སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉེར་གསུམ་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-25
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཞེ་ལྔ་པ།
སྒྲོལ་མ་ཚོའི་སྐོར་བྲོ་འཁྲབ་ནས་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཏེ། ཐེངས་མང་པོའི་འགྲན་སྡུར་གྱི་ཁྲོད་དུ་བྱ་དགའ་ཡང་བསྟུད་མུར་ཐོབ་ལ་སྐད་གྲགས་ཀྱང་ཇེ་ཆེ་ནས་ཇེ་ཆེ་རེད། མ་ཟད་ད་དུང་ལས་ཁུངས་མི་ཉུང་བའི་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་སོགས་སུའང་གདན་འདྲེན་བྱས་ཤིང་ཞུགས། ཉིན་དེར། རྨ་ལྷོའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོའི་ཁྲོད་ཀྱང་ཁོ་ཚོ་གདན་འདྲེན་ཞུས་པ་དེ་ལ་སྒྲོལ་མ་ཧ་ཅང་དགའ་སྤྲོས་འཁེངས་འདུག རྒྱུ་མཚན་ནི་གནས་དེ་ནི་ཁོ་མོས་དེ་སྔ་བྱ་བ་བསྒྲུབས་ཤིང་འཚོ་བ་སྐྱེལ་མྱོང་བའི་ས་ཆ་ཡིན་པས་རེད།
སྒྲོལ་མ་སྔ་མོ་ལངས་ཏེ་མཛེས་སྤྲོས་བྱེད་མགོ་བརྩམས་པ་མ་ཟད། ངས་མོ་ལ་ཞོགས་ཟས་གྲ་སྒྲིག་བྱེད་དགོས་ཟེར། ངས་འོ་ཇ་བསྐོལ་ཞིང་སྒོ་ང་བཙོས་རྗེས་གོ་རེ་དང་མཉམ་དུ་ཅོག་ཙེ་སྟེང་དུ་བཞག
སྒྲོལ་མ་རྐུབ་སྟེགས་སྟེང་ཙོག་ཅིང་ཟ་ཞོར་འཐུང་ཞོར་དུ་ང་ལ། ཡུན་རིང་རྨ་ལྷོ་རྫོང་དུ་མ་སོང་བས། ད་ཐེངས་སོང་ཚེ་ཁོ་ཐག་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ངེས་ཞེས་ཟེར།
ངས། རེད་ཡ། ང་ཚོ་ཁུལ་དུ་ལས་གནས་སྤར་ཏེ་ལོ་འགའ་འགོར་སོང་མོད། འོན་ཀྱང་ཁྱོད་སླར་ཐེངས་གཅིག་ཀྱང་སོང་མ་མྱོང་། ད་ལྟ་ཕལ་ཆེར་མི་མང་པོ་ཞིག་གིས་ཁྱོད་ངོ་ཤེས་མི་སྲིད་ཅེས་བཤད།
སྒྲོལ་མས། ངས་ད་དུང་ལག་རྟགས་ཤིག་གྲ་སྒྲིག་བྱས་ནས་དེ་སྔོན་གྱི་འགོ་ཁྲིད་དང་གྲོགས་པོ་ཚོར་ལྟ་རུ་འགྲོ་རྒྱུ་ཡིན་ཞེས་ཟེར།
ངས། དངུལ་མང་ཙམ་ཁྱེར་དང་རྫོང་ཐོག་ཏུ་ཉོ་རྒྱུ་ཡོད་པས་གོ་སྐབས་དང་བསྟུན་ནས་བྱ་བ་སྒྲུབ་ཆོག དངོས་པོ་འཁྱེར་ན་ཧ་ཅང་ངལ་ཞིང་དུབ་པར་འགྱུར་བ་ཕར་ཞོག་དང་། ད་དུང་ཕྲད་འདོད་པའི་མི་དང་ཐུག་ཐུབ་པའི་ངེས་པའང་མེད་ཅེས་བཤད་པ་ཡིན།
སྒྲོལ་མས་ངས་བཤད་པའི་སྐད་ཆར་གནས་ལུགས་འདུག་འདོད་ཅིང་། ཞོགས་ཟས་ཟོས་ཚར་རྗེས་དངུལ་ཏོག་ཙམ་བཟུང་བ་ལས་ལག་རྟགས་གང་ཡང་མ་འཁྱེར་བར་ལམ་དུ་ཆས།
ངས་སྒྲོལ་མར་རོགས་བྱས་ནས་ཞབས་བྲོའི་ལྭ་བ་ཁྱེར་ནས་སྐྱེལ་མ་བྱས་། ཐང་ཆེན་དུ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་གཉིས་བཞག་ཡོད་པ་དང་། གཅིག་གི་ནང་དུ་སྐོར་བྲོའི་རུ་ཁག་གི་རུ་མིས་ཁེངས་འདུག ཤའོ་ཡུན་གྱིས་ངེད་གཉིས་མཐོང་བ་དང་རྒྱང་རིང་ནས་འབོད་བརྡ་གཏོང་བཞིན་འདུག
ཉེ་སར་སླེབས་སྐབས་ཤའོ་ཡུན་གྱིས་དགའ་གུས་ཆེན་པོས། ཨ་ཁུ་རྒྱ་མཚོ། ཁྱེད་ཀྱང་ང་ཚོ་དང་མཉམ་དུ་རྨ་ལྷོ་རྫོང་དུ་འགྲོ་རོགས་གྱིས་དང་ཞེས་ཟེར།
ངས་དགོད་ཞོར་དུ། ཁྱོད་ཚོ་ནི་འཁྲབ་སྟོན་པ་རེད། ང་སོང་ནས་ཅི་ཞིག་བྱེད་ཐུབ་བམ་ཞེས་པར།
ཤའོ་ཡུན་གྱིས་ངོ་བསྟོད་ཀྱི་སྒོ་ནས། ཁྱེད་ནི་རྩོམ་པ་པོ་ཞིག་ཡིན་པས་གནད་དོན་ལ་ལྟ་བའི་ཟུར་ཚད་མི་འདྲ་རྐྱེན། ང་ཚོར་མཛུབ་ཁྲིད་རེ་བྱས་ན་མི་ཆོག་གམ་ཟེར།
ངས་ཀྱང་བསམ་བཞིན་དུ། རྒྱུས་མངའ་མེད་མཁན་ཞིག་གིས་རྒྱུས་མངའ་ཡོད་མཁན་དག་ལ་མཛུབ་སྟོན་བྱས་ནས་འཁྲབ་སྟོན་བཟང་པོ་བརླགས་སྲིད་ཚེ་ཅི་བྱེད་དམ་ཞེས་བཤད།
སྒྲོལ་མ་ཕྱོགས་གཅིག་ནས་རླངས་འཁོར་དུ་འབུད་པ་དང་ཕྱོགས་གཅིག་ནས་ཅུང་འཛེམ་དོགས་སྒོས། བཀྲ་ཤིས་པའི་ཚིག་འགའ་བཤད་ན་མི་ཆོག་གམ། ཁྱོད་འདིའི་ཁྭ་ཏའི་ཁ་འདི་ཞེས་ཟེར།
ཉིན་གསུམ་གྱི་རྗེས་སུ་སྒྲོལ་མ་རྨ་ལྷོ་རྫོང་ནས་ལོག་ཡོང་དུས་བློ་ཕམ་ཡིད་ཆད་ཀྱི་རྣམ་པས་འཁེངས་འདུག ངས་མྱུར་དུ། ད་ཐེངས་དཀའ་ལས་མྱངས་སོང་། ཁྱོད་ཚོའི་སྐོར་བྲོ་འཁྲབ་པ་མི་བཟང་བ་མི་སྲིད་ཅེས་པར།
སྒྲོལ་མས་ཁོང་ཁྲོའི་ངང་། བཟང་རྒྱུ་ཐལ་ཡོད་ཀྱི་རེད། ངས་མི་ཚང་མ་བརྫད་ཡག་བྱས་སོང་ཟེར།
