སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་བཅུ་དགུ་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-23
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
སོ་བདུན་པ།
ཉིན་དེར། ངས་རང་གི་འདོད་ཚུལ་སྒྲོལ་མར་བཤད་པ་མ་ཟད་མོས་ཀྱང་ཉོ་དགོས་ཚུལ་སྨྲས། སྒྲོལ་མས། ཁྱོད་ལ་བོད་ལྭ་ཡོད་པ་མ་ཡིན་ནམ། བོད་ལ་ཉེ་བ་མང་དྲགས་ན་དུས་རྒྱུན་དུ་གོན་པ་ཉུང་བས། བདག་བྱེད་རྒྱུའང་དཀའ་མོ་རེད་ཟེར།
བདེན་ཏེ། ངས་གཉེན་སྒྲིག་བྱེད་སྐབས་གོན་པའི་བོད་ཆས་ད་དུང་སྒམ་ནང་དུ་ཉར་ཚགས་བྱས་ཡོད། དུས་རྒྱུན་དུ་མི་གོན་པས་སི་ཁྲོན་དུ་ཚོགས་འདུར་ཐེངས་གཅིག་གོན་པ་དེ་ཙམ་ཡིན། ངས་སྒམ་ནས་སློག་ནས་བལྟས་ཚེ་རྒྱུ་སྤུས་མི་བཟང་རྒྱུ་མེད་ཀྱང་། ཚུགས་ཀ་དང་ཁ་དོག་གཞི་ནས་དུས་རབས་ཀྱི་རྗེས་ཆོད་མི་འདུག་པས་སྒྲོལ་མའི་སེམས་སུའང་ཕྱི་རུ་གོན་སྲོལ་མེད་སྙམ། སྒྲོལ་མའི་བོད་ལྭ་ཡང་གནས་ཚུལ་དེ་འདྲ་ཞིག་ཡིན་མོད། འོན་ཀྱང་མོར་ད་དུང་ཉོ་འདོད་མེད་པའི་རྒྱུ་མཚན་ནི་ཁོང་ཚོའི་སྐོར་བྲོའི་རུ་ཁག་གིས་ཁོ་མོ་ཚུད་པའི་རུ་མི་སུམ་ཅུ་བདམས་ནས་ཞིང་ཆེན་གྱི་སྐོར་བྲོ་འགྲན་བསྡུར་ནང་ཞུགས་དགོས་པས། བོད་ལྭ་ནི་ཞབས་བྲོ་རུ་ཁག་གིས་གཅིག་གྱུར་གྱིས་མངགས་ཉོ་བྱེད་ཀྱི་ཡོད་པས་རེད། ངས། ཞབས་བྲོའི་ལྭ་བ་ནི་ཡུལ་དངོས་གཞན་ནས་གོན་ན་འཚམ་པའི་ངེས་པ་མེད་པས། ད་དུང་ཆ་ཚང་ཞིག་ཉོས་ན་འགྲིག་ཅེས་པར། སྒྲོལ་མས་ཀྱང་རེད་སྙམ་ནས་ཁས་བླངས་པ་རེད།
ང་ཚོ་ཆུ་མིག་སྲང་ལམ་གྱི་མིང་གྲགས་ཅུང་ཆེ་བའི་བོད་ལྭ་ཚོང་ཁང་ཞིག་ཏུ་སོང་། སྒྲོལ་མའི་བློར་མདོག་སྔོན་པོའི་སྟེང་དུ་མེ་ཏོག་དཀར་པོ་ཡོད་པའི་གོས་ལྭ་ཞིག་བབས་པ་དང་། ངས་ཕྲུག་མདོག་ཅན་གྱི་བལ་གོས་ཤིག་བདམས་པ་མ་ཟད་ད་དུང་བོད་གཅོད་ཅིག་ཀྱང་ལེགས་པར་སྡེབ། མཐར་སྒྲོལ་མས་གཡུ་ཡི་ཕྲ་རྒྱན་ཡོད་པའི་དངུལ་གྱི་སྐེད་རགས་ཤིག་མནམས་ནས་གཡོན་ལྟ་གཡས་ལྟ་བྱས་ཏེ་བློས་གཏོང་མི་ཕོད་པའི་རྣམ་འགྱུར་མངོན་འདུག ངས། ཁྱོད་དེར་དགའ་ན་ཉོས་ཤིག་ཅེས་སྐུལ། ཡིན་ཡང་རིན་གོང་དྲིས་ཚེ་ངེད་གཉིས་ཀ་ཧང་སངས་པ་སྟེ། དེར་སྒོར་ཁྲི་གཅིག་ལྷག་དགོས་ཟེར། ངས་སྒྲོལ་མར། བསྐྱུར་འཇོག ངེད་གཉིས་ཀ་ལས་བྱེད་པ་ཡིན་ཞིང་སྤྱིར་བཏང་གི་ཁྱིམ་ཚང་ལས་སྒོར་གྱིས་མི་འདང་བ་མེད་ཀྱང་། ད་ལྟ་ཏག་ཏག་ཁང་པའི་དངུལ་བུན་འཇལ་དུས་དང་བུ་སློབ་གྲྭར་གཏོང་དུས་ཡིན་པའི་སྟེང་། ད་དུང་ཁྱིམ་དུ་རྒན་རྒོན་ཡོད་པས་སྒོར་མོ་གྲོན་ཆུང་བྱེད་དགོས་ཞེས་པར། སྒྲོལ་མས་ཅི་ཡང་མི་ཟེར། ཉིན་འགའི་རྗེས་སུ་མོས་སྔར་བཞིན་དངུལ་གྱི་སྐ་རགས་དེ་ཉོས་བྱུང་།
བོད་ལྭ་ཉོས་བྱུང་། ངས་ཨ་ཁུ་ཚང་ནས་ཆ་ཆང་འཐུང་བའི་ཉིན་གྱོན་འདང་ཡོད། ཡིན་ཡང་ཉིན་དེར་ཐོན་ཚེ་ང་ཚོའི་ལས་ཁུངས་ལ་དོན་དག་གལ་ཆེན་ཞིག་ཡོད་པས་འགྲོ་མ་ཐུབ། ཉིན་འགའ་འགོར་རྗེས། ནུ་བོ་ཁུལ་དུ་ང་ལ་ལྟ་རུ་ཐོན་བྱུང་། མཚན་དེར། སྒྲོལ་མ་སྔར་བཞིན་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཏུ་བུད་སོང་། ང་དང་ནུ་བོས་ཆང་འཐུང་བཞིན་ཁ་བརྡ་བྱས་པ་ཡིན། ང་ཚོས་ཆ་ཆང་འཐུང་བའི་དོན་དག་གླེང་། ནུ་བོས། ངས་ཁྱོད་ཀྱི་སེམས་སུ་དོན་དག་འདི་བཟུང་ཡོད་པ་ཤེས། དེའི་ཕྱིར་ཆེད་དུ་ཁ་པར་གྱིས་ཡུལ་དངོས་གཙོ་བོ་འགའ་བརྙན་བླངས་ཡོད། ཁྱོད་ཀྱིས་སྔོན་ལ་འདིར་ལྟོས་ཞེས་ཟེར་བཞིན་འཆར་བརྙན་བསྟན་བྱུང་།
