logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉིར་གཉིས་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-15 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ཞེ་གསུམ་པ། 

       ཉིན་དེར། སྒྲོལ་མས་བཤད་རྒྱུར། བཀྲ་ལོས་ཁ་པར་ཡོང་ནས་དེ་སྔོན་གསོ་སྦྱོང་དུ་ཞུགས་མཁན་གྱི་བུད་མེད་དེ་དག་གདན་འདྲེན་ཞུ་བཞིན་ཡོད་པས། མོ་ཞིང་ཆེན་གྲོང་ཁྱེར་དུ་ཐེངས་གཅིག་འགྲོ་དགོས་ཟེར། ངས། སོང་ཞིག ཞོར་དུ་ཁྱིམ་དུ་ཆུ་དང་གློག་གི་གནད་དོན་འདྲ་ཡོད་མེད་སྐོར་ལ་ནན་ཏན་ཞིག་ལྟོས་ཞེས་བཤད།
       སྒྲོལ་མས་ང་དགའ་ཡོད་པ་མཐོང་བས། འཛེམ་དོགས་སྤུ་ཙམ་ཡང་མེད་པར་མཛེས་སྤྲས་ཐེངས་གཅིག་བྱས་རྗེས། རྒྱབ་ཁུག་ཆུང་ཆུང་འཁུར་ནས་བྲེལ་འཚུབ་ངང་སྒོར་ཆས།
       སྒྲོལ་མ་སོང་རྗེས། ངས་ཐེངས་འདིའི་མོའི་དུས་ཆད་བྱས་པའི་ཟླ་གྲོགས་དང་མོའི་གདོན་འདྲེའི་རྣམ་འགྱུར་དེར་བསམ་བློ་གཏོང་བཞིན་གཏོང་བཞིན་སེམས་ཅུང་ཙམ་མི་བདེ་བར་གྱུར།
       ངས་གོང་དུ་གསལ་ལ་མི་གསལ་བའི་སྒོ་ནས་གསལ་བཤད་བྱས་མྱོང་སྟེ། ལོ་མང་གོང་དུ་ང་དང་སྒྲོལ་མའི་འཚོ་བའི་ནང་དུ་བཀྲ་ལོ་ཞེས་པ་དེ་ཡོད་ལ། ཁོས་སྒྲོལ་མ་མི་འཐད་པའི་གནས་ཚུལ་འོག་ཏུ་ཅུང་ཙམ་མིན་ན་གཡོ་སྒྱུའི་འཆལ་སྤྱོད་སྤེལ་ཚར་ཡང་། ཕྱོགས་མང་པོའི་ཐད་ནས་འདང་བརྒྱབ་བརྒྱབ་མཐར་ཡར་ཁྲིམས་གཏུགས་མ་བྱས་པ་ཡིན། གནས་ལུགས་ལྟར་ན་ཁོ་ནི་ང་ཚོའི་དགྲ་བོ་ཡིན་མོད། འོན་ཀྱང་སྣང་ཚུལ་མང་པོ་ཞིག་གིས་སྒྲོལ་མས་ཁོ་ལ་འཁང་ར་མི་བྱེད་པར་དེ་ལས་ལྡོག་སྟེ་དམིགས་བསལ་གྱི་གནས་ཡུལ་ཁ་ཤས་སུ་ཁོ་དང་མཉམ་དུ་འཁྲི་བཞིན་འདུག དཔེར་ན་ལོ་དེར་ང་ཚོ་ཕ་ཡུལ་དུ་ལོག་སྐབས་སྟབས་བདེའི་རླངས་འཁོར་མ་རྙེད་པས། སྒྲོལ་མ་ཁོའི་རླངས་འཁོར་ལ་བསྡད་དེ་ཁྱིམ་དུ་ལོག་འདོད་ཀྱང་ང་མོས་མཐུན་མ་བྱུང་བ་དང་། ད་དུང་དཔེར་ན། སྒྲོལ་མས་ཞིང་ཆེན་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་སྐབས་བཀྲ་ལོས་ཆེད་དུ་ཁོང་ཚོ་བུད་མེད་ཁ་ཤས་གདན་དྲངས་ནས་ཉིན་ཁ་ཤས་རིང་སྡོད་དུ་བཅུག་པ་ལྟ་བུའམ། དེ་བཞིན་ད་ལྟའང་ཁོ་མོ་ཚོ་མགྲོན་དུ་འབོད་ཀྱིན་འདུག དོན་དངོས་སུ་མོ་གཅིག་པུ་འབོད་བཞིན་པ་ཡིན་ནམ་ཡང་ན་བུད་མེད་གཞན་ཡང་ཡོད་མེད་འདྲེ་ཁོ་ནར་གསལ་ངེས། ཁོས་ཅིའི་ཕྱིར་ཡང་དང་བསྐྱར་དུ་ཁོ་མོ་གདན་འདྲེན་བྱེད་དགོས་པ་ཡིན་ནམ།
       ངས་ཁྱིམ་སྤྱོད་ཁ་པར་བཏང་ནས་མོ་ཕྱིར་འབོད་རྩིས་བྱས་མོད། ཡང་ཡར་བཀྱགས་པའི་ཁ་པར་སླར་ཡང་མར་བཞག རྒྱུ་མཚན་ནི་ངས་གནས་ལུགས་ཅི་ཞིག་གིས་མོ་ཕྱིར་འབོད་འོས་སམ། ཕོ་མོའི་འབྲེལ་བའི་གནད་དོན་ཐད་བཤད་ན་ང་དང་སྒྲོལ་མ་གཉིས་ཀས་འདང་དཔོག་ཐུབ་པའི་མི་ཡིན། ཡང་ཅིག་བཤད་ན། གཉེན་དོན་ཐད་དམ་བརྩེ་དུང་གི་ཕྱོགས་སུ་ང་ཚོ་རིག་རྟུལ་ཡིན་པས་སམ། ཡང་ན་མི་གཞན་དང་མི་འདྲ་བའི་གོ་བ་ལེན་སྟངས་ཤིག་ཡོད་པ་ཡིན་པས་གང་ཞིག ངེད་གཉི་གས་འདོད་སྟངས་ནི། གཉེན་སྒྲིག་བྱས་པའི་མི་ལ་བརྩེ་དུང་ཡོད་པས་མ་ཁྱབ་ལ། བརྩེ་དུང་ཡོད་པའི་མིའང་མཉམ་དུ་འགྲོ་ཐུབ་པས་མ་ཁྱབ་པ་དེ་ཡིན། གང་ལགས་ཞེས་ན། མི་ཚེའི་འདུ་ལོང་འདིའི་ཁྲོད་ཀྱི་མི་ཚང་མའི་གཉེན་སྒྲིག་ཐད། སྤྱི་ཚོགས་དང་། ཁྱིམ་ཚང་། མི་སྒེར་བཅས་ཀྱི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ཡོད་པ་སྟེ། དེའི་དམིགས་ཡུལ་གཙོ་བོ་ནི། མི་གཅིག་གིས་ཁ་མི་སོས། ཤིང་གཅིག་གིས་མེ་འབར་ཟེར་བ་བཞིན་གཞི་རྩའི་ཆ་ནས་ཕྲུ་གུ་བསྐྱེད་དེ་འཚོ་བ་སྐྱེལ་རྒྱུ་དེ་ཁོ་ན་གཅིག་མཚུངས་ཡིན་པ་ཕུད། གཞན་དག་ལ་ཁྱད་པར་ཁྲི་སྟོང་མང་པོ་ཡོད་པ་རེད། དཔེར་ན། མི་ལ་ལས་ཕ་རོལ་བའི་བཞིན་རས་དང་སྐྱེས་གཟུགས་ལ་མཐོང་ཆེན་བྱེད་པ་དང་། མི་ལ་ལས་ཕ་རོལ་བའི་ཁྲག་རྒྱུན་དང་ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ། མི་ཁ་ཤས་ཀྱིས་ཕ་རོལ་པོའི་ཁྱིམ་ཚང་གི་རྒྱུ་ནོར་དང་དབང་ཤུགས་ལ་མཐོང་ཆེན་བྱེད་པ། མི་ཁ་ཤས་ཀྱིས་ཕ་རོལ་པོའི་ལས་རིགས་སམ་ཤེས་བྱར་མཐོང་ཆེན་བྱེད་པ། ཐ་ན་མི་འགའ་ཞིག་གིས་རང་ཉིད་ཕ་རོལ་བོའི་གྲོང་དུ་ཁྱིམ་ཐོ་འགོད་ཐུབ་པར་བྱ་བའི་ཆེད་དུ་བྱེད་པ་སོགས་བྱ་བ་གཅིག་ལ་བྱེད་ཐབས་བརྒྱ། འགྲོ་ས་གཅིག་ལ་བགྲོད་ལམ་སྟོང་ཞེས་པ་བཞིན་རེད། དེའི་ཕྱིར། ཕྱོགས་གཉིས་ཀྱི་སྤྱིའི་ཆ་རྐྱེན་ཚང་མ་གཅིག་འདྲ་ཡིན་པ་དང་གཉེན་སྒྲིག་བྱས་རྗེས་འགྱུར་ལྡོག་ཅི་ཡང་མེད་པ་ནི་ཧ་ལམ་ཉིན་མོའི་སྐར་ཟླའི་རྗེས་སུ་འགྲོ་བ་ཙམ་རེད། དེའི་རྐྱེན་གྱིས་མི་ཚོགས་སྟོང་འདུས་ཁྲོད་དུ་ཕན་ཚུན་མཐུན་ཞིང་འགྲིག་པའི་པའི་མི་ཚེའི་གཏན་གྲོགས་ཤིག་རྙེད་ཐུབ་པ་ནི་ཧ་ཅང་སྟབས་ལེགས་པ་ཞིག་རེད། དཔེར་ན་ང་དང་སྒྲོལ་མ་གཉིས་བར་མཚོན་ནའང་། ང་མོར་དགའ་ས་མང་པོ་ཡོད་ལ། མོའང་ངར་དགའ་ས་མང་པོ་ཡོད་པ་མ་ཟད། ཐ་ན་བརྩེ་དུང་གི་རྨང་གཞིའང་ཧ་ཅང་བརྟན་པོ་ཞིག་ཡོད་ཀྱང་། བརྩེ་དུང་དེ་རིགས་ནི་ད་དུང་ཕན་ཚུན་ཤིན་ཏུ་དུང་བའི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད་པ་མ་རེད། རྒྱུ་མཚན་དེའི་དབང་གིས་བལྟས་ན་བདེ་ཞིང་སྐྱིད་པའི་བཟའ་ཚང་གི་ཁྲོད་དུའང་རྙོག་དྲའི་གནས་ཚུལ་ནི་བརྗོད་ཀྱིས་མི་ལང་བ་ཞིག་བསྐུངས་ཡོད་པས་རེད། དེའི་འབྱུང་རྐྱེན་གཙོ་བོ་ནི་ཁྱིམ་གཉིས་བར་སྔོན་ཆད་ནས་བཙུགས་པའི་གཉེན་འབྲེལ་གྱི་རྨང་གཞིའི་སྟེང་དུ་ཡབ་མེས་ཚོའི་མཚམས་སྦྱོར་བྱས་པའི་གནད་དོན་དེ་ག་རང་རེད། སྒྲོལ་མ་དང་བསྡུར་ན། ང་ཡོས་ལན་ལ་དེ་བས་དགའ་པོ་ཡོད་མོད། འོན་ཀྱང་ངེད་གཉིས་ལ་བཟའ་ཟླའི་ལས་དབང་དེ་མེད་པའི་སྟེང་། འགྲོག་བཟང་ཞིག་བཅའ་བསམ་ཡང་ཤིང་ཚིགས་མེད་སར་ཡལ་ག་སྐྱེས་པའི་གནས་ཚུལ་ཐོན་རྒྱུར་སྐྲག་གི་འདུག ད་དུང་ངའི་བསམ་ཚུལ་ཞིག་ལ། བཟའ་ཚང་ཕན་ཚུན་གྱིས་ཁྱིམ་གྱི་གཞི་རྩའི་འཚོ་བ་དེ་རྒྱུན་འཁྱོངས་བྱེད་ཐུབ་ཚེ་སྐབས་འགར་ཁམ་བུ་དམར་པོ་གྱང་ཁར་ཕྱིར་བུད་ཀྱང་མི་ཚེའི་རྒྱུན་ལྡན་གྱི་བྱ་བ་ཞིག་རེད་འདོད་པས། དེ་ལ་ལེ་བདའ་ཆེར་བྱེད་དགོས་དོན་མི་འདུག ངོས་འཛིན་དེ་འདྲ་ཡོད་པའི་རྐྱེན་གྱིས། གལ་ཏེ་སྒྲོལ་མ་དང་སྐྱེས་པ་གཞན་དག་ཕན་ཚུན་ཁ་ཆད་བྱས་པའམ་ཡང་ན་ཕན་ཚུན་དགའ་པོ་ཡོད་ཀྱང་ངས་དེར་དོ་སྣང་བྱེད་མི་སྲིད། ཡིན་ཀྱང་བཀྲ་ལོ་ནི་སྔོན་ཆད་ང་ཚོའི་སེམས་ནང་གི་དགྲ་བོ་མ་ཡིན་ནམ།
       ངས་ཁ་པར་མ་བཏང་། སྤྱིར་ངས་སྒྲོལ་མའི་ཀ་བེད་ནང་དུ་བཟི་སྨན་གང་ཞིག་བླུགས་ཡོད་པ་ད་དུང་གསལ་བོ་ཤེས་ཀྱི་མེད་ཀྱང་། གང་ལྟར་མོས་སྐད་ཆ་དྲང་པོ་ཁ་ཤས་བཤད་སོང་བ་ལྟར་རེད། མ་གཏོགས་མོས་གྲོང་ཁྱེར་གྱི་སྡོད་ཁང་དུ་ཉིན་ཤས་རིང་ངལ་གསོ་བྱེད་དུ་འགྲོ་དགོས་ཟེར་ཡང་ངས་ཡ་མ་གཏོགས་ཅི་ཞིག་ཟེར་རམ།
       གཟའ་ཉི་མའི་ཕྱི་དྲོ་སྒྲོལ་མ་བྲེལ་འཚུབ་ངང་ཕྱིར་ཡོང་། མོས་མངར་སྦངས་དང་། ཀ་ར། བརྔོས་བཅའ་ཁུག་མ་གང་ཅོག་ཙེའི་སྟེང་དུ་བཞག་རྗེས་འཛེམ་དོགས་ཅི་ཡང་མེད་པར། ཟོ་ཞིག འདི་ནི་བཀྲ་ལོས་ཁོ་རེ་ཡ་ནས་ཁྱེར་ཡོང་བའི་བཟའ་བཅའ་རེད། ཞིམ་པོ་འདུག་ཅེས་ཟེར།
       ངས་བཟོད་སྒོམ་མ་ཐུབ་པར་ཁོང་ཁྲོའི་ངང་། མི་ཟ་མི་ཟ་སུ་ཞིག་གིས་ཕྱི་རྒྱལ་གྱི་དངོས་པོ་རྩེད་སྤྱད་དེ་དག་ལ་མཐོང་ཆེན་བྱེད་དམ་ཞེས་བཤད།
       སྒྲོལ་མས་མྱུར་དུ་ངོ་གནག་ནས། མི་ཟ་ན་བསྐྱུར་ཞོག་དང་ཆོག་གི ཅིའི་ཕྱིར་སོ་སྲུབས་སུ་ཚེར་མ་ཡོད་པའི་སྐད་ཆ་དེ་འདྲ་བཤད་དགོས་སམ་ཞེས་ཟེར།
       ངས། ངས་ཁྱོད་ལ་དྲང་མོར་བཤད། གལ་ཏེ་ཁྱོད་ཀྱིས་སྐྱེས་པ་གཞན་པ་དང་དུས་བཅད་བྱས་ན་ངས་ངོ་རྒོལ་བྱེད་མི་སྲིད་མོད། རྒྱུ་མཚན་ནི་ཁྱོད་དང་ང་ནི་ཁོག་རྒྱ་ཡངས་པའི་མི་གཉིས་ཡིན་པས་རེད་། ལགས་ཀྱང་དགྲ་བོ་ཞིག་དང་དུས་བཅད་བྱས་ན། ངས་ཇི་ལྟར་ཡང་འདང་དཔོག་མི་ཐུབ་པའི་སྟེང་། ཁོང་ཁྲོ་བཟོད་མི་ཐུབ་ཅེས་བཤད།
       སྒྲོལ་མས་སྣང་དོགས་མེད་པར། ངས་ཀྱང་ཁྱོད་ལ་དྲང་མོར་བཤད། བཀྲ་ལོ་ནི་ངའི་དགྲ་བོ་མིན། རྒྱུ་མཚན་ནི་ང་ཚོས་སྔོན་ཆད«ཧོར་གླིང་གཡུལ་འགྱེད»ཅེས་པའི་ཟློས་གར་ཁྲོད་བཟའ་ཟླའི་མི་སྣ་འཁྲབ་མྱོང་། དེ་ཡང་ངའི་མི་ཚེའི་ཁྲོད་ཀྱི་སྤྲོ་སྐྱིད་ལྡན་པའི་ལོ་ཟླ་ཞིག་ཡིན། བཀྲ་ལོ་དཔའ་ཉམས་དོད་ལ་གླུ་ལེན་གར་འཁྲབ་ལ་མཁས་པས་ང་ཁོ་ལ་དགའ། ཁྱོད་ཀྱི་གཤིས་ཀ་ཁེར་སྡོད་སྨྲ་ཉུང་ཡིན་པ་མ་ཟད། ད་དུང་རྒྱུན་དུ་འདྲེ་མཐོང་བའི་སྐད་ཆ་ངན་པ་འགའ་བཤད་ནས་ང་རང་སྐྲག་ཏུ་བཅུག གལ་ཏེ་ཁྱོད་ཀྱིས་རྗེས་ནས་སྐྱོན་ཆ་ངན་པ་འགའ་བསྒྱུར་བ་མིན་ན། ང་ཚོ་ཕལ་ཆེར་ད་ལྟའི་བར་དུ་མཉམ་དུ་འགྲོ་ཐུབ་མེད་ཅེས་ཟེར།
       ངས། དེ་ལྟར་བཤད་ན་ཁྱོད་སྐབས་དེར་བཀྲ་ལོ་ཡི་རེ་བར་འཐད་པ་བྱུང་ཞིང་། དོན་སྐྱུག་བྲོ་བ་དེ་འདྲ་བྱུང་ཚར་བ་རེད་དམ་ཞེས་པར།
       སྒྲོལ་མས། བྱུང་མེད། ངས་ཡང་དང་བསྐྱར་དུ་ཁྱོད་དང་ངེད་ཁྱིམ་ཚང་གཉིས་ཀྱི་དམིགས་བསལ་གྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་བསམ་བློ་བཏང་བས། ཁོ་ལ་ཁས་ལེན་མ་བྱས་མོད། འོན་ཀྱང་ང་ཚོར་དོན་དག་བྱུང་བའི་དགོང་མོ་དེར། གལ་ཏེ་ཕྱི་ན་མི་ཞིག་གིས་སྒོ་རྡུང་བ་མིན་ན། ང་ཡང་ཕལ་ཆེར་སྒྲིག་འགལ་གྱི་ལམ་དུ་ཕྱིན་ཚར། སྤྱིར་བཙན་གཡེམ་གྱི་རང་བཞིན་མཆིས་མོད་ཀྱང་། སྒྲོལ་མས་ང་ལ་ལྐོག་ལྟ་ཞིག་བྱས་རྗེས་མུ་མཐུད་དུ། བཀྲ་ལོ་ངའི་སྟེང་དུ་སེམས་གཏན་ནས་ཤི་མེད། ཉེ་ཆར། ཞིང་ཆེན་གྲོང་ཁྱེར་དུ་ཐུག་འཕྲད་བྱས་པ་ནས་བཟུང་ཡང་བསྐྱར་ང་ལ་འཁྲི་མགོ་འགོ་ཚུགས་བྱུང་། ངས་གུས་ཞབས་ཀྱི་དབང་གིས་ཁོང་དང་འགྲོ་འོང་བྱ་རྒྱུ་དང་ལེན་བྱས་མོད་ཀྱང་རྒྱུན་སྲོལ་ལས་བརྒལ་བའི་བྱ་བ་གཏན་ནས་བསྒྲུབས་མྱོང་མེད་ཅེས་ཟེར།
       ངས། དེས་ན་བཟང་གི། མ་གཞིར་དེ་འདྲ་ཡིན་ན། ང་ཁྱོད་གཉིས་ཀྱི་དུས་ཆད་བར་ལག་མི་བསྲིངས། མ་འོངས་པར་དོན་གྱི་འགྲོ་ཕྱོགས་ཇི་ལྟར་ཡིན་ཡང་ངས་དང་ལེན་བྱས་པ་ཡིན། ཞེས་ཟེར་བཞིན་ཡར་ལངས་ནས་དཔེ་ཁང་དུ་འཛུལ།