ངས་ཧ་མི་གོ་བའི་སྒོ་ནས། ཅི་ཞིག་བྱུང་སོང་། ཁྱོད་འཁྲབ་པ་ཧ་ཅང་བཟང་བ་མིན་ནམ་ཞེས་པར།
སྒྲོལ་མས། འཁྲབ་བཞིན་པའི་སྒང་ལ་གློ་བུར་དུ་ཧབ་སྦྲིད་མཚམས་མི་ཆད་པར་བརྒྱབ་པས་ལྟད་མོ་བ་ཚོའང་གད་མོ་ཤོར་སོང་ཞེས་ཟེར།
ངས་ཐེ་ཚོམ་ངང་། བལྟས་ནས་ལུས་ཕུང་མི་བདེ་ཚེ་མ་འཁྲབ་ན་ཅིའི་མི་ཆོག ཁྱོད་གཅིག་པུ་ཆད་པས་མི་སྐྱོན་ཞེས་པར།
སྒྲོལ་མས། དུས་ཚོད་སྐར་མ་ཐུང་ངུ་བཅུ་ཕྲག་ཁ་ཤས་ནང་བཟོ་ལྟའི་རྣམ་པ་དེ་འདྲ་ཐོན་པ་སུའི་ཡིད་དུ་འཆར་རམ། ཚང་མ་ཁྭ་ཏའི་ཁ་ངན་ཁྱོད་ཀྱིས་ལད་དུ་བཅུག་པ་ཡིན། ཞེས་མོས་བསམ་བཞིན་དུ་འགན་འཁྲི་ངའི་མགོ་ལ་འཕངས་བྱུང་།
སྒྲོལ་མ་ཉིན་དང་པོར་ལམ་ལ་མ་ཆས་པའི་སྔོན་ལ་ངས་མོར་ཆམ་པ་ཕོག་པའི་རྟགས་ཐོན་པ་ཤེས། ཞོགས་པར། མོས་ཉིན་དང་པོར་ཚོད་ལྟ་བྱས་ནས་གྱོན་པའི་ལྭ་བ་ཚང་མ་ཡང་གོན་བསྐྱར་གོན་ཐེངས་གཅིག་བྱས། ངས་མོའི་གཤིས་ཀ་ནི་དེ་འདྲ་ཞིག་ཡིན་པ་ཤེས་པས་ཅི་ཡང་མ་བཤད། མཉམ་དུ་ཞོགས་ཟས་ཟ་བའི་སྐབས་སུ་ཁོ་མོ་དལ་ལུད་ཐེངས་འགའ་བྱས། ངས། ཁྱོད་ལ་ཆམ་པ་ཕོག་སོང་བ་འདྲ་ཞེས་པར། མོས། རྨ་ལྷོ་རྫོང་གི་ལས་གྲོགས་དང་གྲོགས་པོ་ཚོས་རང་ཉིད་གླེང་བཞིན་པ་ཁོ་ཐག་རེད་ཟེར། རྨ་ལྷོ་རྫོང་ལ་ཐོན་རྗེས་ཆམ་པ་ཚབས་ཆེན་དུ་གྱུར། སྔོན་ལ་ཆད་མ་མཐུད་ཀྱིས་ལུད་པ་དང་དེ་ནས་མགོ་ན་མགོ་བརྩམས། ཤའོ་ཡུན་གྱིས་ཁོ་མོའི་གནས་ཚུལ་མཐོང་བས། ཁོ་མོའི་བསམ་འཆར་བསྡུ་ལེན་བྱས་ནས་སྐོར་བྲོ་རྒྱུན་འཁྱོངས་བྱེད་ཐུབ་མིན་དྲིས། སྒྲོལ་མས། ཡོང་ཚར་ནས་ད་དུང་དབུགས་ཐེངས་གཅིག་ལེན་སྐབས་ཡོད་ན་ཅིས་ཀྱང་རྒྱུན་འཁྱོངས་བྱེད་དགོས་ཞེས་ཟེར། ཤའོ་ཡུན་གྱིས་མོའི་རྣམ་འགྱུར་དེར་བལྟས་ནས་ད་དུང་མི་མང་པོའི་མདུན་ནས་བསྟོད་པ་བྱས།
ཕྱི་དྲོ། ཐང་ཆེན་དུ་མི་ཚོགས་རི་མཚོ་བཞིན་འཕྱུར། རྫོང་དཔོན་གྱིས་མགོ་རྩོམ་གྱི་གཏམ་བསྒྲགས་མ་ཐག་འཁྲབ་སྟོན་ལེ་ཚན་འགོ་ཚུགས། ལེ་ཚན་དང་པོ་ནི་ཁུལ་སྐོར་བྲོ་རུ་ཁག་གི་འཁྲབ་སྟོན་རེད། སྒྲོལ་མ་གྲལ་གྱི་མགོར་བསྒྲིགས་ཡོད། རོལ་དབྱངས་གྲགས་པ་དང་མཉམ་དུ་འཁྲབ་སྟོན་པ་ཚོས་གར་སྟབས་ལིང་ལིང་བསྒྱུར་ཤིང་། ཕྱོགས་སོ་ནས་ཕེབས་པའི་གསར་འགོད་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཟུར་ཚད་མི་འདྲ་བའི་ངོས་ནས་པར་ལེན་བརྙན་ཕབ་བྱས་པ་རེད། ཡུལ་དངོས་ཐད་གཏོང་བྱེད་མཁན་གསར་འགོད་པ་ཞིག་གིས་བརྙན་མིག་ཆེད་དུ་སྒྲོལ་མར་གཏད་དེ་རྗེས་འདེད་བཏང་སྟེ་གཏོང་མི་ཕོད་པར་བརྟེན་སྒྲོལ་མ་བློ་ཡིད་ཚིམ་པོ་བྱུང་། ཏག་ཏག་སྐབས་དེར་མོའི་མིད་པར་ཟ་འཕྲུག་ལངས་ཤིང་སྣ་སྐྱུར་ཡང་ལངས་པས་རང་དབང་མེད་པར་ཧབ་སྦྲིད་ཆེན་པོ་ཐེངས་འགར་བརྒྱབ་པ་ན། གསར་འགོད་པ་ཧང་སངས་ནས་དེ་འཕྲལ་བརྙན་མིག་འཁྲབ་སྟོན་པ་གཞན་དག་གི་ཕྱོགས་སུ་བསྐོར། ལྟད་མོ་བ་ཚོས་མཐོང་རྗེས་ཡ་མཚན་གྱི་དགོད་སྒྲ་སྒྲོག་པ་ན་སྒྲོལ་མ་ངོ་ཚ་ནས་ཅུང་ཙམ་མིན་ན་བྲོ་ར་ནས་ཕྱིར་བུད་བྱུང་།
༤༥
ཉིན་འདི་དག་གི་བརྙན་འཕྲིན་གྱི་འཕྲིན་ལམ་གཉིས་པ་ནས་མཚན་མོ་རེ་རེར་མུ་འབྲེལ་བརྙན་འཕྲིན་ཟློས་གར«ཁྲིན་ཀྲིན»གཏོང་བཞིན་འདུག བརྙན་འཕྲིན་ཟློས་གར་འདི་ཤང་ཀྭང་དང་ཨོ་མིན་གཉིས་ཀྱི་ཡུལ་སྐད་ཀྱིས་འཁྲབ་སྟོན་བྱས་པས། མི་སྣའི་བར་གྱི་ཁ་བརྡ་ཅུང་གོ་དཀའ་མོད། འོན་ཀྱང་རྣམ་པ་འཁྲུག་ཆ་དོད་པས་ལྟ་མཁན་ཧ་ཅང་མང་། སྒོའི་ཕྱིར་ཕྱིན་ཚེ་ཕལ་ཆེར་སུས་ཀྱང་ཟློས་གར་འདིའི་བརྗོད་གཞི་གླེང་བཞིན་འདུག དགོང་མོའི་གསར་འགྱུར་ལ་བལྟས་ཚར་རྗེས། ཚེ་ལོས་ཀྱང་འཕྲིན་ལམ་གཉིས་པའི་སྒོ་ཕྱེས་ནས་བརྙན་འཕྲིན་ཟློས་གར་ལ་ལྟ་མགོ་བརྩམས། གཡང་སྐྱིད་ཀྱིས། འདི་ལ་ལྟ་རྒྱུ་ཅི་ཡོད་ཅེས་ཟེར་བ་དང་མཉམ་དུ་རྒྱང་བསྒྱུར་འཕྲོག་ནས་འཕྲིན་ལམ་གཞན་པར་བརྗེས་པ་རེད། འཕྲིན་ལམ་དེ་དག་ཏུ་ཡང་ན་འགོ་ཁྲིད་ཀྱིས་གསུང་བཤད་གནང་བའམ་ཡང་ན་བརྡ་ཁྱབ་དུམ་བུ་དུམ་བུ་རེད། གྱོས་མོས་དོགས་མི་བདེ་བའི་ངང་། ད་སོ་མའི་ལེ་ཚན་དེ་ཧ་ཅང་བཟང་བ་མིན་ནམ། འདི་དག་ལ་བལྟས་ན་དོན་སྙིང་ཅི་ཞིག་ཡོད་དམ་ཞེས་ཟེར།གཡང་སྐྱིད་ཀྱིས། ཨ་མ་ལགས། འདི་དག་ནི་བརྙན་འཕྲིན་ཟློས་གར་དེ་ལས་ཅུང་ཙམ་བཟང་བ་རེད། ང་རྒྱོབ་རྒྱོབ་སོད་སོད་ཟེར་བའི་ཟློས་གར་ལ་ལྟ་རྒྱུར་མི་དགའ་ཞེས་ཟེར།
