logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅོ་བརྒྱད་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-03 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

སོ་ལྔ་པ།
       གཟའ་སྤེན་པའི་ཞོགས་པར་ངས་གདོང་བཀྲུས་ཚར་མ་ཐག་ཀྲུའུ་ཕིན་གྱིས་ཁ་པར་ཡོང་ནས་ང་དང་སྒྲོལ་མ་ཁྱིམ་དུ་ཡོད་མེད་དྲིས་བྱུང་ལ། ཁོང་ང་ཚོར་ལྟ་རུ་ཡོང་རྩིས་ཡོད་ཟེར། ངས། ཤོག་དང་། ང་དང་སྒྲོལ་མ་གཉིས་ཀ་ཁྱིམ་དུ་ཡོད་ཅེས་ལན་བཏབ།
       ངས་ཁ་ནས་དེ་ལྟར་བཤད་ཀྱང་སེམས་སྔར་བཞིན་ཁྲག་ཁྲུག་ཏུ་གྱུར། གང་ལྟར་ང་དང་ཀྲུའུ་ཕིན་གཉིས་ཀྱིས་སྒྲོལ་མ་རྒྱབ་ཏུ་བསྐྱུར་ནས་མཛའ་འབྲེལ་བྱས་མྱོང་ལ། སྒྲོལ་མས་ཀྱང་ཁབ་རྩེ་སྐུད་སྣེ་ཙམ་གྱི་དོན་འགའ་ཡང་ཤེས་ཡོད་པས། སྒྲོལ་མ་དོན་དེར་དངོས་གནས་བསམ་འཆར་གང་ཡང་མེད་དམ། ཡང་ན་མོའི་སེམས་སུ་ད་དུང་རྟོགས་དཀའ་བའི་དངོས་པོ་གང་ཞིག་སྦས་ཡོད་པ་ཡིན་ནམ། གལ་ཏེ་མོ་གཉིས་འཕྲད་རྗེས་དོགས་མི་བདེ་བའི་གནས་ཚུལ་འདྲ་བྱུང་ན་ངས་ཅི་ལྟར་མཇུག་སྐྱོང་དགོས་སམ། དེ་དག་ཡིད་ལ་དྲན་མ་ཐག་ངའི་སེམས་གཏན་ནས་བདེ་ལ་འབབ་མི་ཐུབ།
       ཀྲུའུ་ཕིན་ཞིང་ཆེན་ནས་ཁུལ་བར་གྱི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཉིན་གུང་བསླེབས་ཉེར་ཡོད་པའི་སྐབས་སུ་ང་དང་སྒྲོལ་མ་རླངས་འཁོར་ས་ཚིགས་སུ་མོ་བསུ་རུ་སོང་། ངས་ཀྲུའུ་ཕིན་གྱི་ཁུག་མ་ཚུར་བླངས་རྗེས་ཡང་སྒྲོལ་མ་མོ་ལ་ངོ་སྤྲོད་བྱས། ཀྲུའུ་ཕིན་གྱིས་གཡོན་ལག་གིས་སྒྲོལ་མའི་ལག་མཐིལ་ལ་འཇུས་པ་དང་གཡས་ལག་གིས་ལག་རྒྱབ་ལ་བྱིལ་བྱིལ་བྱེད་བཞིན་དུ་ཧ་ཅང་བྱམས་བརྩེ་ལྡན་པའི་ངང་ནས་ཡང་ཡང་ཐུགས་རྗེ་ཆེ་ཞེས་ཞུས། ཁྱིམ་དུ་འབྱོར་རྗེས་ཀྲུའུ་ཕིན་གྱིས་སྒྲོལ་མར་དཔུང་ཁེབ་ཅིག་དང་གཡང་ཊིའི་མཁྲིག་གདུབ་ཅིག་བླངས་ནས་བྱིན་པས། སྒྲོལ་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
       དྲོས་ཇ་འཐུང་རྗེས། སྒྲོལ་མས་ཀྲུའུ་ཕིན་ཁྲིད་དེ་ཁྱིམ་གྱི་ཁང་པ་སོ་སོར་ལྟ་སྐོར་བྱས། ངའི་དཔེ་ཁང་དུ། ཀྲུའུ་ཕིན་གྱིས་དཔེ་སྒྲོམ་ཐོག་བསྒྲིགས་པའི་དཔེ་དེབ་ལ་ནན་ཏན་ངང་བལྟས་པ་དང་། དེ་ནས་ངས་འབྲི་བཞིན་པའི་རྩོམ་ཡིག་གི་མ་གདན་མཐོང་སྐབས་ལག་ཏུ་བཟུང་ནས་དགའ་སྤྲོས་བློས་གཏོང་མི་ཕོད་པའི་རྣམ་པ་མངོན་བྱུང་།  