སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉིར་གཅིག་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-02-04
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཞེ་གཅིག་པ།
ང་ཚོ་ཕོ་མོ་བཅུ་ཁ་ལྷག་རླངས་འཁོར་ལ་བསྡད་ནས་དུས་ཚོད་དྲུག་ལྷག་ཙམ་བསྐྱོད་རྗེས་སྡེ་བ་དེར་ཐོན།
གྲོང་ཚོ་དེ་རྫོང་གི་ནུབ་ངོས་སུ་ཆགས་ཡོད་པ་དང་། གྲོང་མདོར"མི་རིགས་ཡུལ་སྲོལ་གླིང"ཞེས་པའི་སྒོ་བྱང་ཆེན་པོ་ཞིག་བཙུགས་ཡོད་ཅིང་། མདུན་དུ་ཚོན་མདངས་རྣམ་པར་བཀྲ་བའི་གཟབ་མཆོར་སྤྲས་པའི་བུ་མོ་བཅུ་གྲངས་ལྷག་གུས་པས་ལངས་འདུག མིང་ལ་ཅོན་ཅོན་ཡིན་ཟེར་བའི་བུ་མོ་ཞིག་གི་མགྱོགས་པོའི་སྐད་ཆའི་ཚིག་ཁ་ཤས་ཀྱིས་གཞི་ནས་ང་ཚོར་སེམས་འགུལ་ཐེབས་སུ་བཅུག ང་ཚོ་ལམ་ལ་ཆས་གྲབས་ཡོད་དུས། མོས་མྱུར་དུ་ཁྱིམ་མིར་ཁ་པར་བཏང་ནས་ཁོ་ཚོར་མགྲོན་པོ་བསུ་བའི་གྲ་སྒྲིག་བྱེད་པར་སྐུལ།
ང་ཚོ་སྒོར་ཐོན་མ་ཐག་ཏུ། མི་ཞིག་གིས་ཤོག་སྦག་རྐྱ་མ་ཞིག་སྦར་བ་དང་མཉམ་དུ་གཟབ་མཆོར་ལེགས་པོར་སྤྲས་པའི་སྐྱེས་པ་གསུམ་བཞིས་ཆང་གི་དཀར་ཡོལ་དང་ཁ་བཏགས་བཏེགས་ཡོང་ནས་མགྲོན་པོར་ཁ་བཏགས་ཕུལ་ཞིང་ཆང་དྲངས་ལ། ལུས་པོ་དྲོ་མིན་འཁྱག་མིན་གྱི་ཁམས་བདེ་ཞུས་པ་རེད། སྐབས་དེར། སྒོ་ཁྱམས་སུ་བུ་མོ་འགས་འགྲོན་པོ་བསུ་པའི་བག་གླུ་བླངས་བྱུང་།
ཁྱིམ་དུ་འབྱོར་རྗེས། ཁྱིམ་བདག་གིས་ང་ཚོ་ཚ་ཐབ་སྟེང་དུ་ཙོག་ཏུ་བཅུག་ཅིང་ཁ་སུར་སྦངས་ཡོད་པའི་ཇ་དྲངས་བྱུང་། དེ་ནས་ཇ་ཡུན་ཙམ་རིང་ངལ་གསོ་རུ་བཅུག་རྗེས། ང་ཚོ་ཁོ་ཚོས་མནའ་མ་ལེན་པའི་མཛད་སྒོ་སྤེལ་རྒྱུར་གཞོགས་འདེགས་བྱེད་དུ་བཅུག་པ་རེད། ཚང་མ་དགའ་སྤྲོ་ཆེན་པོས་རེ་རེ་བཞིན་ཚ་ཐབ་ལས་མར་བབས་ཤིང་། ཁྱིམ་བདག་གི་བཀོད་སྒྲིག་ལ་ཉན། ངེད་ཚོར་མི་གྲངས་ཅུང་མང་བའི་རྐྱེན་གྱིས་ཁྱིམ་བདག་གིས་ང་ཚོར་ཐུན་མོང་གི་གཉེན་སྟོན་ཟེར་བ་ཞིག་བཀོད་བསྒྲིགས་བྱས་བྱུང་། དེར་ང་ཚོའི་སྐྱེས་པ་འགའ་མག་གསར་བྱེད་དུ་བཅུག་ལ། ཁོ་ཚོའི་མཛེས་མ་འགའ་བག་གསར་བྱེད་དུ་བཅུག་ཅིང་། ལྷག་མའི་ཕོ་མོ་ཚང་མ་གཉེན་སྐྱེལ་བའི་མགྲོན་པོ་དང་མག་གསར་གྱི་ཁྱིམ་མི་ཡིན་ཁུལ་བྱས།
བག་གསར་ནི་གཉེན་སློང་མཁན་དང་གཉེན་བསྐྱེལ་མཁན་ཚང་མས་བཙིར་ནས་མག་པའི་ཁྱིམ་སྒོར་ཐོན། སྔོན་ལ་མག་གསར་གྱིས་ཆང་དང་ཁ་བཏགས་བཏེགས་ནས་བག་གསར་མདུན་དུ་སོང་ནས་བག་གསར་རྟ་ལས་འབབ་པར་བསུ་མ་ཞུས། མག་གསར་གྱི་རྒྱབ་ཏུ་གོམ་པ་རེ་རེའི་མཚམས་སུ་བུ་མོ་རེ་ལངས་སུ་བཅུག་པ་དང་། རེ་རེའི་ལག་ཏུ་ཆང་ཕོར་དང་ཆང་དེམ་རེ་བཟུང་ནས་གཉེན་སྐྱེལ་མཁན་གྱི་སྐུ་མགྲོན་རྣམ་པར་ནས་ཆང་དྲངས་པ་རེད།