གྱོས་མོས། ཁྱོད་མི་དགའ་ན་ང་ཚོའང་མི་དགའ་བ་ཨེ་རེད། རང་གི་གཤིས་ཀ་ཁོ་ནར་བརྟེན་མི་རུང་ཞེས་ཟེར།
ཚེ་ལོས་གྱེས་མོ་དང་གཡང་སྐྱིད་གཉིས་ཀྱི་བསམ་འཆར་ཡང་གཅིག་མཐུན་མིན་ལ། གྱོས་མོས་ཆེད་དུ་རང་ལ་སྐད་ཆ་ཤོད་རོགས་བྱེད་བཞིན་པ་ཤེས་རྗེས། སྙོམས་བསྒྲིགས་མཐུན་ཐབས་བྱས་ནས། ཨ་མ་ལགས། སྐྱོན་མི་འདུག ཁྱེད་ཚོས་གང་འདོད་དུ་གཟིགས་དང་ང་དཔེ་ཆར་ལྟ་རུ་འགྲོ་རྒྱུ་ཡིན་ཞེས་ཟེར་ཞོར་དུ་དཔེ་ཁང་ནང་དུ་འཛུལ་སོང་།
ཡུད་ཙམ་མ་སོང་བར། ཚེ་ལོས་དཔེ་ཁང་ཕྱིའི་འདུག་ཁང་ནས་གཡང་སྐྱིད་ཀྱི་གསལ་ལ་མི་གསལ་བའི་ངུ་སྐད་ཐོས་བྱུང་། ཚེ་ལོ་ཕྱི་རུ་སོང་ཚེ་གཞི་ནས་གྱོས་མོས་གཡང་སྐྱིད་ལ་བསླབ་བྱ་ཟབ་མོ་ཞིག་བཏང་བ་ཤེས་བྱུང་།
གཡང་སྐྱིད་ཀྱི་སེམས་སུ་ཁོང་ཁྲོས་བརྟས་འདུག ནམ་གུང་དུ་ཕྲུ་གུས་གཅིན་བཏང་ཚེ། ཚེ་ལོ་ལ་གཅིན་སྟན་བརྗེ་རུ་བཅུག་པ་དང་། གཅིན་སྟན་བརྗེས་རྗེས་ཡང་ཁོ་ལ་གཅིན་སྟན་རློན་པ་གཙང་མར་བཀྲུ་རུ་བཅུག ཚེ་ལོས་གཡང་སྐྱིད་ཀྱིས་བསམ་བཞིན་དུ་རང་ཉིད་ལ་མནར་གཅོད་བྱེད་བཞིན་པ་ཤེས་རྗེས། ནམ་གུང་རེ་གུང་ལ་ཅི་ཞིག་འཁྲུད་དམ། ཡང་ཅིག་བཤད་ན་གཅིན་སྟན་སྐམ་པོ་བརྗེས་སྤྱད་མེད་པ་མ་རེད་ཅེས་པར། གཡང་སྐྱིད་ཀྱིས་འཇིགས་སུ་རུང་བའི་ངང་། ཁྱོད་ཀྱིས་དོན་དག་ཆུང་ཆུང་འདི་འདྲ་ཞིག་ཀྱང་སྒྱིད་ལུག་གིས་སྒྲུབ་མི་འདོད་ན། ད་དུང་བྱིས་པའི་ཨ་ཕ་ཇི་ལྟར་བྱེད་འདོད་པ་ཡིན་ནམ། ཞེས་མོས་ཁོང་ཁྲོ་ཡང་ཚེ་ལོ་ཡི་སྟེང་ལ་ཕུད།
ཉིན་གཉིས་པའི་ཞོགས་པར་མལ་ལས་ལངས་རྗེས། གྱོས་མོས་གཡང་སྐྱིད་ལ། མཚན་གུང་ལ་ངས་ཡང་ཁྱོད་དང་ཚེ་ལོ་གཉིས་ཀྱིས་དོན་མེད་དུ་ཁ་རྩོད་རྒྱག་བཞིན་པ་ཐོས་བྱུང་། ད་དུང་འདི་ལྟར་ཁ་རྩོད་བརྒྱབ་ན་ང་ཡུལ་ལ་ལོག་རྒྱུ་ཡིན་ཟེར། གཡང་སྐྱིད་ཀྱིས་དོན་དག་ཚབས་ཆེན་ཡིན་པ་མཐོང་ནས་བྲེལ་འཚུབ་ངང་ཨ་མ་ལ། ཨ་མ་ལགས། ང་ནོར་སོང་། ཁྱེད་ཀྱི་སེམས་ཁ་བདེ་མོ་བྱོས། རྗེས་ཕྱོགས་ད་ཡང་འདི་ལྟར་རང་གཤིས་གྱོང་བོ་མི་བྱེད་ཅེས་དགོངས་དག་ཞུས།
ཟླ་གསུམ་གྱི་རྗེས་སུ་གཡང་སྐྱིད་ལས་ཚོགས་སུ་ཞུགས་མགོ་བརྩམས། བྱིས་པ་ཉིན་མོ་གྱོས་མོས་སྙོར་བཞིན་ཡོད་ལ། ལས་ཚོགས་གྲོལ་རྗེས་གཡང་སྐྱིད་ཀྱིས་སྙོར་བཞིན་ཡོད། བྱིས་པ་སྐྱེས་པ་དཀར་ཞིང་ཚོན་པོ་ཡིན་ལ་དགོད་ཀྱང་ཤེས་བཞིན་ཡོད་མོད། འོན་ཀྱང་ད་དུང་མིང་དངོས་བཏགས་མེད། རྒྱུན་སྲོལ་ལྟར་ན། བྱིས་པའི་མིང་ནི་ཁྱིམ་རྒྱུད་ནང་གི་རྒན་རྒོན་ནམ་ཡང་ན་དགོན་པའི་དགེ་འདུན་པས་འདོགས་དགོས། ཚེ་ལོས་དེ་སྐོར་གྱི་འཕྲིན་ཡིག་ཅིག་ཕ་ཡུལ་ལ་བསྐུར་བ་ན་འཕྲིན་ལན་ཡང་མྱུར་དུ་འབྱོར་བྱུང་། འཕྲིན་ལན་ནང་ཕ་ཡུལ་དུ་རིག་གནས་ཡོད་ཅིང་ཕ་སྐད་གོ་བའི་རྒན་པ་ཅང་མི་འདུག་པས། དགེ་འདུན་པ་ཞུ་རྒྱུའང་སྟབས་མི་བདེ། དེ་བས་ཁྱོད་ཚོ་ནི་རིག་གནས་པ་ཡིན་ལ་ཕ་སྐད་ཀྱང་ཤེས་པ་མ་ཟད། གྱོས་མོའང་གན་དུ་ཡོད་པས། སྔར་བཞིན་ཁྱོད་ཚོས་གྲོས་བསྡུར་བྱས་ནས་མིང་བཏགས་ན་རེད་ཅེས་བྲིས་འདུག ཕ་རྒན་གྱི་སྐད་ཆ་ཡོད་པའི་སྟེང་ཚེ་ལོས་གྱོས་མོའི་བསམ་འཆར་ལ་ཉན། གྱོས་མོས། ཞིང་གྲོང་གི་བྱིས་པའི་མིང་གཉོམ་ན་གསོ་སྐྱོང་བདེ་པ་དང་ལས་བྱེད་པའི་བྱིས་པའི་མིང་བཙན་ན་ལས་དོན་འགྲུབ། ང་ཞིང་གྲོང་གྱི་རྒན་མོ་ཞིག་ལ་གང་ཞིག་ནས་ལས་བྱེད་པའི་བྱིས་པར་མིང་འདོགས་པའི་ཆ་རྐྱེན་འཛོམས་སམ། ཞེས་སྐད་ཆ་གཅིག་གིས་ཚེ་ལོ་དང་གཡང་སྐྱིད་གཉིས་དགོད་ཁ་ཤོར་དུ་བཅུག