ངས། འདི་ནི་ངས་ད་ལྟ་གསར་རྩོམ་བྱེད་བཞིན་པའི་ཡིག་འབྲུ་ཁྲི་ཉི་ཤུ་ལྷག་གི་བརྩམས་སྒྲུང་རིང་གྲས་ཤིག་ཡིན་ཞེས་བཤད། ཀྲུའུ་ཕིན་གྱིས། འདི་ནི་བཟོ་སྐྲུན་ཆེན་པོ་ཞིག་རེད། བྲིས་ཚར་ན་ངེས་པར་ལྟ་རྒྱུ་ཡོད་ཁོ་ཐག་རེད། དུས་དེར་བསླེབས་ཚེ་ང་ལ་ལྟ་རུ་འཇུག་རྒྱུ་མ་བརྗེད་ཅིག་ཅེས་ཟེར། ངས། སྐབས་དེར་ཁྱོད་ལ་མཛུབ་སྟོན་དཔྱད་བརྗོད་བྱེད་དུ་འཇུག་ཁོ་ཐག་ཡིན་ཞེས་པར། ཀྲུའུ་ཕིན་གྱིས་ཁེངས་སྐྱུང་གིས། དག་བཅོས་ཟེར་བ་གླེང་རིན་མེད། སློབ་སྦྱོང་བྱེད་ཐུབ་ན་རབ་རེད་ཅེས་ཟེར།
       ཕྱི་དྲོར། ཀྲུའུ་ཕིན་ཁྱིམ་དུ་ལོག་གྲབས་ཡོད་པར། ངས་གུས་སེམས་རང་བཞིན་གྱིས་མོ་ཞག་སྡོད་བྱེད་པར་རེ། སྒྲོལ་མས་ཀྱང་སེམས་གཏིང་ནས་མོ་སྡོད་དུ་འཇུག་འདོད་དེ། ཐེངས་གཅིག་ཡོང་བ་ནི་ལས་སླ་མོ་ཞིག་མིན་ལ། སང་ཉིན་གཟའ་ཉི་མའང་ཡིན་པས། འདི་ལྟར་སོང་ཚེ་ང་ཚོ་ཁོང་ཁྲོ་ལངས་ངེས་ཡིན་ཟེར་བར། ཀྲའུ་ཕིན་ཡང་དེ་ལྟར་ཞག་སྡོད་བྱེད་པར་འཐད་པ་བྱུང་།
       ང་ཚོས་མོ་ཁྲིད་དེ་ཉེ་འགྲམ་གྱི་བོད་ལུགས་མཛེས་ལྗོངས་ཁུལ་ཁ་ཤས་ལ་ལྟ་སྐོར་བྱས་པ་དང་། མོར་འདི་གའི་ཁྱད་ཆོས་ལྡན་པའི་ཟ་མ་ཁ་ཤས་ཀྱིས་མགྲོན་བྱས་ལ། མཚན་མོ་ངེད་ཚང་ནས་ཞག་འདུག་བྱས། ཕྱི་ཉིན་སྔ་དྲོ་ཀྲུའུ་ཕིན་ཕྱིར་ཡུལ་དུ་ཆས་ཞོར་དུ་ངས་འགྲེམས་སྤེལ་བྱས་པའི་བརྩམས་སྒྲུང་འབྲིང་གྲས«དཀའ་སྡུག་གི་ལོ་ཟླ»ཞེས་པ་མནམས་སོང་ལ། ང་དང་སྒྲོལ་མས་དངོས་སུ་མོ་རླངས་འཁོར་འབབ་ཚིགས་སུ་བསྐྱལ། རླངས་འཁོར་ནང་དུ་མ་བུད་པའི་སྔོན་ལ་ཀྲུའུ་ཕིན་གྱིས་སྒྲོལ་མའི་ལག་པར་འཇུས་ནས་ཐེངས་རྗེས་མར་ངས་ཁྱོད་གཉིས་ཞིང་ཆེན་གྲོང་ཁྱེར་དུ་མགྲོན་འབོད་བྱས་པ་ཡིན་ཞེས་ཟེར་བར། སྒྲོལ་མས་དགའ་སྤྲོའི་ངང་ནས་དང་དུ་བླངས་པ་རེད།
       ཀྲུའུ་ཕིན་དགའ་སྤྲོས་ངང་བུད་སོང་། ངའི་འཚབ་འཚུབ་ཀྱི་སེམས་པ་གཞི་ནས་ཁོག་པར་འཇགས་བྱུང་།
༣༥
       ཚེ་ལོས་ལྐོག་ནས་ལས་གནས་སྤོར་ཡུལ་འབྲེལ་གཏུགས་བྱས། རྫོང་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་འབྲུག་རྒྱལ་གྱིས་ཁོ་ནི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྩོམ་འབྲི་པ་ཞིག་ཡིན་པ་ཤེས་རྗེས་ཁོའི་བསམ་འདུན་ལྟར་ཁས་བླངས་པ་རེད། སྐབས་དེར་ཤང་གིས་ཚོན་ལྡན་བརྙན་འཕྲིན་མཁོ་འདོན་གྱི་པ་སེ་ཁ་ཤས་བགོ་བཤའ་བརྒྱག་དགོས་འདུག་ལ། མི་མང་བ་དང་པ་སེ་ཉུང་བས་བགོ་ཐབས་བྲལ་ཕྱིར་ཤང་གིས་ཚོགས་འདུ་འཚོགས་ནས་ལས་གནས་མཐོ་ས་ནས་དམའ་སར་རིམ་པར་བགོ་བཤའ་བརྒྱག་རྒྱུའི་ཞིབ་འཇུག་ཐག་གཅོད་བྱས་པ་རེད། དེ་ལྟར་པ་སེ་བགོས་ཏེ་ཧྲུའུ་ཅི་དང་པོ་ནས་ཧྲུའུ་ཅི་གཞོན་པ། དེ་བཞིན་ཤང་ཀྲང་རེ་རེ་བྱས་ནས་བདམས་ཐོན་བྱུང་མ་ཐག་པའི་ཤང་ཀྲང་གཞོན་པའི་མཚམས་སུ་བསླེབས་མ་ཐག