུབ་ཀྱི་རྣམ་པ་གསར་བར་འཕེལ་ཞིང་། དངོས་གཞི་དང་རབ་འབྱམས་ཞིབ་འཇུག འབུམ་རམས་ཞིབ་འཇུག་སོགས་བསླབ་གནས་མི་འདྲ་བའི་སློབ་མ་གསོ་སྐྱོང་སོགས་ཤེས་ལྡན་མི་སྣ་བསྐྱེད་བསྲིང་དང་རིག་གཞུང་གྲུབ་འབྲས་འབུར་ཐོན་གྱིས་རྒྱལ་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས། སྤྱི་ལོའི༡༩༨༣ལོར་དེའི་སྔོན་ནུབ་བྱང་མི་རིགས་སློབ་གླིང་གི་ནང་ཁུལ་ཁོ་ནར་བཀྲམ་པའི་རིག་གཞུང་དུས་དེབ་བོད་ཡིག་སྣུམ་པར་མ་དེ་རྒྱལ་ཁབ་གསར་འགྱུར་པར་བསྐྲུན་ཅུའུ་ཡི་ཆོག་མཆན་འོག་རྒྱལ་ཁབ་ཕྱི་ནང་དུ་དངོས་སུ་བཀྲམ་པའི་མགོ་ཚུགས།
       སྤྱི་ལོའི༡༩༨༦ལོར། སློབ་ཏང་ཨུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ལ་སློབ་གྲྭ་རང་ནས་བོད་རྒྱ་སྐད་གཉིས་ཀྱི་རྩིས་རིག་ཆེད་ལས་འཛིན་གྲྭ་དང་དངོས་ལུགས་ཆེད་ལས་འཛིན་གྲྭ་གཉིས་འཛུགས་ཐད་ཀྱི་སྙན་ཞུ་ཕུལ། གོང་རིམ་པའི་ཆོག་མཆན་བརྒྱུད་སྤྱི་ལོའི༡༩༨༧ལོར་རྩིས་རིག་ཆེད་ལས་ཀྱི་འཛིན་གྲྭ་བསྒྲུབས་ཤིང་། སྤྱི་ལོའི༡༩༨༩ལོར་རྩིས་རིག་ཆེད་ལས་ཀྱི་འཛིན་གྲྭ་ཐོག་མ་མཐར་ཕྱིན། སྤྱི་ལོའི༡༩༩༠ལོར་དངོས་ལུགས་ཆེད་ལས་ཀྱི་འཛིན་གྲྭ་བསྡུ་མགོ་བརྩམས། དུས་སྐབས་དེར་སློབ་དེབ་འོས་འཚམ་ཞིག་མེད་པར་དམིགས་ནས་ཆེད་ལས་མི་སྣ་འགའ་ཤས་རྩ་འཛུགས་ཐོག«རྒྱུན་བཀོལ་བོད་ཡིག་རྩིས་རིག་ཚིག་མཛོད»ཅེས་པ་པར་དུ་བསྐྲུན། བོད་རིགས་སློབ་མ་ཁོར་ཡུག་གི་དབང་གིས་དབྱིན་ཇི་ལ་ཡག་པོ་མེད་པ་རྣམས་ལ་སྒྲ་རིག་པའི་སྟེང་ནས་རབ་འབྱམས་དང་འབུམ་རམས་ཞིབ་འཇུག་ལ་ཡིག་ཚད་གཏོང་ཆོག་པའི་མཐུན་རྐྱེན་གང་བཟང་བསྩལ་བ་སོགས་འབྲེལ་ཡོད་ཆེད་ལས་ཤེས་ལྡན་མི་སྣ་བསྐྱེད་བསྲིང་གང་མང་གནངས་ཏེ་མི་རིགས་ས་གནས་ཀྱི་སློབ་གསོའི་ཁོར་ཡུག་ལ་འཕྲལ་ཡུན་གཉིས་ཕན་གྱི་དོན་ཆེན་མང་པོ་བསྒྲུབས།