ཡུལ་དངོས་དང་པོ་ནི་ཆུ་གཏོར་བའི་རྣམ་པ་རེད། བར་བ་མ་བསླེབས་གོང་དུ་བུད་མེད་དང་བྱིས་པ་བཅུ་ཁ་ལྷག་གིས་ཆུ་གཞོང་འཁྱེར་ནས་སྒོ་ཁྱམས་སུ་སྒུག་ནས་བསྡད་འདུག བར་བ་སྒོ་འགྲམ་དུ་ཐོན་མ་ཐག་ཞང་ཚང་གིས་རང་ཉིད་སྟེང་ཆུ་གཏོར་རྒྱུ་ཡིན་པ་ཤེས་རྗེས་མདའ་འཕངས་པ་བཞིན་ནང་དུ་རྒྱུགས་སོང་།
བར་བའི་ལུས་སྟེང་དུ་ཆུ་དེ་འདྲ་མ་བབས་པས་ཆུ་གཏོར་མཁན་རྣམས་ཀྱི་བློ་ཡིད་མ་ཚིམ་ཞིང་། མུ་མཐུད་རྗེས་སུ་ར་མདའ་བཞིན་རྒྱུགས་ནས་ཁང་པའི་ནང་སོང་བ་ན། རྒན་རྒོན་ཚོས་བཀག་ནས། ད་ཆོག་གི། དག་ཆོག་གི། རྣམ་པ་ཙམ་མཚོན་པས་ཆོག ཆུ་མང་པོ་གཏོར་ན་མགྲོན་པོ་དྲོས་འཁྱག་ཏུ་སོང་ན་ཇི་ལྟར་བྱའམ་ཟེར་བར། ཚང་མས་མཚམས་བཞག་པ་དང་ཡང་གཟུ་བར་ཆུ་གཏོར་བའི་སྒོར་མོ་སློང་མགོ་བརྩམས། བར་བས་ཕྱོགས་གཅིག་ནས་ཀུ་རེ་རྩེ་བ་དང་། ཕྱོགས་གཅིག་ནས་མི་རེ་རེར་ཆུ་གཏོར་བའི་སྒོར་མོ་གཅིག་རེ་བྱིན་པ་རེད།
ཡུལ་དངོས་གཉིས་པ་ནི་བར་བས་ཁྱེར་བའི་ལེགས་སྐྱེས་དང་དམ་བེ་ཁ་ཕྱེ་སྟེ་རྒྱུ་སློང་བཞིན་པའི་གནས་ཚུལ་རེད། བར་བ་དང་མཉམ་དུ་ཡོང་མཁན་ནི་མག་པའི་ནུ་བོ་ཡིན་པ་དང་། ཁོས་བར་བ་དང་མཉམ་དུ་གཉེན་ཚང་གི་ཚབ་བྱས་ནས་ཐེགས་འོས་ཀྱི་ལས་འགན་ལྕི་མོ་འཁུར་དགོས་ཀྱི་ཡོད། འཁྱེར་ཡོང་བའི་ལག་རྟགས་ནི་ཐེངས་སྔོན་མར་ཡ་ཆང་འཐུང་པའི་སྐབས་དང་ཕལ་ཆེར་འདྲ་མཚུངས་ཡིན། ལྷག་པ་ཞིག་ཡོད་པ་ནི་དེམ་ཁ་རས་དམར་གྱིས་བཏུམ་པའི་རྒྱ་ཆང་དེམ་བེ་གང་དང་མ་བུར་རྒྱབ་ལྭ་རེ་ཡོད་པ་དེ་རེད། ཚ་ཐབ་སྟེང་དུ་ཁྱིམ་རྒྱུད་སོ་སོའི་མཐུས་ཚབ་ཕོ་མོས་ཁེངས་འདུག དམ་བེ་ཁ་ཕྱེ་རྗེས་བུད་མེད་ཕྱོགས་ཀྱིས་མག་པའི་ཕྱོགས་ལ་རྒྱུ་གཏམ་མགོ་བརྩམས། ཐོག་མར་རིན་གོང་མཐོན་པོ་སློང་བ་སྟེ། མི་ལ་ལས་ཉུང་མཐར་ཡང་སྒོར་རྐྱང་རྐྱང་གི་ཁྲི་གཅིག་དགོས་ཟེར་ལ། ཡང་ལ་ལས་བཟོ་ལྟ་དང་རས་རྒྱུ་མི་འདྲ་བའི་བོད་ཆས་ཆ་ཚང་ལྔ་དགོས་ཞེས་ཟེར་ཞིང་། ཡང་ལ་ལས་རྒྱུན་དུ་གྱོན་པའི་མང་ཚོགས་རང་བཞིན་གྱི་ལྭ་ཐུང་དང་གསེར་དངུལ་གྱི་རྒྱན་ཆ་སོགས་ཡོད་དགོས་ཞེས་ཟེར། གཉེན་ཚང་གིས་ཉན་རྗེས་མ་སྲུ་ཚང་མར་རིམ་བཞིན་ཆང་དྲངས་ནས་རྒྱུ་མར་ཕབ་དགོས་པའི་ཞུ་བ་བྱས་པ་ལ། འདི་ཡིས་སྒོར་ཁྲི་གཅིག་མར་ཕབ་ཟེར་བ་དང་། ཡང་དེ་ཡིས་ལྭ་རྒྱུད་གཅིག་མར་ཕབ་ཟེར་ལ། ཡང་གཞན་ཞིག་གིས་རྒྱན་ཆ་གཅིག་མར་ཕབ་ཟེར་བ་སོགས་བྱུང་། ཧ་ལམ་ད་ཆོག་སྙམ་པའི་སྐབས་སུ་བར་བས་གཞི་ནས་ཆང་འདྲེན་མཚམས་བཞག་སྟེ་དང་ལེན་བྱས་ཆོག་པའི་རྣམ་འགྱུར་བསྟན་པ་རེད།