ཧྲུའུ་ཅིས། ངས་བལྟས་ན་པ་སེ་དེ་བློ་མཐུན་ཚེ་ལོར་སྤྲད་ན་རེད། ཁོའི་ལས་གནས་གལ་ཆེ་བ་དང་ལས་ཀ་དཀའ་ཚེགས་ཆེ་བའི་སྟེང་། ལྷག་པར་དུ་འདི་ལོའི་འདེམས་བསྐོའི་སྐབས་སུ་རྣམ་འགྱུར་ལེགས་སྤེལ་བཏང་ནས་ཁྱོད་བདེ་བླག་ངང་ཤང་ཀྲང་གཞོན་པར་བདམས་པ་རེད་ཅེས་སྨྲས་པར། ཤང་ཀྲང་གཞོན་པར་སྐད་ཆ་གང་ཡང་བཤད་རྒྱུ་མེད་པར་བློ་མོས་ཡིད་མཐུན་གྱི་སྒོ་ནས་རང་ཉིད་ལ་དབང་བའི་པ་སེ་ཚེ་ལོ་ལ་སྤྲད་པ་རེད།
       ཚེ་ལོས་པ་སེ་བཟུང་ནས་དགའ་ལྷང་ལྷང་གིས་ཁྱིམ་ལ་ཐོན། གཡང་སྐྱིད་ཀྱིས་པ་སེ་ལ་བརྟེན་ནས་ཚོན་ལྡན་བརྙན་འཕྲིན་ཞིག་ཉོ་ཐུབ་པ་མཐོང་བས་སེམས་སུ་དགའ་སྤྲོས་འཁེངས།
       ཚེ་ལོས། དེ་ནི་ཤང་གི་འགོ་ཁྲིད་ཀྱིས་ང་ལ་དམིགས་བསལ་གྱིས་ལྟ་རྟོག་བྱས་པས་ཡིན་པས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་པ་ན།
       གཡང་སྐྱིད་ཀྱིས་རེ་ཞིག་བསམ་བློ་བཏང་རྗེས། འགྲིག་མི་འདུག ཤང་གི་འགོ་ཁྲིད་ཀྱིས་གློ་བུར་དུ་ཁྱོད་ལ་སེམས་ཁུར་བྱེད་དོན་ཅི་ཡིན་ནམ་ཞེས་ཟེར།
       ཚེ་ལོས། གཙོ་བོ་ངའི་ལས་གནས་གལ་ཆེ་བ་དང་། དཀའ་ཚེགས་ཆེ་བ། ད་དུང་རྣམ་འགྱུར་ལེགས་སྤེལ་བཏང་བ་སོགས་ཀྱིས་ཡིན་ཟེར་ཞེས་བཤད།
       གཡང་སྐྱིད་ཀྱིས། དེ་ལྟར་ཡང་འགྲིག་མི་འདུག ཁྱོད་ལས་གནས་སྤོར་བའི་མཚམས་འདིར་གློ་བུར་ཁྱོད་ལ་ཤ་ཚ་ཁུལ་བྱེད་པ་ནི་དམག་སེམས་བརྟན་པོ་བྱེད་མི་ཐུབ་པར་སྐྲག་པའི་གཡོ་ཇུས་ཤིག་རེད་སྙམ། ཁོ་ཐག་བསེར་བུ་འདྲ་ཕྱི་རུ་ཤོར་བས་ཡིན་ཞེས་ཟེར།
       ཚེ་ལོས། དེས་ན་ངས་པ་སེ་ཕྱིར་སློག་གི་ཡིན་ཞེས་ཟེར།
       གཡང་སྐྱིད་ཀྱིས། མ་རེད། སྔོན་ལ་ཚོན་ལྡན་བརྙན་འཕྲིན་ཉོས་རྗེས་ད་གཟོད་ལས་གནས་སྤར་ཆོག གང་ལྟར་པ་སེ་ནི་གོང་ནས་གནང་བ་ཡིན་ལ་སྒོར་ནི་རང་གིས་ཕུད་དགོས་པས། ང་ཚོས་གཞུང་སྒོར་ལས་སྐར་གང་གི་ཁེ་སྤོགས་ཀྱང་མི་ཟ་ཞེས་ཟེར།
       ཉིན་གཉིས་པར། ཁོ་ཚོས་ཚོང་ཁང་ནས་ཚུན་བཅོ་བརྒྱད་ཅན་གྱི་ཚོན་ལྡན་བརྙན་འཕྲིན་ཞིག་ཉོས་པ་རེད།
སོ་དྲུག་པ།