ལོ་ན་གཞོན་པའི་བུད་མེད་ཅིག་གིས་བལ་གདན་དམར་པོ་ཆེན་པོ་ཞིག་དྲུད་ནས་ལམ་ཁྲིད་པ་དང་། མག་གསར་བག་གསར་གྱི་དཔུང་བར་འཇུས་ནས་སྒོ་མདུན་ནས་དལ་གྱིས་ནང་དུ་འཛུལ། གཉེན་སློང་བ་རྒྱལ་ཁའི་སྤྲོ་སྣང་གིས་ཁེངས་ཤིང་བག་གསར་གྱི་བག་རྫོངས་ཡར་བཀྱགས་ནས་འགྲོ་ཞོར་དུ། ཁྲ་ཁྲ་རིག་རིག་ཁྱེར་ནས་ཡོང་། གསེར་དངུལ་རྒྱུ་ནོར་བཀྱགས་ནས་ཡོང་། མཛེས་སྡུག་བག་གསར་བླངས་ནས་ཡོང་། ཞེས་གླུ་བླངས།
སྐབས་དེར། ཁྱམས་རའི་ནང"ཨ་འགྲོ"རྩེ་བྱུང་། ཕོ་མོ་བཅུ་ཁ་ལྷག་ཙམ་གྱིས་མེ་ཏོག་ལྡུམ་རའི་མཐའ་བསྐོར་ནས་ངག་ནས་འགུག་ཞོར་དང་ལུས་ཀྱིས་འཁྲབ་ཞོར་གྱི་དགའ་སྟོན་གྱི་རྣམ་པས་འཁེངས།
དེར་མཐུད་ནས་གནམ་ས་མཆོད་པའི་མཛད་སྒོ་སྤེལ་འགོ་ཚུགས། གཉེན་སྒྲིག་བྱེད་བཞིན་པའི་ཕོ་མོ་ཚང་མ་ཆ་ཆ་བྱས་ནས་མཉམ་དུ་གྲལ་བསྟར་བསྒྲིགས་ཤིང་སྐེད་པ་སྒུར་ནས་གནམ་སར་ཕྱག་མཆོད་ཕུལ། ཕྱག་མཆོད་ཕུལ་རྗེས་མག་གསར་གྱིས་བག་གསར་ཁྲིད་ནས་ཉལ་ཁང་ནང་དུ་ཆས་པ་རེད། ཅུང་མ་འགོར་བར་མག་གསར་གྱིས་ཡང་བག་གསར་ཁྲིད་ནས་ཉལ་ཁང་ནས་ཕྱིར་ཡོང་། མག་པ་སོ་སོའི་སྐེ་རུ་མག་གསར་གྱིས་ཕུལ་བའི་ཁ་དོག་རྣམ་པར་བཀྲ་བའི་བྲག་སྤོས་བཏགས་འདུག
གཉེན་སྒྲིག་གི་ཆོ་ག་སྤེལ་ཚར། མགྲོན་པོ་རྣམས་མར་བཞུགས་ཏེ་སྟོན་ཇ་གསོལ་མགོ་བརྩམས།
ཡུལ་གཞན་དུ་ཐུན་མོང་མ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་གཉེན་སྒྲིག་གི་མཛད་སྒོ་མཐོང་བའམ་ཡང་ན་དེའི་ནང་ཞུགས་པ་ནི་དོན་དངོས་རྫུན་འཁྲབ་བྱས་པ་ཞིག་ཡིན་རུང་། དེས་ང་ལ་མིག་རྒྱ་བསྐྱེད་བྱུང་།
མཚན་དེར་ང་གཉིད་ཁུག་དཀའ་བར་གྱུར། བསམ་གཞིགས་ནི་ཕ་ཡུལ་དང་ཧོར་གྲོང་དུ་གང་འདོད་འཕུར་བསྐྱོད་བྱས།
ངའི་ཕ་ཡུལ་གྱི་གཉེན་སྒྲིག་གི་མཛད་སྒོ་ཡང་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་། གཉེན་སྐྱེལ་རུ་ཁག་དྲེལ་རྟར་བཅིབས་ནས་གྲོང་ཚོར་འབྱོར་རྗེས། གཉེན་ཚང་གིས་ལམ་བར་དུ་སྒུག་ནས་མཚམས་འདྲིའི་བསུ་བ་་ཞུ་ངེས་ཡིན། དེ་ལྟ་བུའི་ཕན་ཚུན་གནས་ཚུལ་བརྗེས་རེས་ཀྱི"དྲི་སྐོལ"གྱི་མཛད་སྒོ་རེ་མཇུག་སྒྲིལ་རྗེས། མགྲོན་པོ་ཚོ་ཡང་རྟར་བཅིབས་ནས་མུ་མཐུད་བག་གླུའི་ཁྲོད་དུ་མག་པའི་ཁྱིམ་དུ་བསྐྱོད། མཐར་མག་པའི་ཕྱོགས་ཀྱི་མི་ཁག་གཞན་ཞིག་གིས་སྒོ་ཁར་སྒུག་ནས་དངོས་སུ་བསུ་མ་བྱེད་མགོ་རྩོམ་དགོས། ཁོ་ཚོས་སྒོ་ཁར་བལ་གདན་དཀར་བོ་ཞིག་གི་སྟེང་དུ་མི་འགྱུར་བའི་གཡུང་དྲུང་གི་རི་མོ་བྲིས་ཤིང་། ཤུག་སྡོང་གི་ལོ་མ་དང་། ནས། ད་དུང་སྒོར་ཟུར་ཁ་ཤས་བཞག་ཡོད་པ་བཏིང་ནས"འབེལ་གཏམ"གྱི་མཛད་སྒོ་སྤེལ་བར་སྒུག་ནས་འདུག་ངེས། གཉེན་སྐྱེལ་མཁན་སྒོ་ཁར་སླེབས་རྗེས་གང་འདོད་དུ་རྟ་ལས་མི་འབབ་སྟེ། ཁོང་ཚོས་གཉེན་ཚང་གིས་འབེལ་གཏམ་བརྩི་བ་དང་ལེན་བྱེད་དགོས་ཀྱི་ཡོད། འབེལ་གཏམ་རྩི་མཁན་གྱིས་འབེལ་གཏམ་རྩི་བསྐོར་ཐེངས་འགའ་བྱས་ཏེ་ཡང་ཡང་བསུ་དར་ཕུལ་ཚེ་ཞང་ཚང་ཚོ་ད་གཟོད་རྟ་ལས་འབབ་ངེས་རེད།
