logo

དུས་རབས་བཅུ་དགུ་བའི་སྙན་ངག་པར་ཕུལ་བ། བདུད་ལྷ་རྒྱལ་གྱིས་བསྒྱུར།

རྩོམ་པ་པོ།:བདུད་ལྷ་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-29 ཀློག་གྲངས།:
དུས་རབས་བཅུ་དགུ་བའི་སྙན་ངག་པར་ཕུལ་བ།
ཕའེ་ཏའོ་ཧྥེ་ཡིས་བརྩམས།
བདུད་ལྷ་རྒྱལ་གྱིས་བསྒྱུར།

 
སུ་ཡིས་ཀྱང་ད་ནི། ཡང་ཤིག་ཤིག་གིས།
རང་གི་ཞི་འཆམ་གྱི་གཞས་དེ་གཏོང་མི་ཐུབ།
དེང་འདིར་སུ་ཡིས་རོལ་ཆས་ལག་ཏུ་འཆང་བ་ཡིན་ན།
དེ་ཡིས་འགངས་ཆེ་བའི་ལས་ཤིག་ཁུར་དུ་བླངས་ཡོད།
གལ་ཏེ་གཞས་གཞན་གཏོང་མི་ཤེས་པར།
རང་ཉིད་ཀྱི་དགའ་བ་དང་སྐྱོ་བ་ཁོ་ན་གཏོང་ན།
འོ་ན། འཇིག་རྟེན་འདིར་ཁྱོད་མཁོ་དོན་མེད་པས།
ཁྱོད་དང་རོལ་ཆས་དང་བཅས་དོར་བས་དགའ།

ང་ཚོ་མྱ་ངམ་ཐང་ན་དམིགས་མེད་དུ་འཁྱམ་བཞིན་འདུག
མའོ་ཞུས་ཀྱིས་མགོ་འདྲེན་བྱས་པའི་དབྱི་རེག་མི་དམངས་བཞིན།
དཀོན་མཆོག་གིས་འོད་ཟེར་འགྱེད་པའི་ཀ་བ་སྦྱིན་ཏེ།
ཁོ་ཚོས་ཀ་བའི་འོད་ཕུང་ལ་བརྟེན་ནས་མདུན་དུ་བསྐྱོད།
དེང་གི་འགྱུར་བག་རྒོད་པའི་དུས་འདིར།
དཀོན་མཆོག་གིས་སྙན་ངག་པ་མི་ཡུལ་དུ་མངགས་བྱུང།
འོད་ཀྱི་ཀ་བ་ལྟར་བུ་འོད་ཟེར་འགྱེད་བཞིན།
ཁོ་ཚོས་མི་མང་ཁྲིད་དེ་ཇ་ནན་ཕྱོགས་སུ་བསྐྱོད་པར་བྱེད།

དེ་ན། སུ་སྙན་ངག་པ་ཡིན་ན། གང་དེ་མདུན་དུ་བསྐྱོད་དགོས།
དཀའ་བ་ཁྲི་སྟོང་གིས་དམངས་དང་མཉམ་དུ་འཚོ་དགོས།
སུ་གང་གིས་མི་མང་གི་དར་ཆ་འདོར་བ་ཡིན་ན།
ཁོ་ལ་དམོད་པ་འབོར་ཞིང། མཆིལ་ཞགས་འདེབས་སྲིད།
སུ་གང་ཞིག་ཞེད་དམ་སྙོམས་ལས་སུ་འགྱུར་ན།
ལྗོན་པའི་བསིལ་གྲིབ་འོག་གི་ངལ་གསོ་ཁོ་ན་སེམས་ན།
ཁོ་ལ་དམོད་པ་འབོར་ཞིང། མཆིལ་ཞགས་འདེབས་སྲིད།
དམངས་རྣམས་ཀྱིས་འཐབ་མོ་བྱེད་བཞིན་ལ།
ངལ་བཞིན་ལ། རྔུལ་ཆུ་འདོན་བཞིན་ཡོད།

ཏག་ཏག་ལྟར་སྣང་གི་དམ་པ་དེ་དག་གིས།
བསམ་ངན་གྱི། ཟོག་ཟོལ་གྱིས་མགོ་སྐོར་ཏེ།
“བསྡོད་ཅིག ང་ཚོ་ད་ནིམི་ཡུལ་གྱི་དག་ཞིང་དུ་སླེབས་ཟིན”ཟེར།
འཆལ་གཏམ་སྟེ། ངོ་ཚ་ཁྲེལ་འདས་ཀྱི་འཆལ་གཏམ་མོ།
ལྟོས་དང། མི་མང་ཁྲི་སྟོང་མང་བོའི་འཐབ་འཛིང་དང།
རྔུལ་ཁྲག་འབྱིན་ཅིང། འབད་འབུངས་འཕག་འཚག་གིས།
བློ་ཕམ་དང་སུན་གཙེར་འོག་ནས་འཚོ་སྡོད་ལ་རེ་བར་ལྟོས་དང།

