དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་སྐོར་གྱི་དཔྱད་གླེང་། སྒྲོལ་དཀར་ཚེ་རིང་།
རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-07-03
ཀློག་གྲངས།:
༄༅། །མིའི་སེམས་ནང་གི་ལོ་རྒྱུས་ཞེས་བྱའི་སྔོན་འགྲོའི་ཞུ་མཆིད།
—དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་སྐོར་གྱི་དཔྱད་གླེང་།
རྩོམ་པ་པོ། ལིའུ་ཁྲང་།
སྒྱུར་བ་པོ། སྒྲོལ་དཀར་ཚེ་རིང་།
སྒྱུར་བ་པོ། སྒྲོལ་དཀར་ཚེ་རིང་།
ལོ་རྒྱུས་ཞེས་བྱའི་མིང་འདི་ལ་སྤྱིར་བཏང་གོ་བ་རིགས་གཉིས་ཡོད། དང་པོ་ནི་འགྲོ་བ་མིའི་བྱུང་བ་ཡིས་གསར་དུ་བསྐྲུན་པའི་ཆོས་ཐམས་ཅད་དེ། མིའི་རིགས་ཀྱི་འདས་པའི་དུས་ཡོད་དོ་ཅོག་ལ་བསྟན། གཉིས་པ་ནི་འགྲོ་བ་མིས་རང་གི་འདས་སོང་ལ་ཕྱིར་དྲན་དང་བསམ་གཞིག་བྱས་པར་གོ འདི་གཉིས་ལས་སྔ་མ་ནི་དོན་དམ་པའི་ལོ་རྒྱུས་དང་། ཕྱི་མ་ནི་ལོ་རྒྱུས་ཀྱི་ངོས་ཟིན་ཞེས་སུ་བརྗོད་ཆོག ངོས་འཛིན་གྱི་བགྱི་བ་འདི་ཉིད་ཆེད་དམིགས་ཀྱི་ཤེས་བྱ་རིག་པའི་གནས་སུ་གྱུར་ཙ་ན། འོ་སྐོལ་གྱིས་གང་དེར་ལོ་རྒྱུས་རིག་པ་ཞེས་འབོད། ལོ་རྒྱུས་ངེས་པར་བྱ་བ་ལ་གཞུང་ལུགས་ཀྱི་ཁྲིད་སྟོན་དང་འབྲལ་དུ་མེད། ལོ་རྒྱུས་ཀྱི་ཕྱོགས་འདི་གཉིས་དང་མཐུན་པར་ལོ་རྒྱུས་ཀྱི་གཞུང་ལུགས་ཀྱང་ཕྱོགས་གཉིས་སུ་དབྱེ་ཆོག་སྟེ། དོན་དམ་པའི་ལོ་རྒྱུས་དང་འབྲེལ་བའི་གཞུང་ལུགས་དང་ལོ་རྒྱུས་ཀྱི་ངོས་ཟིན་དང་འབྲེལ་བའི་གཞུང་ལུགས་གཉིས་སོ། །ཕྱོགས་གཅིག་ནས་ལོ་རྒྱུས་ནི་མིས་བཟོས་པ་ཡིན་ལ། དོན་དམ་པའི་ལོ་རྒྱུས་དང་འབྲེལ་བའི་གཞུང་ལུགས་ནི། མིས་ལོ་རྒྱུས་ཇི་ལྟར་བཟོས་པ་ཡིན་ཞེས་པའི་དྲི་བར་བསྡུས་ཆོག་ཅིང་། ཕྱོགས་གཞན་ཞིག་ནས། མིའི་ལོ་རྒྱུས་ཀྱི་ངོས་ཟིན་ནི་སྐད་ཡིག་སྟེ་ཁྱད་པར་དུ་ཡི་གེ་ལ་བརྟེན་ནས་མཚོན་དགོས་པས། ལོ་རྒྱུས་ཀྱི་ངོས་ཟིན་དང་འབྲེལ་བའི་གཞུང་ལུགས་ནི་མིས་ལོ་རྒྱུས་ཇི་ལྟར་འབྲི་ཞེས་པའི་དྲི་བ་རུ་བསྡུས་ཆོག མིས་ལོ་རྒྱུས་ཇི་ལྟར་བཟོས་པ་དང་ལོ་རྒྱུས་ཇི་ལྟར་འབྲི་བ་ནི་ལོ་རྒྱུས་ཀྱི་གཞུང་ལུགས་ཀྱིས་དཔྱད་པར་བྱ་བའི་གཞི་གཉིས་ཡིན།
