logo

པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་བོད་འགྱུར་མ། ང་ནི་ཁྲོམ་ཞིག་ཡིན།

རྩོམ་པ་པོ།:སྒང་ལམ་ཚེ་བཀྲས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-15 ཀློག་གྲངས།:
ང་ནི་ཁྲོམ་ཞིག་ཡིན།
པདྨ་ཚེ་བརྟན་གྱིས་བརྩམས།
སྒང་ལམ་ཚེ་བཀྲས་བསྒྱུར།

       ང་ནི་ཁྲོམ་ཞིག་ཡིན།
       ངའི་འགན་ཁུར་ནི་མ་མོ་དག་ལ་སྦྱོར་སྡེབ་བྱེད་རྒྱུ་དེ་ཡིན།
       འོན་ཀྱང་ང་རང་སྤྱིར་བཏང་གི་ཁྲོམ་ཞིག་ཀྱང་མ་ཡིན་ཏེ། ང་ནི་རྩྭ་ཐང་འདི་ནས་གནམ་གྲུར་བསྡད་མྱོང་བའི་ཁྲོམ་གཅིག་པུ་དེའོ། །
       རྗེས་སུ་ངས་ཁྲོམ་གཞན་དག་ལ་རང་ཉིད་གནམ་གྲུར་བསྡད་མྱོང་ཚུལ་གླེང་འོང་དུས། ཁོ་ཚོ་གཏན་ནས་མི་རློམ། དྲང་མོར་བཤད་ན། ངས་ཁོ་ཚོར་གླེང་རིན་ཆེར་མི་འདུག །ངས་སྙིང་ཁོང་རུས་པའི་གཏིང་ནས་རང་ཉིད་ཁྲོམ་གཞན་དག་དང་བསྡུར་ན་མ་གཞི་ནས་རིམ་པ་ཅུང་མཐོ་བར་འདུག་བསམས་བྱུང་། དེ་བས། ངས་ཀྱང་ཁོ་ཚོར་གསལ་བཤད་བྱེད་འདོད་མ་བྱུང་། འོན་ཀྱང་རྗེས་སུ་ཁོ་ཚོའང་རློམ་སོང་། ངའི་བསམ་པར་འདི་ནི་དུས་ཚོད་སྔ་ཕྱི་ཙམ་གྱི་དོན་དག་རེད་བསམས།
       ངས་ས་འདིའི་འབྲོག་པ་མང་པོ་ཞིག་ལའང་རང་ཉིད་གནམ་གྲུར་བསྡད་དེ་རྩྭ་ཐང་འདིར་སླེབས་འོངས་ཚུལ་གླེང་མོད། ཁོ་ཚོའང་ཁྲོམ་དེ་དག་དང་འདྲ་བར་ངས་བཤད་པར་གཏན་ནས་མི་རློམ། ཁོ་ཚོས་ང་ལ་ཟུར་མིག་གིས་ཅེར་བཞིན་“ངེད་ཅག་ནི་མི་སྟེ། ངེད་ཅག་ལའང་མི་ཚེ་འདིར་གནམ་གྲུར་ཐེངས་གཅིག་སྡོད་རྒྱུའི་བསོད་ནམས་དབེན་པས། ཁྱོད་ཁྲོམ་ཞིག་ཀྱང་གནམ་གྲུར་བསྡད་ཟེར་རམ་”ཟེར།
       ངས་ཁོ་ཚོའི་ལྟ་ཚུལ་ལ་ཅིས་ཀྱང་དོ་སྣང་ཅུང་ཙམ་བྱ་སྲིད་དེ། ཁོ་ཚོ་ནི་མི་ཡིན་པའི་ཕྱིར་རོ། །ངས་བསམ་ན་མི་ནི་ངེད་ཅག་དང་བསྡུར་ན་ཅུང་མཐོ་རིམ་གྱི་སྲོག་ཆགས་སུ་འདུག་ཕྱིན། ངས་ཀྱང་གཟབ་ནན་གྱིས་ཁོ་ཚོར“ང་ནི་སྤྱིར་བཏང་གི་ཁྲོམ་ཞིག་མ་ཡིན་པར་ང་ནི་ཁྲོམ་དག་ལས་ཀྱང་ཁྱད་པར་བ་ཞིག་སྟེ། ང་ནི་ཡུ་གུར་གཞོངས་ས་ནས་བརྒྱ་ལས་བརྒྱད་དང་བརྒྱད་ལས་གཅིག་པུ་གདམས་རྗེས། གནམ་གྲུ་སྤྱད་དེ་ཁྱོད་ཚོའི་མདོ་དབུས་མཐོ་སྒང་དུ་སྐྱེལ་འོང་བ་རེད་”ཅེས་བཤད།
