སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉེར་ལྔ་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-30
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཞེ་དགུ་པ།
ངས་ཐོག་མར་ཡོས་ལན་དྲན་བྱུང་། མོ་ནི་ངའི་ན་གཞོན་སྐབས་ཀྱི་ཆེས་བཟང་བའི་གྲོགས་མོ་ཡིན། གལ་ཏེ་དེ་དུས་མོ་ད་དུང་བུ་མོ་ཞིག་ཡིན་པ་དང་ང་ལ་ཁྱིམ་ཚང་ཡོད་པ། གཞན་སྤྱི་ཚོགས་ཀྱི་ཤུགས་རྐྱེན་བཅས་ལ་བསམ་བློ་མ་བཏང་བ་ཡིན་ན། ང་ཚོ་སྔ་མོ་ནས་དགའ་རོགས་ཆ་གཅིག་ཏུ་གྱུར་ཡོད། ད་ལྟ་ང་ཚོ་ཚང་མ་དར་མའི་དུས་སུ་བསླེབས་ཡོད་མོད། འོན་ཀྱང་ངས་ཁོ་མོ་ང་ལ་བརྩེ་བས་ཁེངས་ཡོད་པ་ཚོར། ང་ཚོ་སྤྱི་གླིང་ནས་ངོ་འཕྲད་པའི་ཉིན་དེར། ངས་ཁོ་མོ་དང་འབྲེལ་བ་ཇེ་ཉེ་རུ་གཏོང་ཆེད། མི་གཉིས་ཀྱི་རྐང་བས་སྒུལ་བའི་གྲུ་ཆུང་ཞིག་གླས་པ་ཡིན། ངེད་གཉིས་ཕྱོགས་གཅིག་ནས་མཚོ་ངོས་སུ་བསྐྱོད་པ་དང་ཕྱོགས་གཅིག་ནས་ལོ་དེ་རིང་ཤང་ནས་མཉམ་དུ་བྱ་བ་སྒྲུབ་སྐབས་ཀྱི་རྣམ་པ་ཕྱིར་དྲན་བྱས། མོས་གླག་གིས་རི་བོང་བཟུང་བའི་རྣམ་པ་དེ་བརྗེད་མི་འདུག མོས་བཤད་རྒྱུར། ཁོ་མོའི་སྐབས་དེའི་ལས་དབང་ནི་རི་བོང་དེ་དང་འདྲ་བར། ཁེར་རྐྱང་དང་དངངས་སྐྲག་གི་འཚོ་བའི་ཁོར་ཡུག་ཁྲོད་གནས་འདུག གལ་ཏེ་ང་དང་སྒྲོལ་མས་ཁོ་མོར་ཞིང་ཆེན་ནས་གླུ་གར་མི་སྣ་བསྡུ་བའི་ཆ་འཕྲིན་མཁོ་འདོན་བྱས་མེད་ཚེ། ཁོ་མོ་ཨྱོན་ཞེས་པའི་རྒོད་ལྟོགས་དེས"ཟོས"ཡོད་ཀྱང་སྲིད་ཅེས་ཟེར། གྲུ་མཚོ་ངོས་སུ་རང་དབང་གིས་བསྐྱོད་པ་དང་། བསིལ་རླུང་འཇམ་པོས་སྔོན་ཆད་ཀྱི་གྲོགས་པོ་གཉིས་ཀྱི་སྐྲ་ལོ་དང་གདོང་ལ་བྱུག་བྱུག་བྱེད། ང་ཚོ་གྲུ་གཞན་པ་མེད་པའི་རི་ཁུག་ཅིག་ལ་ཐོན་སྐབས། ངས་མོས་ད་ལྟ་ང་ལ་བཅིངས་བའི་བརྩེ་བ་ངོ་མ་དེ་ག་འདྲ་ཡིན་པ་ཚོད་ལྟ་བྱེད་ཆེད། ལག་པ་གཡོན་པ་མོའི་ལག་པ་གཡས་པའི་རྒྱབ་ཏུ་བཞག་པ་ཡིན། ཡོས་ལན་གྱིས་ལག་པ་མ་བསྐུམས་པ་མ་ཟད། ད་དུང་ལག་པ་གཡོན་པའང་བསྲིངས་ཡོང་ནས་ངའི་ལག་པར་ཕུར་ཕུར་བྱས། ང་ཚོས་འོ་བྱེད་གྲབས་ཡོད་དུས་རི་སྟེང་ནས་གློ་བུར་དུ་རྡོ་ཞིག་ཆུ་ངོས་སུ་ལྷུང་བས་ངེད་གཉིས་ཧད་སེ་བཏང་། གོང་ན་མི་ཡོད་པ་ཤེས་པས་ངེད་གཉིས་སྒྲིག་ལམ་ཡོད་པའི་སྒོ་ནས་སྔར་གནས་ལ་སོང་། དེའི་རྗེས་ནས་ང་ཚོས་ཟ་ཁང་ཞིག་ཏུ་འབྲས་ཐུར་ཟོས་མྱོང་ལ། མོས་རང་གི་དཀར་ཡོལ་ནང་གི་ཟོས་ན་ཞིམ་པོའི་ཟས་རིགས་ད་དུང་དུས་ངེས་མེད་དུ་ངའི་དཀར་ཡོལ་ནང་དུ་བཞག་བྱུང་བས། ངས་ཁོ་མོའི་སེམས་ན་སྔར་བཞིན་ང་ཡོད་པ་ཤེས་བྱུང་། ཡིན་པ་ནི་མོས་ང་ལ་བཅིངས་བའི་བརྩེ་བ་དང་བྱིས་པ་ཚོའི་གཉེན་དོན་བར་ལྟ་ཚུལ་སོ་སོ་བཟུང་བ་ཙམ་རེད། འདིས་ཡང་ང་ལ་སྤྲིན་སྨུག་གི་གསེང་དུ་ཀླད་པར་རེག་མི་ཐུབ་པར་བྱས།
ད་དུང་གཞན་གཅིག་ནི་ཀྲུའུ་ཕིན་རེད། ང་ཚོའི་བརྩེ་དུང་ནི་ཐུན་མོང་གི་དགའ་ཕྱོགས་ལས་བྱུང་བ་ཡིན་ལ། ཕན་ཚུན་བར་གཅེས་སྐྱོང་བྱེད་པ་དེ་རིགས་ཡིན། དགོང་མོ་དེར་གལ་ཏེ་སྤྱི་བདེ་ཅུས་ཀྱི་གསལ་འདེབས་མིན་ན་ང་ཚོ་སྔ་མོ་ནས་སྒྲིག་ལམ་ལས་བརྒལ་སོང་། དེ་རྗེས་ཁོ་མོས་སྒྲོལ་མ་ཁོག་རྒྱ་ཆེ་བ་དང་བྱམས་བརྩེ་ལྡན་པ་མཐོང་བས། ད་ཡང་ང་དང་མུ་མཐུད་འབྲེལ་བ་དེ་རིགས་འཕེལ་རྒྱས་གཏོང་མི་ཕོད་པར་གྱུར། ཡང་ཅིག་བཤད་ན། ང་ཡུལ་ལ་ཐོན་རྗེས་ཀླད་པ་ལྷིང་འཇགས་སུ་མི་ཉུང་བ་བུད་སོང་བས་ད་ཡང་མོ་དང་ཡང་ཡང་མ་འཁྲི། རེད་དེ། མོ་ད་ལྟ་ད་དུང་ཁེར་རྐྱང་ཡིན་པས། ངས་ཡིན་གཅིག་མིན་གཉིས་ཀྲུའུ་ཕིན་དང་འབྲེལ་བ་འཕེལ་རྒྱས་སུ་གཏང་དགོས། ངས་ད་དུང་མོ་ལ་ངའི་ཆུང་མ་དོན་དངོས་སུ་མི་ཅི་འདྲ་ཞིག་ཡིན་པ་བཤད་དགོས།