ཚེ་ལོས་སྔོན་ལ་བྱིས་པར་མིང་འདོགས་རྒྱུར་དོ་གལ་མ་བྱས་མོད། འོན་ཀྱང་ད་ལྟ་དངོས་གནས་དཀའ་ལས་སུ་གྱུར་སོང་། བྱིས་པས་མ་འོངས་པའི་སྤྱི་ཚོགས་ནང་འཚོ་བ་རོལ་ན། མིང་ནི་མིའི་བར་ཉིན་རྒྱུན་འབྲེལ་འདྲིས་བྱེད་པའི་ཐ་སྙད་ཁོ་ན་ཡིན། གལ་ཏེ་མིང་བཏགས་པ་མི་བཟང་ན་སྐབས་ལ་ལར་གཞན་གྱིས་འཕྱ་དམོད་བྱེད་སྲིད།
ཚེ་ལོས་བོད་རྒྱ་ཟུང་འབྲེལ་གྱི་མིང་ཞིག་བཏགས་ན་འདོད།
ཚེ་ལོས་རང་གི་ཁྱིམ་རྒྱུད་ཀྱི་ཡོང་ཁུངས་དྲན་བྱུང་། སྤོ་བོས་བཤད་པ་ལྟར་ན།་སྔོན་ཆད་རུས་རྒྱུད་ནང་གི་སྤུན་ཟླ་བཞི་ཡོད་པ་མཉམ་དུ་ཁྱིམ་ཚང་གཅིག་གི་ནང་དུ་བསྡད་ཡོད་པ་དང་། སོ་སོས་ཤར་ཁང་དང་། ལྷོ་ཁང་། ནུབ་ཁང་། བྱང་ཁང་བཅས་བཟུང་ནས་བསྡད་ཡོད་ཅིང་། རྗེས་སུ་སོ་སོར་ཁྱིམ་བགོས་ནས་ལོགས་སུ་བསྡད་མོད། འོན་ཀྱང་ཁོ་ཚོ་སྤུན་ཟླ་བཞི་པོའི་ཁྱིམ་ཚང་གི་འབོད་སྟངས་ནི་སྔར་གྱི་ཁྱིམ་རྙིང་དུ་བསྡད་ཡོད་དུས་ཀྱི་ཁང་པའི་ཁ་ཕྱོགས་ལྟར་ཡིན་པས། རང་ནི་ཤར་ཁང་གི་མི་རབས་རྗེས་མ་ཡིན་པ་དྲན་བྱུང་ལ། དེ་ནས་ཡང་བོད་སྐད་ནང་དུ་དོན་གྲུབ་ཟེར་བའི་མིང་ཞིག་ཡོད་ལ། དེའི་ནང་དོན་ནི་བྱ་བ་ལམ་འགྲོ་ཡོང་བར་སྨོན་པ་དེ་ཡིན་པ་དྲན་བྱུང་། དོན་གྲུབ་ཅེས་པའི་ཡིག་འབྲུ་འདི་གཉིས་པོ་ནི་རྒྱ་སྐད་ཀྱི་ངོས་ནས་བརྗོད་ན་དེ་བས་རང་གི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་སྒྲ་དང་མཐུན་པ་སྟེ། ཤར་ཁང་གི་བདག་པོར་ངོས་བཟུང་ཆོག་པས་དངོས་འབྲེལ་གཅིག་གོ་གཉིས་ཆོད་དུ་གྱུར་བ་རེད།
ཚེ་ལོས་རང་གི་བསམ་ཚུལ་གཡང་སྐྱིད་ལ་བཤད་པ་ན། གཡང་སྐྱིད་ཀྱིས་ཐལ་མོ་རྡེབ་བཞིན་དུ། ཆོག་གི། ཁྱོད་ཀྱིས་བསམ་བློ་བཏང་བ་ཧ་ཅང་འཐུས་ཚང་རེད། ད་ཡང་རྩོད་རྒྱུ་ཅི་ཡང་མི་འདུག་ཅེས་ཟེར།
གྱོས་མོས་ཁོ་ཚོ་དེ་འདྲ་ཡིན་པ་མཐོང་བས། སེམས་སུ་ཤིན་ཏུ་དགའ་སྤྲོས་ཁྱབ་ནས། འཚོ་བ་སྐྱེལ་སྟངས་ནི་དེ་ལྟ་བུ་ཞིག་ཡིན་པ་རེད་ཅེས་སྨྲས། ཚེ་ལོས། སྐད་ཆའི་མཇུག་མཐུད་ནས། ཨ་མ་ལགས། འདི་ནི་ཁྱེད་ཀྱིས་རྒྱུན་དུ་སློབ་གསོ་གནང་བའི་མཇུག་འབྲས་ཡིན་ལ། སྔོན་ཆད་འགྲམ་ལྕག་གཅིག་གིས་ང་ཚོ་སད་དུ་བཅུག་པའི་མཇུག་འབྲས་ཀྱང་ཡིན། མ་གཏོགས་ང་ཚོ་བདེ་སྐྱིད་ལྡན་པའི་དེ་རིང་གི་བར་དུ་འགྲོ་མི་ཐུབ་ཅེས་ལབ། གཡང་སྐྱིད་ཀྱིས་སྐད་ཆ་དེ་ཐོས་འཕྲལ། ཨ་མ་དང་ཚེ་ལོར་ལྟ་བཞིན་དོགས་མི་བདེ་བའི་ངང་འཛུམ་བྱུང་།
ཞེ་དྲུག་པ།
ནུ་བོའི་ཁ་པར་ཡོང་ནས། ཡུལ་ནས་གནད་དོན་དཀའ་མོ་ཞིག་ལ་ཕྲད་པས་ཅི་ལྟར་བྱས་ན་བཟང་མིན་ཡང་མི་ཤེས། ཕུ་བོ་ཁྱོད་ཀྱིས་ཐབས་ཤིག་འཐེན་རོགས་ཟེར། ངས་དོན་ཅི་ཞིག་རེད་དམ་ཞེས་པར། སྲིད་གཞུང་གིས་གྲོང་སྡེ་གསར་བ་འཛུགས་སྐྲུན་བྱེད་བཞིན་ཡོད་པས། ཁྱིམ་རེ་རེར་སྒོར་ཁྲི་ཡི་ཁ་གསབ་ཡོད། དེས་སྔོན་ཆད་ཀྱི་ས་མཁར་མགོ་རྟིང་སློག་ནས། གྱོ་མོག་གི་མཁར་གསར་བསྐྲུན་དགོས་ཀྱི་འདུག གལ་ཏེ་སུ་ཚང་གིས་བསྒྱུར་སྐྲུན་བྱེད་མི་ནུས་ན། སྒོར་མོ་དེ་སྟེར་བ་མིན་ཟེར། ཁོས་བསྒྱུར་སྐྲུན་བྱེད་ན་འདོད་མོད་འོན་ཀྱང་ཨ་ཕ་དེར་མི་འཐད་ཅེས་ཟེར།དོན་འདིས་ང་ལ་དཀའ་ལས་བཟོས་སོང་། རྒྱུ་མཚན་ནི། འདི་ནི་རང་བཞིན་གྱི་གཞིས་ཀ་ཕལ་བ་ཞིག་མིན་པ་ངས་ཤེས་པས་སོ། །
ངེད་ཚང་གི་གཞིས་ཀའི་མཁར་གྱི་མཐོ་ཚད་ལ་སྨི་དྲུག་ལྷག་དང་། མཁར་སྟེང་གི་ཞེང་ལ་སྨི་གཉིས་ལྷག་ཡོད་ལ། མཐའི་རིང་ཚད་ལ་སྨི་བརྒྱ་ལྷག་ཙམ་ཡོད་ཅིང་། ཁྱོན་མུའུ་གཅིག་ལྷག་གི་ས་ཟིན་ཡོད། དེ་ནི་ཉེ་ཁོར་གྱི་ཤང་འགའ་ལས་ཆེས་ཁོད་ཡངས་ཤིང་། ཆེས་སྲ་ཞིང་བརྟན་པ། ཆེས་མཐོ་བའི་ཕྱི་ནང་བར་གསུམ་གྱི་ཁྱམས་རས་གྲུབ་པའི་གཞིས་ཀའི་གྲས་ཤིག་ཡིན་ཏེ། སྤྱི་ལོ1912ལོར་བསྐྲུན་པ་ཞིག་ཡིན།