དཔྱད་གཞི་འདི་གཉིས་ལ་ཉམས་ཞིབ་བྱས་པ་ལས། ལོ་རྒྱུས་ཀྱི་གཞུང་ལུགས་ལའང་ལག་ལེན་གྱི་དགེ་མཚན་གཉིས་དང་ལྡན་པར་གྱུར། མིས་ལོ་རྒྱུས་ཇི་ལྟར་བཟོས་པར་ལན་བཏབ་པ་ལས། ལོ་རྒྱུས་ཀྱི་གཞུང་ལུགས་ཀྱིས་ལོ་རྒྱུས་ལ་ངོས་ཟིན་དང་ཞིབ་འཇུག་གི་ལས་ལ་བྱེ་བྲག་ཏུ་ཇི་ལྟར་འཇུག་ཚུལ་སྟོན་ཅིང་། མིས་ལོ་རྒྱུས་ཇི་ལྟར་བྲི་བ་ལ་ལན་བཏབ་པ་ལས། ལོ་རྒྱུས་ཀྱི་གཞུང་ལུགས་ཀྱིས་ལོ་རྒྱུས་ཀྱི་ངོས་ཟིན་ནམ་ཡང་ན་ལོ་རྒྱུས་ཀྱི་ཞིབ་འཇུག་གི་བགྱི་བར་མཐའ་དཔྱོད་བྱ་བར་ཕན། དཔེར་ན། འོ་སྐོལ་གྱིས་ལོ་རྒྱུས་དངོས་གཙོ་རིང་ལུགས་ལྟ་བུའི་ལོ་རྒྱུས་ཀྱི་གཞུང་ལུགས་ཤིག་ངེས་རྗེས། ལོ་རྒྱུས་ལ་ངོས་ཟིན་དང་ཞིབ་འཇུག་བྱ་བའི་ཚེ་ན། སྤྱི་ཚོགས་ཀྱི་གནས་པས་སྤྱི་ཚོགས་ཀྱི་འདུ་ཤེས་ལ་དཔྱད་པར་བྱ་ཡི། དེ་ལས་ལྡོག་པ་ནི་མ་ཡིན་ནོ། །ཡང་དཔེར་ན། འོ་སྐོལ་གྱིས་ལོ་རྒྱུས་ལ་དཔྱད་པའི་དུས་སུ་ལོ་རྒྱུས་ཡིག་ཆར་ཁུངས་སྐྱེལ་བྱ་བའི་དགོས་པ་ངེས་རྗེས། འཆར་ཡན་དང་རིགས་འདེད་བྱ་བའི་བསམ་ཕྱོགས་གང་དེ་རང་བཞིན་གྱིས་འགོག་ཅིང་། ཉམས་མྱོང་གི་དངོས་དཔང་དང་ལོ་རྒྱུས་ཡིག་ཆར་ཁུངས་སྐྱེལ་བྱ་བར་ལྷག་པར་ནན་ཏན་བྱེད། ལོ་རྒྱུས་ཀྱི་གཞུང་ལུགས་ཀྱི་དགེ་མཚན་འདི་གཉི་གའི་མཐར་ཐུག་གི་དམིགས་པ་གཅིག་ཏུ་འབབ་སྟེ། དེ་ནི་མི་རྣམས་ཀྱིས་ལོ་རྒྱུས་ལ་ངོས་ཟིན་དང་ཞིབ་འཇུག་སྔར་ལས་ལྷག་པ་ཞིག་ཡོང་བར་ཁྲིད་སྟོན་དང་རོགས་འདེགས་བྱ་བའི་སླད་དུ་ཡིན།
བྱེ་བྲག་ཕྱེད་པར་བཤད་ན། མིས་ལོ་རྒྱུས་ཇི་ལྟར་བཟོས་ཞེས་པར་དྲི་བ་འདི་དག་འདུ་སྟེ། འགྲོ་བ་མིའི་ལོ་རྒྱུས་འཕེལ་འགྱུར་གྱི་སྒུལ་ཤུགས་ནི་ཅི་ཞིག་ཡིན་ནམ། ལོ་རྒྱུས་ནི་ཟོ་ཆུན་བཞིན་འཁོར་བ་ཡིན་ནམ་མདུན་དུ་འཕེལ་བའམ། ཡང་ན་རྒུད་པ་ནས་རྒུད་པར་ཕྱོགས། ལོ་རྒྱུས་འཕེལ་བར་ཆོས་ཉིད་དང་ལྡན་མིན་དང་གཅིག་གྱུར་ཡིན་མིན། འགྲོ་བ་མིའི་ལོ་རྒྱུས་ཀྱི་དམིགས་པ་ནི་ཅི་ཞིག་ཡིན་ནམ། སྙིང་པོ་གང་དུ་མཆིས་ལ་སོགས་པའོ། །དེ་བཞིན་མིས་ལོ་རྒྱུས་ཇི་ལྟར་བྲི་ཞེས་པར་ཡང་དྲི་བ་འདི་དག་འདུ་སྟེ། ལོ་རྒྱུས་ཞིབ་འཇུག་གི་ངོ་བོ་དང་། ཡུལ་དང་། བྱེད་ཐབས་དང་། རིན་ཐང་ལ་སོགས་པའོ། །ལོ་རྒྱུས་ཀྱི་གཞུང་ལུགས་གཅིག་གིས་དྲི་བ་འདི་དག་ཐམས་ཅད་ལ་ལན་གདབ་དགོས་པའི་ངེས་པ་ནི་མེད་མོད། གང་དེས་གདོན་མི་ཟ་བར་དྲི་བ་འདི་དག་གམ་ཡང་ན་དེ་དག་ལ་ལན་གདབ་དགོས།