ངས་མྱུར་དུ་ཀྲུའུ་ཕིན་ལ་ཁ་པར་བཏང་ནས། ངས་མོ་ཧ་ཅང་དྲན་པ་དང་། མོ་དང་ངོ་ཞིག་འཕྲད་ན་འདོད་ཅེས་བཤད། ཀྲུའུ་ཕིན་ཀྱིས། ཆོག་གི། ངས་ཀྱང་ཁྱེད་ཚོ་ཧ་ཅང་དྲན་གྱིན་འདུག ཁྱེད་ཀྱིས་སྒྲོལ་མ་ཡང་ཁྲིད་ཤོག་དང་། ང་ཚོས་ཉིན་ཞིག་ལ་ཁ་བརྡ་ཡག་པོ་ཞིག་བྱེད་ཅེས་ཟེར། ངས། མོ་ལ་དོན་དག་ཡོད་པས། ང་ཚོ་སང་ཉིན་ཁེར་ཐུག་ཅིག་བརྒྱག་ཅེས་པར། ཁ་པར་ཕ་རོལ་དུ་ཡུད་ཙམ་འགོར་རྗེས། སང་ཉིན་མི་ཆོག ངར་ཡང་དོན་དག་ཅིག་ཡོད་པས། ཁྱོད་གནངས་ཉིན་ཤོག་ཅེས་ཟེར། ངས། ཆོག་གི། ང་ཚོ་ཚིག་ཐོག་ནས་འདུག་ཅེས་བཤད།
༤༩
ཚེ་ལོས་གྱོས་མོ་དང་བུ་ཆུང་བསྐྱལ་རྗེས་ཕྱིར་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ལས་ཁུངས་སུ་ལོག་དུས་ཁུལ་བརྒྱུད་སྐབས། ཁུལ་ཞིབ་དཔྱོད་ཁང་གི་སྒོ་འགྲམ་དུ་མི་ཚོགས་མང་པོས་བསྐོར་ཡོད་པ་མཐོང་། མི་དེ་དག་གིས་ལག་ཏུ"ལག་དམར་ལ་ཆད་པ་ནན་པོ་གཅོད་དགོས"ཞེས་པ་དང་། "བུ་མོ་ཀྱེ། ང་ཚོས་ངེས་པར་དུ་ཁྱོད་ལ་དགྲ་ཤ་ལེན་ངེས"ཞེས་པ་སོགས་ཀྱི་ནང་དོན་ལྡན་པའི་བྱང་བུ་བཏེགས་ཤིང་། ངོ་གདོང་རེ་རེར་ཁོང་ཁྲོ་ཆེན་པོས་ཁེངས་འདུག ཚེ་ལོ་མར་སོང་ནས་ལྟ་འདོད་མོད། འོན་ཀྱང་ཁ་ལོ་བས་འགྲུལ་འཁོར་ཅུང་ཙམ་འདུག་ཏུ་བཅུག་རྗེས་བུད་སོང་།སྐབས་དེར་ཏག་ཏག་རླངས་འཁོར་ནང་གི་མི་རྣམས་ཀྱིས་བགྲོ་གླེང་བྱས་བྱུང་།
ཚོང་པ་དང་འདྲ་བའི་འགྲུལ་བ་ཞིག་གིས། དེ་ནི་མིའི་སྲོག་གི་གྱོད་གཞི་ཞིག་ཡིན་ཏེ། བུད་མེད་ཁེ་བདག་མ་ཞིག་གཞན་གྱིས་བསད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ལག་དམར་རྙེད་ཀྱང་ཞིབ་དཔྱོད་ཁང་གིས་གློད་གྲོལ་བཏང་བས། གཞན་ཁོང་ཁྲོ་མ་ལངས་ན་ཡ་མཚན་རེད་ཅེས་ཟེར།
དགེ་རྒན་གྱི་ཚུགས་ཀ་ལྡན་པའི་མི་ཞིག་གིས། ཁྲི་སྲོང་ས་ཁུལ་གྱི་གྱོད་གཞི་དེ་རེད་དམ། གོ་ཐོས་སུ་ལག་དམར་གྱིས་ཀྱང་རང་ཉིད་གྱོད་མི་ཡིན་པ་ཁས་བླངས་ཀྱང་། སྤྱི་བདེ་ལས་ཁུངས་ཀྱིས་ངོས་འཛིན་གཏན་འཁེལ་བྱས་པའི་གྱོད་གཞི་བཟོ་ཡུལ་དང་ལག་དམར་གྱིས་ཁས་ལེན་བྱས་པའི་གྱོད་གཞི་བཟོ་ཡུལ་དབར་འགལ་བ་ཐོན་པས། ཞིབ་དཔྱོད་ཁང་གིས་གྱོད་གཞི་གཏན་འཁེལ་བྱེད་ཐབས་བྲལ་ཞིང་མི་གཏོང་རྒྱུ་ལས་མ་འདས་བར་བཤད་ཟེར།
གཞུང་ཚབ་པ་དང་འདྲ་བ་ཞིག་གིས། ངས་གོ་ཐོས་ལྟར་ན། ཞིབ་དཔྱོད་འགོ་འཛིན་དེའི་མགོར་ཡང་གནད་དོན་བྱུང་འདུག་སྐད། ཁུལ་ཨུ་ལྷན་གྱིས་མང་ཚོགས་ཐུན་མོང་ངང་གོང་གཏུག་ཞུ་བར་ཡོང་བའི་གནོན་ཤུགས་ཀྱིས་ཞིབ་དཔྱོད་འགོ་འཛིན་ལ་ཆད་པ་བཅད་པ་སྟེ། ཟེར་བ་ཡིན་ན། ཞིབ་དཔྱོད་ཁང་གིས་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་མི་འདང་བ་དང་། ཞིབ་དཔྱོད་འགོ་འཛིན་པས་འགན་གཙོ་བོ་འཁུར་དགོས་ཚུལ་བཤད་མོད། འོན་ཀྱང་གནོད་འཚེ་ཕོག་པའི་ཁྱིམ་མིའི་སྙིང་ཁམས་ད་དུང་བརྟན་པོ་བྱུང་མེད་པ་འདྲ་ཟེར།
ཞིང་བ་དང་འདྲ་བའི་མི་ཞིག་གིས་བཤད་རྒྱུར། ཕལ་ཆེར་ལག་དམར་ཚང་གི་མིས་ཞིབ་དཔྱོད་འགོ་འཛིན་ལ་ལྟག་སྒོ་འཛུལ་བའམ། ཡང་ན་དེའི་རྒྱབ་ཏུ་མི་སྣ་གྲགས་ཅན་སུ་ཞིག་གིས་ཕན་ཚུན་བར་སྲུང་སྐྱོབ་བྱེད་བཞིན་ཡོད་ལས་ཆེ། དེ་མིན་ན་ལག་དམར་གྱིས་རང་ཉེས་ཁས་བླངས་ཀྱང་གློད་གྲོལ་གཏོང་བའི་གནས་ལུགས་ཅི་ལྟར་ཡོད་དམ་ཞེས་ཟེར།
ཁྲིམས་འཛིན་ཉེན་རྟོག་པའི་ལས་གོས་གྱོན་པའི་མི་ཞིག་གིས། ཚང་མས་གང་བྱུང་དུ་ཤོད་མི་རུང་། ཞིབ་དཔྱོད་བྱེད་སྐབས་དཔང་རྟགས་ལ་མཐོང་ཆེན་བྱེད་དགོས་པས། གལ་སྲིད་དོན་དངོས་ཀྱི་བདེན་དཔང་གསལ་པོ་མེད་པ་དང་དཔང་རྟགས་ཁུངས་བཙུན་པ་མེད་ཚེ་གྱོད་གཞི་ལས་སླ་མོར་གཏན་འཁེལ་བྱེད་མི་རུང་ཞེས་ཟེར།