       མི་གཤིས་ཀྱི་རྩ་བ་ལ་ཙན་དན་གྱི་དྲི་བསུང་འཐུལ་བའི་སྤྱོད་ཚུལ་དང་། བསོད་ནམས་ཀྱི་ས་གཞི་ལ་ལེགས་ཚོགས་ཀྱི་འོད་དཀར་བྱུགས་པའི་མཛད་འཕྲིན། ཤེས་རབ་ཀྱི་འོ་མཚོ་ལས་བསྟན་བཅོས་ཀྱི་མར་ལོ་དཀྲུགས་པའི་བཀའ་རྩོམ། སྐུ་ཞབས་མཆོག་གི་སྐུ་ཚེའི་བགྲོད་ལམ་ལ་ཀྱག་ཀྱོག་གི་ཐེམ་པ་མང་དུ་སྤུངས་མཆིས་ཤིང་། རླབས་ཆེན་གྱི་ཕྱག་ལས་ལ་ཆར་རླུང་གི་དཀའ་ཚེགས་མང་དུ་འཕྲད་ཡོད་ཀྱང་། རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་རྒྱུད་འཛིན་དང་འཕེལ་རྒྱས་ལ་རང་སྲོག་ནོར་བུ་རིན་པོ་ཆེ་ལགས་ཀྱང་འཛེམས་བག་མེད་པར་འབུལ་བཟོད་པའི་དམ་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བས་རྗེས་རབས་འཚོ་བཞུགས་ཡོད་པ་རྣམས་ལ་སྤྱན་ལྟོས་རི་བོ་ལྟར་དུ་གསལ་ངེར་བཞུགས་པ་བཅས། གང་ལ་མི་གཡོ་བའི་རྗེས་དྲན་གྱི་མཆོག་ཀྱང་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་གོམ་པ་རེ་རེ་དེ་ལགས་སོ། །
         (ཁ་སང་བོད་མིའི་རིག་གནས་དྲ་བའི་ཐོག་ཏུ་རྩོམ་པ་པོའི་མིང་ལ་ལིག་ཡེ་ཀྲུང་ཞེས་པ་ཞིག་གིས་རྒྱལ་ཚང་སྙིང་པོ་རྒྱལ་གྱི་སྐུ་ཚེའི་མཛད་རིམ་སྐོར་ནས་རྩོམ་ཡིག་ཐུང་ཐུང་ཞིག་བྲིས་འདུག་པ་མཐོང་འཕྲལ། ཕྲན་ནས་ཐེངས་གཅིག་ལ་ཞིབ་ཏུ་བཀླགས་ཤིང་གོ་བ་ཇི་ལྟར་བྱུང་བ་དག་ཁ་ཤས་བསྐུངས་ཤིང་ཁ་ཅིག་བསྒྱུར་པ། སྐབས་རེར་ཚིག་རྒྱན་ཁ་ཤས་རང་ནས་གསར་དུ་བསྣན་པ་སོགས་ངོ་གདོང་གི་ཚིག་འབྲུ་ཇི་མ་ཇི་བཞིན་དུ་མ་ཡིན་པར་བསྡུས་བསྒྱུར་བྱས་པ་འདིས། རྩོམ་པ་པོ་དང་རྩོམ་ཡིག་རང་ལ་མ་གུས་པ་དེ་འདྲ་མ་ལགས་པར་གཙོ་བོར་རང་གི་ལོ་ཙཱའི་སློབ་སྦྱོང་གི་སྡེབ་སྦྱོར་ཆེད་དུའོ། ། འགྱུར་ཉེས་ཅི་མཆིས་བསྒྱུར་པ་པོའི་ཆུ་ཚད་དམན་པ་དང་འབྲེལ་ལོ། །)
འབྲེལ་ཡོད་འོས་སྦྱོར།