གལ་ཏེ་མ་འོངས་པ་ན། ཕྱུར་བུར་གཏམས་པའི་སླེའུ་ནང་ནས།
མི་རེ་རེས་ཆ་སྙོམས་ཀྱིས་ལེན་ཐུབ་པ་ཡིན་ན།
གལ་ཏེ་མ་འོངས་པ་ན། ཁེ་དབང་གི་སྒྲོག་ཙེའི་མཐའ་ནས།
མི་རེ་རེར་ཆ་མཉམ་གྱི་རྐུབ་སྟེགས་རེ་རེག་རྒྱུ་ཡོད་ན།
གལ་ཏེ་རྣམ་ཤེས་ཀྱི་འོད་ཕུང་ཀྱིས་ཀྱང་དེ་བཞིན་དུ།
ཁང་བ་ཡོངས་ཀྱི་སྒེའུ་ཁུང་གསལ་བར་བྱ་ཐུབ་པ་ཡིན་ན།
སྐབས་དེར་ང་ཚོས་ད་གཟོད“ བསྡོད་ཅིག ང་ཚོ་ད་ནི།
ང་ཚོ་ཀ་ནན་ལ་སླེབས་ཟིན”ཞེས་བཤད་ཡོང།

སྐབས་དེར་དངོས་གནས་ཆོག་གམ། མི་ཆོག་པ་འདྲ་སྟེ།
སྐབས་དེ་དུས་སུའང་འབད་འཐབ་དང་སྤྲོ་སེམས་དགོས་ཏེ།
ཚེ་སྲོག་གི་རྩོལ་བས་བསྐྲུན་པའི་མཛད་རྗེས་ལ།
ནམ་ཞར་ཡང་རིན་གྱིས་འཇལ་མི་ཐུབ་པ་འདྲ།
འོན་ཀྱང། འཆི་བདག་གི་འཇམ་མཉེན་གྱི་འོ་ཡིས།
ང་ཚོའི་མིག་ཟུང་དལ་གྱིས་ཟུམ་པར་བྱས་ཤིང།
དར་ཟབ་ཀྱི་གདན་སྟེང་དུ་བསྙལ་ཞིང།
མེ་ཏོག་གི་ཕྲེང་བ་བསྟར་ཏེ།
ང་ཚོ་དུར་ཁུང་དུ་བདེ་བར་བསྙལ་བར་འགྱུར།
 
