logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་དྲུག་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-19 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

སོ་གཅིག་པ།
       ཉིན་འདི་འགར་སྒྲོལ་མའི་སེམས་ཁམས་ཇེ་བཟང་ནས་ཇེ་ལེགས་རེད། ཕལ་ཆེར་འདས་ཟིན་པའི་སྡུག་བསྔལ་མཐའ་དག་བརྗེད་སོང་བ་འདྲ། ཉིན་བཞིན་སྐོར་བྲོ་འཁྲབ་པར་རྒྱུན་འཁྱོངས་བྱེད་ལ་ཁྱིམ་གྱི་ལས་ཀར་འཇུས་པ་འང་ཇེ་མང་ནས་ཇེ་མང་རེད། མོས། ཤའོ་ཡུན་གྱི་ལུས་ཕུང་བདེ་ཐང་དུ་གྱུར་བས་ཡང་སྐོར་བྲོ་གསར་བ་ཞིག་ཁྲིད་པའི་མགོ་བརྩམས་ཞེས་ཟེར།
       ངས། སྐོར་བྲོ་གསར་བ་སློབ་ཨེ་བདེའམ། ཤའོ་ཡུན་གྱིས་གང་ནས་སློབ་ཡོང་བ་རེད་དམ་ཞེས་དྲིས་ཚེ།
       སྒྲོལ་མས། སྐོར་བྲོ་འཁྲབ་གྲོགས་ཚང་མའི་འཁྲབ་ནུས་ཇེ་མཐོར་སོང་བ་དང་བསྟུན་ནས་སྐོར་བྲོ་གསར་བའི་འཁྲབ་སྟངས་ཀྱང་ཇེ་དཀའ་ནས་ཇེ་དཀའ་རེད་དེ། ནང་དུ་ཆེད་ལས་འཁྲབ་སྟོན་པའི་འཁྲབ་སྟངས་ཀྱང་བསྣན་བྱུང་། ཤའོ་ཡུན་གྱི་ཨ་མ་ནི་ཞབས་བྲོ་སྒྲིག་སྦྱོར་བྱེད་མཁན་ཞིག་རེད། སྐོར་བྲོ་གསར་བ་འདི་མོས་རང་གི་ཨ་མའི་དྲུང་ནས་བསླབས་ཡོང་བ་རེད་ཅེས་ཟེར།
       ངས། མོའི་ཨ་མ་ནི་ངོ་མས་ངར་བ་ཞིག་རེད་ཅེས་བསྔགས་བརྗོད་བྱས།
       སྒྲོལ་མས། བྱིས་པ་འདིར་སྲ་བརྟན་གྱི་བྱ་བ་ཡོད་པ་རེད། གདོང་དང་། གཟུགས། གཤིས་ཀ་གང་གི་ཕྱོགས་ནས་ཀྱང་ལེགས་པའི་སྟེང་། ད་དུང་རོལ་མོ་དང་ཞབས་བྲོར་མཁས་པའི་ཤེས་ལྡན་གྱི་མ་ལོ་ཞིག་འདུག ང་དངོས་གནས་མོ་ལ་དགའ། ཡིད་ཕངས་པ་ཞིག་ལ་མོའི་ཕ་ནི་བོད་རིགས་མིན་པས། འཚོ་བའི་ཕྱོགས་ནས་ང་ཚོ་དང་མི་འདྲ་ས་ཡོད་ཁོ་ཐག་ཡིན་ཞིང་། འདིས་ང་ཚོ་ལ་བཀག་འགོག་ཀྱང་བྱེད་སྲིད་ཅེས་ཟེར།
       ངས། ངས་ཁྱོད་ཀྱི་སྐད་ཆའི་ནང་དོན་དངོས་དེ་རྟོགས་བྱུང་སྟེ། གལ་ཏེ་མོའི་ཕ་ནི་རྒྱ་རིགས་ཤིག་ཡིན་པར་འདང་མི་བརྒྱག་པ་ཡིན་ན། ཁྱོད་ཀྱིས་བུ་ལ་དངོས་སུ་མནའ་མ་བསློང་རྩིས་ཡིན་པ་མིན་ནམ་ཞེས་དྲིས།
       སྒྲོལ་མས། བདེན་དེ། ངས་བཤད་པ་དེ་རང་ཡིན། ཁྱོད་ཀྱིས་བུ་མོ་དེ་ནི་བོད་ཀྱི་ཁྲག་རྒྱུད་དངོས་མ་ཞིག་མིན་པར་དོགས་པ་མི་ཟའམ་ཞེས་ཟེར།
       ངས། གལ་ཏེ་བྱིས་པ་ཚོར་ལས་དབང་དེ་ཡོད་ཅིང་། བུ་མོ་ཡང་ངེད་ཚང་ལ་ཡོང་བར་འཐད་པ་ཡིན་ན། མི་རིགས་གཞན་པ་ཕར་ཞོག་དང་ཕྱི་རྒྱལ་མ་ཞིག་བླངས་རུང་ང་འཐད་པ་ཡིན་ཞེས་བཤད།
       སྒྲོལ་མས། ཁྱོད་ཀྱི་བསམ་བློ་དེ་སྔོན་ཆད་ང་དང་གཅིག་པ་ཡིན་ཞིང་། ད་དུང་ང་ལས་ཀྱང་རྗེས་ལུས་ཡིན་པ་འདྲ་མོད། ཅིའི་ཕྱིར་འགྱུར་ལྡོག་འདི་འདྲའི་ཆེ་བ་ལ་ཨང་། ཁྱོད་ཀྱིས་ངོ་མས་སུ་ལས་ཀྱང་འདང་དཔོག་འདུག་ཅེས་ཟེར།
       ངས། སྔོན་ཆད་ང་ལ་ཡབ་མེས་དག་གི་སྲོལ་རྒྱུན་གྱི་ལྟ་བའི་ཤན་ཤུགས་ཐེབས་དྲག་པས་ཡིན། ཉེ་ཆར། ངས་བོད་རིགས་ཀྱི་མི་གྲངས་ལ་ཞིབ་འཇུག་བྱེད་པའི་ཕྱོགས་ཀྱི་རྩོམ་ཡིག་ཅིག་ལ་བལྟས་པ་ཡིན། རྩོམ་ཡིག་ཏུ་བོད་རིགས་ཀྱི་མི་གྲངས་འཕེལ་རྒྱས་སུ་མི་འགྲོ་བའི་གནད་དོན་གཙོ་བོ་གཤམ་གྱི་དོན་གསུམ་ལ་རག་ལས་པ་བྲིས་ཡོད་དེ། གཅིག་ནི་བོད་ཀྱི་བྱིས་པ་མང་པོ་ཞིག་དགོན་པར་ཞུགས་པས་བྱིས་པ་མི་བསྐྱེད་པ་དང་། གཉིས་ནི་མི་རིགས་གཞན་དང་གཉེན་བསྒྲིགས་པའི་བྱིས་པར་མཐོང་ཆུང་བྱེད་པ་ལས་ཁོག་རྒྱ་མི་བསྐྱེད་པས། མི་རིགས་གཞན་དང་གཉེན་བསྒྲིགས་པའི་བྱིས་པ་དག་གི་བརྩེ་དུང་ལ་གནོད་འཚེ་ཐེབས་ཤིང་རེ་རེ་བཞིན་གཞན་མི་རིགས་སུ་བསྒྱུར་བས། མི་གྲངས་ཇེ་ཉུང་དུ་བྲི་བའི་རྣམ་པ་ཐོན་པ་བྲིས་འདུག་ལ། གནད་དོན་གཞན་གཅིག་ནི་མི་རིགས་དང་ཁྱིམ་རྒྱུད་ནང་ཁུལ་ཁོ་ནར་བཟའ་བསྒྲིགས་བྱས་པས་བྱིས་པ་ནད་པ་མང་བོ་ཞིག་ཀྱང་བྱུང་ཞིང་། བྱིས་པ་དེ་དག་ནར་སོན་རྗེས་རང་གི་རྩ་བའི་འཚོ་བའང་ཐག་གཅོད་བྱེད་དཀའ་བས་བཟའ་བསྒྲིགས་ཟེར་བ་གླེང་རིན་མེད་ལ། གལ་ཏེ་སྲོལ་རྒྱུན་གྱི་གཤིས་ངན་འདི་དག་ཐེར་འདོན་མ་བྱས་ཚེ། མི་རིགས་འདིའི་མ་འོངས་པར་རང་གིས་རང་ཉིད་བརླགས་ཚར་ངེས་རེད་ཅེས་བྲིས་འདུག ང་ནི་བཞེད་ཚུལ་འདིར་འཐད་པ་ཡིན་ཞེས་བཤད།
       སྒྲོལ་མས་བསྔགས་བརྗོད་ཆེན་པོས། དེ་རེད། ང་ཚོའི་མི་རབས་འདིའི་བོད་པ་ཚོས་ཐ་ན་ས་གནས་གཞན་པའི་བོད་རིགས་དང་ཡང་གཉེན་བསྒྲིགས་བྱེད་ཁག་པོ་འདུག་ན། དངོས་གནས་བཀག་བསྡོམས་བྱས་པ་ཤུགས་དྲགས་སོང་། སྤྱིར་ཁྱོད་ཀྱི་བསམ་བློའི་གོ་རྟོགས་ནི་མཐོན་པོར་གནས་མོད་ཀྱང་། ཡིན་ཡང་ཨ་ཕ་འཐད་མིན་མི་ཤེས་ཞེས་ཟེར།
       ངས། ཁོང་འཐད་ངེས་ཡིན། སྔོན་ལ་གནས་ལུགས་ཆེན་པོ་བཤད་རྒྱུ་བསྐྱུར་ཞོག་དང་། བུ་མོ་འདིའི་སྟེང་དུ་མ་མཐའ་ཡང་བོད་ཀྱི་ཁྲག་རྒྱུད་ཕྱེད་ཀ་ཡོད་པས་ཡིན་ཞེས་བཤད།
       སྒྲོལ་མས། ཉིན་འདི་དག་གི་རིང་ལ། ང་དང་ཤའོ་ཡུན་གཉིས་ཀྱི་དོན་དག་ཡོད་པ་དང་། མཚོ་མོས་ཀྱང་འབྲེལ་ཟམ་འཛུགས་གང་ཐུབ་བྱས་ལ། ཤའོ་ཡུན་གྱིས་ཀྱང་མི་འཐད་པའི་རྣམ་འགྱུར་གང་ཡང་མ་བསྟན་མོད་ཀྱང་། ཡང་ངས་མོའི་ཕའི་ཕྱོགས་ལ་འདང་བརྒྱབ་པས་ད་དུང་མོར་དངོས་སུ་མནའ་མ་སློང་རྒྱུའི་དོན་དེ་མ་གླེང་། དེ་རིང་གི་ཁྱོད་ཀྱི་སྐད་ཆ་འདི་ཡོད་ན་ངའི་སེམས་བདེ་ལ་བབས་བྱུང་བ་ཡིན་ཞེས་ཟེར།
       ངས། བདེ་ལ་ཇི་ལྟར་འབབ་བམ། ང་ཚོའི་འདི་ནི་ཤོག་བུའི་སྟེང་ནས་འཐབ་ཇུས་གླེང་བ་ཁོ་ན་ཙམ་ལས་བྱིས་པ་ཚོས་ད་དུང་ངོ་ཡང་མ་མཐོང་བས། ཁྱོད་ཀྱིས་ད་དུང་མྱུར་དུ་མནའ་མ་སློང་རྒྱུ་གླེང་། བྱིས་པ་ཚོའི་གཉེན་བསྒྲིགས་ནི་གཙོ་བོ་ཁོ་ཚོའི་ལས་ཀྱི་ཐོད་པའི་ཁ་ཡིག་ཡོད་མེད་ལ་བལྟས་ནས་ཐག་གཅོད་དགོས་པ་ལས། ང་ཚོའི་ཡབ་མེས་ཚོས་ནང་བཞིན་རང་རང་གི་འདོད་མོས་བྱིས་པ་ཚོའི་སྟེང་དུ་བཀལ་ལ་ཇི་ལྟར་འོས་སམ་ཞེས་སྨྲས།
       སྒྲོལ་མས། དེ་རེད། དེ་རེད། དོན་འགྲུབ་མི་འགྲུབ་རང་རང་གི་དོན་རེད། འདི་ནི་ང་ཚོས་ཆུ་ཆེན་ལ་ཟམ་པ་འཕངས་པ་ཙམ་བྱོས། དེ་ལྟར་བཤད་རྗེས་སྐོར་བྲོ་འཁྲབ་ཏུ་ཕྱིན་སོང་།
༣༡
       ལོ་སར་མ་རྫོགས་གོང་ལ། ཚེ་ལོ་ཁོ་ཚོ་སྔོན་ལ་ཕྱིར་ལས་ཁུངས་སུ་ལོག་པའི་ལམ་དུ་ཆས། དེ་ནི་གཞན་རྐྱེན་ཅི་ཡང་མ་ཡིན་ཏེ། ཡིན་པ་ནི་ཚེ་ལོ་འབྲེལ་ཡོད་འགོ་ཁྲིད་ལ་ལོ་གསར་བའི་འཚམས་འདྲིར་འགྲོ་འདོད་པ་དེ་རེད། ཐེངས་འདིར་ཁྱིམ་དུ་ལོག་པ་བརྒྱུད་བཟའ་ཟླའི་ལེ་བདའ་དང་གྱོས་མོའི་ཁ་ཏ་བསླབ་བྱ། དེ་བཞིན་ལམ་བར་གྱི་དཀའ་སྡུག་སོགས་ཀྱིས་ཁོ་ལ་དཔོན་ལམ་ཁྲོད་གང་མགྱོགས་ངང་བྱས་རྗེས་འཇོག་དགོས་པའི་བསམ་ཚུལ་བྱུང་བས་རེད། ཁོས་རང་ཉིད་ནི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་པ་དང་། ལོ་ན་གཞོན་པ། ཏང་ཡོན་ཡིན་པ། རིག་གནས་ཆུ་ཚད་དང་ལས་ཀའི་འཇོན་ཐང་ཚང་མ་ལས་གྲོགས་ཚོའི་སྔོན་དུ་བསླེབས་ཡོད་པས། གལ་ཏེ་འགོ་ཁྲིད་དབར་ལ་འབྲེལ་བ་ཡག་པོ་ཞིག་བཙུགས་ནས་ཁོང་ཚོས་མཐོང་ཆེན་བྱས་ཚེ་དཔོན་ལམ་ཁྲོད་ཡར་རྒྱས་ཕྲན་བུ་ཡོང་བར་རེ་བ་མེད་པ་ནི་མིན་ཞེས་སྙམ་པས་རེད།
       རྫོང་དུ་བསླེབས་རྗེས་ཚེ་ལོ་དཀའ་ཁག་ལ་འཕྲད་སོང་། ཁོས་སྔོན་ལོར་འགོ་ཁྲིད་ཚོར་ལོ་སར་གྱི་འཚམས་འདྲི་ཞུས་མེད་པས། འདི་ལོར་གློ་བུར་དུ་སོང་ཚེ་ཤེས་མཁན་རྣམས་ལ་ལྟ་ཚུལ་ཇི་འདྲ་ཡོད་དམ་སྙམ། ཚེ་ལོས་བསམ་ཚུལ་དེ་གཡང་སྐྱིད་ལ་བཤད་པ་ན། གཡང་སྐྱིད་ཀྱིས་ཅི་མི་སྙམ་པར། ད་ལྟ་ནི་དུས་རབས་གང་འདྲ་ཞིག་ཡིན་པ་མི་ཤེས་སམ། མངའ་འོག་གི་མིས་འགོ་ཁྲིད་ལ་ལོ་སར་གྱི་འཚམས་འདྲི་ཞུ་བ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་མ་རེ་དམ་ཞེས་ཟེར། ཚེ་ལོས། དེས་ན་ཁྱོད་ཀྱང་རང་གི་འགོ་ཁྲིད་ལ་ལོ་སར་གྱི་འཚམས་འདྲིར་འགྲོ་བསམ་པ་མིན་ནམ་ཞེས་པར། གཡང་སྐྱིད་ཀྱིས། ང་ནི་ཨ་ཁུའི་ངོ་སོའི་འོག་ནས་བྱ་བར་ཞུགས་པ་ཞིག་ཡིན་པས། བསླབ་གནས་མེད་ཅིང་འགོ་ཁྲིད་ཀྱི་ཆ་རྐྱེན་མི་ལྡན་ལ། དཔོན་གནས་སུའང་འགོ་སེམས་མི་འདུག་ཅེས་ཟེར། ཚེ་ལོས། དེས་ན་ཁྱོད་ང་དང་མཉམ་དུ་སོང་ན་གང་འདྲ་འདུག་གམ་ཞེས་པར། གཡང་སྐྱིད་ཀྱིས། གླེན་པ། སྐྱེས་གཟུགས་ཅུང་ཙམ་ཡག་པའི་བུད་མེད་ཅིག་སྐྱེས་པའི་རྗེས་དེད་ནས་འགོ་ཁྲིད་དག་ལ་ཕྲད་པར་ཧུར་བརྩོན་བྱས་ན་གཞན་གྱིས་ཇི་ལྟར་བསམ་མམ། དེ་ལྟར་བྱས་ཚེ་གལ་ཏེ་ཁྱོད་ལ་མ་འོངས་པར་མདུན་ལམ་བཟང་པོ་ཞིག་ཡོད་པའི་དབང་དུ་བཏང་རུང་གཞན་གྱིས་སྐད་ཆ་གང་འདོད་དུ་བཤད་མི་སྲིད་དམ་ཞེས་པར། ཚེ་ལོས་ཀྱང་དེ་བདེན་པར་སྙམ་ཞིང་རང་ཉིད་གཅིག་པུ་ཤང་སྲིད་གཞུང་དུ་སོང་། གཡང་སྐྱིད་ཀྱིས་ལས་གྲོགས་ཀླུ་སྐྱིད་སོགས་ཁྱིམ་དུ་བོས་ནས་ཤོ་སྦག་བརྒྱག་པ་དང་གླེང་མོལ་བྱེད་པར་གྲ་སྒྲིག་བྱས།