མགྲོན་པོ་ཚོ་རྟ་ལས་བབས་རྗེས། མནའ་མ་བསུ་བའི་འགན་འཁུར་བའི་མ་སྲུ་ཞིག་གིས་རྡོ་ཚ་པོ་དང་ཤུག་པའི་ཡལ་ག་བཞག་ཡོད་པའི་སྣོད་གཞོང་ནང་དུ་ཆུ་ཁོལ་ལྡུག་པ་དང་། བག་རོགས་ཀྱིས་བག་གསར་གྱི་ལུས་པོར་ཕྱོགས་གཅིག་ནས་དྲི་ཞིམ་འཐུལ་བའི་ཆུ་ཁོལ་གྱི་རླངས་པས་བདུག་པར་བྱེད་ལ། ཕྱོགས་གཅིག་ནས་ཆུ་གཙང་མ་ཕྲན་བུ་ལག་པ་དང་གདོང་ལ་བྱུགས་ནས་མི་གཙང་བ་སེལ་ཞིང་ཚེ་གང་བོར་གཙང་མ་དང་། བདེ་ཐང་། བཀྲ་ཤིས་པར་འགྱུར་བའི་རྟེན་འབྲེལ་མཚོན་པར་བྱེད། དེ་ལྟར་ལན་གསུམ་བྱས་རྗེས་ད་གཟོད་མནའ་མ་བསུ་བའི་མ་སྲུ་ཚང་མའི་འཚང་ཁའི་འོག་ཏུ་ནང་དུ་བསུ་བ་རེད། སྒོར་འཛུལ་སྐབས། གཉེན་སྐྱེལ་མཁན་ཚོས་རབ་ཡིན་ན་བག་གསར་ཡར་བཀྱགས་ནས་མགོ་བོ་སྒོའི་ཡར་ཐེམ་ལ་ཐུག་ཐུབ་པ་བྱས་ཚེ། བག་གསར་གྱིས་རྗེས་སུ་རང་ཁྱིམ་རང་བདག་བྱེད་ཐུབ་པ་མཚོན་ལ། གཉེན་ཚང་གིས་དེ་ལས་ལྡོག་སྟེ་བག་གསར་གྱི་ལྭ་བ་དང་སྐེད་རགས་ནས་བཟུང་སྟེ་ལྷོད་ཀྱིས་མར་མནན་ཞིང་། མནའ་མའི་མགོ་སྒོའི་ཡར་ཐེམ་ལ་རེག་ཏུ་མི་འཇུག་ཐབས་བྱེད་པ་ནི་བུད་མེད་ཀྱི་གོ་གནས་སྐྱེས་པ་ལས་མཐོ་རུ་མི་འཇུག་པ་མཚོན་པ་ཡིན། སྒོའི་ཁྱམས་རར་སྔ་ས་ནས་ཆང་འདྲེན་མཁན་སྐྱེས་པ་ཚོས་ལག་ཏུ་ཆང་གིས་གཏམས་པའི་དཀར་ཡོལ་འབྲུག་མ་བཏེགས་ཏེ། ཕྱོགས་གཅིག་ནས་གཉེན་བསུ་བའི་སྒོ་གཞས་གཏོང་བ་དང་། ཕྱོགས་གཅིག་ནས་མགྲོན་པོ་རེ་རེར་ཆང་འདྲེན་པར་བྱེད་པས། ཆང་ཚད་ཆུང་བ་རྣམས་ཁྱིམ་དུ་འཛུལ་རྗེས་ར་བཟི་ནས་རབ་རིབ་ཏུ་འགྱུར་ངེས།
སྐབས་དེར་ཁྱམས་རའི་མ་སྲུ་ཚོས་དར་ལྕོག་བཏགས་ཡོད་པའི་མ་ཎི་དར་ཤིང་བསྐོར་ནས"སྐྲ་མ་ལུང"ཞེས་པའི་བྲོ་འཁྲབ་པ་རེད། དེ་ནི་མི་གཅིག་གིས་མགོ་བཟུང་སྟེ་གླུ་ཡར་བཀྱགས་པ་ན་མི་མང་པོས་རྗེས་དེད་ནས་གླུ་གར་ཟློས་པ་ཡིན། ནང་དོན་ནི་མགྲོན་པོ་བསུ་བ་དང་། དགའ་སྤྲོ་སྐྱེས་པ། བཀྲ་ཤིས་པ། བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་འབུལ་བ་བཅས་ཡིན། གདངས་དང་སྟངས་སྟབས་ནི་ཧོར་རིགས་ཀྱི"ཨ་འགྲོ"དང་ཤིན་ཏུ་མཚུངས་པ་རེད།
མགྲོན་པོ་རྣམས་ནང་དུ་ཕེབས་རྗེས། གཉེན་ཚང་གིས་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་འོ་ཆུས་ཁེངས་པའི་དཀར་ཡོལ་འབྲུག་མ་དང་། ཕྲ་ཞིང་མཉེན་པའི་ཤུག་ལོ་ཕྱག་ཏུ་འབུལ་ལ། ཨ་ཞང་གཙོ་བོས་ཤུག་ལོ་འོ་མར་བསྒྲེས་ཤིང་བག་གསར་ཁྲིད་དེ་སྐྲ་ལུང་རུ་ཁག་གི་ཆེས་སྔོན་དུ་སོང་། ཁོང་གིས་ཕྱོགས་གཅིག་ནས་ཤུག་པས་དཀར་ཡོལ་ནང་གི་འོ་ཆུ་གཏོར་བ་དང་། ཕྱོགས་གཅིག་ནས་མག་གསར་དང་བག་གསར་གྱི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་བའི་སྨོན་ཚིག་འབུལ་བ་རེད། དེ་བྱིངས་ཀྱི་སྐུ་མགྲོན་ལ་ལ་བག་གསར་གྱི་རྗེས་སུ་འབྲངས་ནས་མ་སྲི་ཚོ་དང་མཉམ་དུ"སྐྲ་མ་ལུང"གི་སྐོར་བྲོ་འཁྲབ་པས། རྣམ་པ་ཧ་ཅང་བརྗིད་ཉམས་ལྡན་ལ་འཁྲུག་ཆ་དོད་པོ་ཡོད། དེ་ལྟར་སྐོར་བ་གསུམ་བརྒྱབ་རྗེས་གཞི་ནས་བག་གསར་ཁང་གསར་ནང་དུ་བསྐྱལ་བ་རེད།