       སྒྲོལ་མས་ང་ལ་ཤའོ་ཡུན་གྱི་གནས་ཚུལ་དང་རང་གི་བསམ་ཚུལ་མྱུར་དུ་དོན་གྲུབ་ལ་བཤད་དེ། ཁོས་ཁོམ་གསེང་རེ་བཙལ་ཏེ་ཡུལ་དུ་ཐེངས་གཅིག་ལོག་ཅིང་། ཤའོ་ཡུན་དང་ངོ་ཐེངས་གཅིག་འཕྲད་དུ་ཆུག་ཅེས་ཟེར། ངས་སྒྲོལ་མར། དོན་གྲུབ་ད་དུང་སློབ་གྲྭ་ལས་མཐར་མ་ཕྱིན་པས་དེ་འདྲའི་བྲེལ་བ་ལངས་ནས་ཅི་བྱེད་དམ་ཞེས་པར། སྒྲོལ་མས། ཤའོ་ཡུན་ནི་སྟོང་གི་ནང་ནས་བདམས། བརྒྱ་ཡི་ནང་ནས་བསལ་བའི་བུ་མོ་བཟང་པོ་ཞིག་ཡིན་པས། གལ་ཏེ་སྔོན་ལ་ལག་བསྲིངས་ནས་གཉེན་རྟགས་མ་བརྒྱབ་ཚེ། མཚན་རིང་ན་རྨི་ལམ་མང་བས་ཕལ་ཆེར་མི་གཞན་པ་བར་དུ་འཛུལ་ཡང་སྲིད་ཅེས་ཟེར་བར། ངས་ཀྱང་དེ་ནི་བདེན་པར་སྙམ་ཞིང་ཁ་པར་བཏང་། དོན་གྲུབ་ཀྱིས་ཉན་རྗེས་སྔོན་ལ་སྐད་ཆ་ཤོད་མི་ཤོད་བྱེད་ཅིང་། དེར་མཐུད་ནས། དུས་ཚོད་ད་དུང་སྔ་བས་ངའི་གཉེན་དོན་ལ་ཁྱེད་ཚོས་སེམས་ཁུར་བྱེད་མི་དགོས། ང་རང་གིས་ཐབས་བཀོད་འཐེན་ཆོག་ཅེས་ཟེར། ངས། ཁྱོད་ལ་སེམས་མཐུན་གྱི་བུ་མོ་ཡོད་པ་མིན་ནམ་ཞེས་དྲིས། ཁོས། པེ་ཅིན་གྱི་སློབ་ཆེན་གཞན་ཞིག་ཏུ་བུ་མོ་ཧ་ཅང་ཕུལ་དུ་བྱུང་བ་ཞིག་ཡོད་ཅིང་། མོའི་ཕ་ནི་བོད་རིགས་ཡིན་ལ་མ་ནི་རྒྱ་རིགས་ཡིན། ངས་མོ་དང་དགའ་རོགས་སྒྲིག་འདོད་ཡོད་ཅེས་ཟེར།
       ངས་ངོ་རྒོལ་གྱི་བསམ་འཆར་གང་ཡང་མ་བཏོན། ངས་གནས་ཚུལ་དེ་སྒྲོལ་མར་བཤད་པ་ན། མོས་ཉན་མ་ཐག་ཁྲོས་བའི་མིག་གཉིས་ཀྱིས་ང་ལ་བལྟས་ནས། དེ་ལྟར་བྱས་ན་ག་ལ་འགྲིག ང་དང་ཤའོ་ཡུན་གཉིས་ཀྱིས་གྲོས་བསྡུར་བྱས་ཚར་བས། མོས་དོན་གྲུབ་ལ་སྒུག་ནས་བསྡད་ཡོད་ཅེས་ཟེར།
       ངས། ཅིའི་ཕྱིར་མི་ཆོག་གམ། འོས་འཚམ་ཞིག་ཡོད་ན་དགའ་རོགས་སུ་དང་བསྒྲིགས་ན་མི་ཆོག་གམ་ཞེས་པར།
       སྒྲོལ་མས། སློབ་གྲྭའི་ནང་དགའ་རོགས་བསྒྲིགས་པར་གང་ལ་བློས་འགེལ་ཆོག་གམ། སློབ་གྲྭར་ཡོད་སྐབས་དུང་སྟེ་ཤི་ནས་གསོན་པར་འགྱུར་མོད། མཐར་ཕྱིན་མ་ཐག་ཕྱོགས་སོར་སོང་ཚེ། བརྩེ་དུང་ཡང་རིམ་བཞིན་ཉམས་པར་འགྱུར་ཞིང་། དེ་ལས་ཀྱང་འགོར་ན་ངོ་ཡང་མི་ཤེས་པར་འགྱུར་ངེས་ཞེས་ཟེར།
       ངས། གོ་ཐོས་ལྟར་ན་བུ་མོ་འདི་ཡང་མཚོ་སྔོན་གྱི་བུ་མོ་ཞིག་རེད་ཟེར། མ་འོངས་པར་ཕྱིར་མཚོ་སྔོན་དུ་ལོག་ངེས་ཡིན་ཞེས་པར།
       སྒྲོལ་མས། མཚོ་སྔོན་ཧ་ཅང་ཆེ་སྟེ། ང་ཚོའི་ཁུལ་དུ་ལས་ཞུགས་བྱེད་ཐུབ་བམ། ཡང་ཅིག་བཤད་ན་ཤའོ་ཡུན་ལྟ་བུའི་བུ་མོ་འདི་འདྲའི་ཕུལ་དུ་བྱུང་བ་ཞིག་བློས་བཏང་ན་ཅི་འདྲའི་ཡིད་ཕངས་པ་ལ་ཨང་ཞེས་ཟེར།