       ཅུང་མ་འགོར་བར་སྒྲོལ་མ་གཅིག་པུ་འུན་འུན་ཞེས་ངུས་བྱུང་།
       ཉིན་གཉིས་པར་ཡར་ལངས་རྗེས་སྒྲོལ་མས་རང་འགུལ་ངང་ང་ལ་ནོར་འཁྲུལ་ངོས་ལེན་བྱས། མོས། ངས་མཚན་གང་བོར་བསམ་བློ་བཏང་བ་ཡིན། རང་ཉིད་དང་བཀྲ་ལོའི་འབྲེལ་བ་གསང་མི་རུང་ཟེར། ངས། ཁྱོད་ཀྱིས་དྲང་མོར་བཤད་སོང་ན་ང་ལ་ཅི་ཡང་རྩོད་རྒྱུ་མེད། རྒྱུ་མཚན་ནི་ཁྱོད་ཀྱིས་ཀྱང་ཤེས་ཏེ། གཉེན་སྒྲིག་དང་བརྩེ་དུང་གཉིས་འདྲ་མཚུངས་ཡིན་པའི་ངེས་པ་མེད། ཁྱིམ་ཚང་གི་ཆེད་དུ་མི་མང་པོ་ཞིག་གིས་གཉེན་སྒྲིག་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། བརྩེ་དུང་གི་ཆེད་དུ་མི་རེ་རེས་རང་རང་གི་འཚོ་བ་གཞན་པ་འདེམས་པས་ཀྱང་ཆོག་ཅེས་པར།
       སྒྲོལ་མས་ཧ་མི་གོ་བའི་སྒོ་ནས། ཁྱོད་ཀྱི་སྐད་ཆ་དེའི་ནང་དོན་ནི་ཞེས་དྲིས་བྱུང་།
       ངས། གལ་ཏེ་ཁྱོད་ཀྱིས་ང་ཚོའི་བར་དུ་བརྩེ་དུང་མེད་པར་འདོད་ན། ཁྱོད་ཀྱིས་ཁྱིམ་ཚང་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ་རང་ཉིད་ཀྱི་བརྩེ་དུང་འཚོལ་ཆོག་པ་མ་ཟད། ཐ་ན་བརྩེ་དུང་གི་ཆེད་དུ་ཁྱིམ་ཚང་ཡང་བསྐྱུར་ཆོག་པ་རེད་ཅེས་གསལ་བཤད་བྱས།
       སྒྲོལ་མས། ངས་ཀྱང་ཤེས་ཏེ། བརྩེ་དུང་ཁོ་ན་དོན་གཉེར་བྱས་ཚེ་གཉེན་སྒྲིག་དང་ཁྱིམ་ཚང་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་། ཡང་གཅིག་བཤད་ན་ང་ཡང་ཁྱོད་ལ་མི་དགའ་བ་མིན། ཏག་ཏག་ཁྱོད་ཀྱི་གཤིས་ཀའི་ཕྱོགས་ཁ་ཤས་ལ་མི་དགའ་བ་ཙམ་ཡིན། ཁྱོད་ཀྱི་སེམས་ཁ་བདེ་མོ་བྱོས། ཁྱིམ་ཚང་འདིའི་ཆེད་དུ་དང་། ངེད་གཉིས་གྱི་གཉེན་སྒྲིག་མོས་མཐུན་བྱུང་ཆེད། ངས་བཀྲ་ལོས་ང་དོན་གཉེར་བྱེད་པའི་རེ་བ་དྲུངས་ནས་འབྱིན་ངེས་ཞེས་ཟེར།
       དེ་ལྟར་ང་དང་སྒྲོལ་མ་གཉིས་ཡང་བསྐྱར་འགྲིག་སོང་།
༤༣
       སློབ་སྐབས་གསར་བའི་སློབ་འགོ་ཚུགས་ལ་ཉེ་མོད། འོན་ཀྱང་སྐུད་པོ་ཡུལ་ལ་ལོག་རྩིས་མི་འདུག ཚེ་ལོས་སྐུལ་སློང་བྱེད་མི་བདེ་བས། གྱོས་མོས། མྱུར་དུ་ཁྱིམ་དུ་ལོག་སྟེ་སློབ་གྲྭར་སོང་། དེ་མིན་ན་རྗེས་སུ་ལུས་རྒྱུ་རེད་ཟེར། སྐུད་པོས། ཨ་ཅེ་ཚེ་བརྟན་སྒྲོལ་མར་གཉེན་རྟགས་བརྒྱབ་ནས་མནའ་མར་འགྲོ་བའི་ལོ་ཚད་ལ་སླེབས་ཉེར་ཡོད་པས། ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མི་འདང་སྟབས་སློབ་མཚམས་འཇོག་རྒྱུ་ནི་སྔ་ཕྱི་མ་བལྟོས་པའི་བྱ་བ་ཞིག་རེད། གལ་ཏེ་སློབ་འགོ་ཚུགས་པའི་རྗེས་མ་ཆོད་ཚེ་སློབ་གྲྭར་འགྲོ་རྒྱུ་མིན་ཞེས་ཟེར། ཚང་མས་སྐུད་པོའི་བསམ་ཚུལ་དེ་མི་འགྲིག་པར་འདོད་རྐྱེན་ཁྱོད་ཀྱིས་ཚིག་གཅིག་དང་ངས་ཚིག་གཅིག་བྱས་ནས་སྐུལ་སློང་བྱས་བྱས་རྗེས་ཁོ་ཡུལ་ལ་ལོག་སྟེ་སློབ་གྲྭར་འགྲོ་རུ་བཅུག
       གཡང་སྐྱིད་ཀྱིས་བྱིས་པ་བཙའ་དུས་ལ་ཉེ། མོས་གནང་བ་ཞུས་ནས་ཉིན་རྒྱུན་ཨ་མ་དང་མཉམ་དུ་བསྡད་ཡོད། མ་བུ་གཉིས་ཀྱིས་ཕན་ཚུན་ལ་འདུག་རོགས་བྱས་ཏེ། སྐབས་འགར་སྲང་ལ་ཉུལ་ནས་དངོས་པོ་ཉོ་བ་དང་། སྐབས་འགར་ཕྱི་རོལ་གྱི་ཟ་མའི་བྲོ་བ་མྱོང་དུ་འགྲོ་བར་བྱེད་ལ། ཡང་སྐབས་འགར་སྨན་ཁང་དུ་སོང་ནས་མངལ་གྱི་རྒྱུ་མཚན་རྒྱུས་ལོན་བྱེད་པ་སོགས་ཀྱི་བྲེལ་བ་ཧ་ཅང་ཆེ། ཉིན་ཤས་སོང་རྗེས། སྨན་ཁང་གིས་དེ་ནི་ཞིང་ཆེན་སྨན་ཁང་དུ་ཁམས་དཀར་གསོན་པོ་བླུགས་པའི་དམིགས་བསལ་སྦྲུམ་མ་ཞིག་ཡིན་པར་བསམ་སྟེ། ནོར་འཛོལ་ཡོང་བར་སྐྲག་པ་དང་། རེ་བར་གཡང་སྐྱིད་སྔར་བཞིན་ཞིང་ཆེན་སྨན་ཁང་དུ་ཕྲུ་གུ་སྐྱེ་བར་བསྐྱོད་རྒྱུའི་གྲོས་འགོ་བཏོན་པ་རེད།
       ཚེ་ལོས་དེ་ཡང་འགྲིག་འདུག་སྙམ་ཞིང་། ཞོར་དུ་གྱེས་མོ་བཀོད་སྒྲིག་བྱས་ཏེ་གཡང་སྐྱིད་ང་མཉམ་དུ་ཞིང་ཆེན་སྨན་ཁང་དུ་བྱིས་པ་བཙའ་རུ་བུད་སོང་།
       སྨན་པས་གཡང་སྐྱིད་ཀྱི་ཁོག་པ་གཤགས་ནས་ཕྲུ་གུ་སྐྱེས་སུ་བཅུག གཤག་བཅོས་དངོས་གནས་དཀའ་ཚེགས་ཆེ་ཙམ་ཡོད་པས། ཆུ་ཚོད་གཉིས་ལྷག་ཙམ་སྤྱད་རྗེས་གཞི་ནས་ཆེ་ལ་རྒྱགས་པའི་བུ་ཞིག་བླངས་པ་རེད། ཕྲུ་གུ་ཧ་ཅང་བདེ་ཐང་ཡིན། གཙོ་བོ་ནི་གཤག་བཅོས་བྱེད་ཡུན་རིང་དྲགས་པའི་རྐྱེན་གྱིས་གཡང་སྐྱིད་ཀྱི་རྨ་ཁར་གཉན་ཚད་ཅུང་ཙམ་བྱུང་ཟིན། དེར་སྐྱོན་ཆེན་པོ་མེད་ཀྱང་ཡང་སྨན་ཁང་དུ་ཉིན་ཁ་ཤས་འདུག་དགོས་ཀྱི་ཡོད།
       ཚོར་བ་སྐྱེན་པའི་གསར་འགོད་པ་ཚོས་རྗེས་འདེད་གནས་ཚུལ་སྤེལ་ཞིང་། ཚེ་ལོ་དང་གཡང་སྐྱིད་གཉིས་ནི་སྐབས་ཐག་དེ་རིང་གི་གསར་འགྱུར་མི་སྣར་གྱུར་བ་རེད།
       ཚེ་ལོ་ཡིས་སེམས་ཞིབ་མོས་མལ་ཁྲིའི་སྟེང་གི་གཡང་སྐྱིད་ལ་ཞབས་ཞུ་སྒྲུབ་བཞིན་འདུག སྨན་བཅོས་བྱེད་པའི་དུས་ཚོད་ཇེ་རིང་དུ་བཏང་མ་ཐག་སྨན་ཡོན་གྱིས་མི་འདང་བའི་ཚད་དུ་བསླེབས། ཟླ་ཕོགས་གནང་དུས་སུའང་ད་དུང་མ་ཐོན་པས་ཚེ་ལོས་དངུལ་བསྐྱིས་པའི་དོན་ལ་སེམས་ཁྲལ་བྱེད་འགོ་ཚུགས། རེད་མོད་ཀྱང་ཁོས་གཡང་སྐྱིད་ལ་དོན་དག་དེ་མ་བཤད་པ་སྟེ། མོའི་སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བར་དོགས་པས་ཡིན། ཉིན་དེར། ཚེ་ལོས་སེམས་ཁྲལ་བྱེད་ཞོར་དུ་ཚ་དེམ་བཟུང་སྟེ་ཆུ་ཁོལ་ལེན་དུ་འགྲོ་སྐབས་ཆ་རྒྱུས་མེད་པའི་སྐྱེས་པ་ཞིག་གིས་བར་ཁྱམས་སུ་རང་འགུལ་ངང་ཁྱེད་ནི་སྐུ་ཞབས་ཚེ་ལོ་ཡིན་ནམ་ཞེས་དྲིས་བྱུང་།
