འགྱུར་རྩོམ། རང་ཉིད་ཀྱི་རིན་ཐང་འཚོལ་དགོས།
རྩོམ་པ་པོ།:མཁར་མོ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-06-07
ཀློག་གྲངས།:
རང་ཉིད་ཀྱི་རིན་ཐང་འཚོལ་དགོས།
རྩོམ་པ་པོ། ཀྲུའུ་གོ་ཕིན།
བསྒྱུར་བ་བོ། མཁར་མོ་བྱམས།
བསྒྱུར་བ་བོ། མཁར་མོ་བྱམས།
བྱིས་དུས་དང་གཞོན་དུས་ནི་ཡི་གར་འོང་ཞིང་རྨི་ལམ་གྱིས་ཕྱུག་པའི་འཇིག་རྟེན་ཞིག་ཡིན་ལ། གལ་ཏེ་ངས་ཁྱོད་ཚོར་རང་ཉིད་མ་འོངས་པར་མི་ག་འདྲ་ཞིག་ལ་འགྱུར་བར་འདོད་ཅེས་དྲིས་ཚེ། ཁྱོད་ཚོས་དྲིས་ལན་བློ་ངོར་འབབ་པ་མང་པོ་འདེབས་ངེས། དཔེར་ན། ནཱ་ཕོ་ལོན་ལྟ་བུའི་རླབས་ཆེན་གཙོ་འཛིན་དང་། ཨའེ་དབྱིན་སི་ཐཱན་ལྟ་བུའི་ཚན་རིག་པ་ཆེན་མོ། ཚོ་ཞུའེ་ཆིན་ལྟ་བུའི་རྩོམ་རིག་མཁས་ཆེན་སོགས་རང་ཉིད་ཀྱི་མོས་གུས་བྱ་ཡུལ་མང་པོ་བཤད་སྲིད། དེ་དག་ཚང་མ་དྲིས་ལན་སྐྱོན་ཅན་མིན་པ་ཏག་ཏག་རེད། རེད་ཀྱང་། ངས་བསམས་ན། དེ་ལས་ཀྱང་གལ་ཆེ་བ་ནི། ཐོག་མར་རང་ཉིད་ཀྱི་རིན་ཐང་འཚོལ་རྒྱུ་དེ་རེད་སྙམ།
གལ་ཏེ་ཁྱོད་རང་ནཱ་ཕོ་ལོན་ལ་ཤིན་ཏུ་མོས་ཤིང་། ཁོང་ལྟ་བུའི་ཟླ་མེད་ཀྱི་དཔའ་བོ་ཞིག་བྱེད་རྒྱུ་ནི་ཁྱོད་ཀྱི་ཆེས་ཆེ་བའི་འདུན་མ་ཡིན་ན། ཁྱོད་ཀྱི་མི་ཚེ་ཁོང་དང་ཡིན་ཁྱབ་མཉམ་དུ་གྱུར་ཚེ་ཁྱོད་རང་མོས་མཐུན་ཡིན་ནམ། ཁྱོད་ཀྱིས་འདང་རྒྱག་མེད་པར་འཐད་ཟེར་ན། འོ་ན། ཁྱོད་ཀྱི་དབང་ཤེས་ལྔ་དང་ཡིད་ཤེས་དང་བཅས་པ་དེ་དང་གཅིག་ཏུ་འགྱུར་བར་འཐད་དམ་ཟེར་ན། དེ་དུས་ཁྱོད་རང་ཐེ་ཚོམ་གྱི་ཡུལ་དུ་འགྱུར་སྲིད་ལ། ཁྱོད་ཀྱིས་གཅིག་ཏུ་གྱུར་ཚེ་རང་ཉིད་བོར་སོང་བ་མིན་ནམ་ཞེས་ལྡོག་འདྲི་ཚ་བོ་ཞིག་བྱེད་སྲིད། ངའི་གྲོགས་པོ། ངོ་མ་རེད། དེ་ལྟ་ན་ཁྱོད་རང་མི་འཐད་པ་ཡིན་ནམ། འདི་ལས་འཇིག་རྟེན་འདིར་ནཱ་ཕོ་ལོན་ཞེས་པ་ཞིག་བྱོན་པའི་དོན་དངོས་དེར་འགྱུར་བ་བྱུང་མེད་ལ། འགྱུར་སོང་བ་དེ་རང་ཉིད་རྩ་བ་ནས་མེད་པ་དེ་རེད།