       ངས་ཅུང་ཙམ་ཐེ་ཚོམ་གྱི་ངང་ནས། དེས་ན་བུ་ལ་ཇི་ལྟར་བཤད་དགོས་སམ། བལྟས་ཡོང་ན་ཁོ་བུ་མོ་དེར་དགའ་འདུག་ཅེས་པར།
       སྒྲོལ་མས། ཕག་ཀླད་ཅན་ཁྱོད་འདིས། དོན་དག་ཆུང་ཆུང་འདི་འདྲ་ཞིག་གིས་ཀྱང་ཁྱོད་ལ་དཀའ་ལས་བཟོས་འགྲོ་ཟེར་བ་དང་མཉམ་དུ་བུ་ལ་ཁ་པར་བཏང་སོང་།
       སྒྲོལ་མས་སྔོན་ལ་བུ་མོ་ཤའོ་ཡུན་གྱི་གནས་ཚུལ་དོན་གྲུབ་ལ་བཤད་པ་དང་། དེ་ནས་ཡང་སློབ་གྲྭའི་ནང་དགའ་རོགས་བསྒྲིགས་པར་བློས་འགེལ་མི་རུང་བའི་གནས་ལུགས་དོན་གྲུབ་ལ་བཤད་པ་རེད། འོན་ཀྱང་དོན་གྲུབ་ལ་སྔར་བཞིན་དཀའ་ཁག་ཡོད་པའི་རྣམ་འགྱུར་མངོན། སྒྲོལ་མས། འདི་ལྟར་བྱས་ཆོག ཁྱོད་ཀྱིས་སྔོན་ལ་བུ་མོ་དེ་དང་གཏིང་མི་ཟབ་མི་ཐུང་བའི་སྒོ་ནས་འབྲེལ་བ་གཏན་འཇགས་བྱོས། དབྱར་གནང་སྐབས་སུ་ཡུལ་ལ་ལོག་རྗེས་བུ་མོ་ཤའོ་ཡུན་ལ་ཐེངས་གཅིག་ལྟོས། གལ་ཏེ་ཕན་ཚུན་གཅིག་མཐུན་མི་ཡོང་ཚེ་སླར་ཡང་བུ་མོ་དེའི་འབྲེལ་བ་འཕེལ་རྒྱས་སུ་ཐོངས་ཞེས་ཟེར་བར། དོན་གྲུབ་ཀྱིས་ད་གཟོད་ཁ་ལེན་ཚིག་བརྩི་བྱས།
       སྒྲོལ་མས་ཁ་པར་བཞག་ནས་དགའ་ལྷང་ལྷང་གིས། ཅི་འདྲ་རེད། ངས་དོན་དག་འདི་ཐག་གཅོད་བྱས་སོང་ཞེས་ཟེར།
       ངས་ཁས་ལེན་མི་འདོད་པའི་སྒོ་ནས། ཁྱོད་ཀྱིས་བཤད་པ་མི་བཟང་རྒྱུ་མེད་མོད། འོན་ཀྱང་དོན་གྲུབ་སྤྱང་གྲུང་ཁྱོད་ལས་ལྡན་པས། ཁོས་ཁྱོད་ལ་ཁ་ངོ་བྱིན་པ་ཙམ་རེད། དོན་དངོས་སུ་སེམས་གཏིང་ནས་ཤའོ་ཡུན་ལ་འཕྲད་འདོད་ཡོད་མེད་ཁོའི་སེམས་སུ་གཞི་ནས་གསལ་ཞེས་པར།
       སྒྲོལ་མས། སུ་ཞིག་ཤའོ་ཡུན་ལྟ་བུའི་བུ་མོ་འདི་འདྲར་མི་དགའ་འམ། དོན་གྲུབ་དངོས་གནས་མོ་དང་ངོ་འཕྲད་འདོད་ན། ངས་བསམ་ན་ཁོ་སེམས་འགུལ་ཐེབས་པ་ཁོ་ཐག་ཡིན། ཡང་ཅིག་བཤད་ན། གལ་ཏེ་ངོ་འཕྲད་རྗེས་ཁོས་ད་དུང་བུ་མོ་དེ་བློས་གཏོང་མི་ཐུབ་ཚེ། ཁོ་ཐག་བུ་མོ་དེ་ཤའོ་ཡུན་ལས་ཕུལ་དུ་བྱུང་བས་ཡིན། དེ་ལྟར་ན་ང་ཚོའི་སེམས་ཀྱང་བདེ་སོང་བ་མ་ཟད། ཤའོ་ཡུན་ལ་ཡང་ལུགས་མཐུན་གྱི་བཤད་ཚུལ་ཞིག་ཡོད་སྲིད་ཅེས་ཟེར།
       ངས། དེས་ན་ང་ཚོས་སྒུག་ནས་ཁོ་ཡུལ་ལ་ལོག་རྗེས་ཁོའི་ལྟ་ཚུལ་ལ་ཉན་ཆོག་ཅེས་བཤད་རྗེས་དོན་གཞན་སྒྲུབ་ཏུ་ཆས་སོང་།
༣༦