       ཚེ་ལོས། ཡིན་ལགས། ཁྱོད་ཀྱིས་ང་བཙལ་ནས་དོན་དག་ཅི་ཞིག་ཡོད་དམ་ཞེས་སླར་དྲིས།
       མི་ཆ་མེད་དེས་ཚེ་ལོ་བར་ཁྱམས་ཀྱི་ཟུར་གཅིག་གི་རྐུབ་སྟེགས་སྟེང་དུ་གདན་དྲངས་ནས་ཁ་རོག་གེར་དོན་དག་འདི་འདྲ་ཞིག་བཤད། ཁོ་ནི་ཁམས་དཀར་གྱི་ཚོང་རྒྱག་མཁན་ཞིག་ཡིན། མི་ཞིག་ལ་ཕྲུ་གུ་སྐྱེ་མི་ཐུབ་པས། ཁོའི་ཁམས་དཀར་བློར་བབས་སོང་ལ། རིན་གོང་སྒོར་སྟོང་གསུམ་ཕུད་ནས་ཁོའི་ཁམས་དཀར་ཅུང་ཙམ་དགོས་ན་འདོད་ཟེར་ཅེས་པ་ན། ཚེ་ལོས། དེ་ནི་ཅི་འདྲའི་མི་ཞིག་རེད་དམ་ཞེས་པར། མི་ཆ་མེད་དེས། ང་ཚོར་སྒྲིག་ལམ་ཞིག་ཡོད། དེ་ནམ་ཡང་ཁྱོད་ལ་བཤད་མི་རུང་། ང་རང་ཉིད་ཀྱི་གནས་ཚུལ་འདུས་པའི་ཚུན་ཆད་ཚང་མ་ཇི་བཞིན་བཤད་མི་རུང་ཅེས་ཟེར།
       ཚེ་ལོ་ཡ་མཚན་པའི་སྟེང་དུ་དཀའ་ལས་ལ་ཡང་གཏད་སོང་། ཡང་རང་ཉིད་ལ་སྒོར་མོའི་དཀའ་ཁག་དང་། མི་ཆ་མེད་ཀྱིས་སྒོར་མོ་གཏོང་བར་ཡིད་རྟོན། མི་ལ་ལར་མངལ་མི་ཆགས་པའི་སྡུག་བསྔལ་དག་ལ་འདང་བརྒྱབ་པའི་སྟེང་། མི་ཆ་མེད་དེས་ཡང་དང་བསྐྱར་དུ་རྙོག་དྲ་བཟོ་བའི་འོག་ཏུ་དོན་དག་འདི་གཞི་ནས་ཁས་བླངས་སོང་། འོན་ཀྱང་ཁོ་ལ་སྒོར་སྟོང་གཅིག་མ་གཏོགས་མི་དགོས་པས། ཁོས། སྒོར་སྟོང་གཉིས་མང་སོང་ཟེར་ལ། ལྷག་མ་ནི་མིའི་ཐབས་ཀྱིས་ཁམས་དཀར་སྦྱིན་པར་གྲ་སྒྲིག་བྱེད་པའི་བཟའ་ཟླ་དེ་གཉིས་ལ་བྱིན་ཞེས་སྨྲས།
       ཚེ་ལོས་གཡང་སྐྱིད་ལ་གསང་ནས་རང་གི་ཁམས་དཀར་ཕྱེད་ཀ་བཙོང་བ་དང་ཕྱེད་ཀ་སྐྱེས་པ་ཆ་མེད་དེ་ལ་ཞལ་འདེབས་སུ་ཕུལ་བ་རེད།
       ཚེ་ལོས་གཡང་སྐྱིད་ལ་གསང་ནས་དོན་དེ་སྒྲུབ་དོན་ནི། མོ་ཁམས་དཀར་གཞན་ལ་སྟེར་བར་མི་འཐད་པར་སྐྲག་པ་ནི་མ་ཡིན་པར། འདི་ནི་གཞན་ལ་བཤད་དཀའ་བའི་དོན་དག་ཅིག་ཡིན་པར་འདོད་པ་ལས་གཞན། ད་དུང་གཡང་སྐྱིད་ཀྱིས་ཕན་ཚུན་བར་སྒོར་མོ་སྐར་མ་གཅིག་ཀྱང་མི་དགོས་པར་ཁམས་དཀར་དེ་བྱིས་པ་མི་འཁོར་བར་སྡུག་བསྔལ་བྱེད་པའི་བཟའ་ཟླ་གཞན་ལ་སྟེར་སྲིད་པར་སེམས་སྡུག་བྱེད་པ་དེ་རེད།
       གཡང་སྐྱིད་སྨན་ཁང་ནས་འབུད་དུས་སུ། སྨན་པས་མོར་ཁྱིམ་དུ་ལོག་རྗེས་དོ་སྣང་བྱེད་དགོས་པའི་དོན་དག་བཤད་པ་དང་། ད་དུང་། ད་ཐེངས་ཀྱི་ཁམས་དཀར་སྤྲོད་པའི་བརྒྱུད་རིམ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད་ཀྱང་། གཡང་སྐྱིད་ཀྱི་ཁོག་པར་དེ་སྔོན་གཤགས་བཅོས་བྱས་མྱོང་བས། གཤགས་ནས་ཕྲུ་གུ་ལེན་སྐབས་ད་དུང་དཀའ་ཁག་མི་ཉུང་བར་ཕྲད་ལ། དེས་ཕྱིས་སུ་ཕྲུ་གུ་སྐྱེ་བར་བར་ཆད་ཡོད་ཀྱང་སྲིད་ཅེས་པར། གཡང་སྐྱིད་ཀྱི་སེམས་ཅུང་ཙམ་སྐྱོ་བར་གྱུར་ཡང་། ཚེ་ལོས་རང་ལ་སྣང་དོགས་གང་ཡང་མེད་ཁུལ་གྱི་རྣམ་པ་ཞིག་བསྟན་ནས། སེམས་སྡུག་བྱེད་དགོས་དོན་ཅི་ཡོད། དེང་རབས་ཀྱི་སྤྱི་ཚོགས་ནང་དུ་ཁྱིམ་ཚང་གཅིག་ལ་བྱིས་པ་གཅིག་ཡོད་པ་དེས་འདང་གི་ཡོད་ཅེས་བཤད།
       དེ་ལྟར་ཁོ་ཚོས་སྣ་གདོང་ཆེ་ཞིང་མིག་ཆེ་བའི་བྱིས་པ་ཞིག་པང་དུ་བཟུང་སྟེ་ཁྱིམ་དུ་འབྱོར།
       གྱོས་མོ་ནི་ཁོག་རྒྱ་ཆེ་ཞིང་ལས་ལ་བརྩོན་པའི་མི་ཞིག་ཡིན། མོ་ཅུང་མ་འགོར་བར་གནས་འདིའི་འཚོ་བར་གོམས་ཤིང་། མ་བུ་གཉིས་བདེ་འཇགས་ངང་སྨན་ཁང་ནས་ཁྱིམ་དུ་ལོག་པ་མཐོང་བས་སེམས་སུ་ཧ་ཅང་དགའ་པོ་བྱུང་སྟེ། གཡང་སྐྱིད་ལ་ཟླ་ནང་གི་ལྟོ་ཆས་བཟོ་བ་དང་། ཕྲུ་གུར་གྱོན་ཆས་བཟོ་བའམ། བྱིས་པའི་གཅིན་སྟན་འཁྲུད་བ་ལས་གཞན་སྡུག་སྐད་གཅིག་ཀྱང་མི་འདོན་པར་ཉིན་ལྟར་དགའ་སྤྲོའི་ཁ་མི་ཟུམ། ཚེ་ལོས་གྱོས་མོའི་དཀའ་ཁག་གི་རྣམ་པ་མཐོང་བས་སེམས་སུ་མི་བཟོད་པར་གྱུར་ཡང་། ཁོ་སྔར་བཞིན་ཉིན་མོའི་གཞུང་ལས་ལ་བྲེལ་བས་རོགས་ཆེན་པོ་བྱེད་མི་ཐུབ། དེའི་ཕྱིར། གཞུང་ལས་གྲོལ་བའམ་ཡང་ན་གཟའ་མཇུག་ཏུ་ད་གཟོད་ཁྲོམ་རར་འགྲིམས་ནས་ཤ་རིགས་དང་སྔོ་ཚལ་ཡག་པོ་ཁ་ཤས་ཉོས་ཏེ་ཁྱིམ་ཚང་གི་ཟ་མ་ཇེ་ལེགས་སུ་གཏོང་གང་ཐུབ་བྱེད་ཀྱི་ཡོད་ལ་ནང་མི་ཚང་མའང་བདེ་སྐྱིད་ཀྱིས་འཁེངས་ཡོད།