༡༨༤༧ལོའི་ཟླ་དང་པོར།

མྱོང་བཤད། དཔེ་ཀློག་གི་སྐབས་ཤིག་ནས། སྙན་ངག་འདིའི་ཚན་པ“གལ་ཏེ་མ་འོངས་པ་ན། ཕྱུར་བུར་གཏམས་པའི་སླེའུ་ནང་ནས”ཞེས་པ་དེ་མཐོང་བ་དང་། བདག་གི་ཡིད་ལ་དགའ་མགུ་དང་གཡོ་བསྐྱོམས་ཐོབ་སོང་། སྙན་ཚིག་དུམ་བུ་དེའི་ནང་རང་སེམས་ན་སེམས་ཅན་ལས་བརྩམས་པའི་ཕུགས་བསམ་ཞིག་ཡོད་ལ། ཕུགས་བསམ་དེ་ནི་དེ་འདྲའི་རྒྱ་ཆེ་ཞིང་ཡག་པོ་ཞིག་སྟེ། “ཕྱུར་བུར་གཏམས་པའི་སླེའུ་ནང་ནས/མི་རེ་རེས་ཆ་སྙོམས་ཀྱིས་ལེན་ཐུབ་པ་ཞིག”ཅེས་ཅུང་བྱེ་བྲག་པ་ཞིག་དང་། ཡང་རྣམ་ཤེས་ཀྱི་འོད་ཕུང་གིས་ཁང་པ་ཡོངས་ཀྱི་སྒེའུ་ཁུང་གསལ་བར་བྱ་ཐུབ་པ་ཞེས་མཛེས་རྟོག་གི་ཡིད་བརྙན་ཞིག་གིས་བསྟན་པས། ང་ཚོར་བསམ་ཡན་བག་མེད་གར་དུ་རྩེན་ཆོག་པའི་ཡུལ་འབྱམས་ཀླས་པ་ཞིག་བསྟབས་ཡོད།
       གང་ལྟར་སྙན་ངག་གི་ཁྲོད་དུ་མི་རེ་རེ་འདྲ་མཉམ་ཡིན་པ་དང་བཅས་པའི་སྡུག་བསྔལ་མེད་ཅིང་བདེ་བ་འབའ་ཞིག་ཡིན་པའི་དམིགས་འདུན་གསལ་བོ་ཞིག་ཡོད། དེ་ཉིད་ཀྱི་སྟབས་ཀྱིས་དང་དེ་ཉིད་མོངན་གྱུར་གྱི་ཆེད་དུ། རྩོམ་གྱི་མི་སྣའམ་དུངས་བརྗོད་ཀྱི་མི་སྣ་མིག་སྔར་གྱི་རང་གཞན་གྱི་གནས་བབ་ལ་ཡིད་མ་ཚིམ་པར་ཡོད་པའི་གནས་སྟངས་དང་། ཀ་ནན་ལ་ཐོན་རེག་བར་དུ་བསྡོད་དུ་མི་སྟེར་བའི་བག་མི་གྲོ་བའི་སེམས་པ་ཞིག་ཡོད་པ་དེ་ནི་ངའི་ཡིད་སེམས་འཕྲོག་ས་གཙོ་བོ་རེད།
       སྙན་ངག་གང་ཡིན་ཡང་དེ་ལ་ཀློག་པ་པོའི་ཉམས་མྱོང་ངམ་མྱོང་ཚོར་དང་ཁ་སྦྱོར་རུང་བའི་མཐུན་ཆ་ཡོད་པ་ནི་ཡིད་སེམས་འཕྲོག་བྱེད་གཙོ་བོ་ཡིན་ལ། ཉམས་མྱོང་དང་མྱོང་ཚོར་དེ་ལ་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ། ནང་སེམས་ནས་ཕྱིར་མ་ཕྱུངས་པའམ་འཕོ་ས་མ་རྙེད་པ་གང་དེ་སྙན་ངག་དང་བཅས་པའི་རྐྱེན་གང་གི་ལམ་ནས་ཕྱུངས་དང་འཕོ་ཐུབ་པ་ཡིན་ན་ནི་དེ་ནི་སེམས་ཀྱི་དབུགས་དབྱུང་ཆེན་པོ་ཞིག་ཡིན།
       སྙན་ངག་དུམ་བུ་དེར་ང་ལ་དེ་ལྟའི་སེམས་གདུང་སྒོར་ཕྱུངས་པ་ལྟ་བུའི“གདུང་སེལ”གྱི་བྱིན་མཐུ་ཡོད་པས། ངས་ཐོག་མར་སྙན་ངག་དུམ་བུ་འདི་ཟིན་ཐོ་རུ་བཀོད་པ་ཡིན། རྗེས་ནས་ཕའེ་ཏའོ་ཧྥེ་ཡི་སྙན་ངག་ཧྲིལ་བོ་དེར་བལྟས་དུས་སྙན་ངག་ལ་དམིགས་བསལ་གྱི་རྒྱབ་ལྗོངས་ཤིག་ཡོད་པ་འདྲ་ཡང་། སྙན་ངག་རང་ལ་དམིགས་བསལ་ལས་འདས་པའི་སྤྱི་ཁྱབ་ཀྱི་ཆ་སྟུག་པོར་ཡོད་པར་བལྟས་ཆོག
