སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་བདུན་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-12-26
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
སོ་གསུམ་པ།
ངས་སྐད་ཆ་སྙན་མོས་ཀྲུའུ་ཕིན་སྒྲོལ་མར་བལྟ་བར་ཡོང་རྒྱུའི་རེ་བ་ལྡོག་པ་ནི་ཕྱོགས་མང་པོའི་ཐད་ལ་བསམ་བློ་བཏང་བས་ཡིན་ཏེ། ཐོག་མར་ངོ་ཤེས་མ་ཐག་པའི་ན་གཞོན་མཛེས་མ་ཞིག་རང་གི་ཆུང་མའི་མདུན་དུ་ཁྲིད་ཡོང་ན་ཧ་ཅང་དོགས་མི་བདེ་བར་སྣང་ལ། གཞན་ཡང་སྒྲོལ་མས་སྐབས་དེར་ང་དོགས་མི་བདེ་བའི་རྣམ་པ་དེ་ལ་གདོང་གཏད་ནས་ཀྲུའུ་ཕིན་ལ་ལྟ་རུ་འགྲོ་རུ་བཅུག་པ་ནི་སེམས་གཏིང་གི་རོགས་རམ་ཡིན་ནམ་ཡང་ན་ཡ་མཚན་པའི་རྒྱུ་རྐྱེན་གཞན་ཞིག་ཡོད་པས་ཡིན་པའང་མི་ཤེས།
ངས་ཁ་པར་གྱི་ནང་དོན་སྒྲོལ་མར་བཤད་ཅིང་། མོའི་རྣམ་འགྱུར་ལ་ཚོད་ལྟ་བྱས། སྒྲོལ་མས། མོ་ཡོང་འདོད་ན་བོས་ཤོག ཁྱོད་ཀྱིས་བཀག་འགོག་བྱས་ནས་ཅི་བྱེད་དམ། རྒྱང་རིང་གི་གྲོགས་མོ་གསར་བ་ང་ལ་ལྟ་རུ་ཡོང་ན་དེ་ནི་བདེ་སྐྱིད་ཅིག་མ་ཡིན་ནམ་ཞེས་ཟེར།
ངས་ད་དུང་སྒྲོལ་མའི་སྐད་ཆའི་གཏིང་མི་དཔོག རེད་མོད་ཀྱང་ངས་རྩད་གཅོད་ཀྱང་ཞིབ་མོ་བྱེད་མི་འདོད། རྒྱུ་མཚན་ནི་རྩད་གཅོད་ཞིབ་མོ་བྱས་དྲགས་ན་དེ་བས་སྒྲོལ་མར་དོགས་པ་སློང་བར་སྐྲག
དོན་དངོས་སུ། ང་སི་ཁྲོན་དུ་ཀྲུའུ་ཕིན་ལ་འཚམས་འདྲིར་ཕྱིན་ཏེ་ཕྱིར་ཁྱིམ་དུ་ལོག་རྗེས། སྒྲོལ་མས་ང་དང་ཀྲུའུ་ཕིན་དབར་གྱི་འབྲེལ་བར་འདྲི་རྩད་བྱས་མྱོང་། ངས། ཀྲུའུ་ཕིན་ནི་དངོས་གནས་དཔལ་མཛངས་ལྡན་པའི་མཛེས་མ་ཞིག་རེད། ང་ཚོ་དངོས་གནས་ཕན་ཚུན་ལ་དགའ་མོད། འོན་ཀྱང་ང་ཚོས་གཙོ་བོ་ཤེས་བྱའི་སྟེང་ནས་ཕན་ཚུན་བར་དགའ་གུས་བྱེད་པ་ལས་འབྲེལ་བ་གཞན་ཅང་མེད་ཅེས་བཤད། དེ་ལྟར་ངས་དོན་དེའི་རྟ་རྔ་ཁབ་རྩེ་ཙམ་ཞིག་ཕྱིར་མངོན་ཡང་ཚད་བརྒལ་གྱི་དོན་དག་གཙོ་བོ་དེ་དག་གཞི་ནས་སྦས་སྐུང་བྱས། ལགས་ཀྱང་བུད་མེད་ཀྱི་ཚོར་བ་ནི་ཤིན་ཏུ་སྐྱེན་ཕྱིར། སྒྲོལ་མས་དྲི་མ་གང་ཞིག་ཚོར་ཡོད་པ་ཁོ་ཐག་རེད།
སྒྲོལ་མས་ངས་ཡུད་ཙམ་རིང་ལ་སྐད་ཆ་མི་བཤད་པར་བལྟས་ནས། ཁྱོད་ཀྱིས་ཅི་ཞིག་བསམ་བཞིན་ཡོད་དམ། ངས་ཁྱོད་ཚོར་ཁ་ངོ་མི་སྟེར་བར་སེམས་ཁུར་བྱེད་པ་ཡིན་ནམ། ཡིན་མི་སྲིད། ཁྱོད་ཚོ་ནི་ཕན་ཚུན་ལ་དགའ་བའམ་དད་གུས་བྱེད་པའི་གྲོགས་པོ་ཞིག་མིན་ནམ། ལྷག་པར་དུ་གཞན་གྱིས་སེམས་བཟང་བཅངས་ནས་ང་ལ་བལྟ་རུ་ཡོང་ན། ངས་ཅིའི་ཕྱིར་ཁ་ངོ་མི་སྟེར་རམ། ང་སྒྲོལ་མས་ད་ལྟའི་བར་དུ་བྱ་བ་དེ་འདྲ་གཏན་ནས་སྒྲུབ་མ་མྱོང་ཞེས་ཟེར།
ངས་འོས་འཚམ་གྱི་སྐབས་སུ་ཁོ་མོ་ཚོ་ངོ་འཕྲད་དུ་འཇུག་རྒྱུ་ཁས་བླངས།
དགོང་ཚལ་འཐུང་རྗེས། ངས་སྒྲོལ་མར། དོ་དགོང་ད་དུང་བྲོ་འཁྲབ་ཏུ་འགྲོ་རྒྱུ་ཡིན་ནམ་ཞེས་དྲིས་པར། མོས། འགྲོ་རྒྱུ་ཡིན་ཞེས་ཟེར་། ངས། ང་ཡང་ཁྱོད་དང་མཉམ་དུ་སྐོར་བྲོ་འཁྲབ་ཏུ་འགྲོ་རྒྱུ་ཡིན་ཞེས་པར། སྒྲོལ་མས། ཉི་མ་ནུབ་ཕྱོགས་ནས་ཤར་ཡོང་བ་ཡིན་ནམ། ཁྱོད་ལ་འདི་འདྲའི་སྤྲོ་སྣང་ཞིག་ཡོད་དོན་ཅི་རེད་དམ། ཀྲུའུ་ཕིན་ང་ཚོར་ལྟ་རུ་ཡོང་བཅུག་པས་ཁྱོད་ཀྱིས་དགའ་ཚོད་མ་ཟིན་པ་མིན་ནམ་ཞེས་ཟེར། ངས། དྲང་མོར་བཤད་ན། ཉིན་འདི་དག་ལ་ངའི་སེམས་ཧ་ཅང་སུན་ཏེ་ཅི་ཡང་འབྲི་མི་འདོད། སོང་སྟེ་མཛེས་སྡུག་ལྡན་པའི་བུ་མོ་ཆུང་ཆུང་དེར་ལྟ་ན་འདོད་ཅེས་པར། སྒྲོལ་མས། བཟང་གི། འོན་ཀྱང་ཁྱོད་ཀྱིས་འཕྱོར་སྤྲོས་ཤིག་བྱོས་དང་། ངས་ཁྱོད་ཤའོ་ཡུན་ལ་ངོ་སྤྲོད་ཅིག་བྱེད། ཁྲིགས་ཁྲིགས་མེད་ན་མ་འོངས་པར་ཁྱོད་མོའི་སྒྱུག་པོ་ཡིན་ཡང་སྲིད་ཅེས་ཟེར།
ངས་འདི་ནི་སྒྲོལ་མའི་ཀུ་རེའམ་འཕྱ་སྨོད་ཀྱི་སྐད་ཆ་ཞིག་ཡིན་པ་ཤེས་ཏེ། དེ་ནི་སྔོན་ངའི་རྨི་ལམ་ནང་གི་དོན་དག་དེར་དམིགས་པ་རེད། འོན་ཀྱང་ངས་སྔར་བཞིན་སྐྲ་ཤད་ཅིང་ཀོ་ལྷམ་ཕྱིས། གང་ལྟར་མི་མང་པོའི་སར་སོང་ན་རང་ཉིད་ཀྱི་སྣང་བརྙན་ལ་མཉམ་འཇོག་བྱེད་དགོས་པ་རེད།
ཉི་མ་ད་དུང་ནུབ་རིའི་རྩེར་མཐོན་པོར་དཔྱངས་འདུག ཐང་ཆེན་དུ་དགོང་ཟས་ཟོས་རྗེས་ཀྱི་ངལ་གསོ་རྒྱག་མཁན་གྱི་མི་ཚོགས་མང་པོ་ཡོད་པ་རེད། ཁོང་ཚོ་ལ་ལ་འཆམ་འཆམ་དུ་འགྲོ་བ་དང་། ལ་ལས་ཁ་བརྡ་བྱེད་ལ། ལ་ལས་ལུས་སྦྱོང་ཡོ་བྱད་ཐོག་སྦྱོང་བརྡར་བྱེད་ཀྱིན་ཡོད་ཅིང་། དེ་ལས་ཀྱང་མང་བའི་མིས་བུ་མོ་ཤའོ་ཡུན་གྱིས་སྒོར་བྲོ་ཁྲིད་བར་སྒུག་འདུག