       ཚེ་ལོ་ཤང་དུ་སླེབས་རྗེས་ཡང་བསྐྱར་དཀའ་ཁག་དང་ཕྲད། ཁོས་རང་ཉིད་ཡང་སྙིང་འགོ་ཁྲིད་གང་དག་ལ་ལོ་གསར་གྱི་འཚམས་འདྲིར་འགྲོ་དགོས་པ་དང་། ཐོག་མར་འགོ་ཁྲིད་གང་གི་མདུན་དུ་འགྲོ་དགོས་པ། ལེགས་སྐྱེས་ཅི་ཞིག་འཁྱེར་དགོས་པ་སོགས་ལ་བསམ་གཞིགས་བཏང་། ཁོས་སྔོན་ལ་འགོ་ཁྲིད་མཐོ་ཤོས་ནས་མར་རྩིས། རྫོང་ཨུའི་རྩ་འཛུགས་མི་དོན་གཙོ་གཉེར་བྱེད་མཁན་ཧྲུའུ་ཅི་གཞོན་པ། ཁོའི་ཡིད་ལ་དེ་ལྟར་དྲན་ཡང་དོན་གྱིས་ཧྲུའུ་ཅི་གཞོན་པ་དེ་ནི་ད་སོ་མ་ལས་གནས་སྤར་ཡོང་བ་ཞིག་ཡིན་པས་ཚེ་ལོས་ཁོང་གཏན་ནས་མཐོང་མ་མྱོང་། ད་དུང་ཐོས་པ་ཡིན་ན་ཁོང་ནི་མི་སྤྱོད་གཙང་ཞིག་ཡིན་པ་མ་ཟད་མིག་ལམ་དུ་མི་འགྲོ་བའི་མི་དང་བྱ་བར་འཕྲད་སྐབས་དུས་ཐོག་ཏུ་སྐྱོན་བརྗོད་བྱེད་མཁན་ཞིག་རེད་ཟེར་བས། ཚེ་ལོའི་བསམ་པར། ཁོང་ནི་མི་སྣ་གྲགས་ཅན་ཞིག་ཡིན་པ་དང་། རང་ཉིད་ནི་དྲུང་ཡིག་ཆུང་ཆུང་ཞིག་ཡིན་པས་ནང་དུ་འཛུལ་རྗེས་ད་དུང་ངོ་སྤྲོད་ཉིན་ཕྱེད་རིང་བྱེད་དགོས། གལ་སྲིད་གོལ་འཛོལ་འདྲ་བྱུང་ཚེ་ད་དུང་སྐྱོན་བརྗོད་ཐེངས་གཅིག་ཕོག་ངེས་རེད་སྙམ་ཞིང་ཐེ་ཚོམ་ཡུན་རིང་ཙམ་བྱས་རྗེས་བསྐྱུར་ཏེ། ཡང་སེམ་སུ་སྔོན་ལ་རྩ་འཛུགས་པུའུ་ཀྲང་གི་ཁྱིམ་དུ་སོང་ན་འགྲིག རྒྱུ་མཚན་ནི་ཁོས་རྩ་འཛུགས་པུའུ་ཀྲང་ངོ་ཤེས་པས་ཁོང་གིས་མ་མཐའ་ཡང་རང་ཉིད་ལ་ངོ་སོ་ཙམ་སྟེར་བ་ཁོ་ཐག་ཡིན་འདོད་མོད་ཀྱང་། ཡང་ལེགས་སྐྱེས་ཅི་ཞིག་ཁྱེར་དགོས་མིན་ཐག་གཅོད་མ་ཐུབ། ཁོས་མཐུག་དྲགས་ན་རང་ཉིད་ལ་དཔལ་འབྱོར་གྱི་ནུས་པ་མེད་པའི་སྟེང་ད་དུང་ལྐོག་རྔན་སྤྲད་པའི་དོགས་གཞི་ཡོད་ལ། སྲབ་དྲགས་ཚེ་གཞན་གྱིས་མིག་ནང་དུ་མི་འཇོག་པ་མ་ཟད་ད་དུང་རང་ཉིད་ལའང་ངོ་སོ་མེད་ཅེས་སྙམ་ཞིང་། མཇུག་མཐར་སྤྱིར་བཏང་གི་ཤོག་སྒམ་དུ་བཅུག་པའི་ཆང་དམ་བེ་དོ་དང་མདུན་སྒོ་ཆེན་པོ་ཞེས་པའི་ཐ་མག་བག་ཐུམ་གཅིག་གཏན་འཁེལ་བྱས། ཁོས་ལེགས་སྐྱེས་བཟུང་སྟེ་མཁར་རྫོང་དུ་སྐྱོད་གྲབས་ཡོད་སྐབས་ཏག་ཏག་ཤང་ཀྲང་ཨྱོན་དང་འཕྲད་བྱུང་།  ཨྱོན་གྱིས། ཁྱོད་གང་དུ་འགྲོ་འམ་ཞེས་དྲིས་བྱུང་བས། ཚེ་ལོས་མྱུར་དུ། ངས་ཁྱོད་ཀྱིས་ལོ་སར་སྐབས་ངལ་གསོ་མི་བྱེད་པར་ལས་རེས་ཀྱི་སྣེ་ཁྲིད་ཅིང་དཀའ་ཁག་ཆེ་བ་ཤེས་པས་ཆེད་དུ་ཁྱོད་ལ་ལོ་སར་གྱི་འཚམས་འདྲི་ཞུ་བར་ཡོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། ཨྱོན་གྱིས། བཟང་གི། བཟང་གི། དེ་རིང་ཏག་ཏག་ང་ལ་ཁོམ་པ་ཅུང་ཙམ་ཡོད་པས་ཁྱོད་ལ་ཁ་བརྡ་བྱེད་གྲོགས་བྱས་ན་ཆོག་ཅེས་ཟེར་བཞིན་དུ་ཁོ་ཁོང་གི་ཉལ་ཁང་དུ་ཁྲིད།
       ཨྱོན་གྱིས་འཕྲིན་སྐྱེལ་བ་མངགས་ནས་སྲིད་གཞུང་གི་ཇ་ཁང་ནས་ལུག་ཤ་བཙོས་མ་བསྐྱལ་ཡོང་སྟེ་སྡེར་ཁ་བསྒྲིགས་ཤིང་། ཡང་སིལ་བླུགས་ཆང་ཟོམ་གང་བཏོན་ཡོང་ནས། འདི་ནི་གྲོགས་པོ་ཞིག་གིས་དཔའ་རིས་ནས་ཆང་བཟོ་གྲྭ་ནས་འཁྱེར་ཡོང་བའི་ཆང་ཡག་ཤོས་ཤིག་ཡིན་པས་དེ་རིང་ང་ཚོས་བྲོ་བ་ཡག་པོ་ཞིག་མྱོང་ཞེས་ཟེར།
       ཨྱོན་ཉིན་དེར་སྤྲོ་སེམས་རབ་ཏུ་འཁོལ་བས། ཅུང་མ་འགོར་བར་ལག་ཏུ་ཤ་གཏོད་པ་དང་། ཡང་ཅུང་མ་འགོར་བར་མཛུབ་གུ་འཕངས་ནས་ཆང་དྲངས་པས་ཚེ་ལོས་འཐུང་ནས་ཤིན་ཏུ་བཟི་བར་གྱུར་ཏེ་ཐ་ན་ཁོ་ཚོས་ཅི་ཞིག་གླེང་བ་དང་། རང་ཉིད་ཇི་ལྟར་ཉལ་ཁང་དུ་ལོག་པའང་མི་ཤེས་པར་གྱུར།