གཞིས་ཀ་འདི་ནི་ཁྱིམ་མཚེས་སྡེ་བའི་མིང་ལ་བུའུ་མ་ཙི་ཟེར་བའི་ཧྭེ་རིགས་རྒན་པོ་ཞིག་གིས་འཛུགས་སྐྲུན་བྱེད་པར་འགན་ཁུར་བ་རེད། བུའུ་མ་ཙི་གཟུགས་སྟོབས་ཆེ་ཞིང་གཞུང་རྒྱུད་དྲང་བ་དང་། ལྷག་པར་དུ་ཁོ་མཁར་གྱང་རྡུང་བར་མཁས་ཤིང་མིང་དུ་གྲགས་པ་ཞིག་རེད། ཁོའི་སེམས་ཞིབ་ཚགས་ཡིན་ཞིང་ལས་ཀར་གཟབ་ནན་ཆེ་བས། རྡུང་ནས་གྲུབ་པའི་མཁར་གྱང་ཚང་མ་སྲ་ཞིང་བརྟན་ལ་བལྟས་ན་མཛེས་པ་ཞིག་ཡིན། ནོར་ཤུགས་ཅུང་ཙམ་རྒྱས་པའི་ཁྱིམ་ཚང་ཚོས་མཁར་གྱང་རྡུང་དུས་ཚང་མས་ཁོ་ལ་འགན་འཁུར་དུ་འཇོག་བཞིན་ཡོད་པས། ཁོས་མི་ཚེ་ཧྲིལ་བོར་མཁར་གྱང་བགྲངས་ལས་འདས་པ་ཞིག་བསྐྲུན། ལོ་ལྔ་བཅུར་བསླེབས་རྗེས་ཁོས་ད་ཡང་མཁར་གྱང་རྡུང་བ་དེ་རང་གི་ལས་རིགས་སུ་མི་གཉེར་བ་བྱས་མོད། འོན་ཀྱང་ཁོས་སྔར་བཞིན་ཁྱམས་ར་གསུམ་ཅན་གྱི་གཞིས་ཀ་གསུམ་བསྐྲུན་པ་རེད། གཞིས་ཀ་དང་པོ་ནི་ས་གནས་རང་གི་ཕྱུག་བདག་གྲགས་ཅན་ཞིག་ཚང་ལ་བསྐྲུན་པ་སྟེ། ཕྱུག་བདག་གིས་ཁྱིམ་གཞིས་གསར་བ་བསྐྲུན་ཆེད་འབུལ་བ་གསེར་སོགས་འབོར་ཆེན་བཏང་ནས་བུའུ་མ་ཙི་གདན་དྲངས་ཤིང་། སྔོན་ཆད་སུས་ཀྱང་བསྐྲུན་མ་མྱོང་བའི་མཁར་གྱང་ཆེས་ཆེ་ཞིང་མཐོ་བ་ཞིག་བསྐྲུན་པར་འགན་འཁུར་དགོས་པར་སྐུལ་ཡང་། བུའུ་མ་ཙིས་ཕྱིར་ངོ་ལྡོག་པ་སྟེ། ཁོས། ངས་གཞི་ནས་ཐག་བཅད་ཟིན། རྗེས་སུ་དངུལ་སྒོར་ཅི་འདྲའི་མང་པོ་ཕུལ་མཁན་ཡོད་ཀྱང་ངས་མཁར་གྱང་མི་རྡུང་ཞེས་བློ་ཐག་བཅད་ཡོད་ཅེས་པར། ཕྱུག་བདག་གིས། ཁྱོད་ཀྱིས་སྐུ་ཚེ་ཧྲིལ་པོར་མཁར་གྱང་མང་པོ་ཞིག་རྡུང་ཡོད་མོད། ཡིན་ནའང་། ད་དུང་ཀུན་ལས་གྲངས་ཤིང་ཤུལ་བཞག་བྱས་ཆོག་པའི་གཞིས་ཀ་ཞིག་རྡུང་མེད་པས། ད་ལྟ་ཁྱོད་ཀྱིས་དངུལ་སྒོར་ལ་མི་ལྟ་ནའང་མཚན་སྙན་ལ་ཡིན་ཡང་འདང་བརྒྱབ་ནས་གཞིས་ཀ་ཁྱད་དུ་འཕགས་པ་ཞིག་བསྐྲུན་ནས་རྗེས་རབས་པར་ཁྱོད་ཀྱི་མིང་ནམ་ཡང་ཡིད་ལ་འཛིན་དུ་འཇུག་དགོས་ཞེས་པར། བུའུ་མ་ཙི་གཞི་ནས་སེམས་འགུལ་ཐེབས་ཤིང་། ཕོ་རྒོད་སྐོར་ཞིག་རྩ་འཛུགས་བྱས་ནས་གཞིས་ཀ་འདི་བསྐྲུན་པ་རེད། གཞིས་ཀ་གཉིས་པ་ནི་ཁོའི་རིགས་ཀྱི་མིང་དུ་གྲགས་པའི་ཨ་དཔོན་ཞིག་ལ་བསྐྲུན་ཞིང་། ངེད་ཚང་གི་གཞིས་ཀ་ནི་གཞི་ནས་དྲིན་གསབ་པའི་ཆེད་དུ་བསྐྲུན་པ་ཤ་སྟག་ཡིན་ནོ། །
དེ་དོན་ནི་འདི་འདྲ་ཞིག་སྟེ། ངའི་དྲེལ་པ་བྱེད་བཞིན་པའི་མེས་པོ་དེ་གནས་གང་ཡིན་ལ་དྲེལ་པ་བྱས་ནས་འགྲོ་དུས། ཐེངས་ཤིག་ལ་དབེན་ཞིང་འཇགས་པའི་དབྱར་ཤིང་གི་ནགས་ཚལ་ཞིག་གི་མཐའ་རུ་ཕོ་རྒོད་ཅིག་བསྡམས་བཀྱིགས་བྱས་ཡོད་པ་མཐོང་བྱུང་། ཕོ་རྒོད་དེའི་ཁ་ནང་དུ་ལག་ཕྱིས་བརྫངས་ཡོད་ཅིང་། ལུས་པོས་སྲོག་བསྡོས་ཀྱིས་འཕག་འཚག་རྒྱག་བཞིན་ཡོད། མེས་པོས་བསམ་བློ་ཅི་ཡང་མི་གཏོང་བར་མདུན་དུ་སོང་སྟེ་ཁོ་བསྐྱབས་པ་རེད། རྩད་གཅོད་བྱས་ཚེ། ཁྱིམ་མཚེས་གྲོང་ཚོའི་ཧྭེ་རིགས་སྤུན་ཟླ་བུའུ་ཤིན་ཡིན་འདུག ཁོ་ཐེངས་དང་པོར་ཕྱི་ཕྱོགས་སུ་ཇ་ཚོང་རྒྱག་ཏུ་སོང་དུས་ཇག་པ་དང་འཕྲད་ཅིང་། དངོས་ཟོག་འཕྲོག་སོང་བའི་སྟེང་ཅུང་ཙམ་མིན་ན་ད་དུང་སྲོག་ཀྱང་ཤོར་ཚར། མེས་པོ་ལགས་ཀྱིས་དུས་ཡུན་རིང་པོར་དྲེལ་པ་བྱས་པའི་མིའི་དབར་གྱི་འབྲེལ་བར་བརྟེན་ནས་ཇག་པ་རྙེད་པ་དང་། འཕྲོག་བཅོམ་བྱས་པའི་དངོས་ཟོག་ཚུར་བླངས་པ་རེད། བུའུ་ཤིན་སྤུན་ཟླས་སྒོར་ཟོག་བཀོལ་ནས་མེས་པོར་དྲིན་ལན་འཇལ་བསམ་མོད། འོན་ཀྱང་མེས་པོས། ཁྱོད་ནི་མ་རྩ་ཆུང་བའི་ཚོང་རྒྱག་མཁན་ཞིག་ཡིན་པ་དང་། ཡང་གཅིག་བཤད་ན་ང་ཚོ་ཚང་མ་ཡུལ་ཕྱོགས་གཅིག་གི་མི་ཡིན་པས། ད་ཐེངས་ཁྱོད་སྐྱབས་པ་ནི་ང་ཚོའི་ལས་དབང་ཡིན་པར་བྱོས་ལ་དེར་འཛེམ་དོགས་བྱེད་དགོས་དོན་མེད། དེ་བས་རྗེས་སུ་ཁྱོད་ངའི་སྤུན་ཟླ་བྱས་པས་ཆོག་པ་ཡིན་ཞེས་སྨྲས་པར། སྤུན་ཟླ་བུའུ་ཤིན་གྱིས་དེ་མུར་མི་རིགས་ཐ་དད་པའི་ཕུ་བོ་འདི་ཕུ་བོར་བསྟེན་པ་རེད།
རྗེས་སུ་སྤུན་ཟླ་བུའུ་ཤིན་གཤེགས་སོང་། ཁོ་གཤེགས་ཁར་ཁོས་རང་ཉིད་ཀྱི་རྗེས་རབས་པ་ཚོར། བལྟས་ཡོང་ན། ངས་ཚེ་འདིར་བོད་རིགས་སྤུན་ཟླའི་དྲིན་ལན་འཇལ་ཐུབ་རྒྱུ་མ་རེད། ཕྱིས་སུ་ཁྱེད་ཚོ་སུ་ཞིག་ལ་གོ་སྐབས་ཡོད་ཚེ་ཁོང་ཚོར་དྲིན་ལན་འཇལ་རྒྱུ་མ་བརྗེད་ཅེས་ཁ་ཆེམས་བཞག
བུའུ་མ་ཙིས་ཁོའི་ཨ་ཕའི་ཁ་ནས་དོན་དག་དེ་ཤེས་པ་ཡིན།