ནུ་བོས། ཆ་ཆང་འཐུང་བ་ནི་གཉེན་སྒྲིག་གི་མཛད་སྒོ་གཟབ་རྒྱས་ཤིག་རེད། ཕལ་ཆེར་ཁྱིམ་རྒྱུད་ནང་གི་ཆེ་མ་ཆུང་གསུམ་ཚང་མ་ཡོང་ངེས་རེད། རྒྱུ་ནོམ་གཏན་ཁེལ་བྱས་རྗེས་ཚང་མས་ཕྱོགས་གཅིག་ནས་ཟ་འཐུང་ལ་རོལ་བ་དང་ཕྱོགས་གཅིག་ནས་གླུ་ལེན་གར་རྩེ་བྱེད་པ་རེད། དགོང་མོར། ད་དུང་བར་བ་གཉིས་ཀ་ཞག་འདུག་བྱེད་དུ་འཇུག་ལ། ཕྱི་ཉིན་ཞང་ཚང་གི་ཁྱིམ་ཚང་སོ་སོས་འགྲུལ་བསུ་སྣེ་ལེན་བྱས་རྗེས་ད་གཟོད་ཕྱིར་བསྐྱེལ་ངེས་རེད་ཅེས་ཟེར།
ངེད་གཉིས་ཀྱིས་ཁ་བརྡ་བྱས་ནས་མཐོ་རླབས་སུ་འཕྱུར་བཞིན་པའི་སྐབས་སུ། སྒྲོལ་མ་སྐོར་བྲོ་འཁྲབ་ས་ནས་ཕྱིར་ལོག་ཡོང་། མོས་ཚོགས་པས་གཅིག་གྱུར་གྱིས་བཟོས་པའི་ཞབས་བྲོའི་ལྭ་བ་གྱོན་པ་དང་། སྐོར་བྲོའི་འོད་སྡེར་གཅིག་ལག་ཏུ་བཟུང་ནས་རང་འགུལ་ངང་། ངས་ཁྱོད་ཚོར་སྐོར་བྲོ་དུམ་མཚམས་ཤིག་འཁྲབ་ནས་སྤྲོ་སྣང་སློང་ན་གང་འདྲ་འདུག་གམ་ཞེས་ཟེར། ནུ་བོ་རང་ཤུགས་ཀྱིས་དགའ་ནས་མྱུར་དུ་ཐལ་མོ་རྡེབ་ནས་དགའ་བསུ་བྱས། སྒྲོལ་མས་འོད་སྡེར་བཞག་ཚེ། བརྙན་འཕྲིན་ལས་དེ་མུར་ལུས་ལ་མཛེས་སྡུག་ལྡན་པའི་བོད་ལྭ་གྱོན་པའི་སྐྱེས་ཕོ་མོ་རྣམས་ཀྱིས་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་པའི་པར་རིས་ཤིག་ཐོན། སྒྲོལ་མ་དེ་དང་བསྟུན་ནས་སྐོར་བྲོ་འཁྲབ། སྐོར་བྲོ་འཁྲབ་སྐོར་གཅིག་ཚར་རྗེས་ང་ཚོར་ཆང་དྲངས་། དེ་རྗེས་བརྙན་ཤེལ་ལས་ཕོ་མོས་གཞོགས་འདེགས་ཀྱི་སྐོར་བྲོ་ཞིག་ཤར་བ་ན། སྒྲོལ་མས་ང་ལ་གཞོགས་འདེགས་བྱེད་རོགས་ཞེས་ཟེར།
ང་ཐེངས་འགར་འཁྲབ་རྗེས་སེམས་སུ་འཁྲབ་སྟངས་ཅུང་དཀའ་མོ་ཞིག་ཡིན་པའི་ཚོར་བ་ཞིག་སྐྱེས། དེའི་ཁར་ཆང་ཅུང་ཙམ་འཐུང་ཡོད་རྐྱེན་རྐང་ལག་ལ་རང་དབང་མི་ཡོང་བས། སེམས་ཆུང་མ་བྱས་པར་མོའི་རྐང་མཛུབ་ལ་རྡོག་པས་མནན་སོང་། སྒྲོལ་མས་གློ་བུར་དུ་ཨག་སྐད་ཤོར། ནུ་བོ་མྱུར་དུ་མདུན་དུ་སོང་ནས་སེམས་གསོ་བྱས། སྒྲོལ་མས་རྐང་བ་ཕུར་ཞོར་དུ་ང་ལ་གླེན་པ་ཞིག་རེད་ཅེས་སྡིགས་མོ་བྱས། ངས། ངས་སློབ་པ་མི་བཟང་བས་མ་ཡིན་གྱི། ཁྱོད་ཀྱིས་གཞོགས་འདེགས་བྱས་པ་མ་འགྲིག་པས་རེད། དེ་མིན་ན་ཁྱོད་ཀྱི་རྐང་བའི་སྟེང་དུ་སྤོས་སྲིད་དམ་ཞེས་བཤད། སྒྲོལ་མས་སྐད་ཆ་དེ་ཐོས་རྗེས་སླར་ཡང་དངངས་འཚབ་ལངས་པའི་ནུ་བོར་བལྟས་ཤིང་བལྟས་རྗེས། ཁོང་ཁྲོ་གད་མོར་བསྒྱུར་ནས། འདི་ནི་དགེ་རྒན་གཟུགས་མི་རིང་བས་སློབ་མས་སྐེད་པ་འཐེན་པ་དང་འདྲ་ཞེས་ཟེར།
༣༧
ཚེ་ལོ་དྲིལ་བསྒྲགས་པུའུ་ལ་ཐོན་རྗེས། འབྲུག་རྒྱལ་པུའུ་ཀྲང་གིས་ཁོ་ལ་འཕྲིན་གཏོང་ཁྱབ་སྒྲོག་གི་བྱ་བ་བཀོད་སྒྲིག་བྱས། ལས་དོན་དེ་ནི་རྫོང་ཡོངས་ཀྱི་ལས་ཀའི་གྲུབ་འབྲས་དེ་འབྲེལ་ཡོད་ཚགས་པར་དང་རླུང་འཕྲིན་ལས་ཁུངས་སོགས་ཀྱི་སྨྱན་སྦྱོར་བརྒྱུད་དེ་གནས་ཚུལ་སྤེལ་གཏོང་བྱ་རྒྱུ་དེ་རེད། ཚེ་ལོས་སྔོན་ཆད་རྩོམ་ཡིག་དེ་རིགས་བྲིས་མྱོང་བའི་རྐྱེན་གྱིས་ཡིད་ཆེས་ཡོད་པའི་སྒོ་ནས་འཕྲིན་གསར་འགའ་བྲིས་ཤིང་ལས་ཁུངས་ཀྱི་ཐམ་ག་བརྒྱབ་སྟེ་ཞིང་ཆེན་གྱི་ཚགས་པར་ཁང་ལ་བསྐུར་བ་རེད། ཡིན་ནའང་དེ་ནི་རྒྱ་མཚོའི་ནང་དུ་རྡོ་ལྷུང་བའི་ཚུལ་ལས་མ་འདས། པུའུ་ཀྲང་གིས། སྤྱིར་ཁྱོད་ལ་རྩོམ་འབྲིའི་རྨང་གཞི་ངེས་ཅན་ཞིག་ཡོད་ལ་རྩོམ་ཡིག་ཁ་ཤས་ཀྱང་སྤེལ་