       ཁོ་ཚོའི་ཁྲོད་ཀྱི་འབྲོག་པ་ཞིག་གིས་ཧ་ཅང་སྣང་ཆུང་གིས་ང་ལ་ལྟ་བཞིན། ཧབ་ཆ་ཆེན་པོས། “ང་ཚོའི་ས་འདི་ནས་ཨ་ལགས་ཚང་གཅིག་པུ་གནམ་གྲུར་བཞུགས་མྱོང་ལ། ད་དུང་ཁོང་ཡང་ཐེངས་གཅིག་ལས་བཞུགས་མྱོང་མེད། ཨ་ལགས་ཚང་གནམ་གྲུར་བཞུགས་པ་ཡང་ཁོང་ཉིད་སྐུ་བསོད་ཆེ་བས་རེད། ཁྱོད་ཀྱིས་བཤད་ན་ཁྱོད་ཀྱང་གནམ་གྲུར་བསྡད་མྱོང་ཟེར། དེ་ལྟར་བཤད་ན་ཁྱོད་ཀྱི་བསོད་ནམས་ཆེ་ཆུང་དེ་ང་ཚོའི་ཨ་ལགས་ཚང་གི་སྐུ་བསོད་དང་མཉམ་ཟེར་བ་ཨེ་ཡིན་”ཞེས་ཟེར།
       སྐབས་མང་པོ་ཞིག་ལ་ངས་མི་ཞེས་པའི་སྲོག་ཆགས་འདིའང་ཤིན་ཏུ་གླེན་པར་འདུག་བསམས། ཁོ་ཚོ་རྟག་པར་དངོས་ཡོད་ཀྱི་དོན་དག་དང་ལེན་བྱ་རྒྱུར་མི་དགའ། ངས་ཁོ་ཚོའི་ཚུགས་ཀར་ལྟ་བཞིན་སྐད་ཆ་བཤད་མ་འདོད། རྗེས་སུ་ངས་ཅིས་ཀྱང་བསྲན་མ་ཚུགས་པར། “ངས་ང་རང་ཁྱོད་ཚོའི་ཨ་ལགས་དང་འདྲ་བར་བསོད་ནམས་ཆེ་ཞེས་བཤད་ཀྱིན་མེད། ངས་ང་རང་གནམ་གྲུར་བསྡད་མྱོང་ཞེས་བཤད་པ་ཙམ་ཡིན། ཁྱོད་ཚོ་མི་རློམ་ན་སྐྱུར་ཞོག །ད་ནི་ངས་ཀྱང་ཅང་བཤད་མི་འདོད་”ཅེས་བཤད།
       ངས་བསྲན་མ་ཚུགས་པར་ཁ་གྲག་པའང་ཁོ་ཚོ་མི་ཡིན་པས་སོ། །
       འབྲོག་པ་གཞན་ཞིག་ངའི་འཁྲིས་སུ་བཅར་ཏེ་དགོད་བཞིན། “གནམ་གྲུ་ནི་མི་ཐོབ་ཐང་ཅན་དེ་དག་ད་གཟོད་སྡོད་ཆོག་སྟེ། དཔེར་བླངས་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ང་ཚོའི་ཞིང་ཆེན་གྱི་འགོ་ཁྲིད། ང་ཚོའི་རྫོང་གི་རྫོང་དཔོན། ང་ཚོའི་ཨ་ལགས་ལྟ་བུའི་མི་ཆེན་དག་ད་གཟོད་སྡོད་ཆོག །ཁྱོད་ཀྱིས་ཤེས་སམ། ཁྱོད་ཁྲོམ་ཞིག་སྟེ་དུད་འགྲོ་ཞིག་ལ་འདི་འདྲའི་བསོད་ནམས་ལྡན་རྒྱུ་དཔེ་སྲིད་དམ།”ཟེར།
       ངས་དངོས་ནས་ད་ནི་ཁོ་ཚོར་ཅི་ཡང་བཤད་འདོད་མ་བྱུང་། ངའི་བསམ་པར། མི་ཡིན་ཡང་མཚམས་མཚམས་སུ་ངེད་ཅག་ཁྲོམ་དང་ཁྱད་པར་ཅི་ཡང་མི་འདུག་སྙམ།