       ཉིན་དེ་དག་རིང་། པུའུ་རུ་ཚེ་ལོ་ལ་མུ་འབྲེལ་འཕྲིན་སྤེལ་ལས་འགན་ཞིག་བཀོད་བསྒྲིགས་བྱས་པ་སྟེ། རེ་བ་ཡིན་ན། ལས་ཁུངས་སོ་སོ་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་རྫོང་དེ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ས་གནས་སོ་སོའི་འཕེལ་རྒྱས་འགྱུར་ལྡོག་གི་གནས་ཚུལ་གྱི་ཡིག་ཚགས་བཟོས་ཏེ།  རྗོང་རྒྱང་སྒྲོག་ཁང་དུ་མཉམ་སྒྲོག་ཐེངས་གཅིག་བྱེད་དགོས། ཚེ་ལོ་སྐབས་འགར་འབྲེལ་ཡོད་ལས་ཁུངས་སུ་དཔྱད་གཞིའི་ཡིག་ཚགས་འཚོལ་སྡུད་དང་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་དང་། སྐབས་འགར་ལས་སྣོན་བྱས་ནས་རྩོམ་ཡིག་ལེགས་སྒྲིག་བྱས་ཏེ་ལེགས་སྒྲིག་བྱས་ཟིན་པའི་རྩོམ་ཡིག་པུའུ་ཀྲང་ལ་གཟིགས་ཞིབ་ཆོག་མཆན་གནང་དུ་བཅུག་རྗེས། སླར་ཡང་རླུང་འཕྲིན་ས་ཚིགས་སུ་བསྐྱོད་དེ་རླུང་འཕྲིན་ལས་དོན་དང་འབྲེལ་བ་བྱེད་ཀྱི་ཡོད། ཉིན་ཞིག་གི་དགོང་མོར། གྱོས་མོའི་ལུས་པོ་ཅུང་མི་བདེ་བས་གཡང་སྐྱིད་ལ་ཞབས་ཕྱི་བྱེད་ཐབས་བྲལ་ཡང་། ཚེ་ལོ་ཡུན་རིང་འགོར་རྗེས་ད་གཟོད་ཁྱིམ་དུ་ལོག་པས་གཡང་སྐྱིད་ཀྱིས་འཁང་ར་བྱས་པ་དང་གྱོས་མོ་ཡང་ཁོང་ཁྲོ་ཅུང་ཙམ་ལངས་པ་རེད། ཚེ་ལོས། རང་ཉིད་ཀྱིས་རྒྱང་བསྒྲགས་ཁང་དུ་ཡིག་ཚགས་བྱིན་རྗེས་རྒྱང་སྒྲོག་པ་བུད་མེད་དེས་བཤད་པ་ལྟར་ན་ཀ་ར་རྡོ་དང་ཁ་སུར་དམར་པོས་ཟླ་ནང་གི་བུད་མེད་དང་རྒན་པའི་ལུས་པོ་གསོ་ཐུབ་ཟེར་བས། ཚོང་ཁང་སོ་སོར་སོང་ནས་དངོས་པོ་འདི་དག་བཙལ་བ་ཡིན་ཞེས་ཟེར་བཞིན་དུ་ཀ་ར་དང་ཁ་སུར་ཅོག་ཙེ་སྟེང་དུ་བཞག གྱེས་མོས། ཁྱོད་རང་ཉིད་ཀྱི་ལས་ཁུངས་སུ་བདེན་པ་བདེན་ཐུབ་ཀྱིས་ལས་ཚོགས་ལ་མི་འགྲོ་བར། ཕྱི་རོལ་གྱི་བུད་མེད་དེ་ལ་དངོས་པོ་བསྐྱལ་ནས་ཅི་བྱེད་དམ་ཞེས་ཟེར། ཚེ་ལོས། འདི་ནི་ངའི་བྱ་བ་ཡིན་ཏེ། ཉིན་འདི་དག་ལ་རྒྱང་སྒྲོག་ནས་གཏོང་བ་ནི་ངས་བྲིས་པའི་རྩོམ་ཡིག་ཡིན་ཟེར་བར། གྱོས་མོས་ཕྱི་རོལ་གྱི་སྒྲ་གདངས་མཐོ་བའི་རྒྱང་སྒྲོག་ནང་གི་བུད་མེད་རྒྱང་སྒྲོག་པའི་སྙན་འཇེབས་ཀྱི་སྐད་ལ་ཉན་བཞིན་ཁོང་ཁྲོ་དགའ་སྤྲོ་རུ་གྱུར་ཏེ་གཡང་སྐྱིད་ལ། ཚེ་ལོ་ནི་ཇི་འདྲའི་ཕུལ་དུ་བྱུང་བ་དང་། རིག་གནས་ཆུ་ཚད་མཐོ་བ། མི་ལ་བརྩི་འཇོག་བྱེད་པ། ཁྱིམ་ཚང་སྐྱོང་བ་ལ་ཡང་ནུས་ཤུགས་གང་ཡོད་གཏོང་བར་བྱེད་པ་ནི་ཁྱོད་ཀྱི་ཚེ་སྔོན་བསགས་པའི་བསོད་ནམས་རེད་ཡ། གཞུག་ཕྱོགས་སུ་ཁོ་ལ་སྐད་ཆ་ངན་པ་བཤད་མི་རུང་ཞེས་ཟེར། གཡང་སྐྱིད་ཕུ་སྒྲ་དང་བཅས་དགོད་བཞིན་ཁས་བླངས་བྱུང་ལ། གདོང་ལ་འཛུམ་མདངས་རྒྱས་ཡོང་།
ཞེ་བཞི་པ།
       ཉིན་དེར་སྒྲོལ་མ་སྐོར་བྲོ་འཁྲབ་ཏུ་སྐྱོད་སྐབས། ཤའོ་ཡུན་གྱིས་དགའ་ཚོར་ཆེན་པོས། ཨ་མ་ཉིན་འདི་གཉིས་ནང་ང་ལ་ལྟ་རུ་ཡོང་རྒྱུ་ཡིན་པ་དང་། ཞོར་དུ་ཁྱེད་ཚོར་ཡང་ལྟ་རུ་ཡོང་རྒྱུ་རེད། ཕལ་ཆེར་མོས་ང་ཚོ་དྲན་གྱིན་འདུག་ཅེས་ཟེར། ང་དང་སྒྲོལ་མས་གནས་ཚུལ་དེ་ཤེས་རྗེས་ཧ་ཅང་དགའ་སྤྲོ་ཆེན་པོས་མགྲོན་པོར་སྣེ་ལེན་ཞུ་རྒྱུའི་གྲ་སྒྲིག་གཟབ་ནན་བྱེད་ཀྱི་ཡོད།
       སྒྲོལ་མས་ཚོད་དཔག་ངང་དུ། ཡོས་ལན་ད་ཐེངས་ཡོང་དོན་ནི་ང་ཚོ་དང་ཞི་ལུའི་གཉེན་སྒྲིག་གི་དོན་དག་གྲོས་བསྡུར་བྱེད་ཆེད་ཡིན་པ་མིན་ནམ་ཟེར།
       ངས། དེ་ལྟར་མིན་པ་འདྲ། མོས་ང་ཚོ་དྲན་པའི་དབང་གིས་ཞོར་དུ་བལྟ་རུ་ཡོང་རྒྱུ་ཡིན་ཟེར་བ་མིན་ནམ་ཞེས་བཤད།
       སྒྲོལ་མས། འདི་ནི་ང་ཚོས་བུ་ཡི་གཉེན་དོན་ལ་གྲོས་བསྡུར་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་པས་གོ་སྐབས་ཤོར་དུ་འཇུག་མི་རུང་ཞེས་ཟེར།
       ངས། མི་ཆོག བུ་ཡི་གཉེན་སྒྲིག་ནི་དོན་དག་གལ་ཆེན་ཞིག་རེད། གཞན་གྱིས་སྔོན་ལ་མི་འཐད་པའི་རྣམ་འགྱུར་བསྟན་ཡོད་པས། ང་ཚོས་མོ་ལ་དཀའ་ལས་བཟོ་མི་རུང་ཞེས་བཤད།
       སྒྲོལ་མས། གལ་ཏེ་མོས་ད་ལྟ་རྣམ་འགྱུར་བསྒྱུར་ཡོད་ལས་ཀྱང་ཆེ་ཟེར།
       ངས། དེ་ཡང་མོའི་བཤད་སྟངས་ལ་ལྟ་དགོས། ཁོ་མོས་དོན་དེ་སྔོན་ལ་མི་གླེང་ན། ང་ཚོས་སྔོན་ལ་མི་གླེང་། འདི་ཡང་གཞན་ལ་བརྩི་བཀུར་བྱེད་སྟངས་ཤིག་ཡིན་ཞེས་བཤད།
       སྒྲོལ་མས། ཆོག་གི། དེས་ན་ང་ཚོས་གོ་སྐབས་དང་བསྟུན་ནས་བྱ་བ་སྒྲུབ་ཅེས་བཤད་མཚམས་བཞག་རྗེས་ཁང་བ་གཙང་སྦྲ་བྱེད་དུ་བུད་སོང་།
       ཉིན་གསུམ་པའི་ཉིན་གུང་དུ་ཡོས་ལན་ཁུལ་དུ་འབྱོར་བྱུང་། སྔོན་ལ་རང་ཉིད་ཀྱི་བུ་མོའི་སར་ཕྱིན་པ་དང་། ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་ཤའོ་ཡུན་ཁྲིད་ནས་ངེད་ཚང་ལ་བསླེབས། ཉིན་འདིའི་ནམ་ཟླ་ནི་དྲོད་གྲང་ཤིན་ཏུ་སྙོམས། ཡོས་ལན་གྱི་ལུས་ལ་སྣམ་བུའི་ཕྱི་གོས་སྔོན་པོ་དང་། འཚིག་ཇའི་མདོག་གི་སྲིང་བལ་གྱི་སྨད་གཡོགས་རིང་པོ། ད་དུང་ནག་པོའི་ནང་དུ་སེར་པོ་འདྲེས་ཡོད་པའི་སྐྲ་ལོས་ཨུཏྤལ་ལྟ་བུའི་མིག་སྔོ་སྐྱ་ཆ་གཅིག་རྒྱན་འདུག་པས་དེ་བས་ཚུལ་ལྡན་མཛེས་སྡུག་ལྡན་ཞིང་ཉམས་འགྱུར་ཡིད་དུ་འོང་བ་ཞིག་རེད། སྒྲོལ་མས་མཐོང་རྗེས་བསྟོད་བསྔགས་མི་བྱེད་རང་བྱེད་དུ་གྱུར།
       སྒྲོལ་མས་ཤ་མོ་དང་། ཨ་ཡེ་ལག་པ།(ངེད་ཚོའི་ས་ཆར་རྒྱའི蕨菜ལ་ཨ་ཡེ་ལག་པ་ཟེར)རྡོ་ཀུབ། རྡོ་ལུམ། སྣུམ་ཚལ། པད་ལོག སྒོག་ཐུར་སོགས་ཧ་ལམ་ཁྲོམ་རྭར་ཡོད་པའི་སྔོ་ཚལ་ཡོད་ཚད་གྲ་སྒྲིག་བྱས་ཡོད་པས། ཡོས་ལན་ཅུང་མི་དགའ་བའི་ངང་ནས། ཚང་མ་གྲོགས་པོ་རྙིང་པ་རེད། འདི་ལྟར་བྱས་ན་མི་གཞན་པར་བཅད་སོང་བ་མ་རེད་དམ། སྔོ་ཚལ་རེ་གཉིས་བརྔོས་ནས་ལག་པས་འཐེན་པའི་ལུག་ཤའི་སེན་ཐུག་སླ་ང་གང་སྐོལ་བ་དེ་ཟས་གང་ཞིག་ཟོས་པ་ལས་ཀྱང་ཞིམ་པོ་རེད་ཅེས་ཟེར།
       ཡོས་ལན་གྱིས་ཤའོ་ཡུན་ཐབ་ཚང་དུ་ཚལ་རྔོ་རུ་མངགས་པ་ན། སྒྲོལ་མས་བཀག་ནས་མགྲོན་པོར་ཚལ་རྔོ་རུ་འཇུག་པའི་གནས་ལུགས་གང་ན་ཡོད་ཅེས་བཤད། ཡོས་ལན་གྱིས་ཤའོ་ཡུན་ལ། འདི་རུ་མོར་གཉེན་ཉེ་མེད་པས། ཁྱོད་ཚོས་མོ་ནི་རང་གི་བུ་མོ་དངོས་མ་ཡི་ཚུལ་དུ་ཞོག་ཅིག་ཅེས་ཟེར། ཤའོ་ཡུན་གྱིས་ཨ་མས་དེ་ལྟར་བཤད་པ་ཐོས་འཕྲལ་དགའ་སྤྲོའི་ངང་དེ་མུར་ཐབ་ཚང་དུ་ཟ་མ་སྐོལ་རོགས་སུ་སོང་། ཅུང་མ་འགོར་བར་མོ་ཚོས་དཀར་ཟས་བརྔོས་ཚལ་སྡེར་མ་འགའ་དང་ཞིམ་ངད་ལྡན་པའི་ལུག་ཤའི་སེན་ཐུག་སླ་ང་གང་སྐོལ་ནས་ཐོན་བྱུང་།
       མགྲོན་པོ་སྒོ་ཁར་ཐོན་ན་ཆང་ནི་མེད་དུ་མི་རུང་བ་ཞིག་ཡིན། ངས་ལོ་མང་པོར་ཉར་ཚགས་བྱས་པའི་མའོ་ཐའེ་ཆང་བླངས་ཡོང་བ་ན། ཡོས་ལན་གྱིས་མཐོང་རྗེས་ཡང་འཛེམ་བག་ཆེན་པོས། ཁྱེད་ཚོས་ཀྱང་གླ་ཕོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་རྒྱས་སྤྲོས་དེ་འདྲ་བྱེད་དགོས་དོན་མེད། གོང་ཆེ་བའི་ཨ་རག་དེ་བསྐྱུར་ནས་རྗེས་ཕྱོགས་མིའི་འབྲེལ་བ་བཅའ་སྤྱད་བྱོས་ཞེས་ཟེར།
       སྒྲོལ་མས། ང་ཚོར་ཕྲུ་གུ་གཅིག་ལས་མེད་ཅིང་བྱ་བའི་དོན་ཡང་ལག་སྨིན་བྱུང་ལ་ཉེ་བས། ངོ་སོ་འགྲོ་དགོས་དོན་ཅི་ཡང་མེད། ཡང་ཅིག་བཤད་ན། འགྲུལ་བ་འབྱོར་ན་བདེ་སྐྱིད་འབྱོར་བ་ཡིན་པས། དེ་རིང་ཕྱི་རུ་བླངས་ཡོང་བར་ཁྱོད་ཀྱི་མིང་ཐོགས་པ་ཡིན་ལ། ང་ཚོ་ཚང་མའི་ཕོ་བའང་ཡིན་པས། ང་ཚོས་ཁྱོད་དང་མཉམ་དུ་ལོངས་སྤྱོད་བྱེད་ཅིག་ཅེས་ཕན་ཚུན་རྫི་བྱེད་པའི་དུས་སུ་ངས་གཞི་ནས་ཤེལ་ཕུང་གི་ཁ་ཕྱེ་བྱུང་།
       ཡོས་ལན་གྱིས་ཆང་ཕོར་བཏེགས་ཤིང་བུ་མོ་མཁྲིས་སུ་མེད་པ་མཐོང་བས། ང་སྔ་ས་ནས་ཁྱོད་ཚོར་ལྟ་རུ་ཡོང་འདོད་སྐྱེས་མོད། ཡང་སྐྲག་དགོས་པ་ཞིག་ལ… …
       ངས། ཁྱོད་སྐྲག་པ་ནི་ང་ཚོས་བྱིས་པ་ཚོའི་གཉེན་དོན་གླེང་སྲིད་པར་འཛེམ་པ་དེ་མིན་ནམ། དེ་རིང་ང་ཚོས་ཁོ་ཚོ་ལ་ཁ་ཡ་མི་བྱེད་པར་ང་ཚོས་རང་རང་གིས་གླེང་འདོད་པའི་བརྗོད་གཞི་གཞན་པ་ཁོ་ན་གླེང་ཞེས་པར།
       ཡོས་ལན་གྱིས་མྱུར་དུ། དེ་ལྟར་བྱས་ན་བཟང་ཞེས་ཟེར་ཞོར་དུ་ཆང་ཕོར་ཞབས་དག་བྱས་བྱུང་།
       ཨ་རག་ཚ་ཚ་འུར་འུར་དུ་འཐུང་བཞིན་ཡོད་པས་ཚང་མ་ཧ་ཅང་དགའ་སྤྲོས་ཁྱབ། སྒྲོལ་མས་ཡོས་ལན་ལ་སྐོར་བྲོ་དུམ་བུ་ཞིག་འཁྲབ་པར་རེ་བ་ན། ཡོས་ལན་གྱིས། ཁྱོད་ནི་ཁྱིམ་བདག་ཡིན་པས་ཁྱོད་སྔོན་ལ་ཡོང་ན་འགྲིག་ཟེར། སྒྲོལ་མས། ངའི་སྐོར་བྲོ་ཚང་མ་ཤའོ་ཡུན་གྱི་མདུན་དུ་སྦྱངས་པ་ཡིན་ལ། ཁྱོད་ནི་སྐོར་བྲོ་རྩོམ་སྒྲིག་བྱེད་མཁན་ཡིན་པས་ངའི་དགེ་རྒན་གྱི་དགེ་རྒན་ཡང་ཡིན་རྐྱེན་ཁྱོད་སྔོན་ལ་ཤོག་ཟེར། ཡོས་ལན་གྱིས། དེས་ན་ཁྱོད་ཀྱིས«ཧོར་གླིང་གཡུལ་འབྱེད»ཀྱི་ཟློས་གར་ཁྲོད་ཀྱི་གླུ་དབྱངས་ཤིག་ལོངས་དང་། སྐབས་དེར་ཁྱོད་ཀྱིས་བླངས་པ་དེ་འདྲའི་སྙན་ཞིང་འཇེབས་པ་ལ་ཨང་ཞེས་ཟེར། སྒྲོལ་མས་བརྗེད་ཟིན་པར་ཁ་གཡར་ནས་མི་ལེན་པ་དང་། ཡོས་ལན་གྱིས་མཚམས་མི་འཇོག་པར་རེ་ཞུ་བྱས་པས་སྐབས་ཤིག་རིང་བྱ་འགུལ་དེ་འཕེལ་མེད་སོར་གནས་སུ་གྱུར། རྣམ་པ་དེ་མཐོང་བས། ངས། ལོ་དེའི་གར་སྟེགས་སྟེང་གི་གླུ་ནི་གཞན་གྱིས་ལྐོག་ནས་བླངས་པ་རེད། མོས་ཁ་འགུལ་བ་ཙམ་ཡིན་ཞེས་དྲང་བཤད་བྱས་པ་ན། སྒྲོལ་མ་ཅུང་ཁྲོ་བའི་ཚུལ་གྱིས། ཁྭ་ཏའི་ཁ་འདི། ངས་ཚེ་གང་བོར་དོན་དེ་གསང་ན་འདོད་ཡོད་ཅེས་ཟེར། ཡོས་ལན་གྱིས་ཁ་བསྒྱུར་ནས། ཁྱོད་ཀྱིས་སྐད་ཆ་བཤད་པའི་སྒྲ་འདི་འདྲའི་སྙན་མོ་ཞིག་འདུག་པ་དེས་སྐད་ངག་བདེ་བ་གསལ་བཤད་བྱེད་ཐུབ་པས། གང་འདོད་དུ་གཞན་པ་ཞིག་ལོངས་པས་ཆོག་ཟེར་བར། སྒྲོལ་མས་བསམ་བློ་ཡུན་རིང་ལ་བཏང་ཡང་ལེན་རྒྱུ་གཅིག་ཀྱང་མ་བྱུང་། ཡོས་ལན་གྱིས་གར་སྟེགས་སྟོང་བར་འགྱུར་ངེས་སྙམ་པས་རང་འགུལ་གྱིས་ཡར་ལངས་ཏེ་རང་གིས་བསྒྲིགས་པའི་སྐོར་བྲོ་འཁྲབ།
       མགྲོན་པོ་ཕྱིན་རྗེས། སྒྲོལ་མས་ཡོས་ལན་མཐོང་བས་དགའ་ཚོར་ཆེན་པོ་བྱུང་མོད་ཀྱང་། ཡང་ཡོས་ལན་བསམ་བཞིན་དུ་བུ་ཕྲུག་ཚོའི་གཉེན་དོན་ལ་གཡོལ་ཐབས་བྱེད་པར་ཐེ་ཚོམ་ཆེན་པོ་སྐྱེས་ཀྱི་ཡོད།
       ངས་ཀྱང་ཡོས་ལན་གྱི་བྱེད་སྟངས་འདི་ལ་གོ་བ་ལེན་དཀའ་ཡི་འདུག ཁོ་མོ་རང་འགུལ་གྱིས་འཚམས་འདྲི་བྱེད་དུ་ཡོང་བ་དང་བུ་མོ་ཇ་མ་བྱེད་དུ་བཅུག་ནས་ང་ཚོ་དང་བར་ཐག་ཇེ་ཉེ་རུ་གཏོང་བའི་གནས་ཚུལ་ལ་བལྟས་ན། མོ་ནི་ང་ཚོ་ལ་དགའ་ཞིང་། ང་ཚོ་ལ་མཐོང་ཆུང་བྱེད་བཞིན་མེད་པ་ཐག་གིས་ཆོད་མོད། ཡང་བུ་ཕྲུག་ཚོའི་གཉེན་སྟོན་ལ་གཡོལ་ནས་མི་གླེང་བ་དེ་གང་ཡིན་མི་ཤེས། སྤྱིར་བྱིས་པ་ཚོར་གཉེན་གྱི་ནང་དོན་དེ་ཡོད་ན། སྔོན་གཏན་ནས་འགྲོ་འོང་བྱས་མྱོང་མེད་པའི་བུ་མོའི་ཕ་དེས་ཀྱང་ངོ་རྒོལ་བྱེད་པའི་བསམ་འཆར་ཐོས་མ་མྱོང་བས། ཅིའི་ཕྱིར་མོ་དེའི་ཁྲོད་ནས་ཀ་བ་ལྟར་བརྟན་དགོས་པ་ཡིན་ནམ། ཡང་མིན་ན་མོས་དངོས་འབྲེལ་བུ་མོ་རྒྱ་རིགས་ཀྱི་བུ་དང་གཉེན་སྒྲིག་བྱེད་དུ་བཅུག་སྟེ་སེམས་ཁམས་དོ་སྙོམས་ཡོང་བར་བྱེད་བསམ་གྱི་ཡོད་དམ།