ཅུང་མ་འགོར་བར་ཨང་རྟགས་མཚོA5077ཡིན་པའི་ཧྲང་ཧེ་མང་ཚོགས་རྟགས་ཅན་གྱི་འཇེམ་འཁོར་ཞིག་ཐང་ཆེན་གྱི་གཡས་ཕྱོགས་སུ་བསྐོར་སོང་། མི་ཞིག་གིས་དགེ་རྒན་ཤའོ་ཡུན་བསླེབས་བྱུང་ཞེས་འུར་བ་ན། མི་འགའ་ཤས་ཤིག་མདུན་དུ་བསུ་མ་བྱེད་དུ་སོང་བ་དང་། ལ་ཤས་ཀྱིས་སྒྲ་སྒམ་གྱི་ཁ་ཕྱེ་ནས་ཞབས་བྲོ་འཁྲབ་མཁན་མཉམ་དུ་བསྡུས་པ་རེད། འཇེམ་འཁོར་ལས་བུ་མོ་ཞིག་མར་བབས་བྱུང་། ཕྲ་ཞིང་རིང་བའི་གཟུགས་པོར་ཚི་ལེན་སྔོན་པོ་ལ་རྐང་བསྣམས་ཐུང་ངུ་སྨུག་པོ་ཞིག་སྡེབ་ཡོད་པ་དང་། གནག་ཅིང་སྣུམ་པའི་སྐྲ་ལོ་རིང་བོ་ཞིག་རྐང་བའི་པུས་མོའི་བར་དུ་འཕྱང་འདུག ཉི་འབྲས་བཞིན་ལ་ལུག་གི་སྣ་གདོང་མངོན་ཞིང་། མཆུ་སྒྲོས་སྲབ་ལ། དྭངས་ཤིང་གསལ་བའི་མིག་ཆེན་པོ་བཅས་དངོས་གནས་ཡག་པོ་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་ངས་ས་ཆ་གང་ཞིག་ནས་མོ་མཐོང་མྱོང་བ་འདྲ། འོན་ཀྱང་ཡིད་ལ་མི་དྲན། སྐོར་བྲོ་འཁྲབ་ཉེར་ཡོད་དུས། མོས་སྒུག་བསྡད་ཡོད་པའི་སྒྲོལ་མ་མཐོང་བ་དང་། བོད་རིགས་རྒན་རབས་ཀྱི་བུད་མེད་འབོད་སྟངས་ལྟར་བྱམས་བརྩེའི་ངང་ཨ་ནེ་ཞེས་བོས་པ་དང་མཉམ་དུ་ལག་པར་རེག་རེག་བྱས། འགྲམ་དུ་ལངས་ཡོད་པའི་མཚོ་མོས་ཞོར་དུ་ང་མོ་ལ་ངོ་སྤྲོད་བྱས། ཤའོ་ཡུན་གྱིས་ཡང་སྤྲོ་སེམས་འཁོལ་བའི་ངང་ནས་ང་ལ"ཨ་ཁུ་བཟང"ཞེས་དྲིས་རྗེས་སྐོར་བྲོ་དོ་རའི་དཀྱིལ་དུ་སྐོར་བྲོ་ཁྲིད་དུ་སོང་།
ཤའོ་ཡུན་བྲོ་འཁྲབ་པ་དངོས་གནས་ཡག འཁྲབ་སྟངས་ལྡེམ་མྱུར་ལྡན་ལ་སྟངས་སྟབས་ཡི་གར་འོང་། ལྡེམ་ལྕུག་གི་སྐྲ་ལོ་རིང་བོས་ཡུལ་དངོས་ཀྱི་ལྟད་མོ་བའི་མིག་དབང་ཅིག་ཅར་འཕྲོག
ཚང་མས་སྐོར་བ་ཁ་ཤས་འཁྲབ་པ་དང་། མཚོ་མོས་ངས་ད་དུང་དོ་རའི་མཐའ་རུ་ལྟ་བཞིན་ཡོད་པ་མཐོང་རྗེས། ནང་དུ་ཁྲིད་དེ་ཞབས་བྲོ་སྦྱོང་བར་སྐུལ། ངས་སྐོར་བ་གཉིས་ཚོད་ལྟ་བྱས་ཚེ་ཆུང་དུས་སྦྱང་མྱོང་བའི་ཞབས་བྲོའི་རྨང་གཞིའི་སྟངས་སྟབས་ད་དུང་བརྗེད་མེད་མོད། ཡིན་ཡང་ཡུན་རིང་ཞབས་བྲོ་མ་འཁྲབ་པའི་རྐྱེན་གྱིས་རྐང་ཁོབ་ལག་ཁོབ་ཏུ་གྱུར་ཏེ་གཞན་གྱི་སྟངས་སྟབས་ཀྱི་རྗེས་ཟིན་མི་ཐུབ་པ་དེ་རེད།
ང་ཕྱིར་འབུད་བྱས་ན་འདོད་མོད། བུ་མོ་ཤའོ་ཡུན་གྱི་མིག་དབང་རྣོ་བས་ང་ཕྱིར་བོས་སོང་། མོས། ངའི་ཞབས་བྲོའི་རྨང་གཞི་བཟང་བས། མོའི་རྗེས་སུ་འབྲངས་ཏེ་མང་ཙམ་སྦྱོང་ན་སྐོར་བྲོ་ཡག་པོ་འཁྲབ་ཤེས་ཞེས་ཟེར།
དེའི་རྗེས་ནས། ང་ཡང་བསྟུད་མར་དགོང་མོ་འགར་སྐོར་བྲོ་སྦྱོང་དུ་སོང་ཞིང་། སྐོར་བྲོ་གསར་བ་ཞིག་འཁྲབ་ཤེས་རག་བར་དུ་རྒྱུན་མ་ཆད།
༣༣
རྫོང་ཨུས་ཡིག་ཆ་ཕབ་སྟེ་ཧྲུའུ་ཅི་འཕྲིན་ལས་རྫོང་སྲིད་གྲོས་སུ་ལས་གནས་བཀོད་བསྒྲིགས་བྱས་ལ། ཨྱོན་གྱིས་བྱ་བའི་ཁྱོན་ཡོངས་གཙོ་སྐྱོང་གནང་བས། ཡོས་ལན་གྱི་གནས་བབ་དེ་བས་དཀའ་ཚེགས་ཇེ་ཆེར་གྱུར།ཚེ་ལོས་ཡོས་ལན་འཕྲད་པའི་དཀའ་ངལ་དང་བསམ་ཚུལ་གཡང་སྐྱིད་ལ་བཤད་པ་མ་ཟད། མོས་ཀྱང་རྫོང་ལས་ཁུངས་དག་ཏུ་མི་སྣ་ཆད་ཡོད་ཚུལ་ཡོད་མེད་ལ་མཉམ་འཇོག་རེ་བྱོས་ཞེས་རེ་བ་བཏོན། གཡང་སྐྱིད་ཀྱིས། ང་ཚོས་ཀྲུང་དབྱང་གི་ཡིག་ཆ་སློབ་སྦྱོང་བྱས་མ་ཐག་ཡིན་ཞིང་། དེའི་ནང་དོན་གཙོ་བོ་ནི་ལས་ཁུངས་ཀྱི་སྒྲིག་འཛུགས་རིམ་བརྩེགས་དང་མི་མང་ལས་ཉུང་གི་ད་ལྟའི་གནས་ཚུལ་བསྒྱུར་བྱ་དགོས་ཚུལ་དང་། རྫོང་རིམ་པ་ཡན་ཆད་ཀྱི་ལས་ཁུངས་ཀྱིས་སྒྲིག་འཛུགས་ཁུ་བསྡུ་དང་ལས་གནས་དང་མི་སྣ་ཇེ་ཉུང་དུ་འཕྲི་དགོས་ཀྱི་འདུག་ལ། ལས་བྱེད་མི་སྣས་ལས་གནས་སོར་བཞག་གམ་ལས་ཞུགས་ལོ་ཚད་བཙོངས་ཏེ་ཚོང་གཉེར་དཔལ་འབྱོར་སྤེལ་བར་རྟིང་སྐུལ་བྱེད་བཞིན་འདུག་པས། ལས་གནས་རེ་ཟུང་སྟེང་གི་ཤེས་ལྡན་མི་སྣ་དམིགས་བསལ་ཅན་ཕུད། མི་གཅིག་ཀྱང་ནང་དུ་བསྡུ་རྒྱུ་མི་འདུག་པས་དཀའ་རྒྱུ་རེད་ཅེས་ཟེར།
དུས་ཡུན་རིང་པོ་མ་སོང་བར་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་ཤང་དུ་བརྒྱུད་བསྒྲགས་གནང་བྱུང་། ཤང་དུ་ལས་ཁུངས་ཁུ་བསྡུ་བྱེད་པའི་གནད་དོན་མེད་ཀྱང་། མི་སྣའི་སྒྲིག་ཁོངས་ཉུང་དུ་གཏོང་རྒྱུའི་བླང་བྱ་སྔར་བཞིན་བཏོན་བྱུང་། གནས་ཚུལ་དེ་འདྲའི་འོག་ཏུ། རང་ཉིད་ལ་ལས་ཁུངས་སུ་མདུན་ལམ་མེད་པ་དང་ཡང་བྱ་གཞག་གསར་གཏོད་ཀྱི་ཐབས་ལམ་ཡོད་སྙམ་པའི་ལས་བྱེད་པ་ཁ་ཤས་ཤིག་གཅིག་རྗེས་གཉིས་མཐུད་ངང་ནང་ལོགས་སུ་ཚོང་བརྒྱག་པར་ཕྱིན་པ་རེད།