ཚེ་ལོས་ཀྱང་གང་ཞིག་བཤད་འདོད་ཀྱང་། ཡང་སྲིད་ཁྲིམས་མི་སྣ་དེའི་དྲན་སྐུལ་གྱིས་གཞི་ནས་ཁ་རོག་གེར་བསྡད།
ཚེ་ལོ་ཁྱིམ་དུ་ལོག་རྗེས། ལམ་བར་གྱི་མཐོང་ཐོས་གཡང་སྐྱིད་ལ་བཤད་པ་ན། གཡང་སྐྱིད་ལ་ཉན་འདོད་ཧ་ཅང་ཆེ་མོད། ཡང་རང་ཉིད་ཀྱིས་དེ་སྔ་ཁྲི་སྲོང་རྫོང་གི་རྨ་ཆུའི་འགྲམ་དུ་མཐོང་མྱོང་བའི་གནས་ཚུལ་དེ་ཤོད་སྐབས། གཡང་སྐྱིད་ཀྱིས་འཕྲལ་དུ་ངོ་ལོག་ནས། ཁྱོད་ཀྱིས་ཡང་ཉོག་གཏམ་དེ་ཤོད་ཀྱི་ཡིན་ནམ། གལ་ཏེ་ད་དུང་དེ་ལྟར་བྱེད་ན། ང་དངོས་གནས་ཁྱོད་དང་ཁ་གྱེས་ནས་འཚོ་བ་ཡིན་ཟེར།
ལྔ་བཅུ་པ།
དཔེ་སྐྲུན་ཁང་གིས་ངའི་དཔེ་ཆའི་མ་དཔེ་བསྐུར་ཡོང་ནས་ང་ལ་འགྲིག་མིན་བསྡུར་དགོས་ཟེར་བ་ན། པུའུ་ཀྲང་གིས་རྒྱབ་སྐྱོར་ཆེན་པོའི་ངང་། འདི་ནི་རིག་གནས་དར་རྒྱས་ཁུལ་ལ་གཟི་བརྗིད་བསྣན་པ་ཡིན་ཞེས་ང་ལ་གུང་གསེང་རིང་བོ་ཞིག་བཏང་སོང་ལ། ངས་ནམ་ཞིག་བར་ཞིབ་བསྡུར་དག་བཅོས་བྱས་ཚར་ན་དེ་དུས་ད་གཟོད་ལས་ཚོགས་ལ་ཞུགས་པས་ཆོག་ཅེས་གསུངས།ཉིན་གསུམ་པའི་སྔ་དྲོ། ངས་དཔེ་དེབ་དང་འཁྲུད་ཆས་རིགས་འཁྱེར་ནས་འགྲོ་གྲབས་བྱེད་སྐབས་སྒྲོལ་མ་ཕྱིར་ལོག་ཅིང་ང་གང་ལ་འགྲོ་རྒྱུ་ཡིན་མིན་དྲིས་བྱུང་། ངས་མོ་ལ་ང་གང་ལ་འགྲོ་རྒྱུ་ཡིན་མིན་ཁྱོད་ལ་བབས་མེད་ཅེས་བཤད་འདོད་ཀྱང་ཡང་སྐད་ཆ་ཁར་བསླེབས་པ་ཙམ་གྱིས་མར་མིད་དགོས་བྱུང་། ངས། ང་ཞིང་ཆེན་གྲོང་ཁྱེར་རམ་ཡང་ན་ས་ཆ་གཞན་ཞིག་ཏུ་སོང་ནས་རང་ཁོ་ནས་ལྷིང་འཇགས་ངང་དཔེ་ཆའི་མ་ཡིག་ལ་བལྟ་དགོས་ཞེས་བཤད། མོས་ང་ལ་གྱོན་ཆས་དང་བཟའ་བྱ་འགའ་འཁྱེར་ཟེར་མོད། ངས་ད་ལྟ་སྔོན་ཆད་ལྟར་དངོས་པོ་འཛིན་དགོས་མི་དགོས་པར་སྒོར་མོ་བཟུང་བས་ཆོག་ཅེས་ལན་བཏབ་པ་དང་ཞིང་ཆེན་གྲོང་ཁྱེར་གྱི་ལམ་དུ་ཆས།
ཀྲུའུ་ཕིན་གྱིས་ཞིང་ཆེན་གྱི་རྩི་ཤིང་གླིང་ག་ནས་ང་ལ་སྒུག་འདུག མོས་ང་མཐོང་བས་ཧ་ཅང་དགའ་སྤྲོ་ཆེ། ངེད་གཉིས་ཀྱིས་མཉམ་དུ་ལག་པ་གཉིས་བསྲིངས་ཡོང་ནས་ཕན་ཚུན་ལ་འཚམས་འདྲི་བྱས། ངས་མོའི་ལག་པར་དམ་པོར་འཇུས་ཤིང་ཡུན་རིང་མ་ལྷོད་པ་ལས་ངའི་བརྗོད་ལས་འདས་པའི་བརྩེ་བ་དང་དགའ་སྤྲོ་མཚོན་པར་བྱས། དེའི་རྗེས་སུ། མོས་ང་ཇ་ཁང་ཞིག་ཏུ་ཇ་འཐུང་ཟས་ཟ་བྱེད་དུ་ཁྲིད་རྩིས་བྱས། ངས། དུས་ཚོད་ད་དུང་སྔ་བས། མི་མེད་པའི་ནགས་ཚལ་ཞིག་ཏུ་འཆམ་འཆམ་དུ་སོང་ན་ཇི་འདྲ་རེད་ཅེས་འགྲོ་ཞོར་དུ་ཁ་བརྡ་བྱས། སྐབས་ཤིག་ལ་མདུན་དུ་ཞེང་ཚད་ལ་སྨི་གཅིག་ལྷག་ཙམ་ཡོད་པའི་ཆུ་ཕྲན་ཞིག་དང་འཕྲད་པ་ན། ཀྲུའུ་ཕིན་དཔའ་ཞུམ་ནས་ཕར་ལྡིང་མི་ཐུབ་པར་གྱུར། ངས་འཕྲལ་དུ་ལུས་པོ་སྒུར་ནས་མོ་འཁུར་ནས་ལྡིང་རྩིས་བྱས། ཀྲུའུ་ཕིན་ངའི་རྒྱབ་ཏུ་འབྱར་མ་ཐག་ཡང་དེ་མུར་ཕྱིར་བཀྱེད་ནས། མི་འགྲིག མི་འགྲིག གལ་ཏེ་ཕར་ལྡིང་མ་ཐུབ་ཚེ་ངེད་གཉིས་ཀ་ཆུ་ནང་དུ་ལྷུང་བ་མ་ཡིན་ནམ་ཞེས་ཟེར། ངས། དེས་ན་ངས་རྐང་རྗེན་དུ་ཁྱོད་ཕར་ཁར་འཁུར་ཞེས་པར། ཀྲུའུ་ཕིན་གྱིས། ཆུ་འཁྱགས་རེད། ཞབས་སུ་ད་རུང་རྡོ་ཡོད་པས་འགྲོ་མི་བདེ་ཟེར། ངས། རང་ཉིད་ཡིད་སྨོན་འཆོར་སའི་བུད་མེད་ཅིག་གི་ཆེད་དུ་ཅི་བྱེད་དགོས་ཀྱང་མི་སྐྱོན་ཞེས་ལྷམ་ཕུད་མགོ་རྩོམ་པ་ན། ཀྲུའུ་ཕིན་གྱིས། ང་ཚོ་ལམ་བསྐོར་ནས་འགྲོ། གལ་ཏེ་གཞན་གྱིས་མཐོང་ན་མི་བཟང་ཟེར། ངས་མོར་བཤད་ཡ་མི་ཡོང་བས། མོའི་རྗེས་དེད་ནས་འགྲོ་དགོས་བྱུང་། ངས་སྡོང་མགོ་ནས་བྱིའུ་ཆུང་ཆུང་གཉིས་གྱུ་རུ་རུ་གྲགས་བཞིན་པ་མཐོང་པས། གལ་ཏེ་བྱིའུ་ཆ་དེ་ངེད་གཉིས་ཡིན་ན་ཅི་མ་རུང་ཞེས་པར། ཀྲུའུ་ཕིན་གྱིས། དེ་རིང་ངེད་གཉིས་ནི་ཨ་འགྲིག་ཆ་འགྲིག་ཡིན་པས། ད་དུང་བྱིའུ་ཆུང་དེ་གཉིས་དང་མི་འདྲ་ས་ཅི་ཞིག་ཡོད་དམ་ཟེར། ངས། བྱིའུ་ཆུང་དེ་གཉིས་འཕུར་སོང་ཚེ་ཚང་གཅིག་གི་ནང་དུ་