ལོ་རྒྱུས་ཀྱི་གཞུང་ལུགས་ནི་འགྱུར་མེད་རྟག་པ་ཞིག་མ་ཡིན་པར། དེ་ནི་དུས་རབས་དང་སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་བཞིན་ཡོད། དུས་རབས་དང་སྤྱི་ཚོགས་མ་འདྲ་བར་ལོ་རྒྱུས་ཀྱི་གཞུང་ལུགས་ཐ་དད་པ་རེ་ཡོད་ཅིང་། ཐ་ན་དུས་རབས་དང་སྤྱི་ཚོགས་གཅིག་པར་ཡང་ལོ་རྒྱུས་ཀྱི་གཞུང་ལུགས་མ་འདྲ་བ་ཡོད། ལོ་རྒྱུས་ཀྱི་གཞུང་ལུགས་ནི་མཐར་གཏུགས་ན་དུས་རབས་དང་སྤྱི་ཚོགས་ཀྱི་དངོས་ཡོད་ཀྱི་འབྲས་བུ་ཡིན། ལོ་རྒྱུས་ཀྱི་གཞུང་ལུགས་སྔ་ཕྱིའི་བར་ལ་དགག་སྒྲུབ་དང་རྒྱུད་འཛིན་གྱི་འབྲེལ་བ་ཡོད་པས། གནད་འདི་ཡང་སྣང་མེད་དུ་འཇོག་མི་རིགས།
འདིར་ངོ་སྤྲོད་པ་དང་གླེང་བར་བྱ་བ་ནི་དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་ཡིན། དེང་རབས་ནུབ་ཕྱོགས་ཞེས་པ་ནི་དུས་རབས་ཉི་ཤུ་པ་དང་ཁྱད་པར་དུ་འཛམ་གླིང་དམག་ཆེན་ཐེངས་དང་པོའི་རྗེས་ཀྱི་ནུབ་ཕྱོགས་ལ་བསྟན་པ་ཡིན། དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་ཀྱི་དཔྱད་པར་བྱ་བ་ནི་གོང་དུ་བསྟན་པའི་དཔྱད་གཞི་གཉིས་ཡིན་མོད། དཔྱད་ཞིབ་འདི་ལས་ཆ་ཤས་ཐ་དད་པ་གསུམ་བསྐྱེད་དེ། རྟོག་གེའི་ལོ་རྒྱུས་མཚན་ཉིད་རིག་པ་དང་། དབྱེ་ཞིབ་བམ་མཐའ་དཔྱོད་བྱས་པའི་ལོ་རྒྱུས་མཚན་ཉིད་རིག་པ་དང་། ལོ་རྒྱུས་རིག་པ་མཁན་དག་གིས་ཞིབ་འཇུག་ལས་ལོ་རྒྱུས་ཀྱི་གཞུང་ལུགས་བཏོན། ཆ་ཤས་འདི་གསུམ་ནི་རིམ་ཅན་དུ་རབ་བྱེད་གཉིས་པ་དང་གསུམ་པ་དང་བཞི་པ་བཅས་ཀྱི་བརྗོད་དོན་ཡིན། འདིར་ལོ་རྒྱུས་མཚན་ཉིད་རིག་པ་དང་ལོ་རྒྱུས་ཀྱི་གཞུང་ལུགས་གཉི་གའི་འབྲེལ་བ་བརྗོད་དགོས་འདུག ལོ་རྒྱུས་ཀྱི་གཞུང་ལུགས་ནི་ལོ་རྒྱུས་མཚན་ཉིད་རིག་པའི་རིགས་གཅིག་ཏུ་བརྗོད་ཆོག་སྟེ། ལོ་རྒྱུས་ཀྱི་གཞུང་ལུགས་ནི་མཚན་ཉིད་རིག་པའི་རིམ་པར་འཕགས་པའི་ལོ་རྒྱུས་ཀྱི་ངོས་ཟིན་ཡིན་པའི་ཕྱིར། ཡིན་ཡང་ལོ་རྒྱུས་མཚན་ཉིད་རིག་པ་དང་ལོ་རྒྱུས་ཀྱི་གཞུང་ལུགས་གཉིས་ལའང་ཁྱད་པར་ཡོད་དེ། དེ་ནི་ངོ་བོའི་སྟེང་གི་ཁྱད་པར་རེད་ཅེས་བརྗོད་པ་ལས། བརྡ་དོན་གྱི་ངོས་ཀྱི་ཁྱད་པར་དང་། ལོ་རྒྱུས་ཀྱིས་བསྐྱེད་པར་བཤད་ན་འོས། ཀུན་གྱིས་མཁྱེན་གསལ་ལྟར། ཡུན་རིང་པོ་ཞིག་ལ། ལོ་རྒྱུས་ཀྱིས་གཙོ་བོ་ལོ་རྒྱུས་སུ་བྱུང་བའི་མི་དང་དོན་