ཞིང་ཆེན་གྱི་མི་རིགས་གླུ་གར་ཚོགས་པ་ཁ་ཐོར་དུ་སོང་རྗེས། ནང་ལོགས་ཀྱི་སྦྱིན་བདག་ཞིག་གིས་མི་རྟ་བསྐྱར་བསྒྲིགས་བྱས་ཏེ་སྒེར་གཉེར་མི་རིགས་གླུ་གར་འཁྲབ་སྟོན་ཀུང་སི་ཞིག་སྒྲིག་འཛུགས་བྱས་པར་བཤད་ལ། རྫོང་མཁར་སྒོའི་སློབ་ཆུང་གི་དགེ་རྒན་སངས་རྒྱས་ཀྱིས་མིང་ཐོ་བཀོད་ནས་རྒྱུགས་སྤྲོད་བསྡུ་ལེན་བྱས་ཤིང་། ལས་ཞུགས་ལོ་ཚད་བཙོང་ནས་ལས་ཁུངས་གསར་བར་བསྐྱོད་པ་རེད། གཡང་སྐྱིད་ཀྱིས་གནས་ཚུལ་དེ་ཚེ་ལོ་ལ་བཤད་པ་དང་། ཚེ་ལོས་ཡང་ཡོས་ལན་ལ་བཤད་པས། ཡོས་ལན་གྱིས་དེར་ཚོད་ལྟ་བྱེད་འདོད་ཀྱི་འདུག ཚེ་ལོས། ངའི་ཁ་བརྡ་ཙམ་ཡིན། དེར་ཚོད་ལྟ་བྱེད་མི་རུང་སྟེ། གང་ཡིན་ཟེར་ན། དེ་ནི་སྒེར་གཉེར་ཀུང་སི་ཞིག་ཡིན་པ་མ་ཟད། སྡུད་ལེན་བྱེད་ཐུབ་མིན་བསྐྱུར་ཞོག་དང་། སྡུད་ལེན་བྱས་རྗེས་གལ་ཏེ་གླ་ཕོགས་ཀྱང་འགན་སྲུང་བྱེད་མ་ཐུབ་ཚེ་ཇི་ལྟར་བྱའམ་ཞེས་ཟེར། ཡོས་ལན་གྱིས། ངས་སངས་རྒྱས་ལ་སློབ་སྦྱོང་མི་བྱེད། གལ་ཏེ་འགྲོ་ན་ལས་གནས་འཇོག་པའི་ལམ་དུ་བསྐྱོད་དགོས། གང་ལྟར་གཞུང་གི་ལས་གནས་སོར་བཞག་བྱས་ཡོད་པས་སྐྲག་དགོས་དོན་གང་ཡང་མེད། གལ་སྲིད་འཚོ་བ་ཡག་པོ་སྐྱེལ་མ་ཐུབ་ཚེ་ཕྱིར་ལོག་ཀྱང་ཆོག ཁྲིགས་ཁྲིགས་མེད་ན་ཆེད་ལས་དང་མཐུན་ཚེ་ད་དུང་མིང་དུ་གྲགས་སྲིད་ཅེས་ཟེར་བར། ཚེ་ལོས། དེས་ན་ཚོད་ལྟ་ཞིག་བྱོས་ཞེས་བཤད།
ཡོས་ལན་གྱི་ཉིན་གཉིས་པར་གནང་བ་ཞུས་ནས་སྒེར་གཉེར་ཀུང་སི་དེར་ཆས། ཀུང་སིའི་སྦྱིན་བདག་གིས་མོའི་རྣམ་པ་མཛེས་ཤིང་གཟུགས་བྱད་ཚུལ་ལྡན་ཡིན་པའི་སྟེང་། མོའི་སློབ་ཐོན་ལག་ཁྱེར་དང་སློབ་གྲྭར་སྤེལ་བའི་བརྩམས་ཆོས་མཐོང་རྗེས། བློ་ཡིད་ཧ་ཅང་ཚིམ་པོ་བྱུང་ཞིང་། དེ་མ་ཐག་ཏུ་ཁོ་མོ་ཀུང་སིར་བསྡུས་བྱུང་།
ཡོས་ལན་ཕྱིར་ལས་ཁུངས་སུ་ལོག་པ་དང་། ལས་གནས་སོར་བཞག་གི་འབྲེལ་ཡོད་འགྲོ་ལུགས་བསྒྲུབས་ཚར་རྗེས། ལས་ཁུངས་གསར་པར་ལས་ཀ་བསྒྲུབ་ཏུ་ཕྱིན་པ་རེད། ཡོས་ལན་སོང་རྗེས། ཚེ་ལོ་ཡི་སེམས་ནང་སྟོང་ལྷང་ལྷང་དུ་གྱུར་ལ། དྲན་ཡོང་བ་ནི་ཡོས་ལན་གྱིས་ལས་ཁུངས་སུ་གཉའ་གནོན་དང་དཀའ་ལས་མྱོང་ཚུལ་དང་། རང་ཉིད་ཕ་ཡུལ་དུ་ལོག་སྐབས་མྱོང་བའི་དཀའ་སྡུག གྱོས་མོའི་ཁ་ཏ་བསླབ་བྱ་དག་ཡིན་ཞིང་། སེམས་སུ་དེ་དག་ཚང་མ་ནི་རང་ཉིད་ལ་དབང་ཆ་མེད་པ་དང་མིའི་དབར་དུ་འབྲེལ་བ་མེད་པ་ལས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་དེ། གལ་ཏེ་དབང་ཆ་དང་འབྲེལ་བ་ཡོད་ཚེ་ཁོ་དང་གཡང་སྐྱིད་གཉིས་བདེ་སྐྱིད་ངང་ཁྱིམ་དུ་ལོག་ཐུབ་ལ། ཡོས་ལན་ལའང་སྲུང་སྐྱོང་བྱས་ཏེ་དཀའ་ལས་མྱོང་དུ་མི་འཇུག་པའི་སྟེང་། དེ་ལས་བཟང་བའི་ལས་ཁུངས་གཞན་ཞིག་ཀྱང་འཚོལ་རོགས་བྱེད་ཐུབ་སྙམ། ཁོ་ལ་ད་ཡང་དཔེ་ཀློག་དང་རྩོམ་འབྲིའི་སེམས་དེ་མེད། ལས་ཁུངས་ཀྱི་རྒྱུ་ཆ་ལེགས་སྒྲུབ་བྱ་རྒྱུ་ལས་གཞན། དུས་ཚོད་ཙམ་ཡོད་མ་ཐག་མི་གཞན་དང་མཉམ་དུ་དུ་ཆང་ལ་སྤྱོད་ཅིང་ཁ་བརྡ་བྱེད་ལ། བསམ་བཞིན་དུ་གྲོགས་པོ་མང་པོར་འབྲེལ་འདྲིས་བྱེད་པ་རེད།
ཨྱོན་དངོས་གནས་ཧྲུའུ་ཅི་ལ་བསྡད་པ་རེད། དེ་དང་ཆབས་ཅིག་ཏུ་ཧྲུའུ་ཅི་གཞོན་པ་ཞིག་ཤང་ཀྲང་ལ་བསྐོས་པ་དང་། ཤང་ཀྲང་གཞོན་པ་ཞིག་ཧྲུའུ་ཅི་གཞོན་པར་བསྐོས་པ་རེད་། ད་དུང་སྟོང་བར་ལུས་པའི་ཤང་ཀྲང་གཞོན་པ་ཞིག་སྤྱིར་བཏང་གི་ལས་བྱེད་པའི་ཁྲོད་ནས་བདམས་ཐོན་བྱུང་དགོས་ཀྱི་འདུག དེ་གའི་ལས་བྱེད་པའི་ཁྲོད་ནས་བདམས་ཐོན་བྱེད་པར་ཆ་རྐྱེན་འཛོམས་མཁན་ཚེ་ལོ་དང་དམངས་སྲིད་ལས་བྱེད་པ་ཞིག་ལས་མེད་པས། ཚེ་ལོས་གོ་སྐབས་ཐོན་བྱུང་བ་ཚོར་བྱུང་། ཁོང་གིས་རང་ཉིད་ཏང་ནང་དུ་ཞུགས་པའི་ལོ་ཚད་ཅུང་ཐུང་ནའང་སྲིད་གཞུང་གི་ལས་ཀར་ཏང་ལོ་དང་སྦྲེལ་མི་འདུག་པས། རང་ཉིད་ལོ་ན་གཞོན་ཞིང་རིག་གནས་ཀྱི་རྨང་གཞི་བརྟན་པས། འགྲན་རྩོད་ཀྱི་ཆ་རྐྱེན་ལྡན་མོད། འོན་ཀྱང་སེམས་འཁུར་ཆེ་བ་ནི་ལས་རོགས་ཚོས་འོས་སྦྱོར་སྐབས་སུ་རང་ཉིད་ལ་འདམ་ཤོག་འཕེན་མིན་མི་ཤེས་པ་དེ་རེད།
དགོང་མོ་དེར། ཚེ་ལོས་ཟ་ཁང་དུ་སྒྲོག་ཙེ་གཅིག་བཀོད་བསྒྲིགས་བྱས་ཤིང་ལས་རོགས་བརྒྱད་དགུ་ཙམ་གདན་དྲངས་ཏེ། ཕྱོགས་གཅིག་ནས་མཛའ་བརྩེ་མཚོན་པར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གནས་ཚུལ་དེ་སྐོར་རྩད་ཞིབ་བྱས་པ་རེད།
ཆང་འཐུང་ནས་བར་མཚམས་ཤིག་ཏུ། ཚེ་ལོས། ཤང་དུ་ད་རེས་ཀྱི་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་བྱེད་ཚད་ཧ་ཅང་ཆེན་པོ་འདུག་ཅེས་བཤད།
ལས་བྱེད་པ་ལིས། ཧྲུའུ་ཅི་གཅིག་ཕེབས་པ་ཡིས་ལས་གནས་གསུམ་སྒུལ་བ་རེད་ཅེས་ཟེར།
ལས་བྱེད་པ་ཝང་གིས། ད་དུང་ལས་གནས་ཤིག་ཁ་སྐོང་བྱ་དགོས་ཀྱི་འདུག ངས་བལྟས་ན་ལས་གནས་འདི་ནི་དྲུང་ཡིག་ལ་དབང་བ་རེད་ཅེས་ཟེར།
ལས་བྱེད་པ་ལིས། དེ་ལ་ངེས་པ་མེད་དེ། ད་རུང་འགྲན་ཡ་ཡོད་ཅེས་ཟེར།
ལས་བྱེད་པ་ཝང་གིས། ངས་བསམ་བློ་བཏང་མྱོང་། འགྲན་ཡའི་ཕྱོགས་བསྡུས་ཆ་རྐྱེན་གྱིས་དྲུང་ཡིག་གི་རྗེས་མི་ཆོད་ཅེས་ཟེར།