       གཡང་སྐྱིད་ཉིན་དེར་ཤང་དུ་ཚེ་ལོ་ལ་ལྟ་བར་ཡོང་བ་དང་། ཚེ་ལོ་ཡི་ཉལ་ཆས་དེ་འདྲ་མི་གཙང་བ་མཐོང་བས་དེ་མ་ཐག་འཁྲུད་མགོ་ཚུགས། ཚེ་ལོས་ཡིག་ཆ་ཞིག་བྲིས་ཚར་ཞིང་ཨྱོན་གྱི་ལག་ཏུ་སྤྲད་རྗེས་ཁོམ་སྐབས་དང་བསྟུན་ནས་གཡང་སྐྱིད་ལ་རོགས་རམ་ཙམ་བྱེད་དུ་འགྲོ་འདོད་མོད། འོན་ཀྱང་ཨྱོན་གྱིས་ཡིག་ཆ་སྒྲོག་ཙེའི་ཐོག་བཞག་མ་ཐག་ཚེ་ལོ་ཁ་གཏད་ཀྱི་འབོལ་ཁྲིའི་སྟེང་འདུག་ཏུ་བཅུག་སྟེ་ཁོ་དང་གླེང་མོལ་བྱས།
       ཨྱོན་གྱིས་ཇ་ཁམ་གང་འཐུང་རྗེས། ཚོན་ལྡན་བརྙན་འཕྲིན་ཉོས་སམ་མ་ཉོས། ཡག་པོ་འདུག་གམ་ཞེས་དྲིས་པར།
       ཚེ་ལོས་མྱུར་དུ། ཡག་པོ་འདུག ཡག་པོ་འདུག འགོ་ཁྲིད་ཀྱིས་རྒྱབ་སྐྱོར་ཐུགས་རྗེས་སྐྱོང་བར་ཐུགས་རྗེ་ཆེ་ཞེས་ཞུས།
       ཨྱོན་གྱིས། ང་ལ་བཀའ་དྲིན་ཞུ་མི་དགོས། ལས་འགན་འབད་པས་བསྒྲུབས་ན་དེ་ནི་རྩ་འཛུགས་ལ་ཐུགས་རྗེ་ཞུ་ཚུལ་ཆེས་ལེགས་ཤོས་ཡིན་ཞེས་ཟེར།
       ཚེ་ལོས། རེད། རེད། ངས་བྱ་བ་འབད་པས་སྒྲུབ་ཁོ་ཐག་ཡིན་ཞེས་བཤད།
       ཨྱོན་གྱིས། གོ་ཐོས་ལྟར་ན་ཁྱོད་ཀྱིས་རྫོང་ལས་ཁུངས་ལ་འབྲེལ་བ་བྱེད་བཞིན་འདུག་ཟེར། དོན་དག་འདི་འདྲ་ཡོད་དམ་ཞེས་ཟེར་བར།
       ཚེ་ལོས། མེད། མེད། འགོ་ཁྲིད་རྣམས་ང་ལ་འདི་ལྟར་བཟང་། ང་ཡང་འདི་ཡི་བྱ་བ་ལ་གོམས་སོང་བས། གང་ལ་ཡང་འགྲོ་མི་འདོད་ཅེས་རྫུན་སྨྲས།
       ཨྱོན་གྱིས། མེད་ན་ཡག་པོ་འདུག ཁྱོད་ནི་ང་ཚོའི་རྩ་འཛུགས་ཀྱིས་དཀྱིལ་སྙིང་དུ་བཟུང་ནས་གསོ་སྐྱོང་བྱ་ཡུལ་ཡིན་པས། རྩ་འཛུགས་ཀྱི་རེ་བ་གཏོང་ཟད་དུ་གཏོང་མི་རུང་ཞེས་ཟེར།
       ཚེ་ལོ་ཅུང་དོགས་མི་བདེ་བའི་ངང་ནས། དེ་རེད། དེ་རེད་ཅེས་ཟེར།
       སྐབས་དེར་ཉིན་གུང་ལ་བསླེབས་འདུག ཨྱོན་གྱིས་ཚེ་ལོའི་བཟའ་ཟླ་ཚེ་ལོར་ལྟ་རུ་ཡོང་འདུག་པ་ཤེས་པས། ཚེ་ལོར་བཟའ་ཟླ་ཁྲིད་དེ་མཉམ་དུ་ཇ་ཁང་དུ་ཟ་མ་ཟ་རུ་འགྲོ་ཟེར་བར། ཚེ་ལོས་འཇམ་པོའི་ཚིག་གིས་ཨྱོན་གྱི་སེམས་བཟང་སྟེང་མ་བཞག
       དཔྱིད་མཇུག་གི་ཉི་མ་ཚ་ལམ་ལམ་བྱེད་པས། གཡང་སྐྱིད་ཀྱིས་བཀྲུས་ནས་ཕྱི་རོལ་གྱི་ལྕགས་རྡང་སྟེང་སྐམ་ཡོད་པའི་ཉལ་ཐུལ་སོགས་ཉིན་གུང་ཙམ་གྱི་རིང་ལ་སྐམ་འདུག་པ་རེད། ཕྱི་དྲོ། ཚེ་ལོས་ཕྱོགས་གཅིག་ནས་གཡང་སྐྱིད་ལ་ཉལ་ཐུལ་བཙེམ་རོགས་བྱེད་པ་དང་། ཕྱོགས་གཞན་གཅིག་ནས་སྔ་དྲོ་ཨྱོན་གྱིས་ཁོར་བྱས་པའི་ཁ་བརྡ་གཡང་སྐྱིད་ལ་བཤད་པ་རེད།
       གཡང་སྐྱིད་ཀྱིས་ཉན་རྗེས། ཁྱོད་ལ་སེམས་འགུལ་ཐེབས་སོང་བ་མིན་ནམ་ཟེར་བར།