སྣ་ཚོགས་བརྗོད་པ་ལྷུར་བླངས་ལ། ཞིབ་བརྗོད་བྱ་ལུགས་འདིའང་གཞུང་ལུགས་ག་གེ་མོའི་ཁྲིད་སྟོན་ལས་བྱུང་བ་ཡིན། ཉེ་རབས་སུ་ལོ་རྒྱུས་འཕེལ་འགྱུར་གྱི་ཆོས་ཉིད་གསེད་བཀྲོལ་བྱ་བའི་ཕྱིར་དུ། མཚན་ཉིད་མཁན་པོ་ཁ་ཅིག་གིས་མཚན་ཉིད་རིག་པའི་ངོས་ནས་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས་པར་བཞེད་ཅིང་། ཞིབ་བརྗོད་རང་བཞིན་གྱི་ལོ་རྒྱུས་ཀྱི་རྙོག་ཟིང་དང་ཉི་ཚེ་བ་དགག་པས། ལོ་རྒྱུས་མཚན་ཉིད་རིག་པ་བྱུང་། མཚན་ཉིད་མཁན་པོ་རྣམས་ཀྱི་ཀུན་སློང་ནི་ལེགས་ཀྱང་། དེ་དག་གི་འབད་པ་ལ་འབྲས་བུ་ཡག་པོ་མི་སྨིན། ཁོ་ཚོས་བཏོན་པའི་ལོ་རྒྱུས་མཚན་ཉིད་རིག་པའི་གཞུང་ལུགས་དག་ལ་གཞུང་དོན་གཏིང་ཟབ་ཅིང་ངོ་མཚར་བའི་གནས་མང་དུ་སྣང་ཡང་། རང་གི་གཞུང་ལུགས་སྒྲུབ་ཕྱིར། མཚན་ཉིད་མཁན་པོ་རྣམས་ཀྱིས་ལོ་རྒྱུས་ལ་བཅད་བཏུབ་སྣ་ཚོགས་བྱེད་པས། ཚུལ་འདིར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་འགོག་པར་གདོན་མི་ཟ། དུས་རབས་བཅུ་དགུ་པའི་ལོ་རྒྱུས་རིག་པའི་རང་རྐྱ་ཐུབ་པའི་འདུ་ཤེས་ཀྱང་ཚད་ངེས་ཅན་ཞིག་ནས་བཤད་ན་འདི་ལས་བྱུང་བ་ཡིན། དུས་རབ་བཅུ་དགུ་པའི་དུས་མཇུག་ཏུ། ལོ་རྒྱུས་མཚན་ཉིད་རིག་པ་ཀུན་གྱིས་སྣང་མེད་དུ་བྱས་པས། ལས་འདིར་འཇུག་མཁན་ཤིན་ཏུ་ཉུང་། འཛམ་གླིང་དམག་ཆེན་དང་པོའི་སྔ་རྗེས་སུ། ལོ་རྒྱུས་མཚན་ཉིད་རིག་པ་བསྐྱར་དུ་དར་བར་མ་ཟད། དེ་ལ་གྱེས་པ་གཉིས་བྱུང་སྟེ། རྟོག་གེའི་ལོ་རྒྱུས་མཚན་ཉིད་རིག་པ་དང་དཔྱོད་འཇུག་གི་ལོ་རྒྱུས་མཚན་ཉིད་རིག་པ་གཉིས་ཡིན། རྟོག་གེའི་ལོ་རྒྱུས་མཚན་ཉིད་རིག་པ་ཞེས་པ་ནི་ཉེ་རབས་སུ་བྱུང་བའི་ལོ་རྒྱུས་མཚན་ཉིད་རིག་པ་དེ་ཡིན་ལ། གང་དེས་དཔྱད་པར་བྱ་བ་ནི་མིས་ལོ་རྒྱུས་ཇི་ལྟར་བཟོ་བ་དེ་ཡིན་ལ། དཔྱོད་འཇུག་གི་ལོ་རྒྱུས་མཚན་ཉིད་རིག་པ་ནི་རྩ་བའི་ཆ་ནས་དེང་རབས་ཀྱི་བསྐྱེད་འབྲས་ཡིན་ལ། གང་དེས་དཔྱད་པར་བྱ་བ་ནི་དོན་གཞན་ཞིག་སྟེ། མིས་ལོ་རྒྱུས་ཇི་ལྟར་འབྲི་ཞེས་པ་དེ་ཡིན། སྤྱིར་བཤད་ན། དེང་རབས་ཀྱི་ལོ་རྒྱུས་མཚན་ཉིད་རིག་པའི་ཡན་ལག་འདི་གཉིས་ཀྱིས་ལོ་རྒྱུས་གཞུང་ལུགས་ཀྱི་བརྗོད་གཞི་གཉིས་བསྡུས་ཡོད་པས། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྣམ་གཞག་གསར་པ་ཞིག་ཟུར་དུ་གཉེར་བའི་དགོས་པ་མ་མཆིས་པར། ཡན་ལག་འདི་གཉིས་སུ་ཞུགས་ནས་དཔྱད་ཞིབ་བྱ་བའམ་ཡང་ན་དཔྱད་འབྲས་ཉེ་བར་བླངས་པས་ཆོག་ཅེ་ན། དེ་ཡང་མ་ཡིན་ཏེ། རྟོག་གེའི་ལོ་རྒྱུས་མཚན་ཉིད་རིག་པ་ལ་ཉེ་རབས་ཀྱི་ལོ་རྒྱུས་མཚན་ཉིད་རིག་པ་ལྟ་བུའི་འཆར་ཡན་གྱི་དྲི་མ་དང་བཅས་ཤིང་། རྟོག་གེའི་ཁྱད་པར་ཆེན་པོ་དང་ལྡན་པས། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་ཞིབ་འཇུག་གི་ལས་སུ་འཇུག་པ་ཁྲིད་སྟོན་བྱེད་དཀའ། དེ་དང་མི་མཐུན་པར། དཔྱོད་འཇུག་གི་ལོ་རྒྱུས་མཚན་ཉིད་རིག་པ་ཡིས་དེང་རབས་ཀྱི་དཔྱོད་འཇུག་མཚན་ཉིད་རིག་པ་ནང་བཞིན་གཏན་ཚིགས་བརྡ་དོན་གྱི་ཐབས་ཉེ་བར་སྤྱད་དེ་ལོ་རྒྱུས་ཀྱི་ཤེས་བྱེད་བློའི་རྣམ་གཞག་གི་སྐོར་ལ་ཞིབ་འཇུག་བྱས་པས་ལེགས་འགྲུབ་ཆེན་པོ་བྱུང་། དེས་མཚན་ཉིད་པ་དང་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ལོ་རྒྱུས་རིག་པའི་ངོ་བོ་དང་། དཔྱད་ཡུལ། བྱེད་ཐབས། རིན་ཐང་ལ་སོགས་པར་དཔྱད་པར་བྱས། དེ་ལྟར་དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་སུ། ལོ་རྒྱུས་ཀྱི་གཞུང་ལུགས་དོན་གྱིས་ཁྲིད་སྟོན་བྱ་བའི་གཞུང་ནི་དཔྱོད་འཇུག་གི་ལོ་རྒྱུས་མཚན་ཉིད་རིག་པ་དང་། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མིས་ལོ་རྒྱུས་ཇི་ལྟར་བཟོས་པར་ལན་བཏབ་པ་ལས་བཏོན་པའི་གཞུང་ལུགས་ཁ་ཤས་བཅས་ཡིན། དེ་ཡང་འདིར་རྟོག་གེའི་ལོ་རྒྱུས་མཚན་ཉིད་རིག་པར་དགོས་པ་ཅི་ཡང་མེད་པར་བཤད་པའང་མིན་ཏེ། གང་དེས་དེང་རབས་ཀྱི་ནུབ་ཕྱོགས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་མྱོང་། དེ་ཉིད་ལོ་རྒྱུས་སྨྲ་བ་རྣམས་ལོ་རྒྱུས་ཞིབ་འཇུག་གི་ལས་སུ་འཇུག་པ་ལ་ཁྲིད་སྟོན་གྱི་ཕན་ནུས་ཆེན་པོ་མེད་ཀྱང་། ལོ་རྒྱུས་ཀྱི་གཞུང་ལུགས་ནི་ལོ་རྒྱུས་སྨྲ་བ་རྣམས་ལོ་རྒྱུས་ཞིབ་འཇུག་ལ་འཇུག་པར་ཁྲིད་སྟོན་བྱ་བ་འབའ་ཞིག་ལ་སྤྱོད་དགོས་པར་བཤད་པ་ནི་མིན། དེ་ལས་ཀྱང་ཁྱབ་ཆེ་བའི་ཁོངས་སུ་དམངས་རྣམས་ལ་ལོ་རྒྱུས་ངེས་པར་བྱེད་པའང་ལོ་རྒྱུས་ཀྱི་གཞུང་ལུགས་ཀྱི་རང་འགན་མ་ཡིན་ནམ། དེའི་ཐད་ནས་རྟོག་གེའི་ལོ་རྒྱུས་མཚན་ཉིད་རིག་པར་མཛད་རྗེས་དང་དགོས་པ་ཆེན་པོ་དང་ལྡན་ནོ། །
དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་ནི་དེང་རབས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་འབྲས་བུ་ཡིན། འདིར་དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་མཚམས་སྦྱོར་དང་དཔྱད་ཞིབ་བྱ་བའི་ཚེ་ནའང་། གང་དེ་དེང་རབས་ནུབ་ཕྱོགས་ཀྱི་དངོས་ཡོད་རྒྱབ་ལྗོངས་ཁྲོད་བཞག་ཡོད། ཕྱོགས་གཞན་ཞིག་ནས། དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་ནི་དེའི་ཡར་སྔོན་གྱི་ལོ་རྒྱུས་གཞུང་ལུགས་དང་ཡང་རྩ་ལག་གི་འབྲེལ་བ་ཟབ་མོ་ཡོད་པས། དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་ལྷག་པར་ངེས་པ་ལ། ནུབ་ཕྱོགས་ཀྱི་ལོ་རྒྱུས་གཞུང་ལུགས་ཀྱི་འཕེལ་རིམ་ཞིག་བསྒྲིག་དགོས་པ་ལ། འདི་ནི་དེབ་འདིའི་རབ་བྱེད་དང་པོའི་བརྗོད་བྱ་ཡིན།
དེང་རབས་ཀྱི་མིང་དུ་གྲགས་པའི་ཆབ་སྲིད་པ་ཞིག་གིས། ལོ་རྒྱུས་གསར་བཟོ་བྱ་བའི་ཐབས་ཡག་ཤོས་ནི་ལོ་རྒྱུས་རྩོམ་པ་དེ་ཡིན།(འདི་ནི་དེང་རབས་ཀྱི་དབྱིན་ཇིའི་ཆབ་སྲིད་པ་ཝིན་ས་ཏོན-ཆུར་ཆིལ་གྱིས་གསུངས་པའི་ཚིག་གཅིག་ཡིན། ཉི་ཁེ་སུང་གི«དབུ་ཁྲིད»ཅེས་པའི་དེབ་ལས་དྲངས)ཞེས་གསུང་མྱོང་ལ། ལོ་རྒྱུས་སྨྲ་བ་རྣམས་ལ་ཚིག་འདི་ལས་བསྟོད་པ་དང་སྐུལ་མ་ཐེབས་སྲིད། ཡིན་ཡང་གཅེས་པར་བསྐྱངས་པས་རབ་ཏུ་དགའ་བར་མི་བྱ་སྟེ། ཆབ་སྲིད་པའི་ངག་ལས་ཐོན་པའི་ཚིག་འདི་ནི་ཁོང་དང་དུས་སྐབས་གཅིག་པའི་ལོ་རྒྱུས་སྨྲ་བ་ཞིག་གི་ཚིག་ལས་འཕྲོས་པའང་ཡིན་སྲིད། ལོ་རྒྱུས་སྨྲ་བ་དེ་ཡིས། ལོ་རྒྱུས་བཟོ་བའི་ཐབས་གཅིག་པུ་ནི་ལོ་རྒྱུས་རྩོམ་པ་དེ་ཡིན། ཞེས་གསུངས། ལོ་རྒྱུས་སྨྲ་བས་གཏམ་འདི་སྨྲ་བ་ནི་ཆེ་བསྟོད་བྱ་བའམ་བདག་ཉིད་བརྙས་པ་ནི་རྩ་བ་ནས་མ་ཡིན་པར། གང་དེས་དོན་དངོས་ཤིག་ནན་གྱིས་སྟོན་པ་དེ་ཡིན། ཀུན་གྱིས་མཁྱེན་གསལ་ལྟར། ལོ་རྒྱུས་ནི་དོན་དམ་དང་ངོས་ཟིན་གཉིས་སུ་ཕྱེ་ལ། དོན་དམ་པའི་ལོ་རྒྱུས་ནི་གཅིག་པུ་བ་དང་རྟག་པ་ཡིན་ལ། གང་དེ་བྱུང་ཚར་ཕྱིན་བསྒྱུར་མི་བཏུབ། ཡིན་ཡང་ལོ་རྒྱུས་ཀྱི་ངོས་ཟིན་ནི་སྣ་མང་ཕུན་སུམ་ཚོགས་ལ་འགྱུར་བ་རྣམ་པར་རྒོད། གདོད་ལུགས་ཀྱི་ངོས་ནས་བཤད་ན། ལོ་རྒྱུས་ནི་ཕྱི་དོན་དུ་གྲུབ་ཅིང་། དེ་ནི་རང་རྐྱ་ཐུབ་ཅིང་ཕྱི་དོན་དུ་གྲུབ་པའི་ཆོས