ལོ་དེ་དག་རིང་ལ། ཕ་ཡུལ་དུ་ཇག་རྐུན་གྱིས་ཁྲིམས་མེད་ལུགས་མེད་བྱེད་པ་དང་། སྤྱིར་བཏང་གི་མཁར་གྱང་གིས་རྐུན་མའི་མཚན་མོའི་འཇབ་རྒོལ་འགོག་ཐབས་བྲལ། དེའི་ཕྱིར། ངའི་སྤོ་བོའི་ཨ་ཕ་ཧ་ཅང་མགོ་ན་བཞིན་ཡོད་ཅིང་། སེམས་སུ་སྲ་ཞིང་མཐོ་བའི་མཁར་གྱང་ཞིག་རྡུང་ན་བསམ། རེད་མོད་ཀྱང་། གནས་འདིར་མིང་དུ་གྲགས་པའི་བུའུ་མ་ཙི་མ་གཏོགས་མཁར་གྱང་དེ་ལྟ་བུ་རྡུང་ཐུབ་མཁན་གཅིག་ཀྱང་མེད། འོན་ཀྱང་བགྲེས་པོ་བུའུ་མ་ཙི་རྒས་ཚར། ཡང་གཅིག་བཤད་ན་ཁོང་གིས་མཁར་གྱང་མི་རྡུང་བའི་དམ་བཅས་པས། ཇི་ལྟར་རེ་ཞུ་བྱེད་ཕོད་དམ། སྐད་ཆ་འདི་ཇི་ལྟར་བུའུ་མ་ཙིའི་རྣ་བར་བརྒྱུད་སོང་བ་མི་ཤེས་པར། ཁོས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་རང་འགུལ་ངང་ཡོང་ནས་མཁར་གྱང་འདི་རྡུང་རྒྱུ་བྱས་པ་དང་འབྲེལ་གླ་ཆ་ཡང་སྐར་གང་མི་དགོས་པའི་རྣམ་འགྱུར་བསྟན་པ་རེད། ངའི་སྤོ་བོའི་ཨ་ཕ་རང་ཤུགས་སུ་སེམས་འགུལ་ཐེབས་ཤིང་། ཁོས་ཁྱིམ་མཚེས་གྲོང་སྡེའི་ཧྭེ་རིགས་བུ་མོ་བོས་ནས་ཁོ་ཚོར་ཟ་མ་གཡས་སྐོལ་བྱེད་དུ་བཅུག་ལ། བྱ་ཕོ་དང་ལུག་བཤས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་སྣེ་ལེན་ཞུས་པ་རེད།
དགུང་ལོ་བཅུ་ལ་སླེབས་མ་ཐག་པའི་སྤོ་བོ་ལགས་ཀྱིས་དྲན་གསོ་བྱས་པ་ལྟར་ན། མཁར་གྱང་རྡུང་བའི་རྣམ་པས་མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་སུ་བཅུག་པ་སྟེ། བུའུ་མ་ཙིས་ལག་ཏུ་ལྕང་དབྱུག་བཟུང་ནས་ལྟ་རྟོག་བཀོད་འདོམས་སྒོས་ཕོ་རྒོད་ཉི་ཤུ་ལྷག་ལ་གྱང་རྟིང་ནས་ས་འཕེན་དུ་བཅུག་པ་དང་། ཕོ་རྒོད་ཉི་ཤུ་ལྷག་གྱང་ཁར་འབུད་དུ་བཅུག་ནས་གྱང་རྡོས་གྱང་རྡུང་དུ་བཅུག གྱང་རྡོ་གྱང་ལ་འབབ་པའི་སྒྲ་མཉམ་ལ་གདངས་གཅིག་ཏུ་གྲུབ་ཅིང་། ཚ་ཚ་འུར་འུར་གྱིས་ས་གཞི་ཡོམ་པས་བྱིས་པ་ཚོ་ཀྲོང་ངེར་འགྲེང་མི་ནུས་པ་དང་། ཙི་གུ་རྣམས་གང་སའི་ཁུང་བུར་འཛུལ། ཐེམ་སྒམ་སྟེང་གི་དཀར་ཡོལ་སག་སག་འགུལ་བའི་སྒྲ་གྲགས་པས། སྤོ་བོའི་ཨ་མས་དཀར་ཡོལ་རེ་རེ་བཞིན་ས་ལ་བཞག་མོད། འོན་ཀྱང་མཇུག་མཐར་སྔར་བཞིན་ཅལ་འདྲོགས་ཀྱི་རི་བོང་ཇི་བཞིན་གང་སར་རྒྱུགས།
མཁར་གྱང་རྡུང་ནས་ལེགས་གྲུབ་བྱུང་རྗེས་སུ། ད་ཡང་ཇག་པ་དག་གི་འཇབ་རྒོལ་མ་ཐེབས།
ནུ་བོས་མཁར་གྱང་བསྐྱར་སྐྲུན་བྱེད་དགོས་པའི་རྒྱུ་མཚན་གསུམ་བཏོན་པ་སྟེ། དང་པོ་ནི་ས་ཡིས་བསྐྲུན་པའི་མཁར་གྱང་ནི་སོ་ཕག་གིས་བསྐྲུན་པའི་གྱང་ལྟ་བུའི་མཛེས་པོ་མེད་པ་དང་། གཉིས་པ་ནི་སའི་མཁར་གྱང་མཐོ་དྲགས་པས་ཕྱི་ཕྱོགས་ཀྱི་ཡུལ་ལྗོངས་ལ་ལྟ་བའི་མཐོང་ལམ་དང་དགུན་དུས་ཀྱི་ཉི་འོད་སྒྲིབ་པར་བྱེད་པ་དང་། གསུམ་པ་ནི་སོ་ཕག་བརྩིགས་པའི་གྱང་ལ་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ཐོབ་ཐུབ་པས་གོ་སྐབས་དེ་ཤོར་རྗེས་སླར་ཡང་བསྒྱུར་བསྐྲུན་བྱེད་འདོད་ན་རང་གི་དངུལ་ཁུག་འདོན་དགོས་པ་དེ་རེད། ངས་ཤེས་ཏེ། འདི་ནི་རིག་དངོས་ཤུལ་བཞག་གི་རིན་ཐང་ལྡན་པའི་མཁར་གྱང་ཞིག་སྟེ། མཛེས་སྡུག་ལྡན་པའི་ལོ་རྒྱུས་མཚོན་དོན་དུམ་བུ་ཞིག་ཡོད་པ་ཡིན་པས། ཕ་རྒན་ཁོ་ཐག་དེར་བརྩེ་འདང་ཟབ་ངེས། རེད་མོད་ཀྱང་། ནུ་བོའི་རྒྱུ་མཚན་གསུམ་པོར་ཡང་གནས་ལུགས་ཤིན་ཏུ་ཕུན་སུམ་ཚོགས། ཁོ་ཚོ་ནི་རྒྱུན་དུ་ཕ་ཡུལ་དུ་འདུག་མཁན་རེད། དུས་རབས་ལ་འཕེལ་འགྱུར་བྱུང་ཡང་། ཁོ་ཚོས་ད་དུང་ལོ་རེའི་དུས་བཞིར་འོད་ཟེར་གྱི་མཐོང་ལམ་དང་ཕྱི་ཚུལ་ཚང་མ་གཞན་གྱི་ཁོར་ཡུག་ལས་ཞན་པའི་ཁོར་ཡུག་སྲུང་བསྡད་ན་ངའི་སེམས་སུའང་སྐྱིད་པོ་མི་འདུག
ངས། གཟའ་སྤེན་པར་ཡུལ་ལ་ཐེངས་གཅིག་ལོག་ཡོང་། སྐབས་དེར་བཟའ་མི་གང་བོས་གྲོས་བསྡུར་ཡག་པོ་ཞིག་བྱེད་ཅེས་སྨྲས།