གཞན་པ་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གྱི་ཚུལ་དུ། རེད། ང་ཚོས་ཚེ་དྲུང་ཡིག་ལ་རྒྱབ་སྐྱོར་བྱེད་ཅེས་ཟེར།
ལས་བྱེད་པ་ལིས། རེད་ཡ། ཚེ་དྲུང་ཡིག ཁྱོད་དཔོན་པོར་བསྡད་རྗེས་ང་ཚོའི་སྤུན་ཟླ་འདི་དག་བརྗེད་མི་རུང་ཞེས་ཟེར།
ཚེ་ལོ་ཡིས་ལག་པས་བྲང་ཁར་རྡེབ་ནས་བཤད་རྒྱུར། ཁྱོད་ཀྱིས་བལྟས་ན་ང་ནི་ཆུ་ལ་བརྒལ་རྗེས་ཟམ་པ་བཤིག་མཁན་གྱི་མི་དེ་འདྲ་ཞིག་ཡིན་ནམ། ད་ལྟ་སྐད་ཆ་འདི་འདྲ་བཤད་ན་ད་དུང་སྔ་འདུག ན་རོའི་གཞོགས་ཡས་མི་འདུག་ཅེས་ཟེར།
གཏམ་མ་བཤད་པའི་ལས་གྲོགས་ཤིག་གིས། སུ་ཞིག་གིས་དྲུང་ཡིག་འགོ་ཁྲིད་བྱེད་པར་བཀག་འགོག་བྱས་ན་ངས་ཁོའི་ཁྱི་མགོ་གཅོག་རྒྱུ་ཡིན་ཞེས་ཟེར།
ཚེ་ལོས་ལས་གྲོགས་འདིས་བཤད་པའི་སྐད་ཆ་རྩུབ་པོ་ཡིན་པ་མཐོང་བས་དོན་དག་བྱུང་བར་སྐྲག་ལ། ཡང་ཅིག་བཤད་ན་མགྲོན་བྱེད་པའི་དམིགས་ཡུལ་ཡང་འགྲུབ་སོང་བས། མྱུར་དུ་བཀག་སྡོམ་གྱི་སློབ་གསོའི་ཚུལ་དུ། བཟི་འདུག བཟི་འདུག ད་ཚང་མས་ངལ་གསོ་བྱེད། ཁོའི་སྐད་ཆ་བདེན་པར་མ་འཛིན་ཞེས་བཤད།
ཚང་མ་ཅུང་ཙམ་བགད་རྗེས་གོམ་པ་ཡོམ་ཡོམ་དུ་རང་རང་གི་ཡུལ་ལ་ལོག་སོང་།
སོ་བཞི་པ།
ཨ་ཁུས་ཁ་པར་ཡོང་སྟེ། བོད་ལོའི་ཚེས་གསུམ་ཉིན་བུ་མོའི་གཉེན་རྟགས་བརྒྱག་པའི་ཆོ་ག་སྤེལ་རྒྱུ་ཡིན་པས་ང་ངེས་པར་དུ་ཞུགས་དགོས་ཞེས་ཟེར།ངའི་ཨ་ཁུ་ལ་བུ་མོ་གཉིས་ཡོད། བུ་མོ་ཆེ་བར་གཉེན་རྟགས་བརྒྱབ་ནས་གནས་ལ་འགྲོ་བའི་སྐབས་སུ་ང་ཤང་སྲིད་གཞུང་དུ་ཡོད། སྐད་འཕྲིན་དང་། ལམ་མི་བདེ་བ་སོགས་ཀྱིས་ང་འགྲོ་མ་ཐུབ། ང་དང་ཨ་ཁུ་གཉིས་ཀྱིས་དོན་དག་དེ་གླེང་ཐེངས་རེར་ང་ཧ་ཅང་འགྱོད་པས་གཟིར། ངས་ཁོང་གིས་ང་ལ་སྔོན་བརྡ་མ་བརྒྱབ་པས་ངས་ནུ་མོའི་གཉེན་སྒྲིག་གི་བརྒྱུད་རིམ་མ་མཐོང་བར་རྒྱུན་དུ་འཁང་ར་བྱས། ཁོང་གིས། སྐབས་དེར་གྲོང་ཚོར་ཁ་པར་མེད་པས་དུས་ལྟར་འབྲེལ་བ་བྱེད་ཐབས་བྲལ་ལ། འཕྲིན་ཡིག་བསྐུར་བ་དང་གློག་འཕྲིན་བཏང་ཡང་དུས་ཚོད་ཤིན་ཏུ་འགོར་བའི་སྟེང་། ད་དུང་ལམ་ཐག་རིང་ལ་འགྲིམ་འགྲུལ་ཡང་མི་བདེ་རྐྱེན་ཁྱེད་ལ་དཀའ་ལས་བཟོ་བར་སྐྲག་པས་ཡིན་ཟེར། ད་ལྟ་ཨ་ཁུས་ཁ་པར་བཏང་ཡོང་བས་ང་རང་མི་ཞུགས་པའི་གནས་ལུགས་ཇི་ལྟར་ཡོད་དམ།
བོད་ལོའི་ཚེས་གཉིས་ཀྱི་ཉིན་དེར། ངས་ཆང་ཤོག་སྒམ་གང་དང་། འོ་མ་སྒམ་གསུམ། ཁ་བཏགས་དཀར་པོ་གསུམ་བཅས་གྲ་སྒྲིག་བྱས་ནས། ཕྱོགས་གཅིག་ནས་ཨ་ཁུ་ཆེ་བ་དང་ཨ་ཕ། ཨ་ཁུ་ཆུང་བ་བཅས་ལ་ལྟ་རུ་སོང་ལ། ཕྱོགས་གཅིག་ནས་སྲིང་མོའི་གཉེན་དོན་ཁོ་ཐག་གཅོད་པའི་ཆོ་གར་ཞུགས་པ་ཡིན།
ངས་སྔོན་ལ་ཁ་པར་གྱིས་འབྲེལ་གཏུགས་བྱས། ཁུལ་ནས་ཕ་ཡུལ་བར་དུ་སྤྱི་ལེ་བརྒྱ་ཉིས་བརྒྱ་ལྷག་ཙམ་ཡིན་ལ། ད་དུང་འགྲུལ་སྐྱེལ་རླངས་འཁོར་གང་འདོད་ཡོད་པས་ཤིན་ཏུ་སྟབས་བདེ། ང་ཕ་ཡུལ་ལ་ཐོན་དུས། ཨ་ཕ་ཁོང་ཚོ་ངེད་ཚང་གི་ནུབ་ཕྱོགས་ཀྱི་ཁང་བའི་ནང་གི་འབོལ་ཁྲིའི་སྟེང་དུ་བཞུགས་ཏེ་ཕྱོགས་གཅིག་ནས་ཆང་བཞེས་པ་དང་ཕྱོགས་གཅིག་ནས་ང་ལ་སྒུག་འདུག ངས་བཀྲ་ཤིས་པའི་ཉིན་མོར་ཁ་གཡང་འབོད་ཀྱིན་ཁ་བཏགས་གསུམ་པོ་རྒན་པ་གསུམ་པོའི་ཕྱག་ཏུ་ཕུལ་བ་ན། ཁོང་གསུམ་པོས་དགའ་སྤྲོ་ཆེན་པོས་ཁ་བཏགས་རང་རང་གི་སྐེ་ལ་བཀལ་རྗེས་སླར་ང་ལ་འཚམས་འདྲི་ཞུས་བྱུང་ལ། ད་དུང་ཁོ་བོ་ཨ་ཁུ་ཆེ་བའི་གོང་དུ་ཙོག་ཏུ་བཅུག
ང་ཚོའི་ཕ་ཡུལ་དུ། ལོ་ཆེ་བས་ཆུང་བར་བཞུགས་སྟེགས་ཕུད་པ་ལ་ལུགས་སྲོལ་ཡོད་དེ། གཅིག་ནི་ལོ་ཆེ་བས་ཆུང་བར་ཡར་ལངས་ཏེ་བཞུགས་སྟེགས་ཕུད་དགོས་དོན་མེད་ལ། གཞན་ན་བཟའ་མནབས་པའི་གྲྭ་བ་མ་གཏོགས། རྗེས་རབས་པ་དག་ཅིས་ཀྱང་མན་ཆད་ནས་འདུག་དགོས། ངས། ཁོ་རང་མན་ཆད་ནས་གང་འདོད་བསྡད་ཆོག གང་ཞིག་ནས་ལོ་ཆུང་བ་ཆེ་བའི་གོང་དུ་བཞུགས་སྲོལ་ཡོད་དམ་ཞེས་པར། ཨ་ཁུ་ཆེ་བས། ཁྱོད་ངེད་ཚོའི་བུ་ཡིན་ཡང་། ཁྱོད་རྒྱུན་དུ་ཡུལ་དུ་མེད་ཅིང་ཕྱི་རུ་ཡོད་པས་འགྲུལ་བ་གལ་ཆེན་ཡིན་ངེས་ཞེས་ཟེར། སྐད་ཆ་ནི་སྐད་ཆ་ཡིན་པས། ངས་སྔར་བཞིན་རྐུབ་སྟེགས་ཤིག་བཀྱགས་ཡོང་སྟེ་ཨ་ཁུ་ཆུང་བའི་ཞོལ་ནས་བསྡད།
ཙོག་བདེ་བྱས་རྗེས། ངས་བྲེལ་འཚུབ་ངང་ནས་མག་པའི་ཕྱོགས་ཀྱི་གནས་ཚུལ་རྩད་འདྲི་བྱས། ཨ་ཁུ་ཆེ་བས་བཤད་ན་གནས་ཡུལ་ནི་ཆབ་རི་རྫོང་གི་ཡིན་ཞིང་། ཁྱིམ་ཚང་གི་ཕྱོགས་གང་གི་ཐད་ནས་ཀྱང་མི་ལེགས་རྒྱུ་མེད་ལ། གསར་བུ་ཡང་གཞུང་དྲང་ཞིག་ཡིན་ཟེར། ངས། ཁྱིམ་ཚང་འདི་བ་ཚང་སྔོན་ཆད་ངས་གཏན་ནས་གོ་མྱོང་མེད། རྒྱུས་མེད་ཅིག་རེད། ཁྱོད་ཀྱིས་ཐེངས་གཅིག་མཐོང་བས་ཡོད་ཚད་རྒྱུས་ལོན་བྱེད་ཐུབ་བམ་ཞེས་བཤད།