་ཤིག་ཡིན་པས། སྐྱེ་བོ་རྣམས་ཀྱི་བསམ་པ་དང་སྦྱོར་བས་གང་དེ་འགྱུར་བ་བཟོ་མི་ཐུབ། ལོ་རྒྱུས་ལ་འོ་སྐོལ་གྱིས་ཅི་ཞིག་བྱས་ཀྱང་། དེའི་ཆ་ཤས་ཕྲ་མོ་ཙམ་ལའང་འཕྲི་སྣོན་བྱ་བའི་གནས་མེད། ཡིན་ཡང་ངོས་ཟིན་གྱི་ཟུར་ནས་བཤད་ན། ལོ་རྒྱུས་ནི་ཡུལ་ཅན་དུ་གཏོགས་ཤིང་། གང་དེ་སྐྱེ་བོ་རྣམས་ཀྱི་དྲན་པ་དང་རྟོག་པ་འབའ་ཞིག་ཏུ་གནས་ལ། ལོ་རྒྱུས་ཇི་ལྟ་བུ་ཞིག་ཡིན་པ་ནི། སྐྱེ་བོ་རྣམས་ཀྱི་དེའི་དྲན་པ་དང་རྟོག་པའི་རྗེས་སུ་འགྲོ་ལྡོག་བྱེད། ལོ་རྒྱུས་གཅིག་ལའང་། དུས་རབས་དང་སྤྱི་ཚོགས་ཐ་དད་པ་དང་། ཐ་ན་སྐྱེ་བོ་ཐ་དད་པས་དེ་ལ་ལྟ་ཚུལ་ཐ་དད་པ་དང་། ཐ་ན་འགལ་བ་ལྟག་སྤྲོད་ཀྱི་ལྟ་ཚུལ་འཛིན་ངེས། ལོ་རྒྱུས་ངོས་ཟིན་པ་ནི་ལོ་རྒྱུས་ཀྱི་གདོད་ལུགས་ཇི་ལྟ་བ་བཞིན་མ་ནོར་བར་འཛིན་པ་དེ་ཡིན་མོད། ཡིད་སྐྱོ་བ་ཞིག་ལ་འགྲོ་བ་མིས་ཇི་ལྟར་འབད་ཀྱང་ཡུལ་ཅན་ཤེས་པའི་སྐྱེས་ཐོབ་ཀྱི་ཚད་བཀག་ལྡོག་ཏུ་མེད་པས། སྐྱེ་བོ་རྣམས་ཀྱིས་བློ་ལ་ངེས་པའི་ལོ་རྒྱུས་ནི་ཡུལ་དུས་ག་གེ་མོར་འཐོབ་པའི་ལོ་རྒྱུས་ཀྱི་ངོས་ཟིན་ཙམ་ལས། འགྱུར་བ་མེད་པའི་ལོ་རྒྱུས་ཀྱི་གདོད་ལུགས་དེ་ནི་མ་ཡིན། སྐྱེ་བོ་ཐམས་ཅད་ཀྱིས་ཁྱབ་ཁོངས་ངེས་ཅན་རེ་ནས་ལོ་རྒྱུས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱ་དགོས་མོད། དུས་རབས་དང་སྤྱི་ཚོགས་གང་ལ་མཚོན་ནའང་། ལོ་རྒྱུས་ངེས་པར་བྱ་བ་ནི་ཆེད་ལས་ཀྱི་ཞིབ་འཇུག་པ་སྟེ། ལོ་རྒྱུས་རིག་པ་མཁན་ཁ་ཅིག་གི་འགན་ཡིན། དུས་རབས་ཤིག་དང་སྤྱི་ཚོགས་ཤིག་གི་ལོ་རྒྱུས་ཀྱི་གོ་བ་ནི་གཙོ་བོ་ལོ་རྒྱུས་སྨྲ་བ་དག་གི་ཞིབ་འཇུག་ལ་བརྟེན་ནས་བཏོན་པ་ཡིན། གོང་གི་དོན་དངོས་དེ་དག་ལ་གཞིགས་ནས། ལོ་རྒྱུས་རིག་པ་མཁན་གང་དེས། ལོ་རྒྱུས་ནི་ལོ་རྒྱུས་རིག་པ་མཁན་དག་གི་ཉམས་མྱོང་ཡིན། ལོ་རྒྱུས་ནི་གཞན་མ་ཡིན་པར་ལོ་རྒྱུས་སྨྲ་བ་དག་གིས“བཟོས”པ་ཡིན་ཏེ། ལོ་རྒྱུས་རྩོམ་པ་ནི་ལོ་རྒྱུས་བཟོ་བའི་ཐབས་གཅིག་པུ་ཡིན།[ཁ་ཨེར། «ལོ་རྒྱུས་ནི་ཅི་ཞིག་ཡིན»(རྒྱ་འགྱུར) ཚོང་དོན་དཔར་ཁང་། 