       ཚེ་ལོས་ཐེ་ཚོམ་ངང་། རེད་ཡ། ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་དངོས་གནས་ང་ལ་སེམས་འཁུར་བྱེད་བཞིན་འདུག འདི་ནས་ང་ལ་མིའི་བར་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད། གལ་ཏེ་ལས་ཁུངས་གསར་བར་སོང་ན་ཡོད་ཚད་ཡང་བསྐྱར་མགོ་རྩོམ་དགོས་པ་རེད་ཅེས་ཟེར།
       གཡང་སྐྱིད་ཀྱིས། ངས་ཁྱོད་ལ་བཤད། ཁྱོད་ནི་དངོས་གནས་གླེན་རྒན་ཞིག་རེད། དྲུང་ཡིག་བྱེད་ཐུབ་པའི་མི་ནི་ཧ་ཅང་མང་། འོན་ཀྱང་རྒྱུ་ཆ་ཡག་པོ་འབྲི་ཐུབ་པའི་དྲུང་ཡིག་ནི་མང་པོ་མེད། གཞན་གྱིས་ཁྱོད་ཀྱི་ཤེས་ཡོན་ལ་མཐོང་ཆེན་དང་བཀོལ་སྤྱོད་བྱེད་བསམ་པ་དང་། ཡང་ན་བེད་སྤྱོད་བྱེད་བསམ་ཁོ་ན་ན་ཙམ་རེད་མ་གཏོགས། རྗེས་ཕྱོགས་ཀྱི་གོ་གནས་སྤར་ཐུབ་མིན་དང་ཕལ་ཆེར་འབྲེལ་བ་ཡོད་པ་མ་རེད། གང་ལགས་ཤེ་ན། ཁོའོ་རིམ་པའི་ལས་བྱེད་པའི་གོ་གནས་སྤར་བའི་དབང་ཆ་དེ་གཞི་རྩའི་ཐོག་ནས་བཤད་ན་རྫོང་རིམ་པར་ཡོད་པ་ལས། ཤང་ལ་ཡོད་པ་མ་རེད་ཟེར། རྫོང་དུ་ཐོན་ཚེ། ལྷ་ཁང་ཆེ་ན་གྲྭ་པ་ཆེ་བས། གོ་སྐབས་ཤང་ལས་མང་པོ་ཡོད་ཅེས་ཟེར།
       སྐད་ཆ་འདི་བཤད་པས་ཚེ་ལོ་རྨི་ལམ་ལས་སད་པ་དང་འདྲ། ཁོ་བྲེལ་བྲེལ་འཚུབ་འཚུབ་ངང་རྫོང་ཏུ་གནས་ཚུལ་རྩད་གཅོད་བྱེད་དུ་བུད་སོང་།
       ཚེ་ལོ་ཐད་ཀར་པུའུ་ཀྲང་འབྲུག་རྒྱལ་གྱི་གཞུང་སྒྲུབ་ཁང་དུ་སོང་། པུའུ་ཀྲང་མཐོང་རྗེས་ཚེ་ལོས། པུའུ་ཀྲང་འབྲུག་ལགས། ང་དེ་རིང་ལས་གནས་སྤོ་བའི་བྱ་བ་གང་འདྲ་ཡིན་ཚུལ་ལྟ་བར་ཡོང་བ་ཡིན་ཞེས་ཞུས།
       པུའུ་ཀྲང་གིས། ཐེངས་འདིའི་ལས་གནས་སྤོར་བར་དཀའ་ཁག་ཅུང་ཙམ་ལ་འཕྲད་སོང་སྟེ། རྩ་འཛུགས་དང་མི་དོན་སྡེ་ཁག་ལ་བསམ་འཆར་གང་ཡང་མེད་མོད། འོན་ཀྱང་ཁྱོད་ཚོའི་ཧྲུའུ་ཅིས་གཏན་ནས་མི་གློད་འདོད་མི་འདུག ཟེར་བ་ཡིན་ན་ཤང་དུ་དཔྱད་གཞིའི་ཡིག་ཆ་འབྲི་ཐུབ་པའི་ལས་བྱེད་པ་རེ་གཉིས་ཀྱང་བདམས་མི་ཐུབ་པས། གལ་ཏེ་ཁྱོད་ཀྱི་ལས་གནས་སྤར་ན་ཁོ་ཚོའི་ལས་ཀར་ཤུགས་རྐྱེན་ཐེབས་ཀྱི་རེད་ཅེས་ཟེར། ངས་རྫོང་ཐོག་གི་དྲིལ་བསྒྲགས་ལས་དོན་གྱི་ལས་འགན་ཡང་ཧ་ཅང་ལྕི་ཡང་རྩོམ་འབྲི་མཁན་ཉུང་བས། ལོ་ལྟར་གནས་ཚུལ་སྤེལ་བའི་ལས་འགན་ལེགས་འགྲུབ་འབྱུང་མི་ཐུབ་པ་དེའང་གནད་དོན་ཆེན་པོ་ཞིག་རེད་ཅེས་བཤད་པ་ཡིན། རྩ་འཛུགས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱིས་ཁྱོད་ཀྱི་གཞི་རིམ་སྦྱོང་བརྡར་གྱི་དུས་ཚོད་དང་། བཟའ་ཟླ་དང་ཁ་ཐག་རིང་བ་སོགས་ཀྱི་གནས་ཚུལ་ལ་བསམ་གཞིགས་བྱས་པ་ཡིན་ནམ་ཡང་ན་ངའི་བསམ་འཆར་ལ་མོས་མཐུན་བྱས་པ་གང་ཞིག གང་ལྟར་བརྡ་ཐོ་གཏོང་རྩིས་བྱེད་བཞིན་པའི་སྒང་ཡིན་ཞེས་ཟེར།