       སྙན་ངག་ཧྲིལ་བོ་རྩོམ་པ་པོ་ཁོའི་རྩོམ་རིག་གི་ལྟ་བ་ཞིག་རེད་ཟེར་ཆོག་ལ། ཁོའི་མི་ཚེའི་ལྟ་བ་ཞིག་རེད་ཅེས་ཀྱང་ཟེར་ཆོག ཁོས་སྙན་ངག་པ་ནི་མི་དམངས་དང་མཉམ་གནས་བྱེད་དགོས་པ་དང་། དམངས་ཀྱི་བདེ་སྡུག་ངག་ཏུ་གྱེར་དགོས་པའི་རྩོམ་རིག་གི་ལྟ་བ་བཟུང་ཡོད། སྙན་ངག་པ་རྩོམ་རིག་པ་ནི་སེམས་ཅན་མ་རུ་སྒོམ་པའི་དཀོན་མཆོག་གིས་སེམས་ཅན་གྱི་དོན་དུ་མི་ཡུལ་དུ་མངགས་པའི“སྐྱེས་མཆོག”ཅིག་ཏུ་ངོས་བཟུང་བྱས་ཡོད། དུས་བབ་དམིགས་བསལ་བའི་ནང་དུ་རང་ཉིད་ཀྱི་དགའ་བ་དང་སྐྱོ་བ་ཙམ་ཞིག་ངག་ཏུ་གྱེར་ཏེ། ཡང་ཤིག་ཤིག་ཏུ་སྡོད་མི་ཆོག་པར་བསྟན་པ་དང་། སྒོས་སུ་ཀ་ནན་ཏུ་མ་སླེབས་གོང་དུ་བསྡོད་ཅིག་དང་སླེབས་ཟིན་ཟེར་བ་ནི་སྐྱེས་ཆེན་ལྟར་སྣང་བ་ཚོའི་སྐད་ཆ་ཅིག་སྟེ། རྔུལ་ཁྲག་དང་། འཕག་འཚག སུན་གཙེར་གྱིས་ཁེངས་པའི་དུས་ནི་ཀ་ནན་ནི་ག་ལ་ཡིན་ཅེས་དངོས་ཡོད་ལ་གསལ་མཐོང་ཡོད་པ་ནི་ལྷག་པར་རྣོ་ལ་ཡིད་འགུག་བྱེད་ཅིག་དང་། མཐར་ཀ་ནན་དུ་དངོས་སུ་སླེབས་ན་ད་གཟོད་གདོང་མཆོང་དང་གོམ་སྟབས་ལྷོད་དེ་བསྡོད་ཅིག་ཟེར་ཡོང་ཅེས་ལྟར་སྣང་གི་སྐྱེས་ཆེན་ཚོའི་ལབ་སྟངས་ལ་བསྟུན་ཏེ། སྟབས་བསྟུན་གྱི་སྐད་ཆ་ཞིག་གནས་སྐབས་ཙམ་དུ་སྨྲས་ཡོད་ཀྱང་། རང་གི་ལྟ་བ་དངོས་ནི“སྐབས་དེར་དངོས་གནས་ཆོག་གམ། མི་ཆོག་པ་འདྲ་སྟེ/སྐབས་དེ་དུས་སུའང་འབད་འཐབ་དང་སྤྲོ་སེམས་དགོས་ཏེ”ཞེས་འབད་འཐབ་དང་སྤྲོ་སེམས་ལ་དུས་ཀྱི་མཐའ་མེད་པར། འཆི་རེག་བར་དུ་དམངས་ཀྱི་དོན་ལ་སྤྲོ་སེམས་ཡོད་པ་དང་། དམངས་ཀྱི་ཆེད་དུ་འབད་དགོས་པའི་ལྟ་བ་བཏོན་འདུག དེ་ལྟར་མི་ཚེ་གང་བོར་དམངས་ཀྱི་ཆེད་དུ་འབད་ཅིང་། དམངས་ཀྱི་ཆེད་དུ་སྐད་འདོན་པའི་སྐྱེས་བུ་གང་དེའི་མི་ཚེ་ནི་ཇི་འདྲའི་རིན་ཐང་ཅན་དང་། འཆི་བ་ནི་ཇི་འདྲའི་མཛེས་པ་ཞིག་སྟེ།
       སྐབས་དེར་དངོས་གནས་ཆོག་གམ། མི་ཆོག་པ་འདྲ་སྟེ།
       སྐབས་དེ་དུས་སུའང་འབད་འཐབ་དང་སྤྲོ་སེམས་དགོས་ཏེ།
       ཚེ་སྲོག་གི་རྩོལ་བས་བསྐྲུན་པའི་མཛད་རྗེས་ལ།
       ནམ་ཞར་ཡང་རིན་གྱིས་འཇལ་མི་ཐུབ་པ་འདྲ།
       འོན་ཀྱང། འཆི་བདག་གི་འཇམ་མཉེན་གྱི་འོ་ཡིས།
       ང་ཚོའི་མིག་ཟུང་དལ་གྱིས་ཟུམ་པར་བྱས་ཤིང།