གཟའ་སྤེན་པར་ད་དུང་མ་ཐོན། ངའི་ཀླད་པ་ཕ་ཡུལ་གྱི་དོན་དག་ཁྲོད་དུ་གཡོ་འགུལ་བྱེད་ཅིང་མཆིས། ངའི་ནུ་བོ་དང་ནུ་བོའི་ཆུང་མ་ཁོ་ཚོ་ཚང་མ་རྒན་རྒོན་ལ་བསྙེན་བཀུར་ཆེན་པོ་ཡོད་མཁན་ཤ་སྟག་ཡིན། རེད་མོད་ཀྱང་དུས་རྒྱུན་དུ་རྒན་རྒོན་དང་མཉམ་དུ་བསྡད་ཚེ་བསམ་འཆར་མི་མཐུན་པའི་གནས་ཚུལ་ལ་ལ་མི་འབྱུང་བ་ག་ལ་སྲིད། དུས་རྒྱུན་དུ་གནས་ཚུལ་དེ་རིགས་ལ་འཕྲད་དུས། ཁོ་ཚོས་རྟག་ཏུ་རྒན་རྒོན་ལ་བཟོད་སྒོམ་བྱེད་ཀྱི་ཡོད་ཀྱང་། ཡང་ཁྱིམ་ཚང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཁ་ཤས་ཐད་ཁོང་གིས་སྔར་བཞིན་རང་རང་གི་བསམ་ཚུལ་མཐའ་འཁྱོངས་བྱེད་བཞིན་འདུག གལ་ཏེ་འགལ་བ་ཐག་གཅོད་ཡག་པོ་མ་བྱུང་ཚེ་ཁོས་ང་ལ་སྐྱོབ་རོགས་ཞུ་ཡི་ཡོད། དཔེར་ན་སྒོ་ཆེན་བསྣུར་བའི་དོན་དག་ལྟ་བུ་རེད།
ངེད་ཚང་གི་གཞིས་ཀ་ནི་བྱང་དུ་ཆགས་ཤིང་ལྷོ་རུ་འཁོར་ཡོད་ལ། སྒོ་ནི་ལྷོ་ཕྱོགས་ཀྱི་གྱང་གི་གཞོགས་ནུབ་ཏུ་ཕུག་ཡོད། ལོགས་སུ་ཐོན་སྐྱེད་རུ་ཁག་གི་ས་ཞིང་ཡོད་པས། སྟབས་བདེའི་རྐང་ཐང་གི་ལམ་ཕྲན་ཞིག་གྲོང་ཚོའི་ཤར་ཕྱོགས་ཀྱི་གཞུང་ལམ་ཁོ་ནར་བརྟོལ་ཡོད། ཐོན་སྐྱེད་གོང་འཕེལ་དུ་སོང་བ་བསྟུན་ནས་ཁྱིམ་དུ་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ཁ་སྣོན་བརྒྱབ་པས། དེ་སྔའི་གུ་དོག་དྲགས་པ་དང་ཆུང་དྲགས་པའི་སྒོ་རུ་ལག་སྐྱོར་འདྲུད་འཐེན་འཁོར་ལོ་འགྲོ་འོང་བྱེད་ཐབས་བྲལ་བ་དང་། དེ་བས་དོན་ཆེན་ཞིག་ཡོད་པ་ནི་འཕྲུལ་འཁོར་གཞུང་ལམ་དུ་བསྐྱོད་དུས། སྤྱིར་སྨི་ལྔ་བཅུ་དྲུག་ཅུ་ཙམ་ལས་མེད་པའི་བར་ཐག་ཅིག་ལ་གྲོང་ཚོ་ཕྱེད་ཀར་སྐོར་བ་བརྒྱབ་ན་མ་གཏོགས་འབྱོར་མི་ཐུབ་པས་ཧ་ཅང་སྟབས་མི་བདེ། དེའི་ཕྱིར། སྒོ་ལས་རྒྱུ་ནི་ངེས་པར་དུ་སྒྲུབ་དགོས་པའི་དོན་ཞིག་རེད། ཡིན་ནའང་། ཇི་ལྟར་ལས་རྒྱུའི་ཐད་ཨ་ཕ་དང་ནུ་བོའི་དྲན་སྟངས་མི་འདྲ་བ་རེད། ནུ་བོས་སྒོ་ཤར་ཕྱོགས་སུ་བསྣུར་དགོས་པའི་འདོད་ཚུལ་བཏོན་ལ། ཨ་ཕས་སྔོན་ཆད་ཀྱི་སྒོའི་རྨང་གཞིའི་སྟེང་དུ་ཞིག་གསོ་བྱས་པས་ཆོག་པར་འདོད་ཅིང་། དེ་ལྟར་བྱས་ན་མི་ཤུགས་དང་རྒྱུ་ཤུགས་གཉིས་ཀ་གྲོན་ཆུང་བྱེད་ཐུབ་པར་འདོད། ནུ་བོས། ང་ཚོས་གནས་སྐབས་ཀྱི་མི་ཤུགས་དང་རྒྱུ་ཤུགས་གྲོན་ཆུང་བྱེད་པ་ཙམ་ལ་བསམ་བློ་མི་གཏོང་བར་ཅིས་ཀྱང་གཞུག་འདང་གང་ལེགས་རྒྱག་དགོས་ཟེར་བ་ན། ཨ་ཕས་ཡང་། སྒོ་ཡི་གནས་གང་འདོད་དུ་སྤོ་སྒུལ་བྱེད་མི་རུང་། འདི་ནི་མེས་པོ་རྣམས་ཀྱིས་ས་དཔྱད་ལ་བརྟག་ནས་གཏན་འཁེལ་བྱས་པ་རེད་ཅེས་སྨྲས། ནུ་བོས། དོན་དག་ནི་མིས་བཟོས་པ་ཡིན་པས། གལ་ཏེ་མེས་པོ་རྣམས་ཀྱིས་བཞག་པའི་ཤུལ་དངོས་ཡིན་རུང་དུས་ལས་ཡོལ་ཟིན་ན། རྗེས་རབས་པས་དེ་བསྒྱུར་བཅོས་བྱ་དགོས་པ་རེད་ཅེས་ཟེར། དེ་ལྟར་ཁོང་གཉིས་ཀྱིས་རང་རང་གི་གནས་ལུགས་བཤད་བསྡད་པས་གཞི་ནས་སྒོ་ཞིག་གསོ་བྱེད་པའི་དོན་དག་དེ་ལེགས་སྨིན་མ་བྱུང་།
ངས་གནས་ཚུལ་དེ་ཤེས་རྗེས་ནུ་བོས་བཤད་པར་གནས་ལུགས་ཡོད་པར་འདོད་མོད། འོན་ཀྱང་ཨ་ཕར་ཐད་ཀར་དགག་ལན་སློག་མི་རུང་སྙམ། ངས་ཀླད་པ་ཡང་ཡང་འགུལ་རྗེས་ཨ་ཕར། སྔོན་ཆད་ཀྱི་སྒོ་ནི་ས་དཔྱད་པས་བརྟག་པ་ཡིན་ཞིང་། ད་ལྟའི་ཁྱིམ་མཚེས་གྲོང་ཚོར་ཡང་ས་དཔྱད་པ་ངར་བ་ཞིག་འདུག་པས་ང་ཚོས་ཁོང་ལ་བརྟག་དཔྱད་ཅིག་བྱེད་དུ་བཅུག་ན་ཆོག གལ་ཏེ་ཤར་གྱང་ངོས་སུ་སྒོ་ཕུག་ཆོག་ན་ཤར་གྱང་ངོས་སུ་ཕུག་ཆོག་ལ། གལ་ཏེ་ཕུག་མི་ཆོག་ན་སྔར་གྱི་གནས་སུ་ཞིག་གསོ་བྱས་ན་འགྲིག་ཅེས་པར། ཨ་ཕས། དེ་ལྟར་བྱས་ན་ལེགས་འདུག་ཅེས་ཟེར། དེ་ནས་ངས་ཨ་ཕའི་རྒྱབ་ནས་ནུ་བོ་ལ་ཁ་རོག་གེར། ཁྱོད་ཀྱིས་ས་དཔྱད་པ་དེར་ཁུག་དམར་ཞིག་བསྐུར་ནས་བཀྲ་ཤིས་པའི་སྐད་ཆ་འགའ་བཤད་ན་ཁྱོད་ཀྱི་ནང་དོན་ལྟར་སྒྲུབ་ངེས་ཡིན་ཅེས་བཤད།
ནུ་བོས་ས་དཔྱད་པས་ཁ་ནས་སྒོ་བསྣུར་ན་ལེགས་ཚུལ་གྱི་བཀྲ་ཤིས་པའི་གཏམ་མང་པོ་ཞིག་ཚུར་བླངས་པས། ཨ་ཕས་ཉན་རྗེས་དགའ་སྤྲོའི་ངང་ནུ་བོའི་བསམ་འཆར་དང་ལེན་བྱས་པ་རེད།
དོན་དག་དེ་དེ་ལྟར་བདེ་བླག་ངང་ཐག་གཅོད་བྱས་བྱུང་མོད། འོན་ཀྱང་ད་ལྟའི་མཁར་གྱང་གི་དོན་དག་ལ་འཕྲད་ཚེ་ང་དངོས་གནས་དཀའ་ངལ་ལ་སྦྱར་སོང་།
༤༦