ངས་ད་དུང་རང་ལོ་བཅུ་གསུམ་སྟེང་དུ་བོད་སྐད་བཤད་ཤེས་པའི་ཨ་ཡེ་ལགས་ཀྱིས་ང་ལ་གཉེན་བཤད་ཁྲིད་པའི་རྣམ་པ་དྲན་བྱུང་། ཁྱིམ་ཚང་གང་བོས་ཕ་སྐད་བཤད་མི་ཤེས་པ་དང་བསྟུན་ནས་གཉེན་བཤད་བཤད་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཏེ་དབུགས་རིང་འབྱིན་བཞིན་པའི་དུས་དེར། ཨ་ཡེས་མགོ་དཀྲིས་ཤིག་ལག་ཟུང་གིས་བཏེགས་ནས་ཁ་བཏགས་ཀྱི་ཚབ་བྱས་ཤིང་། ཞལ་འཛུམ་ལྷུག་པོས་སྒོ་ཁའི་གཉེན་བསུ་བའི་འབེལ་གཏམ་རྩི་མགོ་བརྩམས། མོས་བཤད་པ་ཧ་ཅང་སྙན་ཞིང་འཇེབས་ལ། ནང་དོན་གྱི་འགྱུར་བ་དང་བསྟུན་ནས་གཟུགས་བྱད་ཀྱང་མཛེས་སྡུག་ལྡན་པའི་ངང་འགུལ་བཞིན་འདུག བཤད་ཚར་རྗེས་མོས་ཡང་རྒྱ་སྐད་ཀྱིས་ལོ་ཙཱ་ཐེངས་གཅིག་བྱས། དེ་དག་ནི་སྐུ་མགྲོན་ཕེབས་བསུ་ཞུ་ཆེད། འུད་བསྟོད་ཀྱི་ཐབས་ལ་བརྟེན་ནས། ཕྱིང་གདན་དེ་སྐུ་རྒྱལ་བོད་ནས་དར་ཚུལ་དང་། ཁ་བཏགས་དེ་སྟོད་རྒྱ་གར་དང་སྨད་རྒྱ་ནག་ནས་དར་ཚུལ་སོགས་ཡིད་འགྱུར་ལྡན་པའི་སྙན་ངག་གིས་བཅངས་པ་ཤ་སྟག་རེད། གུད་དུ་བསྡད་ཡོད་པའི་ཨ་མྱེས་ང་ལ་རྒྱ་ཡིག་གིས་སྒྲ་སྦྱོར་བྱས་ནས་བྲིས་ཏེ་བློར་བཟུང་ན་མ་འོངས་པར་ཕན་ཐོགས་ཆེ་ཟེར་བས། ངས་བྲིས་རྗེས་ཡང་ཞོགས་པ་འགའ་བཀོལ་ནས་ཨ་ཡེས་ཁྲིད་པའི་གཉེན་བཤད་ཚང་མ་གཅིག་ཀྱང་མ་ལུས་པར་བློར་བཟུང་། དེའི་ཕྱི་ལོར། ཨ་ཡེ་ཚེ་ལས་འདས་སོང་། ང་ཚོ་ལ་གཞི་ནས་བསམ་པའི་རྒྱུ་ནོར་རྩ་ཆེན་འདི་བཞག་སོང་།
ཕྱི་ཉིན་ང་ཚོ་ཡང་མཚོ་སྔོན་པོར་ཡུལ་སྐོར་སྤྲོ་འཆམ་དུ་སོང་། མཚོ་སྔོན་པོའི་གཡུ་སྔོན་གྱི་རྦ་རླབས་ལྷབ་ལྷུབ་ཏུ་གཡོ་ཞིང་། ཉ་མོས་རྐྱལ་རྩལ་ངོམ་ལ། འདབ་ཆགས་གྱིས་འཕུར་རྩལ་ངོམ། མཐའི་སྤང་ལྗོངས་སྔོན་མོར་སྦྲ་གུར་དང་ནོར་ལུག་གིས་ཁེངས་ཤིང་། མེ་ཏོག་རྣམ་པར་བཀྲ་བས་སེམས་ཁམས་སྐྱིད་པོ་མི་ཡོང་མཁན་གཅིག་ཀྱང་མི་འདུག ད་དུང་བོད་རིགས་བུ་མོ་ཚོས་ཡུལ་སྐོར་བ་ཚོར་འཁྲབ་སྟོན་བྱས་པའི་ཨ་རྩེད་དེས་ང་ལ་མཛེས་སྡུག་ལྡན་པའི་འཆར་ཡན་སྣ་ཚོགས་སྦྱིན་སོང་།
དགོང་མོ་ང་ཚོས་ཟ་མ་ཟ་སྐབས། ཞོར་དུ་གྲོགས་པོ་འགའ་ཡང་བོས་པ་ཡིན། གྲོགས་པོ་འདི་དག་ལས་མང་ཆེས་བས་མཐོ་རིམ་སློབ་གསོ་མྱོང་བ་ཤ་སྟག་ཡིན་པས་རིག་གནས་ཀྱི་རྨང་གཞི་ཤིན་ཏུ་བརྟན་པོ་ཡོད། ལྷག་པར་དུ་ན་སོ་ཅུང་ཙམ་མཐོ་ཞིང་མིང་ལ་དཀོན་མཆོག་ཏུ་འབོད་པའི་ཨ་མདོའི་བོད་རིགས་སྤུན་ཟླ་ཁོང་གི་དྲན་ཤེས་དེ་བས་ཧ་ལས་ཤིང་སྨྲ་མཁས་ལྡན། ངས་ཐེངས་འདིའི་ཧོར་གྲོང་དུ་བསྐྱོད་པའི་ཐོབ་འབྲས་ཁོ་ཚོར་གླེང་། ཚང་མས་ཁྱོད་ཀྱིས་ཚིག་གཅིག་དང་ངས་ཚིག་གཅིག་གིས་ཧོར་གྲོང་གི་ཐུན་མོང་མ་ཡིན་པའི་དཔལ་འབྱོར་བསྐྲུན་ཐབས་ལ་བསྔགས་བརྗོད་ཚད་མེད་བྱས། དུས་དེར། ངས་ཧོར་གྲོང་གི་ཨ་འགྲོ་དང་ངེད་ཕ་ཡུལ་གྱི་སྐྲ་མ་ལུང་བྲོ་གཉིས་ཅིའི་ཕྱིར