༤༤
       པུའུ་ཀྲང་གིས་ཚེ་ལོ་གསར་འགྱུར་འཕྲིན་སྤེལ་བྱེད་པའི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་མཐོང་རྗེས། ཁོ་ལ་པར་ལེན་ལག་རྩལ་ཡང་སློབ་སྦྱོང་བྱེད་དུ་བཅུག ཁོང་གི་དྲན་སྟངས་ཡིན་ན། ཚད་དང་མཐུན་པའི་དྲིལ་བསྒྲགས་པའི་ལས་བྱེད་པ་ཞིག་ཡིན་དགོས་ན་ངེས་པར་དུ་ལག་རྩལ་དེ་སློབ་སྦྱོང་ཡག་པོ་བྱེད་དགོས་ཤིང་། དེ་ལྟར་རྫོང་ཐོག་གི་ཚོགས་འདུ་གལ་ཆེན་ཁ་ཤས་ཐོག་སྤྱོད་ཡུལ་ཡོད་པ་མ་ཟད། ད་དུང་ཡི་གེ་ཁོ་ནའི་འཕྲིན་གསར་སྤེལ་བའི་མི་འདང་ས་ཁ་གསབ་བྱེད་ཐུབ་པར་ངོས་འཛིན་བྱས་པ་རེད།
       ཚེ་ལོས་སྔོན་ཆད་པར་ཆས་ལག་ཏུ་རེག་མྱོང་མེད་པས། གལ་སྲིད་རྫོང་གི་ཚོགས་འདུ་གལ་ཆེན་དང་ཕྲད་ཚེ་པར་ལེན་གྱི་ལས་ཀ་དེ་པུའུ་ཀྲང་དང་རུས་ཝང་ཅན་གྱི་ལས་བྱེད་པ་ཞིག་གིས་ལེགས་བསྒྲུབས་བྱེད་ཀྱི་ཡོད། ལས་བྱེད་པ་ཝང་གིས་གློག་སྒྲོན་བཀར་རྒྱུའི་འགན་འཁུར་བ་དང་། པུའུ་ཀྲང་སྐུ་ངོ་མས་པར་རྒྱག་རྒྱུའི་འགན་འཁུར་གྱི་ཡོད་པས། གལ་ཏེ་ཚེ་ལོས་ཀྱང་པར་བརྒྱག་ཤེས་ཚེ་པུའུ་ཀྲང་གིས་པུའུ་ནང་གི་དོན་ཆེན་ཁ་ཤས་སྒྲུབ་ཐུབ་ཀྱི་ཡོད། པུའུ་ཀྲང་གིས་སོ་ཉིའི་རྟགས་ཅན་གྱི་པར་ཆས་ཤིག་འཁྱེར་ཡོང་སྟེ་དངོས་སུ་ཁོ་ལ་པར་ལེན་སྟངས་ཏེ། དཔེར་ན། སྒོ་ཇི་ལྟར་འབྱེད་དགོས་པ་དང་ཇི་ལྟར་བརྒྱག་དགོས་ཚུལ། ཇི་ལྟར་སྤྱིན་ཤོག་འཇུག་ལེན་བྱེད་དགོས་ཚུལ། ཇི་ལྟར་འོད་ཀྱི་ཐིག་ལེ་དང་མགྱོགས་སྒོའི་མྱུར་ཚད་སྡེབ་སྒྲིག་བྱེད་པར་དོ་སྣང་བྱ་དགོས་པ་སོགས་ཁྲིད་པ་རེད། ཁྲིད་ཚར་རྗེས་སྤྱིན་ཤོག་འགའ་བྱིན་ནས་ཁོ་ཕྱི་ལ་སོང་སྟེ་ཚོད་ལྟ་བྱེད་དུ་བཅུག
       སྟོན་མཇུག་ལ་སླེབས་བྱུང་། རྩྭ་སྐམ་ནས་སེར་པོར་གྱུར་ཞིང་སྡོང་ལོ་ས་ལ་ཤག་ཤག་ལྷུང་། རྒྱང་རིང་གི་རི་རྩེར་ཁ་བ་དཀར་པོས་གཡོགས་ཤིང་སྨུག་སྤྲིན་གཏིབས། ཁངས་མཚམས་འོག་གི་རི་ལྡེབས་སུ་ཤིང་སྟག་པའི་ནགས་ཚལ་དམར་སེར་འདྲེས་མཚམས་ནི་སྙན་ངག་དང་འདྲ་ལ་རི་མོ་དང་ཡང་མཚུངས་མ་ཟད། རྨི་ལམ་དང་ཡང་འདྲ་ཞིང་འཆར་སྣང་དང་ཡང་མཚུངས། ཚེ་ལོ་ཡིས་མཛེས་སྡུག་ལྡན་པའི་སྟོན་ཁའི་ཡུལ་ལྗོངས་པར་དུ་བརྒྱབས་ཚར་རྗེས། ཉེ་འགྲམ་གྱི་སྡོང་བོའི་ཡལ་གའི་སྟེང་གི་མཆིལ་བ་དང་སྐམ་རྩྭའི་སྲུབས་སུ་རྒྱུགས་བཞིན་པའི་ཙི་གུའང་པར་དུ་བླངས། དེ་དག་པར་བླངས་ཚར་རྗེས་ད་དུང་སྤྱིན་ཤོག་འགའ་ལྷག་འདུག་པས་ཁོ་ཡང་ཁྲོམ་སྲང་དུ་མི་སྣ་མི་འདྲ་བའི་སྣང་བརྙན་འགའ་ལྐོག་ལེན་བྱེད་དུ་སོང་།
       ཚེ་ལོས་མི་རིགས་དངོས་ཟོག་བརྒྱ་འདུས་ཚོང་ཁང་སྒོ་ཁ་ནས་ནང་བགྲོད་ཕྱིར་ཡོང་བྱེད་བཞིན་པའི་མི་ཧ་ཅང་མང་པོ་ཡོད་པ་མཐོང་བས། སྒོ་འགྲམ་གྱི་གྱང་ཟུར་ཞིག་ཏུ་ཡིབ་ནས་འགྲོ་འོང་བྱེད་མཁན་གྱི་མི་ཚོགས་སྣ་ཚོགས་པར་དུ་བླངས། ཁོས་ཕོ་རྒོད་ཅིག་གད་མོ་ཆེན་པོ་དགོད་བཞིན་དུ་ནང་ནས་ཐོན་ཡོང་བ་ཐོས་རྗེས་དེ་མུར་པར་ཆས་ལེགས་བསྒྲིགས་བྱས་ཏེ་ཚོད་ལྟས་པར་ཞིག་ལེན་མགོ་བརྩམས། ཕོ་རྒོད་ཀྱི་གདོང་མངོན་མ་ཐག་ཁོས་མགྱོགས་སྒོ་སྤྲད་སོང་། མ་བསམ་ས་ནས་ད་དུང་གློག་འོད་གཅུས་སྒོའང་ཕྱེ་བྱུང་བས་པར་ཆས་ཀྱི་ཁ་ཐྲ་ཞེས་པའི་སྒྲ་དང་མཉམ་དུ་འཁྱུག་འོད་གློག་སྒྲོན་ཡང་བཀར་བྱུང་སྟབས་ཕོ་རྒོད་དེས་གཞི་ནས་མཐོང་སོང་། ཕོ་རྒོད་ཀྱིས་ཁོང་ཁྲོའི་སྡིགས་དམོད་བྱེད་བཞིན་ཚུར་ཡོང་བ་ན་ཚེ་ལོས་ཁོའི་གདོང་མདོག་ལ་ལྟ་མ་ཕོད། ཕོ་རྒོད་ཀྱིས་ཚེ་ལོ་ཡི་ཕྲག་པར་ཡང་མོར་རྡེབ་བཞིན། ཧེ། མ་གཞི་ཁྱོད་ཡིན་ནམ། ངས་མི་ཞིག་གིས་མེ་མདའ་བཟུང་ནས་ང་ལྐོག་གསོད་བྱེད་འདོད་པས་རེད་སྙམ་ཟེར། ཚེ་ལོས་མགོ་བོ་ཡར་བཀྱགས་ནས་ལྟ་དུས་མ་གཞིར་མགར་ཁྲི་ཤང་གི་ཧྲུའུ་ཅི་ཨྱོན་རེད། ཨྱོན་གྱིས་ཡང་ཚེ་ལོ་ཡི་ཕྲག་པར་རྡེབ་ཙམ་བྱས་རྗེས། འགྲོ་འགྲོ་འགྲོ། ཡུན་རིང་ཞིག་ལ་ངོ་མ་ཕྲད། ངས་ཁྱོད་ཁྲིད་ནས་ལུག་གི་རྫབ་སུལ་འཐུང་དུ་འགྲོ་ཟེར་བཞིན་ཚེ་ལོས་མིན་ཟེར་རེག་བར་དུ་ཁོས་ཚེ་ལོ་ཁྲིད་ནས་ཟ་ཁང་ཞིག་གི་ནང་དུ་འཛུལ།
       རྐུབ་སྟེགས་སུ་ད་དུང་བསྡད་མ་བརྟན་གོང་ཨྱོན་གྱིས་ནང་ནས་ལས་ཀར་བྲེལ་བཞིན་པའི་བུད་མེད་དེ་ལ། སྦྱིན་བདག་མ། དེ་རིང་སྐུ་མགྲོན་གལ་ཆེན་ཞིག་སླེབས་བྱུང་བས་རྫབ་སུལ་སྤུས་ལེགས་དཀར་ཡོལ་དོ་འཁྱེར་ཤོག་ཅེས་སྐད་ཅོར་བརྒྱབ་པ་ན། སྨིན་མ་སྟུག་ཅིང་མིག་ཆེ་བའི་ན་གཞོན་བུ་མོ་ཞིག་གིས་ཡ་ལན་སྟེར་བཞིན་དུ་སྒོར་ཐོན། མོས་ཨྱོན་ཡིན་པ་མཐོང་མ་ཐག་གཅེས་གཏམ་གྱིས། ངས་སུ་ཞིག་རེད་འདོད་བྱུང་། མ་གཞིར་ཧྲུའུ་ཅི་ཨྱོན་མ་ཡིན་ནམ། ཅིའི་ཕྱིར་ཡུན་རིང་བར་དུ་མ་མཐོང་བ་ཡིན་ནམ་ཞེས་ཟེར་བཞིན་དུ་མ་གཞི་ནས་ཧ་ཅང་གཙང་བའི་ཅོག་ཙེ་དེ་ཡང་བསྐྱར་ཐེངས་གཅིག་ཕྱིས་རྗེས། ནང་གི་ཇ་མ་ལ་རྫབ་སུལ་སྤུས་ལེགས་བཟོ་དགོས་པའི་བརྡ་བཏང་།