ལོ་མཇུག་ཏུ་སླེབས་སྐབས་སུ། ཞིང་ཆེན་གྱི་ཚགས་པར་ཁང་དང་རླུང་འཕྲིན་སོགས་གསར་འགྱུར་སྨྱན་སྦྱོར་ལས་ཁུངས་ཀྱིས་ཕུལ་བྱུང་འཕྲིན་གཏོང་པ་དཔྱད་འདེམས་བྱེད་ཀྱིན་འདུག་པས། ཚེ་ལོའི་མིང་ཡང་དེའི་ཁྲོད་དུ་འདུག ལས་ཁུངས་ཀྱིས་སྔོན་ཐོན་མི་སྣ་དཔྱད་འདེམས་བྱེད་སྐབས་ཀྱང་པུའུ་ཀྲང་གིས་ཚང་མར་བསམ་འཆར་གང་ལེགས་འདོན་དུ་བཅུག ལ་ལས། ཞའོ་ལིས་ནི་རིགས་པའི་གཞུང་ལུགས་ཀྱིས་དྲིལ་བསྒྲགས་བྱེད་མཁན་ཞིག་ཡིན་པས། རྟག་ཏུ་ཏང་གི་སློབ་གྲྭ་དང་། ལས་ཁུངས་སོ་སོའམ་ཞིང་འབྲོག་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སློབ་ཁྲིད་བྱེད་དུ་འགྲོ་བ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། སྐབས་འགར་སློབ་ཚན་གཅིག་གྲ་སྒྲིག་ཡག་པོ་བྱེད་ཆེད་དཔྱད་གཞིའི་ཡིག་རིགས་འབོར་ཆེན་ལ་ལྟ་ཀློག་བྱེད་པར་སེམས་ཤུགས་ཡོད་རྒུ་བཏོན་ཡོད་ཅེས་ཟེར་བ་རེད། ཡང་ལ་ལས། ཞའོ་བང་ནི་ནང་ལས་པ་ཞིག་ཡིན་པའི་ངོས་ནས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་ཐུབ་པ་མ་ཟད། ད་དུང་ཚོགས་འདུའི་པར་རྒྱག་པ་དང་། འདྲ་པར་འཁྲུ་བའི་ལས་འགན་སོགས་སྒྲུག་བཞིན་ཡོད་ལ། པུའུ་ནང་གི་ངལ་དུབ་ཆེ་བའི་ལས་ཀ་ཚང་མ་ཁོང་གིས་རང་འགུལ་ངང་ལེགས་སྒྲུབ་བྱེད་བཞིན་ཡོད་ཅེས་ཟེར། པུའུ་ཀྲང་གིས། ད་ལོའི་པུའུ་ནང་གི་ལས་དོན་ཁག་ཚང་མ་ལེགས་འགྲུབ་ཡག་པོ་བྱུང་ཡོད་པ་དང་། ལྷག་པར་དུ་ཚེ་ལོ་བསླེབས་རྗེས་ཡར་རྒྱས་གང་མགྱོགས་བྱུང་ཡོད་དེ། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་རྒྱུ་དེའང་གོང་དུ་སྤེལ་ཐུབ་འདུག་པས། ཚགས་པར་དང་རླུང་འཕྲིན་ལས་ཁུངས་ཚང་མས་ཁོའི་མིང་གིས་བཟུང་ནས་བསྟོད་བསྔགས་བྱས་འདུག་རྐྱེན་ངས་བལྟས་ན་ཁོ་བདམས་ན་དགའ་ཞེས་ཟེར། དེར་ཚེ་ལོས་བྲེལ་འཚུབ་ངང་། མིན་མིན་མིན། རང་ཉིད་ལ་ཡར་རྒྱས་ཅུང་ཙམ་བྱུང་བ་དེ་ནི་འགོ་ཁྲིད་ཀྱིས་གསོ་སྐྱོང་དང་སློབ་གསོ་བཏང་བའི་འབྲས་བུ་ཞིག་ཡིན་ལ། ལས་རོགས་ཚོས་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཞིག་ཀྱང་ཡིན་པས། པུའུ་ནང་གི་ལས་དོན་ཁག་ཚང་མར་གྲུབ་འབྲས་ཐོབ་ཡོད་པ་ནི། གཙོ་བོ་པུའུ་ཀྲང་གི་འགོ་ཁྲིད་ལ་ནུས་པ་ཐོན་པ་དང་། ལས་ཀའི་ཕྱོགས་ཡོངས་ནས་དམ་འཛིན་བྱེད་ཐུབ་པར་གྱུར་བས་ཡིན་པས། སྔོན་ཐོན་དེར་པུའུ་ཀྲང་བདམས་ན་འགྲིག་ཅེས་པར། ཚང་མས་ཚེ་ལོའི་སྐད་ཆར་ཉན་ཞིང་འཐད་པ་བྱུང་།ཚེ་ལོ་ཁྱིམ་དུ་ལོག་ནས་སྔོན་ཐོན་དཔྱད་འདེམས་བྱས་པའི་བརྒྱུད་རིམ་དང་མཇུག་འབྲས་གཡང་སྐྱིད་ལ་བཤད། གཡང་སྐྱིད་ཀྱིས་ཉན་རྗེས་དགའ་སྤྲོའི་ངང་། ཁྱེད་ཀྱིས་བསྒྲུབས་པ་འགྲིག་འདུག པུའུ་ཀྲང་ནི་ང་ཚོའི་དྲིན་ཆེན་ཡིན་པས་འགག་རྩའི་ཡུལ་གནས་དག་ཏུ་ཁྱོད་ཀྱིས་ཅིས་ཀྱང་སྣེ་ཁྲིད་དེ་ཁོང་ལ་སྐད་ཆ་གང་ཡག་བཤད་དགོས་ཞེས་ཟེར།
ཚེ་ལོས། ངས་ནི་རང་གི་མཛའ་བརྩེ་ཁོ་ནར་བསམ་ནས་དེ་ལྟར་བཤད་པ་ནི་མིན། གཙོ་བོ་པུའུ་ཀྲང་ནི་དངོས་གནས་མི་གཤིས་བཟང་ཞིང་གཞུང་དྲང་ཞིག་ཡིན་པ་མ་ཟད། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་ལ། ལས་ཀའི་འཇོན་ཐང་ཡང་ཧ་ཅང་ཆེ་བ་ཞིག་ཡིན་པས། ངས་ཆེས་ཡི་རང་བྱེད་པའི་འགོ་ཁྲིད་ཅིག་ཡིན་པས་དེ་ལྟར་བཤད་པ་ཡིན་ཞེས་ཟེར།
གཡང་སྐྱིད་ཀྱིས། ཁྱོད་ཀྱིས་གཞན་གྱིས་ཁྱོད་ཀྱིས་འགོ་ཁྲིད་ལ་ཡོག་ལི་བྱེད་པ་རེད་ཟེར་བར་མི་སྐྲག་གམ་ཞེས་པར།
ཚེ་ལོས། ཅི་ཞིག་ལ་སྐྲག་གམ། ང་ལྷག་བསམ་རྣམ་དག་ཡིན་པ་དེ། དོན་དངོས་ཀྱི་ལས་ཀའི་ཕྱོགས་ནས་ར་སྤྲོད་བྱུང་བ་ཤ་སྟག་ཡིན་པས། མི་གཞན་གྱིས་བསམ་བློ་ཇི་ལྟར་གཏོང་བའམ་ཇི་ལྟར་བཤད་པ་དེ་ནི་མི་གཞན་གྱི་བྱ་བ་རེད་ཅེས་སྨྲས་པ་རེད།
ཁོ་ཚོས་ཁ་བརྡ་བྱེད་བཞིན་པའི་སྐབས་སུ། གྱོས་མོས་རླངས་པ་ཐུ་ལུ་ལུ་བྱེད་བཞིན་པའི་ཟ་མ་བསྐྱེལ་ནས་ཐོན་བྱུང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།