ཉིན་དེར། གསར་བུས་ཨ་ཕ་འཕྲུལ་རྟའི་འཕོངས་ལ་བཟུང་ནས་བསླེབས་བྱུང་། ཁོའི་ཨ་ཕས་ཇ་ཀྱིག་སྒམ་གཅིག་དང་ཆང་རྒྱ་མ་གང་འཁྱེར་ཡོང་སྟེ་སྒམ་སྟེང་དུ་བཞག་རྗེས་ཁྱམས་ནས་མཛོ་མོ་ཞིག་ཡོད་པར་བལྟས་ཏེ། ང་ནི་མཛོ་མོ་ཉོ་རུ་ཡོང་བ་ཡིན། ཁྱེད་ཚང་ལ་བཞོན་མ་ཆེན་པོ་ཞིག་ཡོད་པ་ཤེས་པས་ཆེད་དུ་ཉོ་རུ་ཡོང་བ་ཡིན་ཞེས་པར། ཨ་ཁུ་ཆེ་བས་གཟབ་ནན་གཞུང་དྲང་གིས། བཞོན་མ་འདིར་འོ་མ་དེ་འདྲ་བཞོ་རྒྱུ་མེད་མོད། འོན་ཀྱང་རྒྱུ་སྤུས་ཤིན་ཏུ་བཟང་། ང་ཚོས་གསོ་སྐྱོང་བྱས་ནས་བསྡད་ན་ཞིམ་པའི་འོ་ཞོ་སྤྱོད་ཐུབ། དེ་ལས་ཀྱང་གཙོ་ཆེ་བ་ནི་དཔྱིད་ལས་རི་ཞིང་རྨོན་འདེབས་ཀྱི་སྐབས་སུ་དེ་བས་ཁོ་དང་ཁ་འབྲལ་ཐབས་མེད། ཁྱོད་ཀྱིས་གོང་ཆེན་བྱིན་ཡང་འཚོང་གི་མིན་ཞེས་ཟེར། སྐབས་དེར་གསར་བུས་བསྲན་མ་ཐུབ་པར། ཨ་ཕ་ལགས། ཁྱེད་ཀྱིས་དྲང་མོར་ཞུ་རོགས། སྐབས་འདི་འདྲའི་མཚམས་སུ། ང་ཚོས་ད་དུང་བཤད་ཐབས་འདི་འདྲས་གཞན་གྱི་བུ་མོ་གླེང་དོན་མཆིས་སམ་ཞེས་ཟེར་བར། ཨ་ཕས་ཀྱང་ཅུང་དོགས་མི་བདེ་བའི་ངང་མགོར་རེག་རེག་བྱེད་བཞིན་དོན་དངོས་ཀྱི་ཁ་བརྡ་མ་ལུས་ཇི་བཞིན་བྱས་བྱུང་།
ཨ་ཁུ་ཆེ་བས། ངས་བྱིས་པ་འདིའི་སྐད་ཆར་ཉན་རྗེས། དེ་མ་ཐག་ཁོ་བློར་བབས་བྱུང་། རེད་མོད་ཀྱང་ཁོའི་ཁྱིམ་གྱི་གནས་ཚུལ་ང་ཚོས་གླེང་དང་མི་འགྱངས་པར་ཤེས་ངེས་ཞེས་ཟེར།
ངས། ཨ་ཁུ་ཆེ་ཆེ། ཁྱེད་ཁོ་ནས་བློར་བབས་པས་མི་ཆོག སྲིང་ཆུང་ཁོ་ཚོའི་བསམ་ཚུལ་ག་འདྲ་ཡིན་ནམ་ཞེས་པར།
ཨ་ཁུ་ཆེ་བས། ཁ་བརྡ་བྱས་ཟིན། ཉིན་དེར། ཁོ་ཚོར་ཁྱིམ་དུ་དུས་ཚོད་གཅིག་རིང་ལ་ཁ་བརྡ་བྱས་ཟིན། ཁྱོད་ཀྱི་སྲིང་མོར་ཡང་བསམ་འཆར་མི་འདུག་ཅེས་གསུངས།
ངས། ཁོ་ཚོའི་འབྲེལ་བ་དང་ཁ་བརྡ་བྱས་པ་ཉུང་དྲག་སོང་ཞེས་པར།
ཨ་ཁུ་ཆེ་བས། ཁ་བརྡ་བྱེད་ཡུན་རིང་ནའང་མི་བཟང་། ནམ་རིང་ན་རྨི་ལམ་མང་བས། དོན་གཞན་འབྱུང་ཡང་སྲིད་ཅེས་གསུངས།
ངས། བཟའ་བསྒྲིགས་ནི་མི་ཚེའི་དོན་ཆེན་ཡིན་པས། འཚབ་འཚུབ་ཀྱིས་སྒྲུབ་མི་རུང་ཞེས་པར།
ཨ་ཕས་ངའི་གཟབ་ནན་གྱི་མཉམ་འགྱུར་མཐོང་བས། ངའི་ཁ་དཀྱུས་ནས། དེ་མི་སྐྱོན། ཁོ་ཚོས་རྒྱུན་དུ་ལག་འཁྱེར་ཁ་པར་ལས་འབྲེལ་བ་བྱེད་བཞིན་འདུག་པས། ཁྱེད་ཀྱི་ཨ་ཁུ་རྔ་ཡི་ནང་དུ་རྨོངས་མི་འགྱུར་ཞེས་གསུངས།
ཕྱི་ཉིན་ཞོགས་པར། ང་ཨ་ཁུ་ཆེ་བའི་ཁྱིམ་དུ་སོང་། ཁོང་ཚང་གི་ཕྱི་ནང་ཐམས་ཅད་གཙང་སྦྲ་ཡག་པོ་བྱས་འདུག ཁྱམས་དཀྱིལ་གྱི་བསང་ཁྲིའི་སྟེང་དུ་བསང་དུ་ལོང་ལོང་འཕྱུར་ཞིང་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་བོད་ཆས་གྱོན་ནས་ཕྱག་མཆོད་འབུལ་བ་སོགས་ཀྱི་བྱ་བ་ཁ་ཤས་སྒྲུབ་བཞིན་འདུག ནུ་བོས་ཤ་ཟ་བྱེད་ཀྱི་གྲི་བརྡར་རྗེས་ཅོག་ཙེ་སྟེང་དུ་སྡེར་ཁ་བསྒྲིགས་ལ། ནུ་མོས་སྲུ་མོ་ལ་ཐབ་ཚང་དུ་ཤ་མོག་བཏུམ་རོགས་བྱེད་བཞིན་འདུག ཡུད་ཙམ་འགོར་རྗེས། ཨ་ཕ་དང་ཨ་ཁུ་ཆེ་བ་སོགས་གཉེན་ཉེའི་རྒན་རྒོན་ཁ་ཤས་ཀྱིས་ཀྱང་མ་བགྲོས་གཅིག་མཐུན་ངང་བོད་ལྭ་དང་རྒྱ་གར་ལི་མོ་གོན་ནས་བསླེབས་བྱུང་། ཕ་ཡུལ་གྱི་མི་ཚོས་དུས་རྒྱུན་དུ་བོད་ཆས་མི་གྱོན་པར་སྟབས་བདེའི་ཕྱི་ལ་གོན་པ་ཡིན་ཏེ། ང་ཡི་དྲན་པའི་ངོས་སུ། དུས་ཆེན་དང་དགའ་སྟོན་སྐབས་ཁོ་ནར་ད་གཟོད་གོན་པ་རེད། རྒྱས་ཤོམ་འདི་མཐོང་བས་ངས་ཧ་དེ་འདྲ་མི་གོ་བར། དུས་རྒྱུན་དུ་བྱ་འགུལ་གལ་ཆེན་ཡོད་དུས་རྒྱས་ཤོམ་བྱེད་དགོས་པ་ཡིན་ནམ། ང་ལ་ཅིའི་ཕྱིར་གསལ་ཆ་མི་འདུག་གམ་ཞེས་པར། ཨ་ཁུ་ཆེ་བས། སྔོན་ཆད་ང་ཚོས་རས་ཉོ་དཔང་ཡིག་བཟུང་ནས་རས་ཉོ་དགོས་ལ། སྒོར་ཡང་མེད་པས། གོང་མཐོ་ཞིང་རས་ཆུད་ཟོས་ཡིན་པའི་བོད་ལྭ་བསྒྲིགས་མ་ཐུབ། ད་ལྟ་བསྒྲིགས་ཐུབ་སོང་མོད། འོན་ཀྱང་རྒྱུན་གོན་བྱས་ན་སྟབས་མི་བདེ་བས། དགའ་སྟོན་སོགས་སུ་གོན་ན་ཤོམ་ཆེ་ཞིང་གཟི་བརྗིད་ལྡན། འདི་ལྟར་བྱས་ཚེ་ང་ཚོའི་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་བྱས་བྱུང་བ་མ་ཟད། མགྲོན་པོར་ཡང་བརྩི་བཀུར་བྱས་སོང་བ་ཡིན་ཞེས་གསུངས། ངས། དེས་ན་ངས་བོད་ལྭ་བཟུང་མ་ཡོང་བས་ཅི་ལྟར་བྱའམ་ཞེས་པར། ཨ་ཁུ་ཆེ་བས། ཁྱོད་ནི་ཕྱི་ཡི་ལས་བྱེད་པ་ཡིན་པས་དེ་འདྲའི་དོ་སྣང་ཆེར་བྱེད་མི་དགོས་ཞེས་གསུངས། རྒན་པ་ཚོས་ང་ལ་དེ་ལྟར་གུ་ཡངས་སུ་བཏང་བ་ཇི་བཞིན་ང་དེ་ལྟར་དོགས་མི་བདེ་བར་ཞོར་དུ་བོད་ཆས་ཤིག་བཙལ་ནས་གོན་པ་ཡིན།
ཉིན་གུང་ཐོན་ལ་ཉེ་བའི་སྐབས་སུ། གསར་བུས་བར་བ་འཕྲུལ་རྟའི་འཕོངས་ལ་བཟུང་ནས་ཐོན་བྱུང་། ཁོ་ཚོས་དེམ་ཁ་རས་དམར་གྱིས་བཏུམས་ཡོད་པའི་ཆང་ཤེལ་དམ་གང་དང་། ཁ་བཏགས་ཡུག་གཅིག ལུག་གི་བརླ་རྐང་ཡས་གཅིག ཇ་ཀྱིག་སྒམ་གཅིག་དང་། དཔའ་རིས་སྣ་ཁུ་ཟེར་བའི་ཆང་ཤོག་སྒམ་གང་བཅས་སྒམ་སྟེང་དུ་བཞག་སྟེ། ཡར་བཤད་མར་བཤད་རེ་ཞིག་བྱས་རྗེས། ཞང་ཚང་གིས་བར་བ་ཚ་ཐབ་སྟེང་གི་བཞུགས་གནས་གལ་ཆེན་དུ་གདན་འདྲེན་བྱས།