མྱོང་མོད། འོན་ཀྱང་ཁྱོད་སྔར་བཞིན་མུན་འཐོམས་རང་བཞིན་གྱི་རྣམ་པར་གནས་འདུག་པའང་ཡོད། གཙོ་བོ་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་འཕྲིན་སྤེལ་ཁྱབ་སྒྲོག་གི་ཡིག་རིགས་འབྲི་བའི་གནད་འགག་ཁོང་དུ་ཆུད་མེད་པས། ཞིང་ཆེན་དུ་སོང་ནས་གསོ་སྐྱོང་སྦྱོང་བརྡར་ཞིག་བྱོས་ཞེས་སྨྲས་བྱུང་།ཚེ་ལོ་ཞིང་ཆེན་ཚགས་པར་ཁང་གི་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་ཆེད་མཁས་དག་གི་འཆད་ཁྲིད་ལ་ཉན་པ་དང་། རུ་འདྲེན་དགེ་རྒན་དང་མཉམ་དུ་འབྲེལ་ཡོད་ལས་ཁུངས་དང་ཡུལ་དངོས་བཅར་འདྲི་བྱེད་པར་སོང་བ་རེད། ཉིན་དེར། ཁོ་ཚོ་སྒེར་གཉེར་གླུ་གར་འཁྲབ་སྟོན་རུ་ཁག་ཅིག་ལ་བཅར་འདྲིར་བསྐྱོད་སྐབས། ཚེ་ལོ་ཡིས་གློ་བུར་དུ་ཡོས་ལན་དྲན་བྱུང་ལ། སེམས་སུ་གལ་ཏེ་བཅར་འདྲི་བྱེད་སྐབས་ཡོས་ལན་དང་འཕྲད་ཚེ་ཇི་འདྲའི་བཟང་བ་ལ་སྙམ་མོད། འོན་ཀྱང་བཅར་འདྲིའི་ཁྲོད་ཡོས་ལན་མཐོང་མ་བྱུང་། བཅར་འདྲི་བྱ་ཡུལ་གྱི་མིས་སྨྲས་པ་ཡིན་ན་ཡོས་ལན་དང་འཁྲབ་སྟོན་པ་རྣམས་ནང་ལོགས་སུ་འཁྲབ་སྟོན་དུ་ཕྱིན་པས་ག་དུས་ལོག་ཡོང་མིན་ད་དུང་ཤོད་ཐབས་བྲལ་ཟེར། ཚེ་ལོས་ཡོས་ལན་མ་མཐོང་པས་རེ་ཞིག་བློ་ཕམ་མོད་ཀྱང་། ཡང་སློབ་སྦྱོང་དང་བཅར་འདྲི་བྱེད་པའི་ལས་འགན་ཤིན་ཏུ་ལྕི་བ་དང་དུས་ཚོད་ཀྱང་ཧ་ཅང་འཚུབ་པས་ཉིན་ཤས་སོང་རྗེས་གནས་ཚུལ་དེ་ཡང་བརྗེད་པ་རེད།
ཚེ་ལོའི་གསོ་སྦྱོང་སློབ་མཇུག་འགྲིལ་རྗེས་སླར་ལས་ཁུངས་སུ་ལོག བྲིས་པའི་རྩོམ་ཡིག་རེ་རེ་ཚགས་པར་དང་དུས་དེབ། རླུང་འཕྲིན་ལས་ཁུངས་སོགས་སུ་ཡང་ཡང་མཐོང་ཐོས་རྒྱུ། ཚགས་པར་ཁང་དང་རླུང་འཕྲིན་ལས་ཁུངས་ཀྱིས་ད་དུང་ཁོ་འཕྲིན་གཏོང་བའམ་ཡང་ན་ཆེད་བསྐོས་གསར་འགོད་པར་བསྡུ་ལེན་བྱས་པས། ཁོ་ད་ལྟའི་བྱ་བ་དང་གཞི་ནས་འཚམ་ཐུབ་པར་གྱུར།
སོ་བརྒྱད་པ།
དོན་གྲུབ་ཁྱིམ་དུ་གཉེན་འཚོལ་དུ་ཡོང་དུས། གནད་འགག་གི་སྐབས་སུ་གཟབ་ནན་བྱ་ཆེད་ངས་སློབ་གྲྭའི་ཕྱོགས་ཀྱི་གནས་ཚུལ་ཡང་བསྐྱར་དྲིས་པ་ཡིན། དོན་གྲུབ་ཀྱིས། རང་ཉིད་དངོས་གནས་བུ་མོ་ཞིག་ལ་དགའ་མྱོང་ཡང་དེ་འདོད་མཁན་ཧ་ཅང་མང་བས་མཇུག་འབྲས་ག་ཚོད་ཡིན་མིན་ཚོད་དཔག་བྱེད་ཐབས་བྲལ་བས། གལ་ཏེ་འདི་གར་འོས་འཚམ་ཞིག་ཡོད་ཚེ་ཕྱོགས་དེ་བསྐྱུར་ཡང་ཆོག་ཅེས་ཟེར། དེ་ལྟར་ང་ཚོས་བློ་བདེ་བག་ཕེབས་ངང་ཁོ་དང་བུ་མོ་ཤའོ་ཡུན་ངོ་འཕྲད་པར་བཀོད་སྒྲིག་བྱས། སྒྲོལ་མའི་བསམ་ཐོག་ལ་རྟ་རྒྱུགས་པ་སྟེ། ཐེངས་དེའི་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀ་བློ་ཡིད་ཚིམ་པོ་བྱུང་བ་དང་། དོན་གྲུབ་ཀྱིས་ཤའོ་ཡུན་ནི་དངོས་གནས་མཛེས་ཤིང་སྤྱང་གྲུང་ལྡན་པའི་བུ་མོ་བཟང་པོ་ཞིག་རེད་ཟེར། ཁོང་ཚོས་སྐབས་འགར་མཉམ་དུ་ཟ་མ་ཟ་བ་དང་སྐབས་འགར་མཉམ་དུ་ཁྲོམ་ཉུལ་དུ་འགྲོ་བཞིན་འདུག