་དེ་འདྲའི་མཚུངས་པ་ཡིན་ནམ་ཞེས་དེའི་སྐོར་གྱི་རྒྱུ་མཚན་གང་ཡིན་པའི་སྐོར་གླེང་སྐབས། དཀོན་མཆོག་གིས། ཧོར་རིགས་ཀྱི་ཨ་འགྲོ་ནི་དོན་གྱིས་བོད་རིགས་ཀྱི་སྐྲ་མ་ལུང་བྲོ་ཡིན་ཏེ། དེས་བོད་རིགས་ས་ཁུལ་དུ་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཟིན་ཡོད་ལ། ཨ་མདོའི་གཉེན་སྲོལ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་རེད། དེས་དབུས་གཙང་ཡུལ་གྱི་གཉེན་སྲོལ་རིག་གནས་རྒྱུན་འཁྱོངས་བྱས་ཡོད་ལ་མདོ་སྨད་ས་ཁུལ་གྱི་གཉེན་སྲོལ་གོམས་གཤིས་ཀྱང་བསྡུ་ལེན་བྱས་ཡོད་པས། དེ་ནི་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་འོག་ཆགས་པའི་དམིགས་བསལ་གྱི་རིག་གནས་སྣང་ཚུལ་ཞིག་རེད། ཕྱིས་སུ་མི་རིགས་ཁག་ཕན་ཚུན་རིག་གནས་བརྗེས་རེས་དང་མཉམ་དུ་འཕེལ་རྒྱས་སུ་སོང་བའི་བརྒྱུད་རིམ་ཁྲོད་དུ་མི་རིགས་གཞན་གྱིས་དང་ལེན་བྱས་པའི་གནས་ཚུལ་ནི་དངོས་སུ་གནས་ཡོད་ཅེས་སྨྲས་བྱུང་།
དཀོན་མཆོག་ནི་སྤྱིར་ཤེས་རྒྱ་ཆེ་ཞིང་འཇོན་ཐང་ལྡན་པ་ཞིག་ཡིན་ཡང་། ལྟ་ཚུལ་འདི་ཡང་དག་ཡིན་མིན་ལ་ཁོ་བོའང་ཡིད་འགལ་དུ་གྱུར་བ་སྟེ། རབ་ཡིན་ན་བཞག་སྟེ་ཆེད་མཁས་ཀྱིས་བརྟག་དཔྱད་བྱས་ན་འོས། གང་ལྟར། རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པའི་ཆ་ནས། ཡང་སྙིང་སུས་སུ་ཞིག་དང་ལེན་བྱས་པ་དེ་གལ་མི་ཆེ་བར། གཙོ་བོ་དེ་ནི་འགྲོ་བ་མིའི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པའི་ཆ་ནས། ཕུན་སུམ་ཚོགས་པའི་སྒོ་ནས་ཉར་ཚགས་བྱས་ཡོད་པ་ནི། བོད་རིགས་ཀྱི་སྐོར་བྲོ་འཛམ་གླིང་ཏུ་གྲགས་པ་ལྟར་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། སྐོར་བྲོ་བརྒྱུད་ནས་མི་རིགས་ཁག་དབར་ཕན་ཚུན་སློབ་སྦྱོང་དང་། འཆམ་མཐུན་མཛའ་བརྩེ་ཡི་མཛེས་སྡུག་ལྡན་པའི་ལོ་རྒྱུས་ཀྱི་བཤུད་ལམ་དེ་བདེན་དཔང་བྱེད་ཐུབ་པ་དེ་རེད།
༤༡
ཡང་ཉིན་ཁ་ཤས་ཕར་འདས། ཚེ་ལོ་ཆེད་དུ་ས་སྐྱ་སྡེ་བར་འབའ་ཕྲུག་ལ་བཅར་འདྲི་བྱེད་པར་སོང་། ཁོས་ཐེངས་འདིར་བཅར་འདྲི་བྱེད་པ་ནི་གསར་འགྱུར་ལས་དོན་པ་ཞིག་གི་ཟུར་ངོས་ནས་འབའ་ཕྲུག་ཁོ་ཚོའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་རྗེས་སྐྱོང་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ། གཏིང་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་སྔོན་ཐོན་མི་སྣའི་གནས་ཚུལ་སྤེལ་ཞིང་། ཀློག་པ་པོའི་སེམས་སུ་མོ་དེ་བས་གསོན་ཉམས་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་རེད།ཚེ་ལོས་པར་ཆས་འཁུར་ཞིང་བཅར་འདྲིའི་འབྲི་དེབ་བཟུང་སྟེ། ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པའི་འཇེམ་འཁོར་ལ་བསྡད་ནས་ས་སྐྱ་གྲོང་དུ་འབྱོར། ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེས་ཚེ་ལོ་བཅར་འདྲི་བྱེད་པར་ཡོང་བ་ཤེས་རྗེས། སྤྲོ་སེམས་འཁོལ་བས་དགའ་བསུ་བྱས་ཤིང་། རང་ཁྱིམ་གྲུ་བཞིར་བསུ་བ་བྱས་ཏེ་ཤ་བཙོས་པའི་སྟེང་དུ་ཆང་དྲངས། ཁོས་ཚེ་ལོ་བཅར་འདྲིར་ཡོང་བ་ཤེས་པས། ཀྲི་པུའུ་ཡིས་ལོ་དེ་དག་རིང་བསྒྲུབས་པའི་ལས་དོན་རྣམས་ཞིབ་ཅིང་ཕྲ་བའི་སྒོ་ནས་གླེང་མོལ་བྱས་པ་རེད། རྡོ་རྗེ་ཡིས། ལོ་འདི་དག་གི་རིང་ལ། ཁོ་ཚོའི་སྡེ་བའི་ཏང་ཀྲི་པུའུ་ཡིས་དམངས་ཚོགས་ཀྱི་མགོ་ཁྲིད་དེ་དོན་དག་མི་ཉུང་བ་ཞིག་བསྒྲུབས་པ་ཡང་ཁྱབ་བསྒྲགས་བྱ་འོས་ཤིང་། དེས་ཏང་ཡོན་ཡོངས་དང་ལས་བྱེད་མང་ཚོགས་ཚང་མར་རྟིང་སྐུལ་བྱས་ན་འོས་ཞེས་བཤད་བྱུང་། ཚེ་ལོས་དེ་ཡང་འགྲིག་སྙམ་ཞིང་རེ་རེ་བཞིན་ཡིད་ལ་བཟུང་ལ། དེ་རྗེས། འབའ་ཕྲུག་ཚང་ལ་སོང་སྟེ་ཡང་བཅར་འདྲི་ཐེངས་གཅིག་བྱས། བཅར་འདྲི་བྱས་ཚར་རྗེས་སྐར་ཚོགས་བཀྲ་བའི་མཚན་དུས་སུ་སླར་ལས་ཁུངས་སུ་ལོག་ཅིང་མ་གདན་ལེགས་བསྒྲིགས་བྱས་པ་རེད།
ཉིན་ཤས་མ་སོང་བར། ས་སྐྱ་གྲོང་ཚོའི་ནང་གི་སྒྲོག་འཕྲིན་གཉིས་ཀ་ཚགས་པར་དང་རླུང་འཕྲིན་སྟེང་དུ་བཀོད་པ་རེད།
ཞེ་གཉིས་པ།
དོན་གྲུབ་ཕྱིར་སློབ་གྲྭར་ལོག་ནས་ཟླ་འགའ་འགོར་སོང་། ཁོ་དང་ཤའོ་ཡུན་དབར་གྱི་འབྲེལ་བ་ད་དུང་མི་ཆོག་རྒྱུ་མི་འདུག བར་བར་ལ་ལག་ཐོགས་ཁ་པར་བརྒྱུད་ནས་ཕན་ཚུན་འབྲེལ་བ་བྱེད་ཀྱི་ཡོད་ཀྱང་། ཡང་སྙིང་འཕེལ་རྒྱས་ཀྱི་ཚད་གཞི་གང་འདྲ་ཞིག་ཏུ་སླེབས་མིན་སུར་ཡང་གདེང་ཚོད་མེད། དེ་རིང་སྐོར་བྲོ་འཁྲབ་ཚར་རྗེས། སྒྲོལ་མས་ཤའོ་ཡུན་ཟ་ཁང་དུ་གདན་དྲངས་ནས་གནས་ཚུལ་དེ་གླེང་བ་རེད། ཤའོ་ཡུན་གྱི་གདོང་ཧ་ཅང་སྐྱུར་བའི་ཚུལ་དུ་གནས་པས། ཕལ་ཆེར་བཤད་མི་ཐུབ་པའི་གསང་བ་ཞིག་ཡོད་པ་འདྲ།སྒྲོལ་མས་ཞི་འཇམ་གྱིས། ཁྱོད་ཀྱི་ཨ་མའི་སར་ཡང་དཀའ་ངལ་ལ་འཕྲད་པ་མ་རེད་དམ་ཞེས་དྲིས།
ཤའོ་ཡུན་གྱིས། རེད་ལགས། ངའི་ཨ་མ་ནི་ཤིན་ཏུ་ཧ་གོ་ཞིང་དོན་རྟོགས་པའི་མི་ཞིག་ཡིན་ལ། དུས་རྒྱུན་དུ་ངའི་བསམ་འཆར་ལ་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རྒྱུ་མཚན་གང་ཡིན་མི་ཤེས་པར་བྱ་བ་དེའི་ཐད་ཨུ་ཚུགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། མོས་སྔར་བཞིན་ང་དང་དོན་གྲུབ་དབར་གཅེན་གཅུང་གི་མཛའ་གྲོགས་ཁོ་ན་འཛུགས་པ་ལས་དགའ་རོགས་སྒྲིག་པའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་མི་རུང་ཟེར་ལ། སྨྲས་པ་ཡིན་ན། ང་རྒྱ་རིགས་ཀྱི་བུ་ཞིག་ལ་མནའ་མ་སྟེར་ན་འདོད་ཟེར། ངའི་སེམས་ནི་ཇི་འདྲའི་ཐེ་ཚོམ་དང་འགལ་ཟླར་གནས་ཨང་། ཡིད་སྤྲོ་བ་ཞིག་ལ་ཨ་ཕས་ངོ་ལོག་མི་བྱེད་པ་དེ་རེད་ཅེས་ཟེར།