འཛོམས་བཞིན་ཡོད་མོད། འོན་ཀྱང་ང་ཚོ་ཁྱིམ་གཅིག་ཏུ་འཛོམས་མི་ཐུབ་ཅེས་བཤད། ཀྲུའུ་ཕིན་གྱིས། ཁྱོད་ལ་དེ་འདྲའི་ཕུལ་བྱུང་གི་ཆུང་མ་ཞིག་ཡོད་པས་ད་དུང་མི་འདང་ངམ། ངས་བལྟས་ན་མོ་ནི་ཤིན་ཏུ་ཕུལ་དུ་བྱུང་བ་ཞིག་སྟེ། ནམ་ཡང་ངའི་ལོག་སྤྱོད་སེམས་ལ་མི་འཛིན་ཞེས་ཟེར། དེ་དང་སྦྲགས་ཏེ་ངས་ཀྱང་པར་དེ་དང་འབྲེལ་ནས་སྒྲོལ་མ་དང་བཀྲ་ལོའི་བར་གྱི་གནས་ཚུལ་ཤེས་ཚད་ཚང་མ་མོར་བཤད་པ་ཡིན། ཀྲུའུ་ཕིན་གྱིས་ཅུང་ཙམ་བསམ་རྗེས། ཉིན་དེར་ང་ཚོས་མཉམ་དུ་ཟ་མ་ཟོས་ནས་ཁ་བརྡ་བྱེད་སྐབས། མོས་གཟས་ནས་ང་དང་བཀྲ་ལོ་གཉེན་ཐོར་བྱས་པའི་གནས་ཚུལ་དྲིས་པ་དེ་ཡིས་ངའི་སེམས་སུ་ཁོ་ཚོའི་བར་དུ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་ཅེས་སྙམ་བྱུང་། མ་བསམ་ས་ནས་དངོས་ནས་དོན་དག་དེ་འདྲ་ཞིག་ཡོད་པ་མ་ཟད་ད་དུང་ལོ་འདི་འདྲའི་མང་པོ་ཞིག་འགོར་སོང་། དེ་ལྟར་བལྟས་ན་ངེད་གཉིས་ནི་མགོ་སྐོར་ཐེབས་པ་དང་མ་ཉེས་ཁ་གཡོགས་ཐེབས་པའི་ཕྱོགས་གཅིག་རེད་ཅེས་ཟེར། ངས། ངས་ད་ལྟ་ད་གཟོད་ཤེས་པ་སྟེ། མོས་དང་ཐོག་ང་རང་སྨན་ཁང་དུ་ཁྱོད་ལ་བལྟ་རུ་འགྲོ་རུ་འཇུག་དོན་ནི་མོའི་བྱ་སྤྱོད་ལ་གཞུག་ལམ་ཞིག་འཇོག་འདོད་པ་ཁོ་ནའི་ཆེད་དམ་ངའི་ཁ་འགོག་པའི་ཆེད་རེད། ང་ད་ཐེངས་ཡོང་དོན་ནི་ཡང་བསྐྱར་ཁྱོད་དང་འབྲེལ་བ་རྙིང་པ་སླར་གསོ་བྱས་ཏེ། ཞེ་དྲག་དགའ་རོགས་ཆ་གཅིག་བསྒྲིགས་ཤིང་། མི་ཞིག་བྱེད་པའི་འདྲ་མཉམ་བརྩོན་ལེན་བྱེད་ཆེད་ཡིན་ཞེས་བཤད་ཞོར་དུ་མོའི་ངོ་གདོང་ལ་འོ་བྱེད་མགོ་བརྩམས་དུས། གློ་བུར་དུ་ཀྲུའུ་ཕིན་ལ་གློག་གིས་བརྒྱབ་པ་མཚུངས་པར་ལག་པས་ངའི་ཁ་བཀག་པ་དང་། དངངས་འཚུབ་ཀྱི་ངང་ནས། མི་ཆོག མི་ཆོག དེ་ལྟར་བྱེད་མི་རུང་། དེ་ལྟར་བྱེད་མི་རུང་། ཞེས་ཟེར། ང་ཧ་ཅང་ཐེ་ཚོམ་གྱི་དྲ་རྒྱར་ཚུད་པ་སྟེ། སེམས་སུ་ངེད་ཚོར་སྔོན་ཆད་མ་གཞི་ནས་གསང་བའི་མཛའ་འབྲེལ་དམ་ཟབ་དེ་འདྲ་ཞིག་ཡོད་པ་ལ། རྗེས་སུ་མོས་ནོར་འཁྲུལ་གྱི་སྒོ་ནས་སྒྲོལ་མའི་བྱམས་བརྩེ་ལ་ལྟ་སྟངས་ལེགས་པོ་བཟུང་བ་ནས་བཟུང་། འབྲེལ་བ་དེ་རིགས་ལ་འཕེལ་རྒྱས་མ་བྱུང་། ད་ལྟ་ངས་སྒྲོལ་མའི་ཡོད་ཚད་ཐེར་འདོན་བྱས་ཟིན་པས། སྤྱིར་ཡིན་ན་ཀྲུའུ་ཕིན་ལུགས་མཐུན་གྱི་སྒོ་ནས་ངའི་ཕྱོགས་ནས་ལངས་དགོས་མོད། འོན་ཀྱང་མོས་ཅི་ཡིན་འདི་ཡིན་མེད་པར་ང་དང་ལེན་མི་བྱེད་དོན་ཅི་ཡིན་ནམ་སྙམ།
མ་གཞིར། ཀྲུའུ་ཕིན་གྱིས་ཁ་སང་དགོན་པར་སོང་ནས་མནའ་བསྐྱལ་བ་རེད།
ཀྲུའུ་ཕིན་གྱི་མནའ་སྐྱེལ་བ་ནི་ངའི་ཆེད་དུ་རེད།
ཀྲུའུ་ཕིན་ནི་ནམ་ཡང་སེམས་གཏིང་ནས་ང་ལ་དགའ་བ་ཡིན། དགའ་སྟངས་དེའི་རིགས་ནང་དུ་ངའི་བརྩམས་ཆོས་ཚུད་ཡོད་ལ་ང་རང་ཉིད་ཀྱང་ཚུད་ཡོད། ཉིན་དེར་ངས་མོར་ཁ་པར་བཏང་སྟེ་མོ་དང་འཕྲད་འདོད་པ་གླེང་དུས། མོས་ངས་རང་ཉིད་ཚོད་འཛིན་བྱེད་མི་ཐུབ་པར་སྐྲག་ནས་སྒྲོལ་མ་དང་མཉམ་དུ་ཤོག་ཅེས་སྨྲས་མོད། ངས་སྒྲོལ་མ་ལ་དོན་དག་ཡོད་པས་ཡོང་མི་ཐུབ་ཅེས་པས། མོས་ངས་མོ་ལ་དོན་དག་ཅི་ཞིག་བཤད་རྒྱུ་ཡིན་པ་ཤེས་སོང་། མོས་དེ་ལྟར། གལ་ཏེ་དེ་འདྲ་ཞིག་ཡིན་ན་རང་ཉིད་ཀྱིས་སྒྲོལ་མ་ལ་དེ་བས་འོས་མེད་ཀྱི་བྱ་བ་སྒྲུབ་སྲིད་པས། མོས་རང་ལའང་དོན་དག་ཅིག་ཡོད་ཅེས་ཁ་ཆད་ཕྱི་བསྣུར་བྱས་ཤིང་ཁ་སང་ཉེ་འགྲམ་གྱི་དགོན་པར་སོང་ནས་ཚེ་འདིར་ང་དང་འབྲེལ་ངན་དེ་རིགས་མི་བྱེད་པའི་དམ་བཅའ་བཞག་འདུག་ལ། རང་ཉིད་ཀྱིས་ལུགས་འགལ་གྱི་སྤྱོད་ངན་མི་སྒྲུབ་པའི་ཁག་ཐེག་བྱས་འདུག མོས་རྩ་བ་ནས་དེ་རིང་ངས་དོན་དག་དེ་འདྲ་ཞིག་བཤད་པ་ཡིད་ལ་དྲན་མི་སྲིད་པས་ད་ལྟ་འགྱོད་པ་སྐྱེས་ཀྱང་འཕྱིས་སོང་།