       ཉིན་གཉིས་པར་གཉིད་ལས་སད་ཚེ། ཚེ་ལོའི་སེམས་པ་ཧ་ཅང་སྐྱོ་བར་གནས། མ་གཞི་ཁོ་རྩ་འཛུགས་པུའི་པུའུ་ཀྲང་གི་ཁྱིམ་དུ་འགྲོ་རྩིས་ཡོད་ཀྱང་ཉིན་སྲིབ་ནོར་ཏེ་ཤང་ཀྲང་གི་ཁྱིམ་དུ་ཕྱིན། ཕྱིན་ན་ཕྱིན་མོད་དེ། ཤང་ཀྲང་ཀྱང་རང་ཉིད་ལོ་གསར་བའི་འཚམས་འདྲིར་འགྲོ་བའི་ཁོངས་སུ་ཚུད་མོད་ཀྱང་། གཙོ་བོ་ཆང་དེ་འདྲ་མང་པོ་འཐུང་བས་རང་གིས་དགོད་བྲོ་བའི་རྣམ་འགྱུར་གང་འདྲ་ཕུད་ཡོད་མེད་ལ་སེམས་ཁྲལ་བྱས།
       ཚེ་ལོས་ངོ་བཀྲུས་ནས་ཕྱི་ལ་ཟ་མ་ཟ་རུ་འགྲོ་སྐབས་ཡང་ཨྱོན་དང་འཕྲད་བྱུང་། ཚེ་ལོས་མྱུར་དུ། ཤང་ཀྲང་བདེ་མོ་ཞེས་ཁམས་འདྲི་བྱས་རྗེས། ཤང་ཀྲང་གིས་སྐད་ཆ་ཅི་ཞིག་བཤད་པར་སྒུག ཨྱོན་གྱིས། ཁ་སང་ཁྱོད་ཀྱིས་བོད་སྐད་ཀྱིས་གཉེན་བསུ་བའི་གཏམ་བཤད་པ་ཧ་ཅང་བཟང་ཞེས་ཟེར། ཚེ་ལོའི་ངོ་གདོང་དེ་མུར་དམར་པོར་གྱུར་ཞིང་། ངས་བཤད་པ་ཡིན་ནམ། ངས་ཡུན་རིང་ཞིག་ལ་གཉེན་བསུའི་གཏམ་བཤད་བཤད་མ་མྱོང་ཞེས་ཟེར། ཨྱོན་གྱིས། བཤད་སོང་། ཁྱོད་ཀྱིས་ད་དུང་བར་བའི་བར་གཏམ་འགའ་ཡང་བཤད་སོང་། ཟེར་བ་ཡིན་ན་ཁྱོད་ཀྱི་ཨ་ཕྱིས་ཁྲིད་པ་ཡིན་ཟེར། ངས་ད་ལྟའི་བར་དུ་ད་དུང་སྟོན་བཤད་དེ་འདྲ་ཞིག་གོ་མ་མྱོང་ཞེས་ཟེར་བ་དང་སྦྲགས་ཧ་ཧ་ཞེས་བགད་བྱུང་། ཚེ་ལོས་དེར་མཐུད་ནས་ཅི་ཡང་མ་བཤད་མོད། འོན་ཀྱང་ཁོའི་གདོང་དམར་པོར་གྱུར་ནས་གཉའ་ལྟག་བར་ཐོན། ཁོས་ཁོ་ཐག་ཆང་འཐུང་དུས་ཨྱོན་གྱིས་ཁོའི་བོད་སྐད་བཤད་པ་མི་ལེགས་ཚུལ་བརྗོད་པས་ཁོ་ལ་ཁོག་དཔུང་ལངས་ཤིང་། བོད་སྐད་བཤད་ཤེས་པ་མངོན་ཆེད་ཨ་ཕྱིས་ལགས་ཀྱིས་ཆུང་དུས་སུ་ཁྲིད་པའི་གཉེན་སྒྲིག་མཛད་སྒོའི་ཐོག་གི་གཉེན་བཤད་མ་ལུས་ཕྱི་རུ་ཕོ་བྱུང་། དོན་དངོས་སུ། གཉེན་བཤད་དེ་དག་ནི་སྙན་ངག་གིས་བཅིངས་པ་ཤས་ཆེ་བས་དེའི་ཁྲོད་ཀྱི་ནང་དོན་སྐོར་ཞིག་རང་ཉིད་ཀྱིས་ཀྱང་གསལ་བོ་ཤེས་ཀྱིན་མེད་རྐྱེན། ཚེ་ལོའི་སེམས་སུ་རང་ཉིད་བརླག་ཚར་སོང་སྙམ།
       ཚེ་ལོ་ཉིན་གཅིག་ལ་ངལ་གསོས་ན་འདོད་མོད། ཡང་ལོ་སར་གྱི་འཚམས་འདྲིའི་དུས་ཚོད་ཧ་ཅང་འཕྱིས་དྲག་ན་དོན་སྙིང་མེད་པར་འགྱུར་བ་ཡིད་ལ་དྲན་པས་ཨུ་ཚུགས་ཀྱིས་རྩ་འཛུགས་པུའུ་ཀྲང་གི་ཁྱིམ་དུ་སོང་། ཁོ་པུའུ་ཀྲང་གི་ཁྱིམ་དུ་སོང་ན་ངེས་པར་དུ་ཟ་འཐུང་མི་བྱེད་པར་བག་ཆགས་བཟང་བོ་ཞིག་འཇོག་པར་གྲ་སྒྲིག་བྱེད་བཞིན་སོང་། ཚེ་ལོ་པུའུ་ཀྲང་གི་ཁྱིམ་དུ་འཛུལ་མ་ཐག་ཕྱོགས་གཅིག་ནས་ལོ་སར་གྱི་འཚམས་འདྲི་ཞུས་པ་དང་། ཕྱོགས་གཅིག་ནས་ཁུག་མའི་ནང་གི་ཐ་མག་དང་ཆང་བླངས་ཏེ་གུས་བཀུར་ཆེན་པོས་ཁོང་གི་ཕྱག་ཏུ་བཞག པུའུ་ཀྲང་གིས་ཀྱང་ཁེངས་སྐྱུང་མི་བྱེད་པར་ལྕམ་མོར་ཚེ་ལོ་ལ་ཇ་ལྡུག་ཏུ་བཅུག་ཅིང་ཁ་བརྡ་བྱས། ཚེ་ལོས་པུའུ་ཀྲང་གིས་ཆང་འདྲེན་པར་གྲ་སྒྲིག་བྱེད་བཞིན་པ་མཐོང་བས་མྱུར་དུ་ཡར་ལངས་ནས་འགྲོ་དགོས་ཚུལ་ཞུས། པུའུ་ཀྲང་གིས་ཁོས་འཛེམ་དོགས་བྱས་དྲགས་པ་མཐོང་བས་རང་གི་རིན་ཐང་འདྲ་མཚུངས་ཡིན་པའི་ལེགས་སྐྱེས་ཤིག་ཚེ་ལོའི་ཁུག་མའི་ནང་དུ་བཙན་གྱིས་བཅུག་པ་དང་མཉམ་དུ། ང་ཁྱོད་ལ་ལོ་སར་གྱི་འཚམས་འདྲིར་ཡོང་བའི་དུས་ཚོད་མེད་པས་འདི་ཁྱོད་ཀྱི་འཚམས་འདྲིའི་ལེགས་སྐྱེས་ཤིག་བྱོས་ཞེས་ང་སྐྱེལ་མ་ཞུས་བྱུང་།
       ཚེ་ལོས་ལེགས་སྐྱེས་དེ་བཟུང་སྟེ་ཡང་ཧྲུའུ་ཅི་འཕྲིན་ལས་ཀྱི་ཁྱིམ་དུ་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་འཕྲིན་ལས་ཀྱིས་ཁོ་ལ། གལ་སྲིད་ལོ་སར་གྱི་སྐབས་སུ་འགོ་ཁྲིད་ལ་ལེགས་སྐྱེས་འཁྱེར་བའི་སྐྱོན་ཆ་མ་བསྒྱུར་ཚེ། སླད་ཕྱིན་ཚོགས་འདུ་འོས་འཚམ་བསྡུས་ཏེ་སྐྱོན་བརྗོད་བྱེད་ངེས་ཡིན་ཞེས་གཤེ་གཤེ་བཏང་ནས་ཕྱིར་ལོག་ཏུ་བཅུག
       ཚེ་ལོའི་སེམས་ཁམས་མི་བདེ་པར་གནས། ཁོས་རང་ཉིད་ལ་མ་ཉེས་ཁ་གཡོགས་ཐེབས་པར་འདོད། ཡིན་ཡང་གཡང་སྐྱིད་ཀྱིས་དེ་ལྟར་མི་འདོད་པར་རང་གི་མདུན་ལམ་གྱི་ཆེད་དུ་མ་ཉེས་ཁ་གཡོགས་ཐེབས་པ་ནི་འོས་འཚམས་ཤིག་རེད་འདོད། ཚེ་ལོས། ཐེངས་འདིའི་ལོ་སར་ཁྲོད་ངས་རིགས་མི་འདྲ་བའི་འགོ་ཁྲིད་དག་ངོ་ཤེས་བྱུང་སྟེ། རྩ་འཛུགས་པུའུ་ཀྲང་ཁེ་བཟང་ལ་མི་རྔམ་ཞིང་ཕན་ཚུན་དོ་མཉམ་བྱེད་པར་མོས་ལ། ཤང་ཨུའི་ཧྲུའུ་ཅི་འགོ་ཁྲིད་ལ་ལོ་སར་དུ་འགྲོ་བར་ཞེ་ནས་སྡང་། འོན་ཀྱང་ཤང་ཀྲང་ནི་དེ་ལས་ལྡོག་སྟེ་དེར་ཧ་ཅང་དགའ། མངའ་འོག་གི་མི་ཞིག་ཡིན་ན་དོན་དངོས་སུ་འགོ་ཁྲིད་རིགས་གང་ཞིག་ལ་མིག་དཔེ་བལྟས་ན་ད་གཟོད་ཡང་དག་ཡིན་པའང་མི་ཤེས་ཞེས་པར། གཡང་སྐྱིད་ཀྱིས། དེ་ད་དུང་བཤད་དགོས་སམ། འགོ་ཁྲིད་གང་ཞིག་རྒྱུ་ནོར་ལ་མི་དགའ་བ་དང་། འགོ་ཁྲིད་གང་ཞིག་མངའ་འོག་གིས་འུད་བསྟོད་བྱེད་པར་མི་དགའ་ཞིང་ལེགས་སྐྱེས་དང་ལེན་བྱེད་མི་འདོད་པའི་རིགས་ནི་བློ་ཁོག་ཆུང་དྲགས་པའི་སྐྱེས་བུར་གཏོགས་ལ། ཏག་ཏག་ཤང་ཀྲང་ཁོ་ན་ནི་ཁ་རི་ཁ་ཐུག་བྱེད་པའི་མི་གཞུང་བཟང་ཞིག་རེད། དེ་ལྟར་བྱས་ན་རང་ཉིད་ལ་བཟང་ཆ་ཐོབ་པ་མ་ཟད་ད་དུང་གཞན་གྱི་བསམ་ཚུལ་ཡང་བསྐངས་ཐུབ་སོང་བ་མ་རེད་དམ་ཞེས་ཟེར་ལ། གཡང་སྐྱིད་ཀྱིས་ད་དུང་། ཉེ་ཆར་ངས་ཐོས་པ་ཡིན་ན། མགར་ཁྲི་ཤང་གི་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་བྱ་རྒྱུ་རེད་ཟེར། རྫོང་ཨུའི་འགོ་ཁྲིད་ལ་ལས་འཕྲིན་ལས་ཀྱི་ལུས་པོར་ནད་གཞི་མང་བས་ལས་ཀ་མི་འཚམ་སྙམ་ལ། ཨྱོན་གྱི་བསམ་བློར་བཅིངས་འགྲོལ་ཐོབ་ཡོད་པ་དང་། བློ་ཁོག་ཆེ་བ། ལས་ཀར་སྤོབས་པ་ལྡན་པས་ཧྲུའུ་ཅིའི་འགན་འཁུར་ཆོག་ཅེས་བསྔགས་བརྗོད་བྱེད་བཞིན་འདུག་ཟེར་ཞེས་པར། ཚེ་ལོས། ཨྱོན་ནི་ཀུན་སྤྱོད་མི་གཙང་པའི་མི་ཞིག་རེད། གལ་ཏེ་ཁོ་ནི་ངའི་མགོ་ཁྲིད་མིན་ཚེ་ངས་ཁོ་ལ་གཏན་ནས་ཁ་ཡ་བྱེད་མི་སྲིད་ཅེས་ཚེ་ལོས་ཨྱོན་དང་ཡོས་ལན་བར་གྱི་གནས་ཚུལ་དང་། དེ་བཞིན་ལྷ་ཆེན་བར་གྱི་ལྐོག་གྱུར་གྱི་འབྲེལ་བ་བཤད་པས། གཡང་སྐྱིད་ཀྱིས། ཁྱོད་ཀྱིས་སྔར་བཞིན་རང་ཉིད་ལ་བསམ་བློ་མང་ཙམ་གཏོང་དགོས་པ་ལས་གཞན་གྱི་གསང་བ་ལ་ཁ་ཡ་ཉུང་ཉུང་བྱས་ན་འགྲིག་ཅེས་ཟེར།
       གཡང་སྐྱིད་ཀྱིས་ཚེ་ལོ་ད་དུང་འགོ་ཁྲིད་དེ་བས་མཐོན་པོར་ལོ་སར་གྱི་འཚམས་འདྲི་ཞུ་བར་སྐུལ་ཡང་ཁོས་མི་འགྲོ་ཞེས་བློ་ཐག་རྦད་ཆོད་ཀྱིས་མ་སོང་།
སོ་གཉིས་པ།
       ཟླ་འགའི་རིང་ལ་ཨ་ཕར་ལྟ་རུ་མ་སོང་། ངས་ཕྱི་རུ་གཞུང་དོན་དུ་འགྲོ་བའི་གོ་སྐབས་བེད་སྤྱད་ནས་ཕ་ཡུལ་དུ་ཐེངས་གཅིག་ལོག
       སྟོན་མགོའི་གྲོང་ཚོའི་ཡུལ་ལྗོངས་ནི་སྔར་བཞིན་རབ་ཏུ་མཛེས། སྔོ་བསངས་ཀྱི་ནམ་མཁར་རབ་དཀར་གྱི་སྤྲིན་དཀར་ལྷབ་ལྷུབ་ཏུ་གཡོ་ཞིང་། གཞུང་ལམ་གྱི་གཡས་གཡོན་དུ་གྲལ་སྟར་འགྲིག་ལ་མཐོ་བའི་སྦྱར་སྡོང་གིས་ཁེངས་ལ། སྔོ་སེར་འདྲེས་མའི་སྡོང་པོའི་ཁོ་ལག་ནི་ནམ་མཁའི་སྤྲིན་དཀར་ནང་བཞད་པའི་མེ་ཏོག་གི་ཕོན་པོ་དང་འདྲ་བར་ཡིད་དུ་འོང་། ཡུལ་མི་ཚོ་ཞིང་ནང་དུ་བྲེལ་བ་ཆེ་བ་དང་། ནོར་ལུག་གིས་རི་ཁྲོད་དུ་བག་ཕེབས་ངང་རྩྭ་ཆུར་རོལ། སྐབས་ལ་ལར་གཞུང་ལམ་སྟེང་གློ་བུར་ཁྱོད་ལ་དངངས་སྐྲག་སློང་བར་བྱེད་པའི་དེ་ཕོ་རེ་གཉིས་ཀྱིས་སྐད་བརྒྱག་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད།
       ཁྱིམ་དུ་བསླེབས་བྱུང་། ཨ་ཕས་སིལ་རའི་ནང་གི་སྨིན་ཟིན་པའི་ཀུ་ཤུ་བཏོགས་བཞིན་འདུག ང་མཐོང་བ་དང་དེ་མུར་ལག་གི་ལས་ཀ་བསྐྱུར་ནས་ཅོང་རྡོག་དང་རྩམ་པ་འཁྱེར་ཡོང་ཞིང་། ཁྱོད་ཀྱི་ནུ་བོས་ཉེ་ལམ་ཕྱི་ནས་ལས་ཀ་ཞིག་གཉེར་བཞིན་ཡོད་པས་དེར་སྒོར་མོ་བཙལ་དུ་བུད་སོང་ལ། མནའ་མའང་ཕྱི་རུ་ལས་ཀར་བུད་སོང་བས་ངས་ཟ་མ་ཞིམ་པོ་ཅི་ཡང་ལས་མི་ཐུབ་པས། ཁྱོད་ཀྱིས་སྔོན་ལ་འདི་ཡིས་ཕོ་བ་བགྲངས་ཐབས་ཙམ་བྱོས་ཞེས་ཟེར། ངས། མི་སྐྱོན། ཁྱེད་འདིར་བཞུགས་དང་ངས་ཟ་མ་གྲ་སྒྲིག་བྱེད་ཅེས་ཚོད་གྲྭ་ནང་དུ་སོང་སྟེ་ལ་ཕུག་གཉིས་བལ་བ་དང་། ཡང་རྡོ་ཀུབ་དང་ཀྲོ་མ་ཀྲུ་ཁ་ཤས་བཏོགས་ཡོང་ནས་གཙང་མར་བཀྲུས་ཤིང་གཏུབས་པ་དང་། དེར་ཀ་ར་ཅུང་ཙམ་བཏབ་རྗེས་ཀུ་ཤུ་དང་མཉམ་དུ་ཅོག་ཙེའི་སྟེང་བསྒྲིགས་ཤིང་། འདི་ནི་ང་ཚོ་གྲོང་ཁྱེར་ནང་གི་མིས་ཟ་མི་ཐུབ་པའི་ཆེས་གསར་ཤོས་དང་སྦགས་བཙོག་མེད་ཤོས་ཀྱི་བཟའ་བཅའ་རྩེ་གྲ་ཡིན་པས། དེ་རིང་ངེད་གཉིས་ཀྱིས་ལོངས་སྤྱོད་བཟང་བོ་ཞིག་བྱ་ཞེས་བཤད་པར། ཨ་ཕས། ད་སྐབས་འགྲིམ་འགྲུལ་འདི་འདྲའི་བདེ་པོ་ཡོད་ལ། ཁྲོམ་ར་ཡང་དེ་འདྲའི་དར་རྒྱས་ཆེ་བས་ཁྱོད་ཚོས་ཇི་འདྲའི་བཟའ་རྒྱུ་བཟང་བོ་ཟ་མི་ཐུབ་བམ་ཞེས་སྨྲོས། དེར་ངས། གྲོང་ཁྱེར་དུ་སྔོ་ཚལ་དང་ཤིང་འབྲས་མང་པོ་ཡོད་ཀྱང་མང་ཆེ་བ་ནི་ཞིང་སྨན་བརྒྱབ་པའམ་ཡང་ན་སྨན་རྫས་བརྒྱབ་སྟེ་ལས་སྣོན་བྱས་པའི་རིགས་ཡིན་པས། ཉོ་སྐབས་ངེས་པར་དུ་ཞིབ་འདེམས་བྱེད་དགོས་པ་དང་ཟ་སྐབས་ཀྱང་སྙིང་འདར་དགོས་པ་ཡིན་ཞེས་བཤད།