       ཨྱོན་གྱིས། ད་དུང་ཆང་དམ་བེ་གང་ཁྱེར་ཤོག ངས་ཡུན་རིང་ལ་མ་མཐོང་བའི་ནུ་བོ་ཆུང་ཆུང་འདི་དང་མཉམ་དུ་ཆང་ཕོར་འགའ་འཐུང་ནས་སྐྲག་སྣང་མར་གནོན་ཙམ་བྱེད་དགོས་ཟེར་བར།
       སྦྱིན་བདག་མས་ངོ་བསྟོད་ཀྱིས། སུ་ཞིག་གིས་ང་ཚོའི་ཧྲུའུ་ཅི་ཨྱོན་ལ་བར་ཆད་བཟོ་ཕོད་དམ་ཟེར།
       ཨྱོན་གྱིས། ངའི་གཅུང་པོ་གསར་འགོད་པ་འདི་རེད། ངའི་བསམ་པར་ཁོང་གིས་མེ་མདའ་སྤྱད་དེ་ང་ལ་ལྐོག་གནོད་བྱེད་ཀྱི་འདུག་སྙམ་ཡང་། མ་གཞིར་ཁོང་གིས་པར་ཆས་སྤྱད་དེ་ངའི་གཟི་འོད་འཕྲོ་བའི་གཟུགས་བརྙན་པར་རྒྱག་གི་འདུག་ཅེས་ཟེར་བ་དང་མཉམ་དུ་ཧ་ཧ་ཧ་ཞེས་གད་མོ་བགད།
       སྦྱིན་བདག་མས་ཀྱང་དགོད་ཞོར་དུ། འདི་ནི་དོན་བཟང་ཞིག་མ་རེད་དམ་ཞེས་ཟེར།
       ཚེ་ལོས་ཉན་རྗེས་གདོང་ཡང་དམར་པོར་གྱུར་སྙམ་སྟེར།
       ཨྱོན་གྱིས་ཚེ་ལོའི་པར་ཆས་ལ་རེག་ཙམ་བྱས་རྗེས། ཁྱོད་ཀྱིས་གོང་ཚད་མཐོ་བའི་པར་ཆས་འདི་འདྲ་འཁུར་ཚེ་འཛེམ་བག་མེད་པར་པར་མི་རྒྱག་པར་ལྐོག་ཏུ་ཡིབ་ནས་ལྐོག་པར་ལེན་དོན་ཅི་ཡིན་ནམ་ཞེས་ཟེར།
       ཚེ་ལོས་དོགས་མི་བདེ་བའི་ངང་ནས། ངས་དེ་རིང་ཐེངས་དང་པོར་པར་བླངས་པ་ཡིན། པར་ཡག་པོ་ལེན་མ་ཐུབ་ཚེ་གཞན་གྱིས་ཤེས་སོང་ན་འཕྱ་སྨོད་བྱེད་པར་སྐྲག་པས་ཡིན། ཡང་ཅིག་བཤད་ན་མིས་དོ་སྣང་མི་བྱེད་པའི་སྐབས་སུ་བླངས་པའི་པར་ནི་རང་བྱུང་ཡིན་སྲིད་ཅེས་ཟེར་བཞིན་དུ། ཕྱོགས་གཅིག་ནས་ཆང་འཐུང་བ་དང་ཕྱོགས་གཅིག་ནས་ཤང་གི་དོན་དག་གླེང་མགོ་བརྩམས།
       ཆང་མི་ཉུང་བ་བཏུང་རྗེས་ཤང་གི་གནས་ཚུལ་སྐོར་ཡང་གླེང་ཚར། ཨྱོན་གྱིས་སྦྱིན་བདག་མ་དེའི་རྐུབ་སྒོར་སྒོར་དེར་བལྟས་ནས་ཚེ་ལོ་ལ། ཁྱོད་ཀྱིས་ལྟོས་དང་། བུད་མེད་དེ་ཡག་པོ་འདུག་གམ། མོའི་མིང་ལ་ཧྭ་ཧྭ་ཟེར་ཏེ་ངའི་དགའ་རོགས་ཡིན་ཞེས་ཟེར།
       ཚེ་ལོ་ཡིས་བསམ་བཞིན་དུ། མི་ཆོག་རྒྱུ་མི་འདུག ཧྲུའུ་ཅི་ཨྱོན་གྱི་བློར་བབས་པའི་བུད་མེད་ཚོ་མི་ལེགས་རྒྱུ་གང་ན་ཡོད་དམ་ཞེས་པར།
       ཨྱོན་གྱིས། ང་ལ་མཛའ་མོ་འགའ་ཡོད། འདི་ཧ་ཅང་ན་གཞོན་ཡིན་པས་ང་དང་མི་འཚམ། གལ་ཏེ་ཁྱོད་དགའ་ན། ངས་ཁྱོད་ལ་སྦྱིན་ཆོག་ཟེར།
       ཚེ་ལོས་ཨྱོན་ཆང་གིས་བཟི་ནས་སྐད་ཆ་བྱུང་རྒྱལ་དུ་སྨྲ་བཞིན་པ་རྟོགས་རྗེས། རྐང་བཙུགས་ནས། མི་ཕོད། མི་ཕོད། ཧྲུའུ་ཅི་ཨྱོན་གྱི་བུད་མེད་ཅིག་ལ་ངས་འདོད་གཏམ་ཙམ་ཡང་ཇི་ལྟར་བཤད་ཕོད་ཅེས་ལན་བཏབ།
       ཚེ་ལོ་ཡུལ་ལ་ལོག་རྗེས་དོན་དག་འདི་གཡང་སྐྱིད་ལ་བཤད་སོང་། གཡང་སྐྱིད་ཀྱིས་ལག་པསམ་ཁ་བཀབ་ནས་བགད་ནས་མཚམས་མི་འཇོག
       ཉིན་གཉིས་པར་ཚེ་ལོས་པར་བླངས་ཚར་བའི་སྤྱིན་ཤོག་པུའུ་ནང་དུ་ཁྱེར་བ་དང་། པུའུ་ཀྲང་གིས་ལས་བྱེད་པ་ཝང་ལ་ཚེ་ལོ་ལ་སྤྱིན་ཤོག་བཀྲུ་རོགས་དང་འདྲ་པར་བཀྲུ་རོགས་བྱེད་དུ་བཅུག པུའུ་ཀྲང་གིས། ཞའོ་ཝང་གི་བརྙན་ལེན་ལག་རྩལ་ཅུང་ཞན་ན་ཡང་བཀྲུ་བའི་ལག་རྩལ་ཧ་ཅང་བཟང་ཟེར། བཤད་མཚམས་བཞག་རྗེས་ཝང་ལས་བྱེད་པས་ཚེ་ལོ་ཁྲིད་ནས་ཆེད་དུ་འདྲ་པར་བཀྲུ་སའི་ཁང་བ་ཞིག་ཏུ་སོང་།
       མུན་ཁང་ངོ་མ་མུན་ནག་རེད། སྒེའུ་ཁུང་རས་ནག་པོ་མཐུག་པོ་ཞིག་གིས་གཡོགས་ཡག་བྱས་འདུག་པས། ལག་པ་བསྲིངས་ན་མཛུབ་མོ་ལྔའང་མཐོང་མི་ཐུབ་པ་རེད། གློག་བཀར་ཚེ། ནང་དུ་ཤིང་སྒྲོམ་གཅིག་དང་ཅོག་ཙེ་རིང་བོ་ཞིག་གི་སྟེང་དུ་བཀྲུ་བྱེད་ཀྱི་ཡོ་བྱད་སྣ་ཚོགས་བཞག་ཡོད། ཞའོ་ཝང་གིས་གློག་ཐབ་ཀྱི་ཁ་ཕྱེ་ནས་ཕྱོགས་གཅིག་ནས་ཆུ་ཚན་སྐོལ་བ་དང་ཕྱོགས་གཅིག་ནས་ཚེ་ལོ་ལ། འདི་ནི་པར་ཤོག་ཡིན་པ་དང་། གན་ནི་གཟུགས་མངོན་ཕྱེ་དང་པར་རིས་གཏན་འཁེལ་གྱི་ཕྱེ་ཡིན་ལ། སྒྲོག་ཙེའི་ཐོག་གི་དེ་ནི་པར་བཀྲུ་འཕྲུལ་ཆས་ཡིན་པ་སོགས་ངོ་སྤྲོད་བྱས་པ་རེད། དོང་གཞོང་ནང་གི་ཆུའི་དྲོད་ཚད་ཧ་ལམ་ཚད་དང་རན་དུས་གློག་ཐབ་དང་གློག་སྒྲོན་གཟིམ་སྟེ་གློག་དམར་ཆུང་ཆུང་བཀར་ནས་ལས་ཀ་བྱེད་འགོ་ཚུགས། ཞའོ་ཝང་གིས་མུན་ནག་ནང་དུ་སྤྱིན་ཤོག་བླངས་ཏེ་སྨན་ཆུ་བླུགས་པའི་རྫ་གཞོང་ནང་དུ་བཞག ཡུད་ཙམ་མ་འགོར་བར་མི་སྣ་དང་མཛེས་ལྗོངས་སྣ་ཚོགས་ཀྱི་གཟུགས་རིས་སྣ་ཚོགས་སྤྱིན་ཤོག་ངོས་སུ་སྒྱུ་མའི་འཕྲུལ་བཞིན་ཐོན་པས་ཚེ་ལོ་ཡ་མཚན་ཆེན་པོ་སྐྱེས། དེའི་རྗེས་ནས་ཞའོ་ཝང་དང་ཚེ་ལོ་གཉིས་ཀྱིས་བཀྲུས་ཟིན་པའི་སྦྱར་ཤོག་དེ་བར་སྣང་དུ་བསིལ་སྐམ་བྱས་པ་རེད།
       ཡང་ཉིན་གཉིས་འདས་རྗེས། སྤྱིན་ཤོག་དེ་དག་སྨྱན་གཟུགས་བརྒྱུད་དེ་པར་ཤོག་ཐོག་ཏུ་ཕབ་ཅིང་། དེ་ནས་ཡང་སྨན་ཆུར་སྦངས་ཤིང་བཀྲུས་ཚེ་གཞི་ནས་འདྲ་པར་དུ་གྱུར་འདུག
       ཚེ་ལོས་འདྲ་པར་དེ་དག་པུའུ་ཀྲང་ལ་བསྟན་ནས་ལྟ་རུ་བཅུག་ལ། པུའུ་ཀྲང་གིས་ཀྱང་འདྲ་པར་ཐོག་གི་སྐྱོན་ཆ་མི་ཉུང་བ་ཞིག་བདམས་མོད་ཀྱང་། ཡིན་ནའང་། དེ་ནི་ཁོས་ཐེངས་དང་པོར་པར་བསྐྱོན་ཞིང་བཀྲུས་ནས་ཚར་བའི་བརྒྱུད་རིམ་ཧྲིལ་པོ་ཡིན་པས། སེམས་སུ་སྔར་བཞིན་འགོག་ཐབས་བྲལ་བའི་སྤྲོ་སྣང་ཞིག་གིས་འཁེངས་འདུག
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།