ཇ་ལྡིག་ཟས་འདྲེན་ཀྱི་སྟབས་བདེའི་ཟ་མ་ཁམ་འགའ་ཟོས་རྗེས། ཨ་ཁུས་ང་ལ་མགྲོན་པོར་ཆང་འདྲེན་བྱེད་དགོས་པའི་བརྡ་བསྟན་བྱུང་། ངས་ཞང་ཚང་གི་ཆང་དཀར་གྱི་ཁ་ཕྱེ་ནས་ཆང་སྡེར་ནང་གི་ཆང་ཕོར་ཆུང་ངུར་བླུགས་ཤིང་ཐོག་མར་བར་བ་ལ་ཆང་སྐལ་དྲངས། དེ་ནས་བར་བས་གཡས་གཡོན་གྱི་ཨ་ཞང་ཚང་མར་གུས་བཀུར་ཆེན་པོས་རེ་རེ་བཞིན་ཁྲུང་དྲངས་པ་ན་ཚང་མས་སྲིན་མཛུབ་ཀྱིས་མཆོད་ཁ་ཐེངས་གསུམ་འཕངས་ཤིང་བཀྲ་ཤིས་ཁ་གཡང་འབོད་ཀྱིན་གཙང་བཞེས་གནང་བ་རེད། དེ་རྗེས་སུ་བར་བ་རང་འགུལ་ངང་ཚ་ཐབ་ནས་བབས་ཏེ་མག་པ་དང་མཉམ་དུ་གཉེན་ཚང་གིས་གྲ་སྒྲིག་བྱས་པའི་ཆང་བཏོན་ནས་ཁ་ཕྱེ་སྟེ་རེ་རེར་འདྲེན་བཞིན་ཉིན་དེའི་ཡོང་དོན་ཡང་བསྐྱར་གསལ་བཤད་དང་ད་དུང་ཆད་ལུས་གང་ཡོད་སྐོར་ནས་རེ་ཞུ་བྱས་ལ། ཞོར་ནས་ཁ་རས་དམར་པོས་བཏུམས་ཡོད་པའི་དམ་བེ་དེ་བཏེགས་ནས་ངའི་ཨ་ཁུ་ཆེ་བའི་ཕྱག་ཏུ་ཕུལ།
ཨ་ཁུས་དམ་བེ་ཚུར་བླངས་རྗེས་འཛེམ་དོགས་མེད་པར། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་བུད་ན་བློ་ཕར་མི་འདྲི། མོ་ལོ་དྲུག་གསུམ་བཅོ་བརྒྱད་བུད་ན་གནས་མར་མི་འདྲི། མཛོ་མོས་ས་འཐེན། བུ་མོས་གནས་འཐེན་ཟེར་བ་བཞིན་དུ། བུ་བུ་མོ་གཉིས་ཀ་སྔོན་ནས་ངོ་འཕྲད་མྱོང་ལ། ཕྱོགས་གཉིའང་འཐད་པ་བྱུང་ཞིང་། ཁྱིམ་ཚང་གཉིས་ཀའི་ཁ་དབང་ཡང་མཉམ་པས། འདི་ནི་གཉེན་མཐུན་གྱི་ལས་འབྲེལ་བཟང་པོ་ཞིག་རེད། ད་ལྟ་ངས་ཞང་ཚང་གི་ཚབ་བྱས་ནས་གཉེན་འཐད་ཀྱི་ཆང་གི་དམ་བེའི་ཁ་འབྱེད་རྒྱུ་ཡིན་པས་ཚང་མ་འཐད་པ་ཡིན་ནམ་ཞེས་པར། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་འཐད་པའི་སྤྲོ་སེམས་མཚོན་པར་བྱས། བསམ་འཆར་གཞན་མ་ཐོས་པས། ཨ་ཁུ་ཆེ་བས་སེམས་ཆུང་ངང་ནས་གོས་སྐུད་དམར་པོས་དཀྲིས་ནས་བཏུམས་ཡོད་པའི་རས་ཁ་བཤིགས་པ་ན། ངས་ད་དུང་རས་དམར་ནང་དུ་ཁ་སུར་དམར་པོ་ཆེན་པོ་གསུམ་ཡོད་པ་མཐོང་བྱུང་།
ཨ་ཁུ་ཆེ་བས་བཀྲ་ཤིས་སྨོན་འདུན་ཞུ་ཞོར་དུ་ཆང་ཕུང་ཁ་འབྱེད་ཀྱི་མགོ་བརྩམས། དམ་བེའི་ཁ་ཕྱེ་བ་དང་ཡང་སྲིན་མཛུབ་ཀྱིས་མཆོད་ཁ་ཐེངས་གསུམ་འཕངས་རྗེས་སླར་ཡང་བར་བའི་ལག་ཏུ་བཞག བར་བས་དགའ་སྤྲོའི་ངང་ནས་ཆང་ཕོར་ཕར་བླངས་པ་དང་། ཞྭ་མོ་ཕུད་དེ་ཚ་ཐབ་ཟུར་ཁར་པུས་མོ་གཉིས་ཀ་བཙུགས་ནས་ཤེལ་དམ་དེའི་ནང་གི་ཆང་ཚང་མར་དྲངས་ཤིང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཨ་ཁུ་ལ་གཉེན་ཐག་བཅད་པའི་སྒོར་ཆིག་སྟོང་སྤྲད་པ་རེད།
བར་བའི་གུས་ལུགས་བསྒྲུབས་རྗེས། ང་ཚོས་སླར་ཡང་ཁོ་ཚ་ཐབ་ཐོག་གི་སྔར་གནས་སུ་གདན་དྲངས། དེའི་སྐབས་སུ་ད་གཟོད་བརྔོས་ཚལ་དང་ཤ་སོགས་དངོས་སུ་བསྒྲིགས་བྱུང་ལ། ཚང་མས་མཛུབ་གུ་ཁེད་རེས་བྱས་ནས་རྩེད་ཆང་འཐུང་བ་དང་། ཤ་ཟོས་ཤིང་གླུ་བླངས། ཕོ་བ་བརྒྱགས་རྗེས་སླར་ཡང་གྲོས་བསྡུར་བྱས་ནས་ཐེངས་རྗེས་མའི”ཉིས་འཛོམས་ཆང་བཞེས”ཀྱི་དུས་ཚོད་སྐོར་ནས་ཁ་བརྡ་གཏན་འཁེལ་བྱས། མཐར་ཨ་ཁུས་རས་དམར་གྱིས་ཁ་བཏུམས་པའི་ཆང་གི་ཤེལ་དམ་ནང་དུ་འབྲུ་རིགས་སྣ་ལྔ་གང་བླུགས་རྗེས། སྔོན་ལྟར་དམ་བེའི་ཁ་བཏུམས་ནས་བར་བ་ལ་གནངས་ནས་ལམ་རྫོངས་བྱས།
ཆོ་ག་སྤེལ་བ་འཁྲུག་ཆ་དོད་ཅིང་ལེགས་གྲུབ་བྱུང་སོང་། ངས་ཀྱང་གྲོང་སྡེར་གཉེན་བསྒྲིགས་བྱས་པ་ཡིན་མོད། འོན་ཀྱང་གཟི་བར་འགྲོགས་ནས་བུ་མོ་ཚང་གི་ཁྱིམ་དུ་གཅིག་འཛོམས་སམ་ཉིས་འཛོམས་ཀྱི་ཆང་འཐུང་མ་མྱོང་། རྒྱུ་མཚན་ནི་ངར་གཉེན་རྟགས་བརྒྱག་དུས་སུ་ང་ད་དུང་སློབ་གྲྭ་ཆེན་མོར་འགྲོ་བཞིན་ཡོད་པས། ཡུལ་དུ་ལོག་པའི་དུས་ཚོད་མི་འདུག ཡང་ཅིག་བཤད་ན། ང་དང་སྒྲོལ་མའི་ཁྱིམ་གཉིས་ནི་ཤ་ཁྲག་གི་འབྲེལ་བ་ཡིན་པས་སྔོན་ནས་ཕར་ཚུར་འགྲོ་འོང་ཡོད་ལ། སྔོན་ཆད་ནས་ངོ་ཤེས་པས་དངོས་སུ་ཞུགས་དགོས་དོན་ཡང་མི་འདུག རེད་མོད་ཀྱང་། ངས་སྔར་བཞིན་དོན་འདིའི་རང་གི་དྲན་ཚུལ་སྨྲས་པ་ཡིན། ཨ་ཁུ་ཆེ་བས། གཉེན་རྟགས་བརྒྱག་པའི་དོན་དེ་གཙོ་བོ་བར་བ་ཡི་དོན་དག་ཡིན། མག་པ་འགྲོ་མི་འགྲོ་དེ་གཏན་འཁེལ་ཡོད་པ་མ་རེད་ཟེར་ལ། ཨ་ཁུ་ཆེ་བས་ད་དུང་། དེ་རིང་གི་འདི་ནི་གཅིག་འཛོམས་གཉེན་ཆང་ཡིན། ཉིས་འཛོམས་གཉེན་ཆང་འཐུང་དུས་འདི་ལས་འདུ་འཛི་ཆེ་བས། ཁྱོད་ངེས་པར་དུ་ཞུགས་དགོས་ཞེས་ཟེར་བར། ངས་དགའ་སྤྲོ་ཆེན་པོས་ཁས་བླངས་པ་ཡིན།