       ཨ་ཕ་དེར་ཡིད་མི་ཆེས་པས། ངས་དེ་འབྲེལ་གྱི་གཏམ་རྒྱུད་ངོ་མ་ཞིག་འདི་ལྟར་བཤད། མི་ཞིག་ཁྲོམ་དུ་ལ་ཕུག་ཉོ་རུ་སོང་། ཚོང་གཤམ་ཡོད་པ་ཅིག་ཏུ་ལ་ཕུག་ཕོན་པོ་གཉིས་བསྒྲིགས་ཡོད་པ་ལས་གཅིག་ལ་རྨ་ཤུལ་མང་པོ་ཡོད་པ་དང་། ཅིག་ཤོས་དེར་འོད་མདངས་རབ་ཏུ་འཕྲོ་བ་མཐོང་བས་ལ་ཕུག་ཅི་ལྟར་འཚོང་གི་ཡོད་དམ་ཞེས་དྲིས་པར། ཚོང་བས། རྨ་ཤུལ་མེད་པར་རྒྱ་མ་གང་ལ་སྒོར་གཅིག་དང་། རྨ་ཤུལ་ཡོད་པར་རྒྱ་མ་གང་ལ་སྒོར་གཅིག་དང་ཟུར་གསུམ་ཡིན་ཞེས་བཤད། ཉོ་མཁན་གྱིས་ཧ་མ་གོ་བར། དེ་ནི་ཅིའི་དོན་དུ་ཡིན་ནམ་ཞེས་དྲིས་པར། ཚོང་བས། རྨ་ཤུལ་མེད་པར་འབུ་འཛུལ་མ་མྱོང་ལ། རྨ་ཤུལ་ཡོད་པར་འབུ་ཡིས་སོ་བཏབ་མྱོང་ཞེས་པར། ཉོ་མཁན་གྱིས་དེ་ལས་ཀྱང་ཧ་མི་གོ་བར། འབུ་ཡིས་སོ་བཏབ་པ་དེ་སོ་མ་བཏབ་པ་ལས་ཀྱང་རིན་གོང་མཐོ་བ་ཅིའི་ཕྱིར་ཡིན་ནམ་ཞེས་པར། ཚོང་བས། དེ་ཁྱོད་ཀྱིས་མི་ཤེས་སམ། འབུ་ཡིས་སོ་བཏབ་པ་ནི་ཞིང་སྨན་བརྒྱབ་མེད་པ་ཡིན་ལ། འོད་མདངས་ལྡན་པ་ནི་ཞིང་སྨན་བརྒྱབ་མྱོང་བ་ཡིན་ཞེས་པར། ཉོ་མཁན་གྱིས་སྔར་བཞིན་ཧ་མི་གོ་བར། ཞིང་སྨན་བརྒྱབ་མྱོང་བ་ནི་ལ་ཕུག་བཟང་པོ་མ་ཡིན་ནམ་ཞེས་པར། ཚོང་བས། དེ་བཟང་བོ་ཡིན་མིན་ངས་ཀྱང་བཤད་དཀའ་ཞེས་བཤད། སྐབས་དེར་འགྲམ་དུ་མི་ཞིག་གིས་ཀུ་རེའི་ངང་ནས། འབུས་ཀྱང་ཟ་མི་ཕོད་པའི་དངོས་པོ་ཞིག་ད་དུང་མིས་ཟ་ཕོད་དམ་ཞེས་པར། ཉོ་མཁན་གྱིས་ཉོ་ཁག་པོས་ལ་ཕུག་མ་ཉོས་པར་ཕྱིར་ཁྱིམ་དུ་ལོག  རྒྱུ་མཚན་ནི་ཁོ་ཡུལ་དུ་ལོག་སྟེ་ཁྱིམ་མི་དང་དོན་དངོས་སུ་ལ་ཕུག་གང་ཞིག་ཉོ་དགོས་མིན་གྲོས་བསྡུར་ཡག་པོ་བྱེད་དགོས་པར་འདོད་པས་རེད།
       ཨ་ཕས་ཉན་རྗེས་ཧ་ཧ་ཧ་ཞེས་དགོད་ཞོར། ད་ལྟ་ཚན་རིག་དར་རྒྱས་སུ་སོང་འདུག་མོད། འོན་ཀྱང་སྐབས་ལ་ལའི་དུས་སུ་དོན་བཟང་ཞིག་མ་རེད་ཅེས་བརྗོད།
       ཨ་ཕ་དང་ཁ་བརྡ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ངས་ད་དུང་བུ་ཡི་མ་འོངས་པའི་བཟའ་ཟླའི་ཐད་ཀྱི་དོན་དག་གླེང་། ཨ་ཕས། ཁྱོད་ཚོ་ནི་ང་ལས་གནས་ལུགས་ཤེས་པའི་མི་ཡིན་པས་དོན་དེ་ཁྱོད་ཚོའི་འདོད་པ་ལྟར་སྒྲུབས་ཞེས་ཟེར།
       ཁུལ་དུ་ལོག་རྗེས། ངས་སྒྲོལ་མར་ཁྱིམ་གྱི་གནས་ཚུལ་སྐོར་གླེང་། ཏག་ཏག་གླེང་མོལ་བྱེད་བཞིན་པའི་སྒང་ལ་ཁྱིམ་མཚེས་ཀྱི་མཚོ་མོས་སྒོ་བརྡུངས་ནས་ཁང་པའི་ནང་འཛུལ་ཡོང་སྟེ་སྒྲོལ་མས་ཅིའི་ཕྱིར་རྒྱུན་དུ་ཁ་པར་སྒོ་གཏན་འདུག་གམ་ཞེས་པར། སྒྲོལ་མས། ཁྱིམ་དུ་ཁྱིམ་སྤྱོད་ཁ་པར་ཡོད་པས་ལག་སྤྱོད་ཁ་པར་གྱི་སྒོ་ཕྱེ་དགོས་དོན་མི་འདུག་ཅེས་ཟེར། མཚོ་མོས། ལག་སྤྱོད་ཁ་པར་བཀོལ་ལོབས་སུ་གྱུར་ན་ཁྱིམ་སྤྱོད་ཁ་པར་གཏོང་རྒྱུ་ལོབས་ཀྱི་མི་འདུག་ཅེས་ཟེར་བཞིན་དུ་ཡང་། ཤའོ་ཡུན་གྱིས་ཁ་པར་ཡོང་སྟེ། དེ་རིང་ཉིན་གུང་དུ་ཁོ་མོར་སྨན་ཁང་དུ་ལྟ་རུ་ཡོང་མཁན་རུ་མི་ཚོར་མགྲོན་འབོད་བྱེད་རྒྱུ་དང་། ས་གནས་ནི་འཁྱིལ་ཁུགས་ཀྱི་ཆུ་ཚན་ཇ་ཁང་ཡིན་ཟེར་ལ། མོས། ཁྱོད་ལ་ཁ་པར་མི་འགྲོ་བས་ངེས་པར་དུ་ངས་ཁྱོད་གདན་འདྲེན་ཞུས་ནས་ཡོང་དགོས་ཟེར་ཞེས་ཟེར།
       སྒྲོལ་མས་ཧ་ཅང་དགའ་སྤྲོ་བྱུང་བའི་རྣམ་འགྱུར་མངོན་ཞིང་ང་ཡང་མཉམ་དུ་འགྲོ་ཞེས་སྨྲས་བྱུང་། ངས། མོས་ཁྱོད་ཚོར་མགྲོན་བྱས་པ་ཡིན་པས། ང་ཇི་ལྟར་སོང་ནས་ཟ་བདེ་འཐུང་བདེ་བྱེད་དམ་ཞེས་པར། སྒྲོལ་མས། ཆང་དམ་བེ་དོ་ལེགས་སྐྱེས་སུ་འཁྱེར་ན་མི་ཆོག་གམ་ཞེས་ཟེར། མཚོ་མོས་ཀྱང་། མི་གཅིག་མང་དུ་ཕྱིན་ན་ཐུར་མ་ཆ་གཅིག་མང་དུ་བསྣོན་དགོས་པ་ཙམ་རེད། དེར་མི་ཆོག་པ་གང་ཡོད་དམ་ཞེས་པར། ངས། ང་གཅིག་པུས་ངོ་མི་ཤེས་པའི་མི་དེ་འདྲ་མང་པོ་ཞིག་ལ་གདོང་གཏད་དགོས་པས་ཇི་འདྲའི་དོགས་མི་བདེ་ཨང་ཞེས་པར། མཚོ་མོས། ཁྱོད་ངེད་གཉིས་ཀྱི་བར་ནས་བསྡད་ན་མི་གཞན་ལ་ཁ་བརྡ་བྱེད་མི་དགོས་པ་མིན་ནམ་ཞེས་ཟེར།