       འབྲོག་པ་དེས་མི་གཞན་རྣམས་ལ་“ཁྱོད་ཚོས་དྲན་ནམ། ཐེངས་དེར་ཨ་ལགས་ཚང་གནམ་གྲུར་བཞུགས་ཏེ་ཕྱིར་ཕེབས་འོང་སྐབས། ང་ཚོའི་ས་འདི་ནས་ཧ་ལམ་སྐྱེས་པ་ཡོད་ཚད་ཀྱིས་ཆིབས་བསུ་བྱས་ཤིང་། དེའི་རྣམ་པ་དེ་ཅི་འདྲའི་ལྟ་ན་སྡུག་པ་ལའང་། མི་རེ་རེས་ཨ་ལགས་ཚང་ལ་མཇལ་དར་ཕུལ་ཏེ་མཇལ་དར་ནི་གང་སར་ཁྱབ་ཡོད་ལ། ནམ་མཁར་འཇའ་ཚོན་ཞིག་ཀྱང་འཆར་འོང་། ལམ་གཡས་གཡོན་གྱི་ཆིབས་བསུ་བ་སྐྱ་མིའི་ཕྲེང་བ་རིང་ཚད་ལ་ལེ་དབར་ཁ་ཤས་ལོངས་འདུག་”ཅེས་ཟེར།
མི་གཞན་དག་གིས་ཀྱང་བཞིན་མདངས་རབ་ཏུ་རྒྱས་ཏེ་སྐབས་དེའི་གནས་ཚུལ་རེ་ལབ་བཞིན་འདུག
       ཁོ་ཚོའི་བཤད་པར་ཉན་བཞིན། ངས་ཀྱང་ཐེངས་དེར་གནམ་གྲུ་རྩྭ་ཐང་དུ་འབབ་སྐབས་ང་ལ་བསུ་མ་བྱེད་མཁན་སླེབས་པའི་མི་ཁ་ཤས་ཡོད་པའང་དྲན་བྱུང་ལ། ང་ལ་དྲི་མེད་ཀྱི་ཁ་བཏགས་དཀར་པོ་འབུལ་བའི་མི་ཁ་ཤས་ཀྱང་ཡོད་པས། ངས་ཡང་བསྐྱར་བསྲན་མ་ཐུབ་པར་ཁོ་ཚོར་“གནམ་གྲུ་རྩྭ་ཐང་དུ་འབབ་སྐབས་ང་ལ་ཁ་བཏགས་འབུལ་མཁན་མི་ཁ་ཤས་ཀྱང་འདུག་”ཅེས་བཤད།
       ཁོ་ཚོ་ཧ་ལས་ཏེ་ང་ལ་ལྟ་བཞིན་ཡུན་རིང་ཙམ་འགོར་རྗེས། “ཡིན་ནམ། མི་དེ་དག་གིས་ཅིའི་ཕྱིར་ཁྱོད་ལ་ཁ་བཏགས་ཕུལ”ཞེས་ཟེར།
       ཁོ་ཚོའི་མིག་མདངས་ལ་ལྟ་བཞིན་ང་ཅུང་ཙམ་དོགས་མ་བདེ་བར། “དེ་ནི་ང་རང་སྤྱིར་བཏང་གི་ཁྲོམ་ཞིག་མ་ཡིན་པས་རེད།”ཅེས་བཤད།
       འབྲོག་པ་ཚོ་དགོད་ཀྱིན་འདུག །ཁོ་ཚོ་ངས་བཤད་པར་གཏན་ནས་མི་རློམ། ལ་ལས་“སུ་དག་གིས་ཁྱོད་རང་བསུས་བྱུང”ཞེས་ཟེར།
       ངས་འདང་ཞིག་བརྒྱབ་རྗེས། “དྲང་མོར་བཤད་ན། ང་ལ་བསུ་མ་བྱེད་མཁན་ནི་ཁྱོད་ཚོས་བཤད་པའི་ཨ་ལགས་ཚང་བསུ་བའི་མི་དེ་འདྲའི་མང་པོ་མེད་པ་ཁོ་ཐག་ཡིན་མོད། འོན་ཀྱང་ང་བསུ་མཁན་ཉུང་མཐར་ཡང་མི་གྲངས་བརྒྱ་ཡས་མས་ཤིག་ཡོད་དེ། ཁོ་ཚོ་ནི་ཡུལ་ཚོ་དང་སྡེ་བའི་ལས་བྱེད་པ་ཁག་ཅིག་ཡིན་ལ། ཕྱུགས་ནད་སྨན་པ་གཉིས་དང་། ད་དུང་འབྲོག་པ་ཧ་ཅང་མང་པོ་འདུག་”ཅེས་བཤད།