ཕ་ཡུལ་ནས་ཕྱིར་ལོག་དུས། སྒྲོལ་མས་ཏག་ཏག་གུང་ཟས་བསྐོལ་བཞིན་འདུག མོས་ཚོད་མ་སྣ་ཁ་དྲུག་བརྔོས་པ་དང་། འབྲས་སླ་ང་གང་བཙོས་ནས་གདོང་ལ་དགའ་སྤྲོའི་རྣམ་འགྱུར་གྱིས་ཁེངས་འདུག ངས། ཁྱོད་ཀྱིས་དེ་རིང་ཚོད་མ་འདི་འདྲ་མང་པོ་ཞིག་བརྔོས་ནས་ཅི་བྱེད་ཟེར་བ་ཡིན་ནམ་ཞེས་པར། མོས། དེ་རིང་མགྲོན་པོ་དཀོན་པོ་ཞིག་ཡོང་བཞིན་ཡོད་པས་ཁྱོད་ཀྱིས་ཚོད་དཔག་བྱས་ན་སུ་རེད་དམ་ཞེས་ཟེར། ངས་ཇི་ལྟར་ཡང་ཚོད་དཔག་བྱེད་མ་ཐུབ་རྐྱེན། སྒྲོལ་མས། བུ་མོ་ཤའོ་ཡུན་ཡོང་རྒྱུ་རེད། ང་དང་མཚོ་མོས་མོ་ངེད་ཚང་ལ་སྐོར་བ་བརྒྱག་པར་གདན་དྲངས་པས་མོས་ཁས་བླངས་པ་རེད་ཅེས་ཟེར།
ཅུང་མ་འགོར་བར་སྒོ་རྡུང་བྱུང་། ངས་མྱུར་དུ་སྒོ་ཕྱེ། མཚོ་མོས་བུ་མོ་ཤའོ་ཡུན་ཁྲིད་ནས་ནང་དུ་བུད་ཡོང་།
མཚོ་མོས་སྤྲོ་སེམས་འཁོལ་བའི་ངང་བུ་མོ་ཤའོ་ཡུན་ང་ལ་ང་སྤྲོད་བྱས་བྱུང་། ངས། ངོ་སྤྲོད་བྱེད་མི་དགོས། ང་ཚོས་སྔོན་ནས་ངོ་ཤེས་པ་མ་ཡིན་ནམ་ཞེས་བཤད།
ཚང་མ་ཙོག་རྗེས་ཟ་མ་ཟ་ཞོར་དུ་ཁ་བརྡ་བྱས།
ངས། གོ་ཐོས་ལྟར་ན། ཁྱོད་ཀྱི་ཨ་ཕ་ནི་རྒྱ་རིགས་ཡིན་ལ། ཨ་མ་ནི་བོད་རིགས་ཡིན་ཟེར། དེས་ན་ཁྱོད་ཀྱིས་མི་རིགས་གང་ཞིག་འདམ་རྒྱུ་ཡིན་ནམ་ཞེས་དྲིས། ཤའོ་ཡུན་གྱིས། ཨ་མ་ཆུང་དུས་སུ་བོར་རྗེས་རྒྱ་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་བ་དང་། དེ་རྗེས་སུ་སླར་ཡང་རང་ཉིད་ཀྱི་བོད་རིགས་ཕུ་པོ་རྙེད་ལ། དེ་རྗེས་སུ་བོད་ཁུལ་དུ་ལས་བྱེད་པའང་བྱས་མྱོང་བས། ཁོང་གིས་བོད་མི་རིགས་ཀྱི་གླུ་གར་དེ་རང་ཉིད་ཀྱི་བྱ་གཞག་གི་ཆེད་དུ་བདམས་པ་དང་། བོད་རིགས་ལ་བཅིངས་པའི་བརྩེ་དུང་ཧ་ཅང་ཟབ་པས་ང་ལ་བོད་རིགས་གདམ་ག་བྱེད་དུ་བཅུག་ལ་ང་ཡང་མོས་མཐུན་བྱུང་ཞེས་ཟེར། སྐད་ཆ་དེ་ཐོས་མ་ཐག ང་དང་སྒྲོལ་མ་གཉིས་ཀྱིས་ཕལ་ཆེར་དུས་མཉམ་དུ་ཁ་ནས་མོའི་མིང་ལ་ཡུས་ལན་ཟེར་ཞེས་ཤོར་སོང་། ཤའོ་ཡུན་དང་མཚོ་མོ་གཉིས་ཡ་མཚན་པའི་ངང་ནས། ཁྱོད་ཚོས་ངོ་ཤེས་སམ་ཞེས་ཟེར།
དེར་མཐུད་ནས་ང་ཚོས་ལོ་མང་བའི་གོང་དུ་ཡོས་ལན་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་གནས་ཚུལ་གླེང་བ་ཡིན། སྒྲོལ་མས་ང་ལ་ལམ་སེང་ཡོས་ལན་ལ་ཁ་པར་ཞིག་ཐོངས་ཟེར། ངས་ཤའོ་ཡུན་ལས་མོའི་ཁ་པར་ཨང་གྲངས་བསླངས་ཤིང་སྦྲེལ་ནས་འཚམས་འདྲི་ཞུ་ལུགས་མཚོན་པར་བྱས། སྒྲོལ་མས་ང་ལ་ང་ཚོ་ཤའོ་ཡུན་ལ་དགའ་བའི་དོན་དག་ཤོད་ཟེར་མོད། ངས་མཆུ་དཀྱོགས་དཀྱོགས་ཀྱིས་གཞན་ཅང་མ་བཤད། ངས་ཡོས་ལན་ཁོམ་སྐབས་སུ་ངེད་ཚང་ལ་མགྲོན་དུ་ཡོང་བར་གདན་འདྲེན་ཞུས་པ་ན་མོས་ཡ་ཡ་ཞེས་ཁས་བླངས་སོང་།
ཁ་པར་བཏང་རྗེས། སྒྲོལ་མས་ང་ལ་ཟུར་གཡོལ་བྱེད་དགོས་པའི་བརྡ་བཏང་བྱུང་། ངས་ཤེས་ཏེ། མོས་ཤའོ་ཡུན་ལ་གསང་བའི་ཁ་བརྡ་ཁ་ཤས་བྱེད་རྩིས་འདུག་པས་ང་དཔེ་ཁང་དུ་འཛུལ་སོང་།
ཤའོ་ཡུན་སོང་རྗེས། ངས་སྒྲོལ་མར། ཁྱོད་ཀྱིས་ཤའོ་ཡུན་ལ་ཅི་ཞིག་བཤད་པ་ཡིན་ནམ་ཞེས་དྲིས་པར། སྒྲོལ་མས། གཞན་ལྷག་པ་ཅི་ཡང་མ་བཤད། ངས་དོན་གྲུབ་ཀྱི་འདྲ་པར་དང་སློབ་ཆེན་ནང་ཐོབ་པའི་གྲུབ་འབྲས་ཁོ་མོར་བསྟན་པ་ཙམ་ཡིན་ཞེས་ཟེར་བ་དང་ཆབས་ཅིག་ཏུ་ང་ལ། ཁྱོད་ཀྱིས་ཅིའི་ཕྱིར་ཡོས་ལན་ལ་བུ་ཕྲུག་ཚོའི་དོན་དག་མི་བཤད་པ་ཡིན་ནམ་ཞེས་ཟེར། ངས་ང་དང་ཡོས་ལན་དབར་འབྲེལ་བ་བྱས་མ་ཐག་ཡིན་པས། ཁ་པར་ནང་དུ་བུ་ཕྲུག་ཚོའི་གཉེན་སྒྲིག་གི་དོན་ཆེན་སྐོར་གླེང་ཚེ་ཧོལ་རྒྱུག་ཆེ་དྲགས་པ་མ་རེད་དམ། ཡང་ཅིག་བཤད་ན། བྱིས་པ་ཚོ་ངོ་ཐེངས་གཅིག་ཀྱང་མ་འཕྲད་པས། གལ་ཏེ་ཁྱིམ་ཚང་གཉིས་ཀྱི་མི་ཆེན་གྱིས་དོན་དག་འདི་ཤེས་ཤིང་། ཁོ་ཚོ་ངོ་འཕྲད་ཀྱང་ཕན་ཚུན་མི་མཐུན་ན་དོན་དག་ཇེ་ཆེར་བཏང་བ་མ་རེད་དམ་ཞེས་བཤད།
སྒྲོལ་མ་ངའི་ལྟ་ཚུལ་དང་མཐུན་པར་གྱུར།
༣༤
ཚེ་ལོས་ཤང་ཀྲང་གཞོན་པར་འདེམས་བསྐོ་བྱ་ཆེད་འདེམས་ཤོག་འཕེན་པར་མགྲོན་འབོད་བྱས་པའི་གནས་ཚུལ་དེ་མགྱོགས་མྱུར་ངང་ཨྱོན་གྱི་རྣ་ལམ་དུ་ཐོན་པ་རེད། ཨྱོན་གྱིས་ཚེ་ལོ་ཁོའི་གཞུང་སྒྲུབ་ཁང་དུ་བོས།ཨྱོན་གྱིས་ཐ་མག་རྐང་གཅིག་སྒྲོན་རྗེས་ཁ་རི་ཁ་ཐུག་སྒོས། ཁྱོད་ཀྱིས་ཤང་ཀྲང་གཞོན་པ་འདེམས་བསྐོ་བྱ་ཆེད་བྱ་བ་གང་ཞིག་བསྒྲུབས་ཚུལ་ཤོད་ཅིག་ཅེས་ཟེར།
ཚེ་ལོས་མི་ཤེས་ཁུལ་གྱིས། ཅི་ཡང་མ་བསྒྲུབས་ཞེས་ཟེར།
ཨྱོན་གྱིས། ཁྱོད་ཀྱིས་འདེམས་ཤོག་འཕེན་མི་འཐེན་ཡོད་པ་མིན་ནམ། ད་དུང་མི་ལ་ལས། གལ་ཏེ་སུ་ཞིག་གིས་ཁྱོད་འགོ་ཁྲིད་ལ་འདུག་པར་བཀག་འགོག་བྱས་ན། དེ་ཡི་ཁྱི་མགོ་གཅོག་རྒྱུ་ཡིན་ཟེར་བ་བདེན་ནམ་ཞེས་ཟེར།
ཚེ་ལོས་བྲེལ་འཚུབ་ངང་། འདི། འདི། ཁྱོད་ཀྱིས་ཅི་ལྟར་ཤེས་པ་ཡིན་ནམ། སུ་ཞིག་གིས་ཁྱོད་ལ་བཤད་པ་ཡིན་ནམ་ཞེས་དྲིས།