       ངས་ཐེ་ཚོམ་ཙམ་བྱས་རྗེས་སྔར་བཞིན་མ་སོང་། ང་འགྲོ་འདོད་པ་ནི་མཛེས་སྡུག་ལྡན་པའི་བུ་མོ་ཆུང་ཆུང་དེར་ལྟ་འདོད་པས་ཡིན་ལ། ཡང་མི་འགྲོ་བ་ནི་དྲན་ཕྱོགས་དེ་ལས་ལྡོག་པའི་དོན་གཞན་ཞིག་གི་གྱི་ཆེད་དམ། གཞན་ད་རུང་ཕ་ཡུལ་ནས་ཕྱིར་ཡོང་མ་ཐག་ཡིན་པས་ལུས་པོའང་ཅུང་ཐང་ཆད་འདུག་པས་ཡིན་ལ། དེ་ལས་ཀྱང་ཆེས་གཙོ་བོ་ནི་རང་གཅིག་པུ་ལྷིང་འཇགས་ངང་ཁྱིམ་དུ་བསྡད་དེ་ཡི་གེ་ཐིག་ཕྲེང་འགའ་འབྲི་རྒྱུའི་ཆེད་ཡིན།
       ངོ་མས། ངས་གྱོས་མོ་ཚེ་ལས་འདས་པ་ནས་བཟུང་། བྱ་བའི་དགོས་མཁོ་ལས་གཞན་ད་ལྟའི་བར་སྨྱུ་གུ་སྒུལ་མ་མྱོང་། གང་ལགས་ཤེ་ན། ངའི་སེམས་ཀྱང་གྱོས་མོ་དང་སྐུད་མོའི་བུ་མོ་མེད་པའི་སྡུག་བསྔལ་ཁྲོད་གནས་ཡོད་པ་དང་། ད་དུང་ཀྲུའུ་ཕིན་དང་འཕྲད་རྗེས་སླར་ཡང་རྙོག་འཛིང་ཆེ་བའི་བརྩེ་དུང་གི་འགལ་འདུའི་ཁྲོད་གནས་ཡོད་པས། ཐོག་མཐའ་བར་གསུམ་དུ་རྩོམ་འབྲིའི་བསམ་ཚུལ་བརྟན་པོ་ཞིག་གཏན་ནས་མི་འདུག
       སྒྲོལ་མས་སྐྲ་དང་གདོང་སོགས་ཡག་ལས་ཤིག་བྱས་རྗེས། རྒྱབ་ཁུག་ཆུང་ཆུང་འཁུར་ནས་མཚོ་མོ་དང་མཉམ་དུ་གསོལ་སྟོན་ལ་བུད་སོང་། ང་དཔེ་ཁང་དུ་སོང་ནས་སྨྱུག་མདོང་ནང་ནས་ཧྲང་ཧེ་ནས་བཟོས་པའི་སྟབས་བདེ་ཞིང་མཉེན་པའི་ཀྲུང་ཧྭའི་རི་མོ་འབྲི་བྱེད་ཞ་སྨྱུག་བླངས་པ་དང་། ཀླད་དུ་འཕྲེད་ཐིག་གཉིས་ཡོད་པའི་འོག་ཏུ་རེའུ་མིག་གྲུ་བཞིའི་ཐིག་ཕྲེང་ཡོད་པའི་རྩོམ་ཤོག་བཏིང་སྟེ་རྩོམ་ཡིག་འབྲི་འགོ་བརྩམས། གློག་ཀླད་ཁྱབ་གདལ་དུ་བཏངཞིང་། ལས་ཁུངས་ཀྱིས་ཀྱང་ང་ལ་གློག་ཀླད་དང་བསྐྱར་དཔར་འཕྲུལ་ཆས་བཀོད་སྒྲིག་བྱས་ལ། ངས་ཀྱང་གློག་ཀླད་སྟེང་དུ་ཡི་གེ་གཏགས་ཤེས་མོད། འོན་ཀྱང་རྩོམ་འབྲིའི་སྐབས་སུ་ངར་སྔར་བཞིན་སྲོལ་རྒྱུན་གྱི་བྱེད་ཐབས་བཀོལ་བར་བདེ་སྟེ། གལ་ཏེ་གློག་ཀླད་སྟེང་ཐད་ཀར་དུ་བྲིས་ན་ངའི་རིག་ལམ་ལ་སྐྱོན་ཤོར་སྲིད། ངས་སྔོན་ལ་མ་གདན་དེ་བྲི་གདན་གྱི་རེའུ་མིག་གྲུ་བཞི་ནང་བྲིས་པ་དང་དེ་ནས་ཀླད་ཀྱི་འཕྲེད་ཐིག་དུ་དག་བཅོས་བྱས་མཐར་བཟོ་བཅོས་བརྒྱབ་ཟིན་པའི་ཡི་གེ་གློག་ཀླད་ནང་བཅུག་པ་ཡིན། སྐབས་དེར། ངས་བྲིས་ཤིང་བཅོས་པ་དང་། ཡང་བཅོས་ཤིང་བྲིས་ཏེ་འགྱིག་བསུབ་འགྱིག་ཁུག་ཕྱེད་ཀ་ལྷག་ཙམ་བེད་སྤྱད་ཚར། ཆུ་ཚོད་གསུམ་ལྷག་ཙམ་ལ་དེ་ལྟར་རྒྱུན་འཁྱོངས་བྱས་པས། འཕྲེད་ཐིག་སྟེང་དུ་བཟོ་བཅོས་བྱས་ཟིན་པའི་ཡི་གེ་རབ་རིབ་ཀྱིས་འཁེངས་སོང་མོད། འོན་ཀྱང་ད་དུང་རང་ཉིད་ཀྱི་བློར་མི་འབབ་པས་ཐད་ཀར་གློག་ཀླད་ནང་འཇུག་ཐབས་བྲལ་བ་རེད། དེ་ལྟར་དུས་དེར་ངས་ཐེངས་དང་པོར་རྩོམ་འབྲིའི་དཀའ་སྡུག་དང་སྡུག་བསྔལ་མྱོང་བ་ཡིན།
༣༢
       ལོ་སར་མཇུག་སྒྲིལ་ལ་ཉེ། ལས་བྱེད་པ་ཚོ་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་ནས་ཕྱིར་ལོག་པ་དང་། སང་ཉིན་ནི་ལས་ཚོགས་ཚོགས་པའི་དུས་ཚོད་ཡིན་ཡང་ཡོས་ལན་ད་དུང་ཡོང་མེད། ཚེ་ལོས་འབྲེལ་བ་བྱེད་འདོད་ཀྱང་ཡོས་ལན་གྱི་ཕ་ཡུལ་གྱི་གྲོང་སྡེར་ད་དུང་ཁ་པར་འཐེན་མེད་པས་སྐབས་ཐོག་ཏུ་འབྲེལ་བ་བྱེད་ཐབས་བྲལ་སོང་། སྐབས་ཤིག་ཏུ་གཞུང་ལས་ཁང་གི་ཁ་པར་གྱི་སྒྲ་གྲགས་བྱུང་ལ། དེ་ནི་ཡོས་ལན་གྱིས་ས་གནས་སྦྲག་ཁང་བརྒྱུད་ནས་བཏང་ཡོང་བ་རེད། མོས། མོའི་ཨ་མར་ནད་ལྕི་མོ་ཞིག་བྱུང་བས་ཉིན་བཅུའི་གནང་བ་ཞུས་ནས་སྨན་ཁང་དུ་ཨ་མར་ཞབས་གཡོག་སྒྲུབ་དགོས་ཞེས་ཟེར། ཚེ་ལོས་གནས་ཚུལ་དེ་ཇི་མ་ཇི་བཞིན་དུ་ཤང་ཀྲང་ཨྱོན་སྙན་སེང་ཞུས་མོད་ཀྱང་། ཤང་ཀྲང་ཨྱོན་གྱིས་དུས་ཡུན་དེ་འདྲའི་རིང་པོར་ཁོང་ལ་གནང་བ་སྟེར་བའི་དབང་ཆ་མེད་པས། ཧྲུའུ་ཅིར་ཞུས་ནས་མོས་མཐུན་ཡོང་བར་བྱེད་དགོས་ཞེས་ཟེར། ཚེ་ལོ་ཡང་ཧྲུའུ་ཅིར་གནང་བ་ཞུ་བར་འགྲོ་བསམ་ཡང་ཧྲུའུ་ཅི་ཕྱི་རུ་ཚོགས་འདུར་ཕེབས་སོང་བས་ཁོང་དང་འབྲེལ་བ་བྱེད་ཐབས་བྲལ།
