logo

༄༅། །གཞན་དང་འབྲེལ་བ་བྱེད་པའི་ཆ་རྐྱེན་བཞི།

རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-03-11 ཀློག་གྲངས།:
༄༅། །གཞན་དང་འབྲེལ་བ་བྱེད་པའི་ཆ་རྐྱེན་བཞི།
རྩོམ་པ་པོ། ཧྥུའུ་ཕེ་རོང་།
སྒྱུར་བ་པོ། སྒྲོལ་དཀར་ཚེ་རིང་།

       ཧ་པེ་མ་སི་མཆོག་ནི་འཇར་མན་གྱི་ཧྥ་རན་ཁི་ཧྥི་གྲུབ་མཐའི་ཚབ་མཚོན་ཡིན་ལ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དར་བའི་མཐའ་དཔྱོད་ཀྱི་གཞུང་ལུགས་རྒྱ་ཆེར་སྤེལ་ལ་གང་དེ་ལེགས་པར་བཅོས་པའི་བགྱི་བའང་བརྩམས། ཁོང་གིས“འབྲེལ་འདྲིས་ཀྱི་རྣམ་གཞག”ཅེས་པ་ཞིག་གཏན་ལ་ཕབ།
       གཞན་དང་འབྲེལ་འདྲིས་ལེགས་པར་བགྱི་ཐུབ་པའི་སྐད་ཆ་ལ་ངེས་པར་ཆ་རྐྱེན་བཞི་དང་ལྡན་དགོས་པར་འདོད་དེ།
       གཅིག གོ་བ་ལེན་ཐུབ་པ། སྐད་ཆའི་སྦྱོར་བ་ངེས་པར་སྐད་ལུགས་ཡིག་སྲོལ་དང་མཐུན་དགོས།
       གཉིས། བདེན་པར་ངེས་པ། གཏམ་གྱི་བརྗོད་བྱ་དང་ཕྱི་ཡི་དོན་དངོས་གཉིས་ཁྱབ་མཉམ་དུ་བདེན་པར་ངེས་པ།
       གསུམ། ལྷག་བསམ་དག་པ། ལྷག་བསམ་རྣམ་དག་གིས་རང་གི་འདོད་པ་བསྟན་ནས། ཉན་མཁན་གྱི་ཡིད་ཆེས་འཐོབ་པར་བྱ་དགོས།
       བཞི། རན་པར་སྨྲ་བ། བརྗོད་བྱ་ནི་ཉན་མཁན་གྱི་བློ་ངོར་འཐད་པའི་རྣལ་སྲོལ་དང་ལེགས་པར་གནས་པས། ཉན་པ་པོའི་ངོས་ལེན་ཐོབ་ཅིང་དང་དུ་ལེན་འདོད་པའོ། །འབྲེལ་བའི་ཚུལ་བྱེ་བྲག་པའི་གནས་སྐབས་སུ། བདེན་པར་ངེས་པ་དང་རན་པར་གནས་པ་ནི་ལེགས་པར་འཁྱོངས་དཀའ་བས། ཡང་དང་ཡང་དུ་བརྟག་དགོས།
       དེས་ན་ལྟ་གྲུབ་ཀྱི་བགྲོ་བའི་ཚུལ་ཇི་ལྟར་མངོན་དུ་བྱེད་ཅེ་ན། དེ་ལ་ཐབས་ནི་ལྔ་ཡོད་དེ།
       གཅིག འབྲེལ་བའི་ཕྱོགས་གཉིས་ཀས་གོ་སྐབས་འདྲ་མཉམ་གཞི་བྱས་ཏེ་གཏམ་བཤད་ཆོག
       གཉིས། ཕྱོགས་གཉིས་ཀས་གསལ་བར་བཤད་པ་དང་ལེགས་པར་འཆད་པའི་ཚེ་ན། ཕ་རོལ་པའི་བརྟག་པ་དང་དགག་པ་དང་དུ་ལེན་དགོས།
       གསུམ། ཕྱོགས་གཉིས་ཀས་རང་གི་འདོད་པ་གསལ་པོར་མཚོན་ཏེ། ཕན་ཚུན་གོ་བརྡ་འཕྲོད་པར་བྱ་དགོས།
       བཞི། ཕྱོགས་གཉིས་ཀས་འགྲིག་ཐུན་མོང་བ་ཞིག་སྲུང་དགོས།
       ལྔ། བགྲོ་གླེང་བྱ་བའི་དམིགས་ཡུལ་ནི་རིག་པ་དང་ལྡན་ལ། རང་ཚུགས་ཐུབ་ཅིང་། འགན་འཁུར་བའི་བསམ་པས་འདང་རྒྱག་པ་དང་འབྲེལ་བ་བྱེད་པ་དེ་ཡིན་པས། དགོས་མེད་ཀྱི་འདུ་ཤེས་འཛིན་སྟངས་དང་འབྲལ་དགོས།
       རིག་པ་དང་ལྡན་པའི་སྐྱེ་བོ་ལ་ལོ་རྒྱུས་ཀྱི་འདུ་ཤེས་སམ་སྤྱི་ཚོགས་ཀྱི་འབྲེལ་ཐུག་དང་བྲལ་བའི་ཚུལ་ནི་མེད་དུ་མི་རུང་བ་ཡིན། མཐའ་དཔྱོད་ཀྱི་གཞུང་ལུགས་ཀྱིས་མི་ལ་ཕྱིར་རྟོག་དང་འདུ་ཤེས་འཛིན་སྟངས་སྣ་ཚོགས་ལས་འདའ་བར་བྱེད། འབྲེལ་འདྲིས་ཀྱི་གཞུང་ལུགས་ཀྱིས་ཁེ་ཕན་ཐ་དད་པའི་གྲལ་རིམ་བར་གྱི་གེགས་ལེགས་པར་སེལ་ནས། སྤྱི་ཚོགས་ཀྱི་འབྲེལ་བ་ལྷག་པར་ཞི་ཞིང་མཐུན་པ་ལ་སྐུལ། ཧ་པེ་མ་སི་མཆོག་གིས་སྤྱི་ཚོགས་ཀྱི་གནས་བབ་ལ་དཔྱད་ཞིབ་གནང་བ་དེ་དེང་གི་དུས་སུའང་ལག་ལེན་གྱི་རིན་ཐང་དང་ལྡན་པ་ཡིན་ནོ། །

གོང་གསལ་ནང་དོན་འོད་འཛིན་འཕྲིན་སྟེགས་ལས་བླངས།
འབྲེལ་ཡོད་འོས་སྦྱོར།