སྒྲོལ་མས་ཤའོ་ཡུན་ལ་བསམ་ཚུལ་གཞན་གང་ཡང་མེད་པ་རྟོགས་རྗེས། བློ་བདེ་མོ་གྱིས་དང་། ཁྱོད་ཀྱི་ཨ་མས། ཁ་ནས་ཁྱེད་རང་རྒྱ་རིགས་ཀྱི་བུ་ཞིག་ལ་མནའ་མ་སྟེར་འདོད་ཡོད་ཅེས་བཤད་མོད་ཀྱང་། ཡང་དོན་གྲུབ་དབར་གཅེན་གཅུང་གི་མཛའ་འབྲེལ་བྱོས་ཞེས་པ་ལས། མོ་དོན་གྲུབ་ལ་དགའ་པོ་ཡོད་པ་གསལ་བཤད་བྱས་ཡོད་པས། གཙོ་བོ་ཁྱོད་ཚོ་ཕན་ཚུན་ལ་དགའ་པོ་ཡོད་ཚེ། ཁྱོད་ཀྱི་ཨ་མའི་སེམས་པ་ནམ་ཞིག་ཕྱིར་འཁོར་ངེས་ཡིན་ཞེས་རྟིང་སྐུལ་བྱས།
ཤའོ་ཡུན་གྱིས་སྒྲོལ་མར་ང་ཚོ་དང་མོའི་ཨ་མའི་དེ་སྔའི་འབྲེལ་བ་བཟང་བོར་བརྟེན་ནས། སླར་ཡང་མོའི་ཨ་མར་བསམ་བློ་བརྗེས་རེས་བྱེད་པར་རེ་བར། སྒྲོལ་མས་དགའ་སྤྲོའི་ངང་ཁས་བླངས་པ་རེད།
ཉིན་དེའི་དགོང་མོར། སྒྲོལ་མས་ཤའོ་ཡུན་གྱི་བསམ་ཚུལ་ང་ལ་བཤད་པ་མ་ཟད། ད་དུང་ང་དང་ཡོས་ལན་དབར་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ཞིང་། བྱིས་པ་ཚོ་ཕན་ཚུན་དུང་བ་ཟབ་ལ་སྡུག་བསྔལ་ཡང་ཆེན་པོ་ཡོད་པའི་དངོས་ཡོད་ཀྱི་གནས་ཚུལ་གསལ་བཤད་བྱས་ཏེ། ཡོས་ལན་ལ། མོས་ངེས་པར་དོན་དངོས་ལ་ཁ་གཏད་དགོས་པ་དང་། རླབས་འཇགས་གྲུ་གཏོང་གིས་ཁོ་ཚོའི་འདོད་ཐོག་ཏུ་འཇོག་པར་སྐུལ་མ་གཏོང་དགོས་ཞེས་ཟེར།
ང་ལ་དཀའ་ཁག་ཆེན་པོའི་ཚོར་བ་བྱིན་བྱུང་། དཀའ་ཁག་འདི་རིགས་ཕྱོགས་གཉིས་ནས་ཡོང་བ་སྟེ། ཐོག་མར་ཡོས་ལན་ནི་སྤྱང་གྲུང་ལྡན་པའི་བུད་མེད་ཅིག་ཡིན་པས། མ་གཞི་ནས་མོ་འཐད་པ་མིན་ཚེ། ཁོ་ཐག་མི་འཐད་པའི་གནས་ལུགས་མང་བོ་ཡོད་སྲིད་དེ། ང་ཚོར་གསལ་པོ་ཤོད་མི་བདེ་བ་ཙམ་ཡིན་པ་དང་། གཞན་ཞིག་ནི། མོ་ད་ལྟ་ཁྱོ་ག་ཡོད་པའི་བུད་མེད་ཅིག་ཡིན་པས། ཁྱོད་སྒྲོལ་མ་ད་བློ་ཁོག་ཡངས་རུང་། མོའི་སྐྱེས་པས་ངེད་གཉིས་རྒྱུན་དུ་འཕྲད་བཞིན་པ་ཤེས་ཚེ་ཇི་ལྟར་བསམ་མམ།
ངས་སྒྲོལ་མའི་རེ་བར་ལན་མ་བཏབ།
༤༢
གྱེས་མོ་དང་སྐུད་པོ་ཡོང་བཞིན་ཡོད་པའི་ཉིན་དེར། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱི་སེམས་སུ་སྔར་མེད་ཀྱི་དགའ་སྤྲོ་འཕེལ། ཁོང་གཉིས་ཀྱིས་བཟའ་བཅའ་གྲ་སྒྲིག་བྱས་རྗེས་སྔ་མོ་ནས་རླངས་འཁོར་ས་ཚུགས་སུ་བསུ་བར་སོང་བ་རེད།དུས་ཚོད་ཕྱེད་ཀ་ལྷག་ལ་སྒུག་རྗེས་རླངས་འཁོར་དུས་ལྟར་ས་ཚུགས་སུ་ཐོན་བྱུང་།
གྱོས་མོ་རླངས་འཁོར་ལས་བབས་མ་ཐག་ཚེ་ལོ་མདུན་དུ་རྒྱུགས་ཏེ། ཨ་མ་དང་ནུ་བོས་ལམ་ནས་དཀའ་ལས་མ་མྱང་ངམ་ཞེས་འཚམས་འདྲི་བྱས།
གྱོས་མོས་དགའ་སྤྲོའི་ངང་། མ་མྱངས། མ་མྱངས། རླངས་འཁོར་གྱིས་འཁུར་ཡོང་བ་མིན་ནམ། རང་ཉིད་གོམ་པ་གང་ཡང་མ་སོང་བར་ཡུལ་ལ་ཐོན་སོང་བ་འདི་རེད་ཅེས་ཟེར།
གཡང་སྐྱིད་ཀྱིས་གྲ་སྒྲིག་བྱས་ཡོད་པའི་ཐོག་ལྭ་ཞིག་མྱུར་དུ་ཨ་མའི་རྒྱབ་ཏུ་གཡོགས་ནས། ཨ་མ་ལགས། འདི་རུ་མཚོ་འཕགས་མཐོ་ཞིང་ནམ་ཟླ་འཁྱག་པས། ཁྱེད་ལ་མི་བདེ་བའི་ཚོར་སྣང་ཨེ་འདུག་གམ་ཞེས་དྲིས།
གྱོས་མོས། ང་ད་དུང་ལོ་ཆུང་ཞིང་ལུས་པོའང་བཟང་བས། མི་སྐྱོན། མི་སྐྱོན། ཞེས་སྨྲ་བཞིན་ལྡིག་ལྡིག་ལྡིག་བཅས་གོམ་པ་འགའ་སྔོན་ཏུ་སོང་བས། ཚེ་ལོ་དང་གཡང་སྐྱིད་གཉིས་རྒྱབ་ཏུ་བསྐྱུར་བྱུང་ལ། ཅུང་ཙམ་མིན་ན་ལུས་ཀྱི་ལྭ་བའང་ས་རུ་ལྷུང་སོང་།