       ཡོས་ལན་གྱིས་སླར་ཡང་ཁ་པར་བཏང་ཡོང་། ཚེ་ལོས་གནས་ཚུལ་ཇི་བཞིན་དུ་ཡོས་ལན་ལ་བཤད། ཡོས་ལན་གྱིས། དེ་ལྟར་ཡིན་ཚེ་ད་ཡང་ཁ་ཡ་བྱེད་མི་དགོས། གང་ལྟར་ཁྱིམ་དུ་ཡོད་པའི་འགོ་ཁྲིད་ལ་གནང་བ་ཞུས་མྱོང་པ་ཡིན་པ་དེ་རེད་ཅེས་ཟེར།
       ཡོས་ལན་གྱིས་ཁ་ནས་དེ་ལྟར་བཤད་མོད་ཀྱང་། འོན་ཀྱང་སེམས་སུ་ཅིས་ཀྱང་དོན་དེར་སེམས་ཁྲལ་བྱེད་བཞིན་པ་ཁོ་ཐག་ཡིན་ངེས། དེ་ལྟར་མོས་བལྟས་ནས་ཨ་མའི་ནད་གཞི་ཇེ་དྲག་ཏུ་ཡོང་བཞིན་པ་མཐོང་བས་ཡོད་ཉིན་བདུན་ལས་མ་འགོར་བར་བྲེལ་འཚུབ་ངང་ལས་ཁུངས་སུ་ཐོན། གཞུང་ལས་ཁང་དུ། ལས་ཞུགས་ཞིབ་བཤེར་མི་སྣས་ཡོས་ལན་ཉིན་བདུན་བར་མ་ཡོང་བའི་དུས་ཚོད་ཇི་ལྟར་ཐག་གཅོད་དགོས་མིན་དྲིས། ཨྱོན་གྱིས། མོས་ཧྲུའུ་ཅིར་དགོངས་པ་ཞུས་ཡོད་དམ་ཞེས་དྲིས་པར། ལས་ཞུགས་ཞིབ་བཤེར་མི་སྣས་ཧྲུའུ་ཅི་ཕྱིར་ལོག་མ་ཐག་ཡིན་པས་ད་དུང་གནས་ཚུལ་དེ་ཤེས་ཀྱི་མེད་ཅེས་ལན་བཏབ། ཨྱོན་གྱིས་ཁོང་ཁྲོ་ཆེན་པོས། དོན་དག་འདི་འདྲ་བྱུང་ཚེ། ལས་བྱོལ་བྱས་པ་ནི་དོན་དག་ཆུང་ཆུང་སྟེ། གཙོ་བོ་མོས་རྗེས་སུ་ད་དུང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གྱི་འགན་འཁུར་ཐུབ་མིན་ལ་བསམ་བློ་གཏོང་དགོས་ཞེས་འུར།
       ཡོས་ལན་གྱིས་རང་ཉིད་ལས་བྱོལ་བྱས་པའི་རྟགས་བརྒྱབ་ཡོད་པ་མཐོང་བ་དང་། ད་དུང་སྐད་ཆ་དེ་འདྲ་ཐོས་པས་སེམས་གཏིང་ནས་ཁོང་ཁྲོ་ཚད་མེད་ལངས། མོས་ཨྱོན་བཙལ་ནས། ངས་ཁྱོད་ལ་གནང་བ་ཞུས་པ་མིན་ནམ་ཞེས་ཟེར།
       ཨྱོན་གྱིས། ང་ལ་ཉིན་བཅུའི་གནང་བ་སྟེར་བའི་དབང་ཆ་ནི་མེད། དེ་ནི་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པ་ཁྱོད་ཀྱིས་ཀྱང་མི་ཤེས་པ་མ་ཡིན་ཞེས་ཟེར།
       ཡོས་ལན་གྱིས། ང་ཡུལ་ནས་ཉིན་བདུན་ཏག་ཏག་བསྡད་པ་མིན་ནམ་ཞེས་པར།
       ཨྱོན་གྱིས། ཉིན་ཕྱེད་བརྒལ་ཡང་ང་ལ་ཆོག་མཆན་སྟེར་བའི་དབང་ཆ་མེད་ཅེས་ཟེར།
       ཡོས་ལན་གྱིས། ངས་ཁྱོད་ཀྱིས་ང་ལ་འཁོན་ལན་སློག་གིན་འདུག་ཅེས་གོང་ལ་ཞུ་གཏུགས་བྱེད་ངེས་ཡིན་ཞེས་ཟེར།
       ཨྱོན་གྱིས། ཁྱོད་ཀྱིས་གཏུགས་འདོད་ན་གཏུགས་ཤིག ངས་ནི་བྱ་བའི་ཆེད་དུ་ནོར་འཁྲུལ་ཅི་ཡང་བཟོས་མེད་པས། གང་དུ་གཏུགས་སུ་སོང་ཡང་སྐྲག་དོན་མེད་ཅེས་ཟེར།
       ཧྲུའུ་ཅིས་ཡོས་ལན་གྱིས་ཉིན་བདུན་གྱི་གནང་བའི་ཆེད་དུ་ཨྱོན་དང་རྩོད་གླེང་བྱེད་བཞིན་པའི་གནས་ཚུལ་དང་། ཡོས་ལན་གྱི་ཨ་མར་དངོས་གནས་ནད་གཞི་ལྕི་པོ་ཕོག་ཡོད་པ་ཤེས་རྗེས། ལས་ཞུགས་ཞིབ་བཤེར་མི་སྣ་བོས་ཡོང་སྟེ་ཡོས་ལན་ལ་ལས་བྱོལ་གྱི་རྟགས་བརྒྱབ་པ་དེ་ཚུར་བཅའ་རུ་བཅུག་པ་མ་ཟད། ཨྱོན་དང་ཡོས་ལན་སོ་སོར་བསམ་བློའི་སློབ་གསོ་བཏང་ཞིང་མེ་ཆེན་པོ་དེ་བསད་པ་རེད།
       ལས་བྱོལ་བྱས་པའི་བྱ་བ་དེ་གཞི་ནས་ཐག་བཅད་ཀྱང་། འོན་ཀྱང་ཡོས་ལན་གྱི་སེམས་ཁམས་ཇེ་སྐྱིད་དུ་གཏན་ནས་མི་ཡོང་བར་ཉིན་ལྟར་ཡིད་མུག་གི་རྣམ་པས་འཁེངས། ཉིན་དེར་མོས་ཚེ་ལོ་ལ། ས་ཆ་འདིར་ང་འདུག་ཐབས་མི་འདུག་ཅེས་ཟེར།
       ཚེ་ལོས། ངས་ཁྱོད་ཨྱོན་ལ་ལྟ་ཚུལ་ཆེན་པོ་ཡོད་པ་ཤེས་ཐུབ་ལ། ངར་ཡང་ཁོས་ཁྱོད་ལ་འཁོན་ལན་སློག་པའི་དོགས་གཞི་བསླངས་བྱུང་། འོན་ཀྱང་ཁོང་ལ་ཁོང་གི་རྒྱུ་མཚན་ཡོད་པས་ཁྱོད་ཀྱིས་ཁོང་གི་རལ་པ་འཛིན་བདེ་པོ་མི་འདུག གལ་ཏེ་སྔོན་ཆད་ཁྱོད་ལ་བརྙས་བཅོས་བྱེད་རྩིས་བྱས་པའི་དོན་དེ་དག་ཕྱིར་ཕྱོ་ཚེ། དུས་དང་གནས་ཚུལ་འགྱུར་ཏེ་བདེན་དཔང་མང་པོ་མེད་པའི་སྟེང་། དེ་ལས་ལྡོག་སྟེ་ཁྱོད་ཀྱི་མཚན་སྙན་བརླག་སྲིད་པ་རེད་ཅེས་པར།
       ཡོས་ལན་གྱིས། ངས་ཐབས་བཀོད་འཐེན་ནས་ལས་ཁུངས་ཤིག་བརྗེས་དགོས། ཁྱོད་ཀྱིས་ཀྱང་ང་ལ་རོགས་རམ་ཞིག་བྱས་ནས་འབྲེལ་བ་བྱེད་རོགས་ཞེས་ཟེར།
       ཚེ་ལོས་འདང་ཇི་ལྟར་བརྒྱབ་ཀྱང་དེ་ལས་གཞན་པའི་གདམས་ཀ་ཞིག་མི་འདུག་པས་ཅི་བྱ་གཏོལ་མེད་ངང་མགོ་བོ་ནང་དུ་ལྡེམ་ལྡེམ་བྱས་བྱུང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།