དོན་གྲུབ་ད་དུང་དགོང་མོ་རེ་རེར་ཤའོ་ཡུན་དང་མཉམ་དུ་སྐོར་བྲོ་འཁྲབ་ཏུ་འགྲོ་ཡི་ཡོད་པས་དངོས་གནས་ལུས་དང་གྲིབ་མ་བཞིན་དུ་འབྲལ་མི་ཐུབ་པའི་རྣམ་པར་གནས། དེ་དག་མཐོང་སྐབས་ང་དང་སྒྲོལ་མ་རང་ཤུགས་སུ་དགའ་པོ་བྱུང་བ་དང་། སེམས་སུ་གལ་ཏེ་བྱིས་པ་ཚོས་འདི་ལྟར་ལས་འབྲེལ་བྱེད་པའི་སྟེང་། ང་ཡོས་ལན་དང་ལས་རོགས་དང་གྲོགས་པོའི་འབྲེལ་བའང་ཡོད་པས། གལ་ཏེ་ཤའོ་ཡུན་གྱི་ཕའི་ཕྱོགས་ནས་གེགས་འགོག་མ་ཐེབས་ཚེ་གཉེན་སྒྲིག་དེ་ནི་པང་ལེབ་ཐོག་འཛེར་མ་བརྒྱབ་པའི་བྱ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཉིན་ཤས་ལས་མ་སོང་བར་ཤའོ་ཡུན་གྱི་རྣམ་འགྱུར་ལ་གློ་བུར་དུ་འགྱུར་ལྡོག་བྱུང་བ་སྟེ། མོས་དོན་གྲུབ་དང་སྐད་འཕྲིན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་ཙམ་ལས་འབྲེལ་གཏུག་གཞན་ཅི་ཡང་བྱེད་ཀྱིན་མེད། ངས་དོན་འགྲུབ་ལ་གནས་ཚུལ་དྲིས་པར། དོན་འགྲུབ་ཀྱིས་མོའི་ཨ་མའི་ལྟ་ཚུལ་རེད་ཟེར་། ངས། ཁྱོད་ཀྱིས་ཕལ་ཆེར་ཉན་ནས་ནོར་སོང་བ་མིན་ནམ། དེ་ནི་མོའི་ཨ་ཕའི་འདོད་ཚུལ་མིན་ནམ་ཞེས་པར། དོན་གྲུབ་ཀྱིས་རྒྱུན་འཁྱོངས་ངང་། མོའི་ཕས་ཁོ་ཚོ་འགྲོ་འོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་མོད། འོན་ཀྱང་མོའི་མས་ཁོ་ཚོ་གང་འདོད་འབྲེལ་གཏུག་བྱེད་དུ་མི་འཇུག་པར་གཅེན་གཅུང་ལྟར་མཉམ་གཤིབ་བྱེད་པ་ལས་གཉེན་སྒྲིག་སྐོར་གླེང་མི་རུང་ཞེས་ཟེར། འདིས་ཤའོ་ཡུན་ཅི་བྱ་གཏོལ་མེད་དུ་བཏང་བས། ང་ཚོས་མོའི་ཨ་མའི་རྣམ་འགྱུར་བསྒྱུར་བར་སྒུག་པ་ལས་ཐབས་མེད་ཅེས་ཟེར།ངས་ཤེས་ཏེ། ཡོས་ལན་ནི་བསམ་བློར་བཅིངས་འགྲོལ་ཐོབ་ཡོད་པ་དང་། གཤིས་ཀ་སྤྲོ་སྣང་ལྡན་ལ། རང་ཉིད་ཀྱང་དགའ་རོགས་སྒྲིག་པའི་རྙོག་འཛིང་གི་འཚོ་བར་ཞུགས་མྱོང་བའི་མི་ཞིག་ཡིན་པས། བྱིས་པའི་བློ་སྤོབས་ཆེན་པོས་དགའ་རོགས་སྒྲིག་པར་བཀག་འགོག་བྱེད་མི་སྲིད། ཡང་མིན་ན་ཤའོ་ཡུན་གྱི་བློར་དོན་གྲུབ་མ་བབས་པ་ཡིན་ཏེ། མོས་ཨ་མའི་ཁ་གཡར་ཏེ་དོན་གྲུབ་དང་ཁ་འབྲལ་འདོད་པ་ཡིན་ཡང་སྲིད།
དོན་དག་གི་གནས་ཚུལ་ངོ་མ་ཤེས་པའི་ཆེད་དུ་ང་དངོས་སུ་ཡོས་ལན་ལ་བལྟ་རུ་འགྲོ་རྒྱུ་ཐག་བཅད། ང་ཞིང་ཆེན་གྲོང་ཁྱེར་དུ་བསླེབས་རྗེས་སྔོན་ལ་རང་ཁྱིམ་གསར་པར་ཞག་གཅིག་བསྡད་པ་དང་། ཕྱི་ཉིན་སྔ་དྲོ་ཡོས་ལན་དང་མི་དམངས་སྤྱི་གླིང་གི་སྒོ་འགྲམ་དུ་ཐུག་འཕྲད་བྱས་པ་ཡིན། ངེད་གཉིས་ཀྱིས་ཐད་ཀར་སྐབས་བབས་ཀྱི་བརྗོད་གཞི་མ་གླེང་བར་སྤྱི་གླིང་དུ་འཆམ་འཆམ་དུ་འགྲོ་ཞོར་དུ་ངེད་གཉིས་གྱེས་བྲལ་གྱི་སྔ་གཞུག་གི་འདས་དོན་གླེང་།
ཡོས་ལན་རྨ་ལྷོ་རྫོང་མགར་ཁྲི་ཤང་ནས་ཕོགས་བཀག་ལས་བསྐྱུར་བྱས་རྗེས་ཞིང་ཆེན་མི་རིགས་གླུ་གར་འཁྲབ་སྟོན་ཀུང་སིར་བསྐྱོད་ཅིང་དེ་མུར་ཀུང་སིའི་སྦྱིན་བདག་དང་གཉེན་བསྒྲིགས་བྱས་པ་རེད། དོན་དངོས་ཐོག་སྐབས་དེར་སྦྱིན་བདག་གིས་དགའ་སྤྲོའི་ངང་ཁོ་མོ་ལས་སྡུད་བྱས་པ་དེ་ནི་གཅིག་ནས་ཀུང་སིའི་ལས་ཀའི་དགོས་མཁོའི་ཆེད་དུ་ཡིན་ལ། གཉིས་ནས་རང་ཉིད་ལ་མཛེས་མ་མོ་འཐོབ་རྒྱུའི་བསམ་བློ་སྐྱེས་པས་ཀྱང་རེད། སྐབས་དེ་དུས་མོ་ནི་ཤང་དུ་གཞན་གྱིས་བརྙས་བཅོས་བྱེད་པའི་སྡུག་བསྔལ་མྱོང་མཁན་ཞིག་ཡིན་པས། དངུལ་དང་དབང་ཤུགས་ཡོད་པའི་སྦྱིན་བདག་ཆེན་པོས་འདོད་ཚུལ་བསྟན་པ་ལ་བསམ་བློ་ཅི་ཡང་མ་བཏང་བར་ཁས་བླངས་པ་རེད། མོའི་ཕ་གཡར་མ་གཡར་གྱིས་སྦྱིན་བདག་བྱ་ཡུལ་དེ་ད་དུང་ཁོང་ཚོ་དང་མི་རིགས་གཅིག་ཡིན་པ་ཤེས་རྗེས་དེ་བས་ཀྱང་དགའ་སྤྲོས་འཁེངས་སོང་། ཁོ་ཚོ་གཉེན་སྒྲིག་བྱས་ནས་ཡུན་རིང་མ་སོང་བར་ཀུང་སི་སྔར་ཡོད་ཀྱི་སྤྱི་ལ་དབང་བའི་ཞིང་ཆེན་གླུ་གར་ཚོགས་པའི་ངོ་བོར་སླར་གསོ་བྱས་པས། ཡོས་ལན་གྱིས་ཡིག་ཚགས་ཀྱི་འགྲོ་ལུགས་བརྒྱུད་ནས་སླར་ཡང་གཞུང་ཞབས་པ་ཞིག་ཏུ་གྱུར་ལ། མོའི་ཁྱོ་གས་ས་ཁང་བདག་ཁོངས་ཀྱི་ཚོང་རྒྱག་གིན་ཡོད། དེ་རྗེས་སུ་ཡང་ཡོས་ལན་ནི་ཐོབ་ཐང་རྒན་པ་དང་གྲུབ་འབྲས་མངོན་གསལ་དོད་པས་སྲིད་གཞུང་གི་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་ཆེད་མཁས་ཅན་ཞིག་ཏུ་གྱུར་ཡོད།
ཉིན་གུང་ཡོས་ལན་གྱིས་ང་ལ་ཟ་མ་མགྲོན་བྱེད་པའི་སྐབས་སུ། ངས་བུ་ཕྲུག་ཚོའི་དོན་དག་མོ་ལ་བཤད་པ་ཡིན།
ཡོས་ལན་གྱིས། ངས་དོན་དག་འདི་ཤེས་ཡོད། ད་དུང་ཁྱོད་ནི་འདིའི་ཆེད་དུ་ཡོང་བ་ཡིན་པའི་ཚོར་སྣང་བན་བུན་བྱིན་སོང་། འོན་ཀྱང་ངའི་རེ་བ་ནི་ཁོ་ཚོ་མིང་སྲིང་ངོ་མ་དང་འདྲ་བར་འགྲོ་འོང་བྱེད་རྒྱུ་དེ་ཡིན་པ་ལས། ཁོ་ཚོས་གཉེན་དོན་གླེང་བར་འཐད་པ་མིན་ཞེས་ཟེར།
ངས། འདི་ནི་བྱིས་པའི་ཨ་ཕའི་ནང་དོན་ཡིན་པ་མིན་ནམ་ཞེས་པར།
ཡོས་ལན་གྱིས། བྱིས་པའི་ཨ་ཕས་ཁོ་ཚོར་རྒྱབ་སྐྱོར་བྱེད་བཞིན་འདུག་ཟེར།
ངས། ཁྱོད་དང་ང་ཚོའི་ཁྱིམ་ཚང་གང་བོ་ནི་མ་གཞི་ནས་ལས་གྲོགས་ཡིན་པའི་སྟེང་གྲོགས་པོའི་འབྲེལ་བའང་ཡིན་པས། གལ་ཏེ་བུ་ཕྲུག་རྣམས་ལ་ལས་དབང་ཡོད་ན་གཉེན་ཐོག་ལ་གཉེན་བརྩེགས་པ་ཡིན་པས་དེ་དོན་བཟང་ཞིག་མ་རེད་དམ་ཞེས་པར།
ཡོས་ལན་གྱིས། ངས་ལོ་འགའ་འགོར་རྗེས་མོ་ཞིང་ཆེན་གྲོང་ཁྱེར་དུ་སྤོར་ན་འདོད། རྒྱུ་མཚན་ནི་ང་ཚོར་བུ་མོ་གཅིག་མ་གཏོགས་མེད་ཅེས་ཟེར།
ངས། དོན་གྲུབ་ཀྱིས་སློབ་ཐོན་ལག་ཁྱེར་མཐོན་པོ་རག་ཚེ་ཁོང་གིས་ཀྱང་ཞིང་ཆེན་གྲོང་ཁྱེར་དུ་ལས་ཁུངས་ཤིག་བཙལ་ཆོག་ཅེས་པར།
མོས་ཡང་། དེས་ན་ཁྱོད་གཉིས་ཀྱིས་ཅི་ཞིག་བྱ། ཁྱོད་ཚོ་ལའང་བྱིས་པ་གཅིག་མ་གཏོགས་མེད་ཅེས་ཟེར།
ངས། ང་ཚོར་ཞིང་ཆེན་གྱི་གྲོང་ཁྱེར་དུ་ཁང་པ་ཡོད་པ་དང་སླད་ཕྱིན་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་འཚོ་བའང་ཞིང་ཆེན་གྱི་གྲོང་ཁྱེར་དུ་སྐྱེལ་དགོས་ཞེས་བཤད།
ཡོས་ལན་གྱིས་ངའི་རྣམ་འགྱུར་དེར་བལྟས་རྗེས་སླར་ཡང་གནས་ལུགས་དང་དེ་ཙམ་མི་མཐུན་པའི་སྐད་ཆ་ཞིག་འདི་ལྟར་བཤད་བྱུང་། མོའི་ཕ་ནི་རྒྱ་རིགས་ཡིན་པས། ངས་མོ་རྒྱའི་བུ་ཞིག་དང་གཉེན་བསྒྲིགས་ན་བསམ། འདི་ནི་ངས་མོའི་ཕར་བརྩི་བཀུར་བྱེད་སྟངས་ཤིག་ཀྱང་ཡིན་ཞེས་ཟེར།
ཡོས་ལན་གྱི་སྐད་ཆར་གནས་ལུགས་འགའ་འདུག་མོད་ཀྱང་། ཞིབ་ཏུ་བསམ་ན་བཙན་བསྒྲིགས་ཀྱི་ཆ་ཤས་ཆེས་པ་རེད། གང་ལགས་ཤེ་ན། བུ་མོའི་ཕ་ལ་བསམ་འཆར་གང་ཡང་མེད་ན་མི་རིགས་ཀྱི་གནད་དོན་ལ་བསམ་བློ་གཏོང་དགོས་དོན་གང་ཡང་མེད་ལ། ཡང་ཅིག་བཤད་ན། གཉེན་སྒྲིག་ནི་གཙོ་བོ་བུ་ཕྲུག་ཚོའི་རང་ཉིད་ཀྱི་བྱ་བ་ཡིན་པས། ཕ་མས་ཇུས་འདོན་དང་ལམ་སྣེ་ཁྲིད་པ་ཙམ་ལས་སུས་ཀྱང་ཐག་གཅོད་བྱེད་མི་ནུས། རེད་མོད་ཀྱང་། ཡོས་ལན་གྱིས་དེ་ལྟར་བཤད་ན་ངས་ཀྱང་མོ་དང་རྩོད་པ་བརྒྱག་མི་འདོད།
