འགྱུར་རྩོམ། གལ་སྲིད་སྐྱེ་བ་ཕྱི་མ་ཡོད་ན།
རྩོམ་པ་པོ།:མཁར་མོ་བྱམས་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-12-12
ཀློག་གྲངས།:
གལ་སྲིད་སྐྱེ་བ་ཕྱི་མ་ཡོད་ན།
སན་མའོ་ཡིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།
མཁར་མོ་བྱམས་ཀྱིས་བསྒྱུར།
གལ་སྲིད་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ན།
ཁོ་བོ་ཤིང་སྡོང་ཞིག་ཏུ་སྐྱེ་ན་བསམ།
བརྗིད་ཆགས་བརྟན་བརླིང་ངང་།
དགའ་སྐྱོའི་ཉམས་འགྱུར་མེད་པར།
རྩ་བ་འོག་མ་ཀླུའི་ཡུལ་དུ་གནས་འཆའ་ཞིང་།
ཡལ་འདབ་ལྷ་དང་མིའི་འཇིག་རྟེན་ན་དལ་གྱིས་གཡོབ་སྟེ།
གསེར་ལྡན་འཛིན་མའི་ཕངས་པར་ཆགས་ལ།
འོད་ལྡན་ཉིན་བྱེད་དབང་པོའི་མདངས་ལ་རོལ་ཏེ།
ཁུ་སུམ་མེར། ཁེངས་མདོག་ཤར་རེ།
གཞན་རྟེན་གྱི་འདུན་པ་རྡོག་ཙམ་དབེན་ཞིང་།
གཞན་འཚོལ་གྱི་གཤིས་ཀ་ཡེ་ནས་མེད།
གལ་སྲིད་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ན།
ཁོ་བོ་རླུང་བུ་ཞིག་ཏུ་སྐྱེ་ན་བསམ།
སྐད་ཅིག་གི་རྒྱུ་བས་རྟག་བརྟན་ཐེར་ཟུག་གི་རང་བཞིན་ལ་ཅོ་འདྲི་ཞིང་།
འཆར་ཡན་གྱི་འགྱུ་བག་རྒོད་པའི་བརྩེ་སེམས་མེད་ལ།
བརྩེ་དུང་གི་རླབས་རིས་མངོན་པར་གསལ་བའི་མིག་དབང་ཡང་མེད།
ཕྱེད་ཀ་ཆར་བའི་ཁྲོད་དུ་རྒྱུ་ཞིང་།
ཕྱེད་ཀ་དཔྱིད་དཔལ་ཀློང་ནས་འཛུམ།
ཁེར་རྐྱང་གི་སྐབས་སུ་དྲན་ཤིང་རབ་རིབ་ཡུག་གཅིག་ཏུ་ཁྱེར་ཏེ།
རང་གཅིག་པུ་རྒྱང་རིང་དུ་སྐྱོད་ཅིང་།
འཕྲེང་སེམས་མེད་ལ་ཞེན་ཆགས་ཀྱང་མེད།
གལ་ཏེ་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ན།
ཁོ་བོ་བྱིའུ་ཞིག་ཏུ་སྐྱེ་ན་བསམ།
འཕུར་ལྡིང་གིས་མི་ཡུལ་འགོམས་ཤིང་།
འཕུར་ལམ་རྨོངས་བའི་སེམས་ཁྲལ་མེད་ལ།
ཤར་ཕྱོགས་སུ་འོད་ཟེར་སྟོང་ལྡན་གྱི་རེ་བ་མཆིས་ཤིང་།
ལྷོ་ཕྱོགས་སུ་དྲོད་ཀྱིས་བརྟས་པའི་གནས་མལ་ཡོད།
ནུབ་ཏུ་དགོང་ཁའི་མཚམས་སྤྲིན་མོག་པར་སྣང་ལ།
བྱང་དུ་ཞིམ་པའི་དྲི་བསུང་འཐུལ་ལེར་འོང་།
གལ་ཏེ་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ན།
ཐུག་འཕྲད་ཐེངས་རེར།
རྟག་བརྟན་འགྱུར་བར་སྨོན།
འབྲེལ་ཡོད་འོས་སྦྱོར།