1981ལོ། ཤ19]ཞེས་སོ། །དོན་དངོས་འདི་ཡིས་ལོ་རྒྱུས་རིག་པ་མཁན་དག་གིས་འཛེམ་དོགས་ཅི་ཡང་མེད་པར་གང་བསམ་ཅི་འདོད་དུ་ལོ་རྒྱུས་བཟོ་ཆོག་པར་བཤད་པ་ནི་མ་ཡིན་པར། ཏག་ཏག་དེ་ལས་ལྡོག་སྟེ། འདི་ཡིས་ལོ་རྒྱུས་སྨྲ་བ་དག་གི་འགན་ཇེ་ལྕིར་བཏང་ཡོད། སྐྱེ་བོ་རྣམས་ཀྱིས་ལོ་རྒྱུས་ངེས་པར་བྱ་བ་ནི་མཚར་སྣང་ཙམ་ལས་བྱུང་བ་མ་ཡིན་པར། དེ་ནི་དངོས་ཡོད་ལྷག་པར་ངོས་ཟིན་པའི་ཆེད་དུ་ཡིན། དངོས་ཡོད་ནི་ལོ་རྒྱུས་ཀྱིས་བསྐྱེད་པ་ཡིན་ལ། ལོ་རྒྱུས་ཀྱི་ངོས་ཟིན་ནི་དངོས་ཡོད་གནས་སྟངས་ཀྱི་གསལ་བཤད་ཡིན་པས། ངོས་ཟིན་འདི་ཡིས་མི་རྣམས་ཀྱི་དངོས་ཡོད་ཀྱི་བགྱི་བར་ཤུགས་རྐྱེན་ཐེབས་པར་མ་ཟད། དངོས་ཡོད་ལ་བརྟེན་ནས་འབྱུང་འགྱུར་ལ་ཤུགས་རྐྱེན་ཐེབས་པར་གདོན་མི་ཟའོ། །ལོ་རྒྱུས་རིག་པ་མཁན་དག་གི་འགན་ལྕི་བ་ནི་མངོན་པར་གསལ་བ་མ་ཡིན་ནམ། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རང་གི་ཁྱད་དབང་ལ་གཅེས་སྤྲས་བྱས་ཏེ། རང་གི་འགན་ཅི་ཐུབ་ཀྱིས་ལེགས་པར་སྲུང་དགོས། ལོ་རྒྱུས་ངེས་པར་བྱ་བ་ནི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ཆེད་དབང་མ་ཡིན་པར། དངོས་ཡོད་དང་འབྱུང་འགྱུར་གྱི་འགྱུར་བ་ལ་དོ་ཁུར་བྱེད་པའི་སྐྱེ་བ་ཐམས་ཅད་ལོ་རྒྱུས་ངེས་པར་བྱ་བ་ལ་མོས་པ་ཡོད་ཅིང་། གནད་འདི་ལས་འཕྲོས་ཏེ་བཤད་ན། སྐྱེ་བོ་མཆིས་སོ་ཅོག་ནི་རང་གི་ལོ་རྒྱུས་སྨྲ་བ་ཡིན། དེ་ཙམ་དུ་མ་ཟད། སྐྱེ་བོ་རྣམས་ཀྱི་ལོ་རྒྱུས་ཀྱི་མོས་པ་ཡིས་རིགས་གཅིག་ལོ་རྒྱུས་སྨྲ་བའི་ཞིབ་འཇུག་གི་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་པར་གདོན་མི་ཟ། འདི་ཉིད་རྩོམ་པ་ནི་ལོ་རྒྱུས་སྨྲ་བ་རྣམས་ལ་དཔྱད་གཞི་གང་ཞིག་དབུལ་འདོད་པར་དམིགས་པ་ཞེས་བརྗོད་མི་སྤོབས་ཀྱང་། ལོ་རྒྱུས་ལ་དོ་ཁུར་བྱ་བ་དང་། ལོ་རྒྱུས་ལ་ངོས་ཟིན་དང་ཞིབ་འཇུག་བྱ་བར་དགའ་མོས་ཡོད་པའི་ན་གཞོན་གྲོགས་པོ་དག་ལ་ཕན་ཅུང་ཟད་ཐོགས་པའི་རེ་བ་སྙིང་ནས་ཞུ། དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཀྱི་གཞུང་ལུགས་སུ་འོ་སྐོལ་གྱིས་མིག་དཔེར་འཛིན་རིགས་པའི་གནད་མང་དུ་མཐོང་། གལ་སྲིད་རང་ཅག་རྣམས་ཀྱིས་ཐམས་ཅད་བསྡུས་ཏེ་བཟང་པོའི་རྗེས་སུ་སློབ་པའི་བརྟུལ་ཞུགས་འཛིན་གྱི། སྐྱོན་མེད་སར་སྐྱོན་འཚོལ་བའི་དགག་སྒྲུབ་ཅེས་པའི་ཚུལ་གྱིས་མ་ཞུགས་ན། འོ་སྐོལ་གྱིས་དེ་ལས་བསླབ་པ་མང་དུ་ལེན་ཐུབ་པར་གདོན་མི་ཟའོ། །
འབྲེལ་ཡོད་འོས་སྦྱོར།