ཞིང་ཆེན་གྲོང་ཁྱེར་ནས་ཕྱིར་ལོག་རྗེས། ངས་ཡོས་ལན་གྱི་བསམ་ཚུལ་སྒྲོལ་མར་བཤད་པ་ན། མོས་ཤའོ་ཡུན་གྱིས་མོའི་ཨ་མ་བོད་རིགས་ལ་བརྩེ་དུང་ཤིན་ཏུ་ཟབ་ཅེས་བརྗོད་པ་མ་ཡིན་ནམ། ཅིའི་ཕྱིར་ཡང་མོ་རྒྱ་རིགས་ཀྱི་བུར་མནའ་མར་སྟེར་དགོས་པ་ཡིན་ནམ། ཡང་ཅིག་བཤད་ན་ཁོ་ཚོ་ལས་གྲོགས་ཀྱི་གྲོགས་ཚོམས་སུའང་ནང་འཇུག་བྱས་ཡོད་པ་མ་ཡིན་ནམ། ངས་ཀྱང་མོར་གོང་བཀུར་མི་དམན་པ་བྱས་པ་མིན་ནམ་ཞེས་ཐེ་ཚོམ་གྱི་དྲ་རྒྱར་ཚུད།
ངས། ཡང་ན། མོས་བྱིས་པའི་མི་རིགས་ཀྱི་རྣམ་དབྱེ་ཕྱེད་ནས་བོད་རིགས་བདམས་ན་ཁྱོ་གས་གྱོང་ཟོས་སོང་བ་དང་། རྒྱ་རིགས་དང་གཉེན་བསྒྲིགས་ན་བསམ་པ་ནི་སེམས་ཁམས་སྟེང་དོ་སྙོམས་གང་ཞིག་འཚོལ་བའང་སྲིད། ཡང་ཅིག་བཤད་ན་ང་ཚོ་བྲལ་ནས་དུས་ཡུན་འདི་འདྲའི་རིང་འགོར་བས། བརྩེ་དུང་ཇེ་ཉམས་སུ་གྱུར་བའང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། སྐབས་དེ་དུས་མོ་ནི་ཐོག་མར་ང་དང་འདྲ་བའི་ལས་བྱེད་པ་དཀྱུས་མ་ཞིག་ཡིན་ཡང་། ད་ཆ་སྲིད་གཞུང་གི་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་ཆེད་མཁས་མི་སྣ་ཞིག་ཡིན་པ་མ་ཟད། མོའི་ཁྱོ་ག་ནི་སྦྱིན་བདག་ཆེན་པོའང་ཡིན་པས་ང་ཚོའི་གནས་ཚུལ་བློར་མི་འབབ་པས་ཀྱང་ཡིན་སྲིད་ཅེས་བཤད།
སྒྲོལ་མས། བྱིས་པའི་ཕ་ལ་བསམ་འཆར་གང་ཡང་མེད་ན། ཤའོ་ཡུན་རང་ཉིད་ཀྱང་དོན་གྲུབ་ལ་དགའ་པོ་ཡོད་པས། ང་ཚོས་བྱིས་པ་ཚོའི་འབྲེལ་བ་སྔར་བས་འཕེལ་རྒྱས་སུ་བཏང་ནས་ཁོ་ཚོའི་བརྩེ་དུང་ཇེ་ཟབ་ཏུ་ཕྱིན་ཚེ། ང་ཚོས་ཡང་བསྐྱར་ཡོས་ལན་ལ་གོ་སྐོན་བློ་འགུག་བྱས་ན། སྐབས་དེར་ཁོ་མོར་རང་དབང་མེད་སྲིད་ངེས་རེད་ཟེར།
སྒྲོལ་མའི་སྐད་ཆ་དེར་ངས་མ་གཞི་ནས་ངོ་རྒོལ་གྱི་བསམ་འཆར་འཛིན་གྱི་ཡོད་མོད། ཡང་ཉིན་འགའི་རིང་ལ་དོན་གྲུབ་དང་ཤའོ་ཡུན་གཉིས་བརྩེ་སེམས་གཅིག་མཐུན་དང་ཕན་ཚུན་འབྲལ་དཀའ་བའི་ཚུལ་དུ་འདུག་ལ། ཕྱིས་སུ་ཁོ་གཉིས་ཀྱིས་ཨ་མའི་སྐད་ཆར་ཉན་ནས་རྒྱུན་ལྡན་ལྟར་ཐུག་འཕྲད་མེད་ཀྱང་། ཡིན་ཡང་ཕར་ཚུར་འཕྲིན་ཐུང་གཏན་ནས་མ་ཆད། འདིའི་སྟེང་ནས་ཤའོ་ཡུན་གྱིས་ད་དུང་དོན་གྲུབ་གཏན་ནས་འདོར་མི་འདོད་པའི་ངང་ཚུལ་མངོན་ཕྱིན། འདིས་ངར་ཡང་ཐབས་བཀོད་མེད་པར་བཏང་ཞིང་སྒྲོལ་མའི་སྒྲུབ་སྟངས་ལྟར་བྱས་ན་ཆོག་མིན་ཡང་མི་ཤེས་པར་གྱུར།
༣༨
ཚེ་ལོ་དང་གཡང་སྐྱིད་ལ་བྱིས་པ་དགོས་ན་འདོད་དེ་ཡུན་རིང་འགོར་སོང་། ལྷག་པར་དུ་ཚེ་ལོ་རྫོང་དུ་ལས་གནས་སྤར་རྗེས། ཁོ་ཚོས་རྒྱུན་ལྡན་ལྟར་ཉལ་ཁྲིའི་སྟེང་གི་ལས་ཀ་སྒྲུབ་བཞིན་ཡོད་ཀྱང་། ཡིན་ནའང་གཡང་སྐྱིད་ཀྱི་ཕོ་བར་གྲགས་འགུལ་གང་ཡང་མེད། གཡང་སྐྱིད་བྲེལ་འཚབ་ལངས་བྱུང་། མྱུར་དུ་ཚེ་ལོ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སྐུལ། ཚེ་ལོར་བརྟག་དཔྱད་བྱས་རྗེས་ལུས་ཡོངས་རྒྱུན་ལྡན་རེད། དེ་ལྟར་ཡང་རང་ཉིད་ཀྱི་ལུས