ངས། ཁྱོད་ཀྱང་སངས་རྒྱས་ལ་དད་པ་ཡོད་དམ་ཞེས་པར།
ཀྲུའུ་ཕིན་གྱིས། ངས་བོད་རིགས་དང་འབྲེལ་བ་བྱས་དྲགས་པས་ཡིན་ལས་ཆེ་སྟེ། ཡིད་ཆེས་ཆེན་པོ་ཡོད་ཅེས་ཟེར།
ངས། ང་ཚོ་ནམ་རྒྱུན་འདི་འདྲ་རེད། བལྟས་ཡོང་ན་ཚེ་འདིར་ང་ཚོ་ལ་ལས་དབང་ཡོད་པ་རེད་ཅེས་བཤད།
ཀྲུའུ་ཕིན་གྱིས། རེད་ཡ། བལྟས་ཡོང་ན་འདི་ལྟར་བྱེད་རྒྱུ་ལས་ཐབས་མི་འདུག་ཅེས་ཟེར་ཞོར་དུ་མིག་ཆུ་དབང་མེད་དུ་བཞུར་བྱུང་།
དེ་ལྟར། ང་དང་ཀྲུའུ་ཕིན་གཉིས་ཀྱིས་ཟ་མ་ཐུན་གཅིག་ཟོས་རྗེས་བློ་རྩེ་གཅིག་སྒྲིམ་གྱིས་མ་ཟིན་དག་བཅོས་བྱས་ནས་རྩོམ་སྒྲིག་པ་ཏཱའེ་ལགས་ལ་སྤྲད་པ་ཡིན།
དུས་ཆད་ལེགས་འགྲུབ་མ་བྱུང་མོད། འོན་ཀྱང་མ་ཡིག་དེ་བཞིན་དག་བཅོས་བྱས་ཚར་སོང་། དེ་ལྟར་ངས་འདོད་ཐོག་ཏུ་རྟ་མ་རྒྱུགས་པ་དང་། ཡང་ལྷོད་གཡེང་སོགས་རྙོག་འཛིང་ཆེ་བའི་སེམས་པ་བཅངས་ནས་སླར་ཁྱིམ་དུ་ལོག
སྒྲོལ་མས་ཏག་ཏག་མེ་ལོང་ལ་གཏད་ནས་མཛེས་སྤྲས་བྱེད་བཞིན་འདུག མོས་ང་མཐོང་རྗེས་ཕྱོགས་གཅིག་ནས་མཚམས་འདྲི་ཞུས་བ་དང་ཕྱོགས་གཅིག་ནས། ཨེ། ལོ་ཚོད་ཀྱིས་མི་ལ་གུ་ཡངས་མི་གཏོང་། སྔོན་ཆད་ལ་ཕྱིར་ལོག་མི་ཐུབ་ཅེས་གང་བྱུང་དུ་ཆིག་ལབ་བརྒྱབ་བྱུང་། ངས་མ་གོ་ཁུལ་གྱིས་འཁྲུད་ཆས་ཀྱི་ཁུག་མ་བཞག་ཅིང་ལག་པ་བཀྲུས་རྗེས་འབོལ་ཁྲིའི་སྟེང་དུ་བསྡད།
སྒྲོལ་མས་ཇ་ཟས་ཁྱེར་ཡོང་ཞིང་ངའི་ངོ་མདོག་མི་བཟང་བར་བལྟས་ནས། ཅི་རེད། ལུས་པོ་མི་བདེ་བ་ཡིན་ནམ། ཡང་ན… …
ངས། ཚང་མ་བདེ། ཁྱོད་ཀྱིས་སེམས་ཁུར་བྱས་པར་ཐུགས་རྗེ་ཆེ་ཞེས་པར།
སྒྲོལ་མས་སྲིང་བལ་ནང་དུ་ཚེར་མ་ཡོད་པའི་སྐད་ཆ་དེ་ཐོས་ཀྱང་དེའི་ཡང་སྙིང་གི་ནང་དོན་མ་རྟོགས་པར་འདྲ་སྟེ། ཁོང་ཁྲོ་སྤུ་ཙམ་ལངས་མདོག་མི་སྟོན། མོས་གོས་སྒྲོམ་ནང་ནས་འདྲ་པར་དེ་བླངས་ཡོང་ཞིང་ང་ལ་བྱིན་ནས་ཁྱོད་ཀྱིས་ང་ན་གཞོན་ཡིན་དུས་ཀྱི་འདྲ་པར་ལ་ལྟོས་དང་ཟེར།
མོས་དེ་ལྟར་བཤད་མ་ཐག ངའི་ལུས་ཕྱི་ནང་གཉིས་ཀ་ཁོང་ཁྲོས་ཁྱབ་ཅིང་། སེམས་སུ་མོས་ངས་འདྲ་པར་འདི་ལ་བལྟས་པ་ཤེས་རྗེས་བསམ་བཞིན་ང་ལ་ཁོང་ཁྲོ་སློང་བ་རེད་འདོད་པས། ངས་མི་ལྟ། འདྲ་པར་འདི་ཁྱོད་ཚོས་མ་འོངས་པར་གཉེན་སྒྲིག་བྱེད་པར་བཀོལ་ན་ལེགས་ཞེས་བཤད་པ་ཡིན།
སྒྲོལ་མས། ཁྱོད་ཀྱིས་བལྟས་པ་ཡིན་ནམ། ཕྲག་དོག་སྐྱེས་པ་ཨེ་རེད། ཁྱོད་ནི་ཁོག་རྒྱ་ཅན་ཞིག་ཡིན་པ་མིན་ནམ། ཅིའི་ཕྱིར་ཟློས་གར་བརྙན་པར་ཞིག་གིས་འདི་ལྟར་འགྱུར་སོང་བ་རེད་དམ་ཞེས་ཟེར།
ངས་ཁོང་ཁྲོ་ཆེན་པོས། འདི་ནི་འདྲ་པར་རང་སྟེང་གི་དོན་དག་ཞིག་མ་རེད། འདི་ནི་ཁྱོད་ཀྱིས་ལོ་འདི་འདྲའི་རིང་ལ་ཉར་ཚགས་བྱས་པ་མ་ཟད། ད་དུང་ལྭ་བའི་ནང་དུ་ལུས་ལ་སྦྱར་ནས་ཅི་ཞིག་གསལ་བཤད་བྱེད་བཞིན་ཡོད་པས་རེད། གལ་ཏེ་ངས་ཤེས་སོང་བ་མིན་ན། ཁྱོད་ཀྱིས་ང་ལ་གསང་ནས་དུད་ཁྲོད་དུ་ཁྱེར་འགྲོ་ཟེར་བ་མིན་ནམ། གལ་ཏེ་དེ་ལྟར་ཡིན་ན། ཁྱོད་ཀྱིས་ཁོ་དང་འཚོ་བ་རོལ་ཅིག་ཅེས་བཤད།
སྒྲོལ་མས་ཁོང་ཁྲོ་ཆེན་པོས། གླེན་པ། འདྲ་པར་འདི་ནི་ང་རྨ་ལྷོ་རྫོང་དུ་སྐོར་བྲོ་འཁྲབ་པར་སྐྱོད་སྐབས་དེ་སྔའི་ལས་གྲོགས་ཀླུ་སྐྱིད་ཀྱིས་ང་ལ་བྱིན་པ་ཞིག་ཡིན། མོས་སྐབས་དེར་པར་བླངས་པ་ད་ལྟའི་བར་ཉར་ཚགས་བྱས་པ་རེད། ཡིད་མི་ཆེས་ན་ཁྱོད་ཀྱིས་ཁ་པར་བརྒྱབ་ནས་དྲིས་ཆོག ང་རྨ་ལྷོ་རྫོང་ནས་ཕྱིར་ལོག་རྗེས། ཞབས་བྲོ་འཁྲབ་པ་མི་བཟང་བའི་ཁར་ཆམ་པ་ཕོག་ནས་སེམས་ཁམས་མ་སྐྱིད་པས་དུས་ཐོག་ཏུ་ཁྱོད་ལ་བཤད་མ་ཐུབ། དེའི་རྗེས་སུ་ཁྱོད་ཕ་ཡུལ་ལ་སོང་བས་དོན་དག་འདི་ཡང་དེ་ལྟར་ལུས་སོང་། ང་ཞིང་ཆེན་གྱི་གྲོང་ཁྱེར་ནས་ཕྱིར་ཡོང་རྗེས་འདྲ་པར་འདི་ཁྱོད་ལ་བལྟ་རུ་འཇུག་འདོད་མོད། འོན་ཀྱང་ཁྱོད་ཡང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕྱི་རོལ་དུ་དཔེ་ཆའི་མ་ཡིག་དག་བཅོས་བྱེད་པར་འགྲོ་དགོས་ཞེས་ཐ་ན་ང་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་པའི་གོ་སྐབས་ཀྱང་མ་བྱིན། དེའི་ཕྱིར། ངས་ཁྱོད་ཀྱིས་འདྲ་པར་འདིར་བལྟས་ཡོད་མེད་མི་ཤེས་ལ། དེ་རིང་སྐད་ཆ་ངན་པ་འདི་འདྲ་བཤད་པ་དེ་བས་ཀྱང་ཡིད་ལ་མ་དྲན། ཞེས་སྨྲས་པ་དང་ཨུ་ཧུ་ཧུ་ཞེས་ངུས་བྱུང་།