       དར་ཟབ་ཀྱི་གདན་སྟེང་དུ་བསྙལ་ཞིང།
       མེ་ཏོག་གི་ཕྲེང་བ་བསྟར་ཏེ།
       ང་ཚོ་དུར་ཁུང་དུ་བདེ་བར་བསྙལ་བར་འགྱུར།
       ཞེས་འཆི་བའི་མཛེས་སྡུག་གིས་སྐྱེ་བའི་གཟི་བརྗིད་ཤུགས་དྲག་ཏུ་གསལ་བར་བསྟན་ནས་འདུག
       རྔུལ་ཁྲག་འབྱིན་ཅིང། འབད་འབུངས་འཕག་འཚག་གིས། བློ་ཕམ་དང་སུན་གཙེར་འོག་ནས་འཚོ་སྡོད་ལ་རེ་བའི་དམངས་ཀྱི་ཆེད་དུ་འཚོ་བའི་བསམ་པ་རྒྱ་ཆེན་པོ་འདི། དེང་གི་བོད་རྩོམ་གྱི་གནས་བབ་དང་དངོས་ཡོད་སྤྱི་ཚོགས་ལ་སྦྱར་ཚེ། དུས་རྒྱུན་ངས་བཤད་འདོད་པ་ཡོད་ཚད་སྙན་ངག་འདིས་ཤོད་ཡོད་པའི་ཚོར་སྣང་བྱུང་བ་དང་། དེང་གི་སྤྱི་ཚོགས་གནས་བབ་དང་སྦྱར་ནའང་འདི་འདྲའི་བསམ་པ་རྒྱ་ཆེན་པོ་དང་ལྷག་བསམ་ནི་གཅེས་སུ་རུང་བའི་བསམ་པའི་སྙིང་སྟོབས་བླ་ན་མེད་པ་ཞིག་ཡིན་པ་དང་། དེང་གི་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་དགོངས་པར་ཡང་གཅིག་ཏུ་བབས་ཡོད་པས། སྙན་ངག་ཧྲིལ་བོ་བསྒྱུར་འདོད་ཀྱི་འདུན་པ་བྱུང་སྟེ་ཆ་ཚང་བསྒྱུར་པ་ཡིན།
       ད་དུང་སྙན་ངག་འདི་བསྒྱུར་འདོད་ཀྱི་རྐྱེན་གཞན་ཞིག་ནི། དེང་གི་སྙན་ངག་གི་རྩོམ་གཤིས་ལ་གཟས་པ་ཡིན་ཏེ། རྩོམ་གཤིས་ཁ་དམ་པ་སྤྱིར་ན་བོད་ཀྱི་དེང་གི་སྙན་ངག་གསར་བའི་རྩོམ་གཤིས་སུ་གྲུབ་འདུག དེ་ན་སྙན་ངག་རང་གི་མཛེས་རྟོག་གི་ཆ་ནས་ཁ་དམ་པ་དེར་དགོས་པ་དང་མཛེས་པ་ཡོད་སྲིད་ན་ཡང་། སྙན་ངག་གི་འཚོ་གནས་ཀྱི་ཐད་ནས་བསམ་ན། ཁ་དམ་པའི་སྙན་ངག་འདི་རིགས་ཀྱིས་ཀློག་པ་པོ་ལ་སུན་སྣང་སྟེར་བཞིན་པ་དངོས་ཡོད་གནས་ཚུལ་རེད། གཅིག་ནས་བལྟས་ན་མི་གོ གཉིས་ནས་བལྟས་ན་མི་གོ དེ་འདྲ་ཡིན་དུས་ཤེས་འདོད་དྲག་ལ་བློ་རྩ་བརྟན་པ་ཞིག་མིན་དུས་བསྐྱུར་ཉེན་ཆེ་བ་ཆོས་ཉིད་ཡིན། དེ་བས། བོད་ཀྱི་སྙན་ངག་གསར་བའི་རྩོམ་གཤིས་ཁ་ལྷོད་པའི་ཕྱོགས་སུ་དཀྱུ་འདོད་ཀྱི་བསམ་པ་བདག་ལ་རྟག་ཏུ་འབྱུང་། སྙན་ངག་འདིའི་རྩོམ་གཤིས་ཁ་ལྷོད་པ་ཡིན་ཡང་མཛེས་པ་བླ་ལྷག་ཏུ་མཆིས་པས། སྙན་ངག་འདི་བོད་ཀྱི་སྙན་ངག་གི་དཔེ་བལྟས་སུའང་རུང་སྙམ་པའང་། སྙན་ངག་འདི་བསྒྱུར་འདོད་ཀྱི་རྐྱེན་ཞིག་ཡིན།

རྩོམ་ཁུངས། ༢༠༢༢ལོའི«གསེར་མོ་ལྗོངས»སྤྱིའི་དེབ་གྲངས་དང་པོ།
འབྲེལ་ཡོད་འོས་སྦྱོར།