་ལ་དོགས་པ་སྐྱེས།དབྱིན་སྐྱིད་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་རྫོང་སྨན་ཁང་དུ་བརྟག་དཔྱད་དུ་སོང་། བརྟག་དཔྱད་མཇུག་འབྲས་ནི་གཤག་བཅོས་བྱས་རྗེས་རྒྱུན་ལྡན་གྱི་འགུལ་སྐྱོད་མ་འདང་བས། བུ་སྣོད་ཀྱི་ཁམས་དམར་འདྲེན་སྦུག་རིང་དུ་ཕྱིན་ནས་ཁམས་དཀར་ནང་འདྲེན་མ་ཐུབ་པས་ལན་ཟེར་ལ། གལ་སྲིད་ཕྲུ་གུ་སྐྱེ་འདོད་ཚེ་མིས་བསྐྱེད་ཁམས་འདོན་གྱི་ཐབས་ལ་བརྟེན་ནས་ཁམས་དཀར་སྤྲོད་པའི་བྱ་ཐབས་སྤྱོད་རྒྱུ་ལས་ཐབས་གཞན་མེད་པ་མ་ཟད། ཁུལ་དང་རྫོང་སྨན་ཁང་ཚང་མར་མིག་སྔར་དེའི་ཐད་ཀྱི་ཆ་རྐྱེན་མེད་པ་རེད།
གནས་ཚུལ་འདིས་ཚེ་ལོ་བཟའ་ཟླ་གཉིས་ལ་དངོས་གནས་དཀའ་ལས་བཟོས་སོང་།
ཚེ་ལོས། གཡང་སྐྱིད་ལགས། ཁྱོད་ལ་ནད་བྱུང་མྱོང་ལ་གཤགས་བཅོས་ཀྱང་བྱས་མྱོང་། དངོས་གནས་བྱིས་པ་སྐྱེས་མི་ཐུབ་ན་ང་ཚོས་བུ་སྐལ་བསྐྱངས་ཆོག་ཅེས་བཤད།
གཡང་སྐྱིད་ཀྱིས། མི་ཆོག ངས་མིའི་ཐབས་ཀྱིས་ཁམས་དཀར་འདོན་པའི་ཐབས་དང་ལེན་བྱེད་དགོས་ཀྱང་གཞན་གྱི་བྱིས་པ་གཉོར་སྐྱོང་བྱེད་མི་འདོད། བྱིས་པ་རང་གི་ཤ་ལས་ཆད་པ་བཟང་། དངོས་གནས་འུ་ཐུག་ཐབས་ཟད་དུ་གྱུར་བ་ལས་གཞན་ཞེས་ཟེར།
ཚེ་ལོས་གསལ་ལ་མི་གསལ་བའི་ངག་གིས། མིས་བསྐྱེད་ཁམས་དཀར་འདོན་པ་ནི་ཁྱོད་ལ་མཚོན་ན་རང་གི་ཤ་ལས་ཆད་པ་ཡིན་མོད། འོན་ཀྱང་ང་ལ་མཚོན་ན... ...།
གཡང་སྐྱིད་ཀྱིས། གླེན་པ། ང་ལ་ཁྱོད་ཀྱི་ཁམས་གསོན་དགོས། དེ་ལྟར་བྱས་ན་ངེད་གཉིས་ཀྱི་ཤ་ལས་ཆད་པ་དང་མི་འདྲའམ་ཞེས་ཟེར།
ཚེ་ལོས། ཞིང་ཆེན་སྨན་ཁང་ལ་ལག་རྩལ་འདི་འདྲ་ཡོད་དམ་ཞེས་པར།
གཡང་སྐྱིད་ཀྱིས། ང་ཚོ་སོང་ནས་བལྟས་ན་ཤེས་ཐུབ་ཟེར།
དེ་ལྟར་ཁོ་ཚོས་དུས་ཚོད་བདམས་ནས་ཞིང་ཆེན་གྱི་སྨན་ཁང་ཆེ་གྲས་སུ་མིས་བསྐྱེད་ཁམས་འདོན་གྱི་ཐབས་ལམ་དང་ལེན་བྱེད་པར་ཕྱིན་པ་རེད།
ཞིང་ཆེན་སྨན་ཁང་གིས་མིས་བསྐྱེད་ཁམས་འདོན་གྱི་ཐབས་ལ་བརྟེན་ནས་བུད་མེད་ལ་ཕྲུ་གུ་སྐྱེ་རུ་འཇུག་པར་སྔོན་ཐོན་གྱི་མ་དཔེ་ཡོད་མོད། འོན་ཀྱང་ཚང་མ་ཁམས་དཀར་འཁྱག་གཏོང་གི་ཐབས་སྤྱོད་བཞིན་ཡོད་པ་དང་། མིའི་ལུས་ཀྱི་ཁམས་གསོན་འདོན་སྤྲོད་ནི་ཞིང་ཆེན་ནང་ཁུལ་དུ་ཐེངས་དང་པོ་ཡིན་ཟེར། དེའི་རྐྱེན། གཤག་བཅོས་ཀྱི་སྐབས་སུ་གང་གཟབ་བྱེད་དགོས་ཀྱི་འདུག་ལ། ཐོག་དང་པོ་ཡིན་པའི་རྒྱུ་མཚན་གྱིས་གཤག་བཅོས་བརྒྱུད་རིམ་གྱི་ཁྲོད་དུ་ད་དུང་སྨྱན་སྦྱོར་བའང་ནང་དུ་ཚུད་ཅིང་། ཁོ་ཚོས་བརྒྱུད་རིམ་འདི་རྗེས་འདེད་ཁྱབ་སྒྲོག་བྱེད་བཞིན་འདུག
ཞིང་ཆེན་བརྙན་འཕྲིན་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྨན་པས་གཡང་སྐྱིད་ལ་མིས་བསྐྱེད་ཁམས་འདོན་གྱི་ཐབས་ལ་བརྟེན་ནས་ཁམས་དཀར་སྤྲོད་པའི་བརྙན་མིག་བསྟན་པ་དང་། ཉིན་ཤས་སོང་རྗེས་ཚགས་པར་ཐོག་གཡང་སྐྱིད་ལ་བདེ་འཇགས་ངང་མངལ་འཁོར་བའི་གནས་ཚུལ་ཡང་བཀོད་པ་རེད།
ཚེ་ལོ་དང་གཡང་སྐྱིད་ཀྱི་དགའ་སྤྲོ་བརྗོད་ལས་འདས། ཟླ་དགུའི་རྗེས་སུ་ཁོ་ཚོར་རང་ཉིད་ཀྱི་བྱིས་པ་ཡོད་སྲིད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།