འདི་ལས་མི་སུ་ཞིག་ཡིན་རུང་ཆེས་རྩ་ཆེ་བ་ནི་རང་ཉིད་ལས་མ་འདས་ཤིང་། གཞན་ལ་ཡིད་སྨོན་ཅི་འདྲ་སྐྱེས་ཀྱང་རང་ཉིད་བོར་ཏེ་གཞན་ཕ་རོལ་བོར་དངོས་སུ་འགྱུར་རྒྱུའི་དབང་དུ་བཏང་ན་སུ་ཡང་འཐད་མི་སྲིད་པ་རེད།
ཁྱོད་ཀྱིས་ང་ལ་ཁྱོད་ཀྱིས་བཤད་པ་ཉོག་གཏམ་འབའ་ཞིག་རང་རེད། མི་ཚང་མ་མ་གཞི་ནས་རང་ཉིད་ཡིན་པ་ལས། ལུས་ངག་ཡིད་གསུམ་གཞན་དུ་འགྱུར་ག་ལ་སྲིད་ཅེས་དགག་པ་བརྒྱག་སྲིད། དེ་ངོ་མ་རེད། ཡིན་ཡང་ངས་ཆ་འཇོག་གི་ལམ་ནས་བཤད་པ་ཙམ་ཡིན་ལ། འཚོ་བ་དངོས་ཀྱི་ཁྲོད་དུ་གནས་ཚུལ་འདི་ལྟ་བུ་རྣམ་པ་མི་འདྲ་བའི་སྒོ་ནས་རྒྱུན་དུ་བྱུང་དང་འབྱུང་བཞིན་ཡོད་དེ། རང་ཉིད་ངོ་མར་འགྱུར་རྒྱུ་དེ་ནི་ལས་སླ་བོ་ཞིག་ག་ལ་ཡིན། འཇིག་རྟེན་དུ་མི་མང་པོ་ཞིག་ཡོད་ཅིང་། ཁོ་ཚོའི་ཆ་ཤས་དཔེར་བླངས་ནས་བཤད་ན། ལས་རིགས་ཤིག་གམ། ཐོབ་ཐང་ཞིག ཡང་ན་མི་སྣ་ཞིག ཅི་ཡང་མིན་པ་ནི་ཁོ་རང་ཉིད་ཡིན། གལ་ཏེ་ནམ་རྒྱུན་མི་གཞན་གྱི་འདོད་བློ་ལྟར་འཚོ་བ་རོལ་ཚེ། རང་ཉིད་སྒེར་གྱི་བསམ་ཚུལ་མེད་པར་རྒྱུན་དུ་ཕྱི་རོལ་གྱི་བྱ་བའི་ཆེད་དུ་བྲེལ་བ་ཆེ་ཞིང་། རང་གི་ནང་སེམས་ཀྱི་འཚོ་བ་ཟེར་བ་ཞིག་མེད་པས། ཁོ་ནི་རང་ཉིད་མིན་ཞེས་བཤད་ན་མ་ཉེས་ཁ་གཡོག་ཅུང་ཙམ་ཡང་ཐེབས་མེད་ལ། ཁོའི་ཀླད་པ་ནས་སེམས་ཁམས་བར་དུ་ཁོ་རང་ལ་དབང་བའི་དངོས་པོ་ཞིག་རི་བོང་གི་རྭ་ལྟར་བཙལ་ཀྱང་རྙེད་རྒྱུ་མེད་པས། ཁོ་ནི་མི་གཞན་གྱི་གྲིབ་མ་ཙམ་དང་ལས་དོན་སྒྲུབ་པའི་འཕྲུལ་ཆས་ཙམ་ལས་མ་འདས་པ་རེད།
འོ་ན། ཅི་ལྟར་བྱས་ཏེ་རང་ཉིད་ངོ་མ་དེར་འགྱུར་ཐུབ་ཅེ་ན། གནད་དོན་འདི་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད་དེ། ངས་ཀྱང་དྲིས་ལན་གསལ་བོ་ཞིག་གམ་གཏན་ཐག་ཆོད་པ་ཞིག་བཤད་མི་ཐུབ་ལ། མ་ཟད་མི་ཚང་མར་འཚམ་པའི་དྲིས་ལན་ཞིག་མེད་པ་ཐག་གིས་ཀྱང་ཆོད། ངས་བཤད་འདོད་པ་ནི་མི་རེ་རེས་ངེས་པ་དོན་གྱིས་རང་ཉིད་ཀྱི་གཞལ་དུ་མེད་པའི་རིན་ཐང་འཚོལ་རྒྱུ་དེ་གལ་ཆེ་ཞིང་། དེ་ལྟ་ན་ད་གཟོད་རང་ཉིད་ལ་འཚམ་པའི་དྲིས་ལན་དེ་ཚོར་ངེས་ཡིན། མཐའ་མེད་པའི་འཇིག་རྟེན་གྱི་ཁམས་འདིར། མི་ཚང་མར་འཚོ་གནས་ཀྱི་གོ་སྐབས་ཐེངས་གཅིག་ལས་མེད་ཅིང་། ཚང་མ་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ་ཡིན་པ་མ་ཟད། ཡང་བསྐྱར་འཁོར་བའི་ཆོས་ཉིད་མེད། ལུའུ་སུའོ་ཡིས་བཤད་པ་ནང་བཞིན་དཀོན་མཆོག་གིས་ཁྱོད་བསྐྲུན་རྗེས་ཁྱོད་ལ་དབང་བའི་དམིགས་བསལ་གྱི་མ་དཔེ་ཡོངས་སུ་བཅོམ་པ་རེད། སྙན་གྲགས་དང་རྒྱུ་ནོར། ཤེས་བྱ་སོགས་ནི་ཕྱིའི་དངོས་པོ་ཏག་ཏག་ཡིན་ཏེ། ཚང་མས་བརྩོན་ཅིང་སྙེག་ན་ཐོབ་ཅིང་ཤེས་པ་ཞིག་ཡིན་མོད། ཡིན་ཡང་ཁྱོད་ཀྱི་ཚབ་བྱས་ནས་མི་ཚེ་མྱོང་རོལ་བྱ་མཁན་ཞིག་གཏན་ནས་ཡོད་མི་སྲིད། ཁྱོད་འཇིག་རྟེན་འདི་དང་ཁ་བྲལ་རྗེས། ཁྱོད་ཀྱི་ཚབ་བྱས་ནས་ཡང་བསྐྱར་གསོན་མཁན་ཞིག་ཀྱང་ཡོད་མ་ཡིན། གལ་ཏེ་ཁྱོད་ཀྱིས་གནས་ལུགས་འདི་གསལ་བོ་རྟོགས་ན། འཇིག་རྟེན་འདིར་འཚོ་ཞིང་གནས་ན་ཆེས་གལ་ཆེ་བ་ནི་རང་ཉིད་ངོ་མའི་ཁྱད་གཤིས་ཀྱི་བཀྲག་མདངས་མངོན་པར་འཚེར་ཐུབ་པ་དེ་ཡིན། ཁྱོད་ཀྱི་མི་ཚེ་ལ་དོན་སྙིང་ཡོད་མེད་ཀྱི་ཚད་འཇལ་བྱེད་དེ་མིག་གི་མཐོང་བྱར་གྱུར་པའི་ཕྱིའི་རྒྱལ་ཕམ་དེ་མ་ཡིན་པར། ཁྱོད་ལ་མི་ཚེའི་དོན་སྙིང་ཟེར་བར་གཞན་དང་མི་འདྲ་བའི་ལྟ་སྟངས་དང་བསམ་ཕྱོགས་བརྟན་པོ་ཡོད་ཅིང་། རང་ཉིད་ལ་མངའ་བའི་རང་གཤིས་ཀྱི་འོད་མདངས་ལྡན་རྒྱུ་དེ་ཡིན།
ལོ་རྒྱུས་སྟེང་། འཛམ་གླིང་རུལ་སུངས་སུ་གྱུར་པའི་སྐབས་རེ་རེར། མི་རྣམས་ཀྱིས་འཇིག་རྟེན་སྐྱབས་མགོན་བྱོན་པར་རེ་ཞིང་སྒུག་མོད། དོན་དུ་འཇིག་རྟེན་གྱི་སྐྱབས་མགོན་ངོ་མ་ནི་མི་རེ་རེའི་སེམས་སུ་ཡོད་དེ། ཡེ་ཤུ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་མང་ཚོགས་ཡོངས་ཀྱིས་འཇིག་རྟེན་སྐྱབས་མགོན་དུ་བརྩི་ལ། ཡིན་ཡང་ཁོང་གིས“མི་ཞིག་གིས་རང་ཉིད་བོར་བ་ཡིན་ན་འཇིག་རྟེན་དབང་དུ་བསྒྱུར་ཡང་སྙིང་པོས་དབེན”ཞེས་གསུངས་ཡོད་པས། ཁོང་གི་གསུང་ཚིག་གསེར་གྱི་རིལ་བུ་འདི་ང་ཚོས་ཡིད་ལ་དམ་པོར་འཛིན་འོས་སོ། །
འབྲེལ་ཡོད་འོས་སྦྱོར།