ཨྱོན་གྱིས། དེ་ཁྱོད་ཀྱིས་འདྲི་མི་དགོས་ཏེ། མི་གསུམ་ཁྱོད་ལ་བཟང་ན། མི་གསུམ་ཁོ་ལ་བཟང་། གལ་ཏེ་མི་ལ་ཤེས་སུ་མི་འཇུག་ན་རང་ཁོ་ནས་མ་བསྒྲུབས་ན་མ་གཏོགས། ཤོག་བུའི་ནང་དུ་མེ་ཇི་ལྟར་ཁོགས་སམ་ཞེས་བཤད་བཞིན་ཇ་ཁམ་གང་འཐུང་རྗེས་ཡང་། དཔོན་པོ་བྱེད་འདོད་ཀྱི་སེམས་མི་ཚང་མར་ཡོད་མོད། འོན་ཀྱང་གླེན་པའི་བྱེད་ཐབས་དེ་འདྲ་ཇི་ལྟར་སྤྱོད་རུང་ཞེས་བཤད་པ་རེད།
ཚེ་ལོས། ཧྲུའུ་ཅི། ང་ནོར་སོང་། ངས་རྗེས་ཕྱོགས་སུ་དག་བཅོས་བྱས་ཆོག་ཅེས་ཟེར།
ཨྱོན་གྱིས། ཁྱོད་ཀྱིས་བཤད་སླ་མོད། འོན་ཀྱང་སྐྱོན་འདི་དེ་འདྲའི་རང་ག་བ་ཞིག་མ་རེད། ངོ་བོ་ཤིན་ཏུ་འཚབ་ཆེ་སྟེ། གལ་ཏེ་རྗོང་རིམ་པར་ཁྱབ་ན་ཉེས་ཆད་འཁུར་དགོས་ལ། དེ་ལྟར་བྱས་ཚེ། ཁྱོད་མི་ཚེ་གང་བོར་དཔོན་པོར་འཕར་མི་ཐུབ་པ་ཤེས་སམ་ཞེས་ཟེར།
ཚེ་ལོ་སྐྲག་ཐག་ཆོད་ནས། དེས་ན། ཁྱེད་ཀྱིས་བཤད་ན་ཅི་ཞིག་བྱེད་དམ་ཞེས་དྲིས།
ཨྱོན་གྱིས། ཁྱོད་ཀྱང་དེ་འདྲ་འཚབ་དྲགས་མི་དགོས། དོན་དག་ཚད་འདིར་ཐོན་ཡོད་ན་གང་ལྟར་ཐག་གཅོད་བྱེད་ཐབས་ཤིག་ཡོད་དགོས་ཞེས་ཟེར།
ཚེ་ལོས། ཧྲུའུ་ཅི་ལགས། ཁྱོད་ཀྱིས་ཅིས་ཀྱང་ང་ལ་རོགས་འདི་བྱེད་རོགས་ཞེས་ཞུ་བ་ཞུས་བྱུང་།
ཨྱོན་གྱིས། འདི་ལྟར་བྱེད། ང་སོང་ནས་ཕར་ཕྱོགས་ཀྱི་དོན་དག་བསྒྲུབས་ནས། ཁོ་ཚོར་དོན་དག་དེ་ཕྱིར་མི་ཤོར་བ་བྱེད་པར་སྐུལ་ཆོག འོན་ཀྱང་ཁྱོད་ཀྱིས་རང་འགུལ་གྱིས་ཐེངས་འདིའི་འདེམས་བསྐོའི་གོ་སྐབས་བློས་གཏོང་དགོས་ཞེས་ཟེར།
ཚེ་ལོས་དཀའ་ཁག་གི་སྒོ་ནས། ཇི་ལྟར་བློས་གཏོང་དགོས་སམ་ཞེས་པར།
ཨྱོན་གྱིས། དེ་སླ་མོ་ཞིག་ཡིན། ཁྱོད་ཀྱིས་འདམ་བསྐོའི་ཚོགས་འདུའི་སྐབས་སུ་རང་ཉིད་ད་དུང་ལོ་ན་གཞོན་པ་དང་། རྗེས་སུ་གོ་སྐབས་ཡོད་པས་ད་རེས་ཀྱི་འདམ་བསྐོའི་གོ་སྐབས་མི་གཞན་ལ་སྤྲོད་ཀྱི་ཡིན་ཞེས་བཤད་པས་ཆོག དེ་ལྟར་བྱས་ན་ཕ་རོལ་བས་བཟོད་སྒོམ་བྱེད་སྲིད་པ་མ་ཟད། ད་དུང་ཚང་མར་རྣམ་འགྱུར་ཧ་ཅང་བཟང་བའི་བག་ཆགས་ཤིག་འཇོག་སྲིད་པས། རྗེས་ཕྱོགས་ཀྱི་གོ་གནས་འཕར་བར་ཡང་ཕན་ཐོགས་ཆེ་ཞེས་སྨྲས།
ཚེ་ལོས་ཡིད་སྐྱོ་བའི་ངང་ནས། ཧྲུའུ་ཅིའི་མཛུབ་སྟོན་ལ་བཀའ་དྲིན་ཆེ། ངས་དེ་ལྟར་བསྒྲུབ་ན་ཆོག་ཅེས་ཟེར།
ཉིན་གཉིས་ཀྱི་རྗེས་སུ། འདེམས་བསྐོ་དངོས་སུ་མགོ་བརྩམས་པ་རེད། ཚེ་ལོ་ཡིས་འགྲན་རྩོད་བསྐྱུར་བས་ཕ་རོལ་པོ་བདེ་བླག་ངང་བདམས་ཐོན་བྱུང་བ་རེད།
ཚེ་ལོའི་སེམས་ཁམས་ཤིན་ཏུ་མི་སྐྱིད་པར་སྣང་། ལས་གནས་འགྲན་རྩོད་དེ་ལྟར་སྟོང་བའི་སྟེང་། ད་དུང་ཅུང་ཙམ་མིན་ན་ཉེས་ཆད་བཅད་བྱུང་། ཉིན་མོ་ཕྱི་ལ་སོང་ཚེ། ཁོའི་ཚོར་སྣང་ཞིག་ལ། དུས་རྒྱུན་དུ་རང་དང་མཉམ་བཟའ་མཉམ་འཐུང་བྱེད་བཞིན་པའི་གྲོགས་པོ་དེ་དག་གིས་ཀྱང་མིག་འབྲས་མི་མཐུན་པ་ཞིག་གིས་ཁོ་ལ་ལྟ་བ་དང་མཚུངས་ལ། ད་དུང་ཚོར་སྣང་ཞིག་ལ། མི་ལ་ལ་ཞིག་གིས་ཁོའི་རྒྱབ་ཏུ་འཕྱ་དམོད་ཀྱི་མཛུབ་མོས་འཛུགས་པ་དང་འདྲ།
ཚེ་ལོ་རྫོང་དུ་བསླེབས་རྗེས། གནས་ཚུལ་དེ་དག་གཡང་སྐྱིད་ལ་བཤད། གཡང་སྐྱིད་ཁོང་ཁྲོ་ཆེན་པོས། ཨོ་རྒྱན་གྱིས་བཤད་པ་བདེན་ཏེ། ཁྱོད་ཀྱིས་དོན་དག་སྒྲུབ་ན་དངོས་གནས་བླུན། ཁྱོད་ཀྱི་དེ་ནི༼རྒྱའི་གཏམ་དཔེ། བྱ་བརྐུས་འབྲས་ཤོར༽ས་ཡི་རྡོ་བླངས་ནས་རུམ་གྱི་བྲོ་ཤོར་བའི་དཔེ་མ་ཡིན་ནམ་ཟེར་བར། ཚེ་ལོས། ཐེངས་འདིའི་འདེམས་བསྐོ་ལ་ཕམ་ཁ་ཉོས་སོང་མོད། འོན་ཀྱང་འགོ་ཁྲིད་ཀྱིས་ཚོགས་འདུའི་སྟེང་ངའི་བསམ་བློའི་གོ་རྟོགས་མཐོ་ཞེས་བསྔགས་བརྗོད་བྱས་ལ། ཐེངས་རྗེས་མར་དཀྱིལ་སྙིང་དུ་བཟུང་སྟེ་བསམ་བློ་གཏོང་ཞེས་སྨྲས་བྱུང་ཞེས་ཟེར། གཡང་སྐྱིད་ཀྱིས། དེ་ནི་འགོ་ཁྲིད་ཀྱིས་ཁྱོད་ལྷོད་ལ་འབབ་ཆེད་ཞྭ་མོ་མཐོན་པོ་ཞིག་གོན་པས་རེད། རྗེས་སུ་ལས་གནས་ཇེ་མཐོར་འགྲོ་བ་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ཅེས་པར། ཚེ་ལོ་འུ་ཐུག་ཐབས་ཟད་དུ་གྱུར་ནས། དེས་ན་དོན་ངོ་མར་ཅི་ཞིག་བྱེད་དགོས་སམ་ཞེས་པར། གཡང་སྐྱིད་ཀྱིས། ཁྱོད་རྫོང་དུ་ལས་གནས་སྤོར་ཞེས་ཟེར་ལ། ཡང་ད་སྐབས་ལས་ཁུངས་མང་པོར་ལས་མི་ཕྲི་བཞིན་པའི་སྒང་ཡིན་ཡང་། ཡང་གཞུང་ཡིག་འབྲི་བའི་ལས་འགན་ལྕི་མོ་འཁུར་མཁན་ཧ་ཅང་ཉུང་བས། ཡང་ཅིག་བཤད་ན། ང་ཚོའི་བཟའ་ཚང་ཁ་འཐོར་ཏུ་གནས་ཤིང་། ཁྱོད་ཀྱིས་གཞི་རིམ་སྦྱོང་བརྡར་གྱི་དུས་ཚོད་ཀྱང་ལོངས་སོང་བས་ལས་གནས་སྤོར་བར་གནས་ལུགས་ཆེན་པོ་ལྡན་ཞེས་པར། ཚེ་ལོའི་སེམས་སུའང་དེ་ནི་བདེན་སྙམ་ཞིང་། རྫོང་གི་འབྲེལ་ཡོད་ལས་ཁུངས་དག་ལ་ཚོད་ལྟ་བྱེད་རྒྱུའི་སེམས་ཐག་བཅད།
འབྲེལ་ཡོད་འོས་སྦྱོར།