ངས་རང་ཉིད་སྒྲོལ་མ་ལ་གོ་བ་ལོག་སོང་བ་ཤེས་པས། སེམས་གཏིང་ནས་མོ་ལ་འགྱོད་བཤགས་བྱས།
༥༠
རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་ཚུགས་མགོ་བརྩམས། ཚོགས་ཆེན་གཉིས་ཀྱི་ཐོག་ཏུ། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གྲོས་བསྡུར་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་བྱེད་པར་ཞིང་འབྲོག་དང་། བཟོ་ཚོང་། སྲིད་ཁྲིམས། ཤེས་རིག འཕྲོད་བསྟེན་སོགས་ཚོ་ཆུང་དུ་མར་བགོས་རྐྱེན། སྲིད་གཞུང་གཞུང་ལས་ཁང་གི་དྲུང་ཡིག་ཁོ་ནས་བྲེལ་བས་མི་ཁོམ་པས། ལས་ཁུངས་ཁག་གི་དྲུང་ཡིག་སྐོང་འཐེན་གྱིས་རོགས་རམ་བྱེད་དུ་བཅུག ཚེ་ལོའང་ཞིང་འབྲོག་ཚོགས་ཆུང་དུ་ལས་བགོས་བྱས་པ་རེད། ཞིང་འབྲོག་ཚོགས་ཆུང་གི་ཁོངས་མི་མང་ཆེ་བ་ནི་ཞིང་འབྲོག་གཙོ་གཉེར་བྱེད་མཁན་ཧྲུའུ་ཅི་དང་། རྫོང་དཔོན། ཞིང་འབྲོག་ཅུས་ཀྱི་འགོ་ཁྲིད། ཤང་སྲིད་གཞུང་གི་འགོ་ཁྲིད། དེ་བཞིན་གྲོང་ཚོའི་ལས་བྱེད་པ་དག་ཡིན། གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་དང་། ཚང་མས་འདས་ཟིན་པའི་ལོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་དང་ད་ཡོད་གནད་དོན་གཞན་དག་ལ་བགྲོད་གླེང་བྱས་རྗེས། གཙོ་གནད་དེ་འབྲོག་ཁུལ་གྱི་ས་ཆ་གསར་སྤེལ་ཐད་བཞག་པ་རེད། ཉེ་བའི་ལོ་ཤས་རིང་ལ། འབྲུ་སྣུམ་གྱི་རིན་གོང་འཕར་བའི་ཁར་ས་མཐོའི་གནམ་གཤིས་དྲོ་རུ་ཕྱིན་ནས་འབྲུ་སྣུམ་སྐྱེ་དངོས་འདེབས་འཛུགས་བྱ་རྒྱུར་འཚམ་པོ་ཡོད་པས། ཚོང་ལས་གསར་སྤེལ་བ་ཁག་གཅིག་གིས་འབྲོག་ཁུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཆར་དམིགས་ནས། འབྲོག་པའི་ལག་ནས་རིན་གོང་མཐོན་པོས་ཁྲིམས་འགལ་ངང་རྩྭ་ར་གླས་ཏེ། འཕྲུལ་ཆས་ཅན་དུ་དབང་བསྒྱུར་ཞིང་གཞི་ཁྱོན་ཆེན་པོར་ས་སློག་རྨོ་འདེབས་ཀྱིས་ནས་དང་ཀེ་ཚེ་འདེབས་འཛུགས་བྱས་པས། འབྲོག་ར་ཉམས་ཞན་དང་བྱེ་ཐང་དུ་འགྱུར་བའི་གནད་དོན་ཐོན་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མུ་མཐུད་འདི་ལྟར་སོང་ན་གནས་བབ་ཛ་དྲག་ཅན་དུ་འགྱུར་བཞིན་པ་ཚོར་བས་རྨོ་བསྐྱུར་རྩྭ་འདེབས་ཀྱི་བླང་བྱ་བཏོན་མོད། འོན་ཀྱང་གླེང་མོལ་ཁྲོད་དུ་གཞི་རིམ་ལས་བྱེད་པ་ཁག་གཅིག་གིས་ངོ་རྒོལ་བྱེད་པ་དང་འཕྲད། མི་དེ་དག་གི་བསམ་པར། ད་སྐབས་མི་ཚང་མས་སྒོར་མོར་ལྟ་བཞིན་ཡོད་ཅིང་། མིག་སྔར་འབྲུ་སྣུམ་གསར་སྤེལ་ཚོང་ལས་གཉེར་བ་ནས་བཟུང་། འབྲོག་པས་ཉེན་ཁ་གང་ཡང་མ་བརྒྱུད་པར་བོགས་གཏོང་མ་དངུལ་མང་པོ་རག་གི་ཡོད་ལ། འབྲོག་པར་དངུལ་ཡོད་ཚེ། འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་ཡིན་པས། དེ་ནི་བྱ་བ་བཟང་པོ་ཞིག་རེད་འདོད་ཀྱིན་ཡོད་མོད། འོན་ཀྱང་མི་མང་ཆེ་བས། རྩྭ་ཐང་ནི་འབྲོག་པའི་སྲོག་རྩ་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་མིག་མདུན་གྱི་ཁེ་ཕན་ཆུང་ཆུང་ཁོ་ནར་དམིགས་ནས་གང་བྱུང་དུ་བེད་སྤྱོད་བྱེད་མི་རུང་སྟེ། གལ་ཏེ་ནམ་ཞིག་ལ་ནས་དང་གཡིས་ཀྱི་རིན་གོང་མར་ཆག་པ་དང་། ཡང་ན་མཁའ་དབུགས་ཇེ་འཁྱགས་སུ་སོང་སྟེ་འབྲུ་རིགས་མི་སྐྱེས་པ་ཡིན་ན། མི་རང་ཉིད་ཀྱང་སྡོད་ས་མེད་པར་འགྱུར་བར་འདོད་ཀྱིན་པ་དེ་དང་། ཡང་གཅིག་ནི། གལ་ཏེ་རྩྭ་ཐང་བྱེ་ཐང་དུ་ཅན་དུ་གྱུར་ཚེ་ནོར་ལུག་གསོ་ཐབས་བྲལ་བ་མ་ཟད་མི་ཡང་སྡོད་ས་མེད་པར་འདོད་པ་དེ་རེད། མགར་ཁྲི་ཤང་གི་ཧྲུའུ་ཅི་ཨྱོན་གྱིས་ཐོག་མར་རྩྭ་ཐང་གསར་སྤེལ་བྱ་རྒྱུའི་འཆར་གཞིར་རྒྱབ་སྐྱོར་བྱེད་མོད། ཡང་མི་མང་ཆེ་བའི་བསམ་འཆར་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་གཅིག་མཚུངས་ཡིན་པ་མཐོང་བས་རང་གི་རྣམ་འགྱུར་ལ་ཡང་འགྱུར་ལྡོག་བྱུང་སོང་། མཇུག་མཐར་རྫོང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་གཏམ་བཤད་གནང་དོན། ཁོང་ཚོ་མི་མང་ཆེ་བའི་བསམ་འཆར་དང་ཆ་ཡོངས་ནས་མོས་མཐུན་བྱུང་ངེས། རེ་བ་ཡིན་ན་ཚང་མས་གྲོས་བསྡུར་བྱས་པ་བརྒྱུད་ནས་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཏེ། ངེས་པར་དུ་སྲིད་གཞུང་གི་སྙན་ཞུའི་བླང་བྱ་གཞིར་བཟུང་ནས་རྨོ་བསྐྱུར་རྩྭ་འདེབས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བླང་བྱ་བཏོན་པ་རེད། ཚེ་ལོ་ཡིས་གྲོས་བསྡུར་བྱས་པའི་གནས་ཚུལ་ལ་གཞིགས་ནས་བསྡུས་འཕྲིན་ཞིག་བྲིས་པ་མ་ཟད་ད་དུང་འབྲེལ་ཡོད་སྨྱན་སྦྱོར་ལ་བསྐུར་ཞིང་ཕན་འབྲས་ཆེན་པོ་ཐོབ་པ་རེད།ཚོགས་འདུ་གཉིས་མཇུག་སྒྲིལ་རྗེས། ཚེ་ལོ་ལས་ཁུངས་སུ་ལས་ཀར་འགྲོ་བཞིན་པའི་སྒང་ལ། གཡོན་ཕྱོགས་ཀྱི་འགྲམ་སོ་ཞིག་ལ་ན་ཟུག་ལང་གིན་འདུག སྨན་འགའ་འཐུང་མོད་ཀྱང་ནུས་པ་ཅི་ཡང་མི་ཐོན་པ་མ་ཟད་ན་ཟུག་སྔར་བས་ཇེ་ཆེ་ནས་ཇེ་ཆེ་རེད། ངག་རྒྱུན་དུ་སོ་ན་བ་ནི་ནད་མིན། ན་བྱུང་ཚེ་སྲོག་ཤོར་ཟེར་བ་བཞིན། ཚེ་ལོས་མ་བཟོད་པས་སྨན་ཁང་གི་སོ་ནད་ཚན་ཁག་ཏུ་སྨན་པར་བསྟེན་དུ་སོང་།
སོ་ནད་ཚན་ཁག་ཏུ་སྨན་པ་གཅིག་མ་གཏོགས་མེད་དེ། ལུས་པོ་སྐམ་ཞིང་རིད་པའི་རྒན་ཁོག་ཅིག་ཡིན་ལ། རུས་ནི་ཀྲང་ཡིན་ཞིང་ས་ཆ་ནི་སྨད་ཀྱི་ཡིན། གོ་ཐོས་ལྟར་ན། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་ཐེངས་གསུམ་པའི་རྗེས་ནས་བྱ་བ་བསྐྱར་གསོ་བྱུང་སྟེ་སྨན་ཁང་གི་སོ་ནད་ཚན་ཁག་ཏུ་བྱ་བ་གཉེར་ཚུལ་བརྗོད་ཅིང་། མཚང་མིང་ལ་ཀྲང་སོ་འབལ་ཟེར་ལ། མིང་དངོས་དེ་བས་ཤེས་མཁན་ཧ་ཅང་ཉུང་། སྨན་པ་ཀྲང་གིས་ནེ་ཙོ་སྐམ་པ་ཞིག་བཟུང་ནས་ཚེ་ལོར་ཁ་གདངས་སུ་བཅུག་ཅིང་ཞིབ་བཤེར་བྱས། ཚེ་ལོས་ཁ་གདངས་རྗེས་སྨན་པ་ཀྲང་གིས་འགྲམ་པ་གཡོན་ཕྱོགས་འོག་གི་འགྲམ་སོ་རེ་རེར་སྐམ་པས་རྡུང་རྗེས། ཡང་ལྡོག་ནས་རྩིས་པའི་འགྲམ་སོ་གཉིས་པའི་སྟེང་ཅུང་ཙམ་རྡུང་ཞིང་སྨྲས་པ། འདི་རེད་འདུག ཨེ་རེད་ཅེས་ཟེར། ཚེ་ལོར་རང་གི་སྙིང་ལ་རྡུང་བ་བཞིན་གྱི་ཟུག་གཟེར་ཐེངས་གཅིག་བརྒྱབ་ཀྱང་། ཁོས་མིག་བཙུམ་ཞིང་ཁ་གདངས་ཡོད་པས། སྣ་ཁུང་ཁོ་ན་ནས་འུན་འུན་ཟེར་བའི་ལན་མ་གཏོགས་འདེབས་མ་ཐུབ།
སྨན་པ་ཀྲང་གིས་བརྟག་དཔྱད་བྱས་ཚར་རྗེས། སོ་རྩད་རུལ་འདུག་པས་འབལ་རྒྱུ་ལས་ཐབས་གཞན་མེད་ཅེས་ཟེར།
ཚེ་ལོས་མཆུ་སྒྲོས་ཐེངས་འགའ་ཕྱིས་རྗེས། དེས་ན་བལ་ཆོག་ཟེར།
དེ་ནས། སྨན་པ་ཀྲང་གིས་སྲིང་བལ་གྱི་སྟེང་དུ་ཨ་རག་ཉིང་ཁུ་ཏོག་ཙམ་བླུགས་པ་དང་། ནེ་ཙོ་སྐམ་པས་ཨ་རག་ཉིང་ཁུ་བླུགས་ཡོད་པའི་སྲིང་བལ་བཙིར་ནས་སོའི་རྙིལ་ཕྱིས་ཕྱིས་འགའ་བྱས་རྗེས། སྲིང་བལ་དེ་གཡུགས་ནས་ཡང་བསྐྱར་འགྲམ་སོ་ཆེན་པོ་དེའི་སྟེང་དུ་ཐེངས་གཅིག་རྡུང་རྗེས་སྐམ་པས་སོ་ནད་པ་དེ་བཙིར་ནས། སོ་འདི་ཨེ་རེད། འཆུག་ཨེ་འདུག་ཅེས་ཁོས་ཕལ་ཆེར་སོ་གང་ཞིག་ཡིན་པ་བརྗེད་སོང་བ་དང་འདྲ་ལ། ཡང་ལས་ཀར་ཧ་ཅང་ནན་ཏན་གྱིས་འགན་ཁུར་ཏེ་འབལ་ནོར་བྱུང་བར་སྐྲག་པ་དང་ཡང་འདྲ། ཚེ་ལོས་སྐད་ཆ་བཤད་མི་བདེ་བས། སྔར་བཞིན་འུན་འུན་ཞེས་ཁས་ལེན་བཞིན་འདུག