ཚང་མས་མཐོང་རྗེས་ཧ་ཧའི་གད་མོ་ཤོར།
ཁྱིམ་དུ་འབྱོར་ཚེ། ཀ་ར་དང་མངར་ལེབ་སོགས་ཟས་རིགས་ཞིམ་པོ་སྣ་ཚོགས་ཅོག་ཙེ་གང་བསྒྲིགས་ཡོད་པ་དང་། བ་མའི་ནང་དུ་ད་དུང་ལུག་ཤ་གསར་བ་བཙོས་ཡོད།
གྱོས་མོས། ཁྱོད་ཚོས་འདི་འདྲའི་གཟབ་རྒྱས་བྱེད་དོན་གང་ཡོད་དམ། ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས། འཛེམ་དོགས་བྱེད་རྒྱུ་ཅི་ཡོད་དམ་ཞེས་ཟེར།
ཚེ་ལོས། ཁྱེད་ཚོ་ལམ་དུ་བྲེལ་བ་ཆེ་ཞིང་ཐང་ཆད་ཀྱང་ཟ་མ་ཐུན་གཅིག་ཀྱང་ཟ་དབང་མེད་པས། ང་ཚོས་འོས་འཚམས་ཀྱིས་གྲ་སྒྲིག་ཙམ་བྱས་ནས་སྣེ་ལེན་བྱས་པ་ཙམ་ཡིན་ཞེས་ཟེར།
གྱོས་མོས་ལྷུག་འཛུམ་ངང་། དེས་ན་བཟང་གི། རེད་མོད་ཀྱང་རྗེས་ཕྱོགས་སུ་འདི་ལྟར་གཏན་ནས་བྱེད་མི་རུང་། གལ་ཏེ་ཉིན་རྒྱུན་ང་ལ་འདི་ལྟར་བྱས་ན། ང་ཕྱི་མིར་རྩིས་པ་དང་ཁྱད་མེད་པས། ང་འདིར་ཉིན་གཅིག་འདུག་པར་ཡང་གོམས་མི་སྲིད་ཅེས་ཟེར།
ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་མ་གྲོས་གཅིག་མཐུན་གྱིས། ཨ་མ་ལགས། འདི་ཁྱེད་ཀྱི་ཁྱིམ་ཡང་ཡིན་པས། ང་ཚོས་ཁྱེད་འདིར་བརྟན་བཞུགས་བྱ་རུ་འཇོག་རྩིས་ཡོད་ཅེས་ཟེར།
སྐུད་པོས་ཕྱོགས་གཅིག་ནས་ཟ་མ་ཟ་བ་དང་ཕྱོགས་གཅིག་ནས་ཀུ་རེས། ཨ་མ་འདི་ནས་བསྡད་ན་ཕ་ཡུལ་དུ་ཇི་ལྟར་བྱེད་དམ། ང་ཚོས་ཨ་མ་དུམ་བུ་གཉིས་སུ་བགོ་ཐག་ཆོད་ཀྱིས་དུམ་བུ་གཅིག་འདི་ནས་བསྐྱུར་ཞོག་ལ། དུམ་བུ་གཅིག་ངས་ཡུལ་དུ་འཁྱེར་འགྲོ་ཞེས་པར།
གྱོས་མོས་ཧ་ཧའི་གད་མོ་དང་བཅས། ངའི་ལོ་ཚོད་འདིའི་ཀེང་རུས་འདི་ད་དུང་དེ་འདྲ་བྲུན་པ་ཡིན་ནམ་ཞེས་ཟེར།
ཚེ་ལོས། ཡིན་ཏེ། ཁྱེད་ནི་ང་ཚོའི་རིན་ཆེན་རིལ་བུ་ཡིན་པ་རེད་ཟེར།
དགོང་ཟས་ཟོས་རྗེས། གཡང་སྐྱིད་ཀྱིས་བརྙན་འཕྲིན་གྱི་སྒོ་ཕྱེ་བ་ན། བརྙན་འཕྲིན་ནང་དུ་བཀྲག་མདངས་ལྡན་པའི་གྱོན་ཆས་ཀྱིས་བརྒྱན་པའི་བུ་མོ་སྐོར་ཞིག་སྐོར་བྲོ་འཁྲབ་བཞིན་འདུག གྱོས་མོས་མཐོང་རྗེས་དགའ་སྤྲོའི་ངང་། ཨ་ལ་ལ། བརྙན་འཕྲིན་འདིའི་ནང་གི་མི་འདི་དག་ཇི་འདྲའི་མཛེས་ཤིང་གྱོན་ཆས་ཇི་འདྲའི་བཀྲག་མདངས་ལྡན་པ་ལ་ཨང་ཞེས་ཟེར།
སྐུད་པོས། ཨ་མ་ལགས། འདི་ནི་ཚོན་ལྡན་བརྙན་འཕྲིན་རེད། ང་ཚོའི་དེ་ནི་དཀར་ནག་ཅན་ཡིན་པས་རེད་ཟེར།
གྱོས་མོས། ཕལ་ཆེར་ཚོན་རྩི་ནང་དུ་བཞག་པས་ཡིན་རྒྱུ་རེད། ང་ཚོ་ཡང་སོང་ནས་ཚོན་རྩི་ཅུང་ཙམ་བཞག་སྟེ། ནང་གི་མི་དང་། རི་དང་། ཆུ་དང་། མེ་ཏོག་དང་། རྩྭ་དང་། བྱ་དང་བཅས་པ་མཛེས་སྤྲོས་བྱས་ནས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་ཆོག་ཅེས་ཟེར།
གྱོས་མོས་ཡང་ཚང་མར་དགོད་ཁ་སློང་ནས་ཚང་མ་སྐད་ཆེན་པོས་དགོད་དུ་བཅུག
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།