       ཏག་ཏག་ཁ་བརྡ་བྱེད་བཞིན་པའི་སྒང་ལ། པུའུ་ཀྲང་གིས་ཁ་པར་ཞིག་སྣེ་ལེན་བྱས་བྱུང་སྟེ། དེ་ནི་ཚེ་ལོར་འབྲེལ་བ་ཡོད་པ་ཞིག་རེད། པུའུ་ཀྲང་གིས་ཕ་རོལ་པོར། ཁྱོད་ཚོ་ནོར་སོང་བ་ཨེ་ཡིན་ནམ། ཚེ་ལོ་ནི་ངའི་གཞུང་སྒྲུབ་ཁང་དུ་ཡོད་ཅིང་། ཆེད་དུ་ལས་གནས་སྤོར་བའི་དོན་ལ་རྩད་གཅོད་བྱེད་དུ་ཡོང་བ་ཡིན་པས། ལས་གནས་སྤོར་མི་འདོད་པ་ག་ལ་སྲིད་ཅེས་ཟེར།
       པུའུ་ཀྲང་གིས་ཁ་པར་བཞག་ནས་ཚེ་ལོ་ལ། རྩ་འཛུགས་པུའུ་ཡིས་ཁ་པར་ཡོང་ནས་ཁྱེད་ཀྱིས་དེ་རིང་སྔ་དྲོ་ད་དུང་ཤང་ཨུའི་འགོ་ཁྲིད་ལ་ལས་གནས་སྤོ་མི་འདོད་ཚུལ་བཤད་སོང་ཟེར། འདི་དོན་དམ་པས་ཅིའི་དོན་ཡིན་ནམ་ཞེས་ཟེར། ཚེ་ལོས། ཤང་ཨུའི་འགོ་ཁྲིད་ང་ལ་བཟང་བས། ཁོང་གི་གདོང་གཏད་དེ་ངས་རང་ཉིད་ལས་གནས་སྤོ་བཞིན་པའི་དོན་དེ་བཤད་མི་བདེ་བས་དེ་ལྟར་རྫུན་བཤད་པ་ཡིན་ཞེས་ཟེར། པུའུ་ཀྲང་གིས་དོན་དངོས་འདི་འདྲ་ཡིན་པ་ཤེས་རྗེས་ང་རང་དངོས་སུ་རྩ་འཛུགས་པུའུ་རུ་དོན་འདི་གསལ་བྱེད་དུ་འགྲོ་རུ་བཅུག་བྱུང་།
       ཚེ་ལོ་སེམས་མི་བདེ་བའི་ངང་ནས་རྩ་འཛུགས་པུའུ་རུ་སོང་།
       ཉིན་འགའ་མ་འགོར་བར། རྫོང་ནས་ལས་གནས་སྤོར་བའི་ཡི་གེ་འབྱོར་བྱུང་། ཚེ་ལོས་ཡི་གེ་བཟུང་སྟེ་ཨྱོན་གྱི་གཞུང་སྒྲུབ་ཁང་དུ་སོང་། ཨྱོན་གྱིས་སྔ་ས་ནས་ཁོ་ཡོང་དོན་ཤེས་ཡོད་པས་ཞོར་དུ། གལ་ཏེ་ངས་ཚོད་དཔག་བྱས་པ་ནོར་བ་མིན་ན་ཁྱོད་ང་ལ་བདེ་མོ་འཇོག་ཏུ་ཡོང་བ་མིན་ནམ་ཞེས་ཟེར།
       ཚེ་ལོས། ཧྲུའུ་ཅི་ཨྱོན་ལགས། དངོས་གནས་དགོངས་དག་ཞུ། ངས་སྤྱིར་ན་ཁྱེད་ཀྱི་མདུན་དུ་ལོ་ཤས་ལྷག་བྱ་བར་འབད་བསམ་ཡང་། ཁྱིམ་ཚང་གྱེས་ཐག་རིང་བའི་དཀའ་ཁག་ངེས་ངེས་ཐག་གཅོད་བྱེད་དཀའ་བས་ལས་གནས་སྤོ་རྒྱུ་གདམ་ག་བྱས་པ་ཡིན་ཞེས་བཤད།
       ཨྱོན་གྱིས། སྐྱོན་མི་འདུག ངས་ཀྱང་བཟང་སེམས་ཞིག་བཅངས་པ་ཡིན། འོན་ཀྱང་ཁྱོད་རང་བློ་གཅིག་སེམས་གཅིག་གིས་ལས་གནས་སྤོ་བ་ཡིན་ན། ངས་ཀྱང་མི་གཏོང་ཐབས་མེད་རེད། བཙན་གྱིས་བཏོགས་པའི་ཆུ་ཀུབ་མངར་མོ་མ་རེད། ཅེས་ཟེར་བཤད་ཞོར་དུ་ཡི་གེའི་སྟེང་དུ་མིང་རྟགས་བཀོད། ཚེ་ལོ་ཡིས་ལས་ཁུངས་ཀྱི་འགྲོ་ལུགས་བསྒྲུབས་རྗེས་རྫོང་ཨུའི་དྲིལ་བསྒྲགས་པུའུ་རུ་མིང་ཐོ་དགོད་དུ་སོང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།