ཀྲང་སྨན་པས་སྐམ་པས་སོ་རུལ་དེ་དམ་པོར་བཙིར་རྗེས་ཐོག་མར་དལ་མོར་སྒུལ་བ་དེ་ནི། ཕལ་ཆེར་སོ་རྩད་ཀྱི་ཟབ་ཚད་ལ་ཉམས་ཚོད་ལེན་བཞིན་པ་དང་འདྲ། ཚོད་ལྟ་བྱས་རྗེས། ཕྱོགས་གཅིག་ནས་ངལ་གསོ་བ་དང་ཕྱོགས་གཅིག་ནས་སོ་རྟིང་ཤིན་ཏུ་ཟབ་པས་དལ་གྱིས་འབལ་དགོས་ཞེས་ཁེར་བཤད་བྱས།
ཚེ་ལོས་ན་ཟུག་བསྲན་ནས་སྐད་ཆ་མ་བཤད།
ཀྲང་སྨན་པས་ཆུ་ཁོལ་ཁམ་གང་འཐུང་རྗེས་ཡང་བསྐྱར་སྐམ་པས་སོ་རུལ་དེ་བཙིར་ཏེ། ཕྱོགས་གཅིག་ནས་ཕར་སྒུལ་ཚུར་སྒུལ་བྱེད་པ་དང་། ཕྱོགས་གཅིག་ནས་འབལ་ཐབས་བྱེད་པ་ནི་སེམས་ཆུང་གི་རྣམ་པ་ཞིག་དང་ཡང་འདྲ་ལ། ལག་ཤུགས་མི་འདང་བའི་རྣམ་པ་ཞིག་དང་ཡང་འདྲ། ཚེ་ལོས་ན་ཟུག་མ་བཟོད་པར་མགྱོགས་པོར་འབལ་རོགས་ཟེར་བའི་ལག་བརྡ་བསྟན་བྱུང་། ཀྲང་སྨན་པས་ཚེ་ལོའི་ཅི་ཞིག་བཤད་འདོད་པ་ཤེས་པས་སྐམ་པ་བཞག་སྟེ་དལ་དལ་ལྷོད་ལྷོད་ངང་། འདི་ནི་ལས་ཀ་ཞིབ་ཚགས་རིགས་ཡིན་པས་གལ་སྲིད་སོ་རྟིང་ཆག་ཚེ་ཐབས་ཡོད་པ་མིན་ཞེས་ཟེར།
ཀྲང་སྨན་པས་ཡང་ཆུ་ཁོལ་ཁམ་གང་འཐུང་རྗེས་མུ་མཐུད་འབལ་སོ་མགོ་བརྩམས། ཁོས་སྔར་བཞིན་ཕྱོགས་གཅིག་ནས་ཕར་སྒུལ་ཚུར་སྒུལ་བྱེད་ལ། ཕྱོགས་གཅིག་ནས་འབལ་བཞིན་འདུག རེད་མོད་ཀྱང་ཐེངས་འདིར་ལག་ཤུགས་ཅུང་བཀོལ་བ་འདྲ་སྟེ། ཚེ་ལོས་ན་ཟུག་མ་བཟོད་པར་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་ལ། མིག་ཆུ་མིག་ཟུར་བརྒྱུད་ནས་མར་ལྷུང་། ཀྲང་སྨན་པས་ཚེ་ལོར་སེམས་གསོ་བྱེད་མ་ཤེས་པ་ཡིན་ནམ། ཡང་ན་གཞན་གྱི་སྡུག་བསྔལ་དེ་མྱོང་འདོད་པ་གང་ཞིག སྐད་ཆ་མང་ཞིང་ཆིན་ཆཱང་ཟེར་བའི་ཁྲང་ཤིས་བླངས། ཚེ་ལོས་བཟོད་ཐབས་བྲལ་ནས་སྣ་སྙེར་སྙེར་དང་ལུས་པོ་རྩ་འཁུམ་པ་ལྟར་བསྐུམས་ཙམ་བྱས། ཐག་སྒྲ་ཞིག་གྲགས་པ་དང་སོ་ལྷུང་བྱུང་། ཀྲང་སྨན་པས་ཡར་བཀྱགས་ནས་བལྟས་དུས། སོ་ཕྱེད་ཀ་ཡིན་ལ་སོ་རྩད་ད་དུང་ལུས་འདུག ཚེ་ལོ་ཁོང་ཁྲོས་སྨན་པར་ཁུ་ཚུར་གཅིག་གཞུས་ན་ཅི་མ་རུང་སྙམ་མོད། ཡང་ཁོ་རྒན་པ་ཞིག་ཡིན་པ་དང་། རང་ཉིད་ལས་བྱེད་པ་ཞིག་ཡིན་པར་བསམ་ནས་དེ་ལྟར་བསྐྱུར་བཞག ཀྲང་སྨན་པས། དགོངས་དག་ཞུ། ཁྱོད་གཅིག་འགུལ་བས་སོ་ཆག་སོང་། ད་ལྟ་ང་ཚོའི་འདིར་སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་པས་ཐབས་གཞན་མི་འདུག ཁྱོད་སྨན་ཁང་གཞན་ཞིག་ཏུ་ལྟ་རུ་འགྲོ་དགོས་ཞེས་ཟེར།
ཚེ་ལོས"ཕེ"ཞེས་ཁྲག་དམར་འདྲེས་པའི་ཆུ་ཞགས་ཤིག་འཕངས་རྗེས་སྒོའི་ཕྱིར་བུད།
ཚེ་ལོས་མགོ་བོ་སྐྱོར་ནས་ཁྱིམ་དུ་ལོག་རྗེས་གཡང་སྐྱིད་ལ་སོ་བལ་བའི་གོ་རིམ་བཤད། གཡང་སྐྱིད་ཀྱིས། དེ་ནི་ཁྱོད་དཔོན་པོ་མིན་པའི་རྐྱེན་རེད། གལ་ཏེ་ཁྱོད་དཔོན་པོ་ཞིག་ཡིན་ན། སྨན་པས་ཀྱང་ཁྱོད་ལ་དེ་ལྟར་བྱེད་མི་སྲིད་ཅེས་ཟེར། ཚེ་ལོས་ཁོང་ཁྲོའི་ངང་། ཁྱོད་ཀྱིས་ད་ལྟ་སྐད་ཆ་དེ་འདྲ་བཤད་པར་དགོས་པ་ཅི་ཡོད། དེ་བས་མྱུར་དུ་པུའུ་ཀྲང་ལ་གནང་བ་ཞིག་ཞུས་ཏེ། ངའི་སོ་ན་ནས་ལས་ཚོགས་ལ་ཞུགས་མི་ཐུབ་ཅེས་ཤོད་ཟེར། གཡང་སྐྱིད་ཀྱིས་པུའུ་ཀྲང་ལ་གནང་བ་ཞུས་པ་རེད། ཞའོ་ལིས་དོན་དེ་ཤེས་རྗེས་ཚེ་ལོར་བལྟ་རུ་ཡོང་། ཞའོ་ལིས། སོ་གཅིག་འབལ་བར་ད་དུང་དུས་ཚོད་དེ་འདྲ་མང་པོ་ཞིག་བཀོལ་དགོས་སམ། སྲང་ན་མི་སྒེར་གྱི་སོའི་སྨན་པ་ཡོད་པས་གང་འདོད་དུ་ཐག་གཅོད་བྱེད་ཐུབ་ཟེར།
ཞའོ་ལིས་ཚེ་ལོ་ལ་འགྲོ་རོགས་བྱས་ནས་སྒེར་གྱི་སོའི་སྨན་པ་ཞིག་བཙལ་ནས་རྙེད། སྨན་པས་སྦྲིད་སྨན་ཅུང་ཙམ་བརྒྱབ་རྗེས་ཚག་སྒྲ་ཞིག་དང་མཉམ་དུ་སོ་རྟིང་བལ་བ་རེད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།