       ཁོ་ཚོ་མུ་མཐུད་དུ་དགོད་བཞིན་འདུག་ལ། ཁོ་ཚོའི་གྲས་ཀྱི་འབྲོག་པ་ཞིག་གིས། “ཁྱོད་ལབ་རྐྱལ་ཞིག་དང་འདྲ་བར་ལབ་རྒྱོབས་”ཞེས་ཟེར།
       ང་ཅུང་ཙམ་དོགས་མ་བདེ་བས། ཚོམ་ཙམ་བྱས་རྗེས་མུ་མཐུད་དུ། “ང་ནི་ལབ་རྐྱལ་ཟེར་བ་ཅུང་མིན་ལ། ངས་དངོས་ནས་ལབ་ཀྱང་རྒྱག་གིན་མེད། ངས་སྐབས་དེའི་གནས་ཚུལ་གསལ་བོར་དྲན་ལ། ང་གནམ་གྲུ་ནས་བབས་མ་ཐག །མགོ་ཡུ་འཁོར་བའི་སྣང་བའང་ཅུང་ཙམ་སྐྱེས་བྱུང་། ལས་བྱེད་པ་དེ་དག་དང་ཕྱུགས་ནད་སྨན་པ་ཚོས་ང་ལྟ་བུའི་ཁྲོམ་ཞིག་ཐོག་དང་པོར་མཐོང་བ་ཡིན་ངེས། ཁོ་ཚོས་ངའི་མགུལ་བར་ཁ་བཏགས་སྒྲོན་ཞོར། ཡ་མཚན་པའི་མིག་མདངས་ཀྱིས་ང་ལ་བལྟས་འདུག །ད་དུང་འབྲོག་པ་དེ་ཚོའང་ཡོད་ལ་ཁོ་ཚོས་ང་ལ་ཁ་བཏགས་མ་འཐེན་མོད། ཁོ་ཚོས་ཡ་མཚན་པའི་ངང་ང་ལ་བལྟས་འདུག །ངས་སྐབས་དེར་ཁ་བཏགས་ནི་ཅི་ཞིག་ཡིན་པའང་མི་ཤེས་ལ། རྗེས་སུ་ད་གཟོད་དེ་ནི་ཁྱོད་ཚོའི་བླ་མེད་ཀྱི་གུས་སྲོལ་མཚོན་བྱེད་ཀྱི་དངོས་པོ་ཞིག་ཡིན་པ་ཤེས་བྱུང”ཞེས་བཤད།
       འབྲོག་པ་ཞིག་གིས་ཁོང་ཁྲོ་བཟོད་མ་ཐུབ་པའི་ཚུལ་གྱིས་“ཁྱོད་ལ་ཁ་བཏགས་ཕུལ་ཟེར་རམ། ཁྱོད་དུད་འགྲོ་ཞིག་ལ་ཁ་བཏགས་ཕུལ་ལམ། ཁྱོད་ཀྱིས་ང་ཚོའི་དྲི་མེད་དྭངས་གཙང་གི་ཁ་བཏགས་ལ་འབག་བཙོག་མ་བཟོ”ཞེས་ཟེར།
       དེ་ནས་ངས་ཅི་ཡང་མ་བཤད། སྐབས་འདིར། ངས་ད་རུང་དེ་དུས་སུ་མིག་ཤེལ་ཞིག་གྱོན་འདུག་ཅིང་། ཤེས་ཡོན་ཅན་ཞིག་གི་བཟོ་ལྟ་མངོན་པའི་ལྟས་ངན་ཞིག་གིས་ངའི་ཐོད་པར་མཚལ་མདོག་གི་མེ་ཏོག་ཆེན་པོ་ཞིག་བཏགས་རྗེས། “ང་ནི་ས་འདིའི་ཕྱུགས་ནད་སྨན་པ་ཡིན། ཁྱོད་རང་ངེད་ཅག་མདོ་དབུས་མཐོ་སྒང་དུ་སླེབས་པར་རྟེན་འབྲེལ་ཞུ་”ཞེས་ཟེར་བའང་དྲན་བྱུང་།
       སྨན་གོས་དཀར་པོ་རལ་པོ་ཞིག་གྱོན་པའི་ལྟས་ངན་གཞན་ཞིག་གིས་མར་སྒུར་ཏེ་ངའི་ཐུར་དུ་འཕྱང་བའི་བརླིག་འབྲས་ལ་གཅིག་བལྟས་ཤིང་། ལག་པས་རེག་ཙམ་བྱས་ཏེ་ཚོད་དཔོག་ཅིག་བྱས་རྗེས། “ལྟས་ངན་འདིས་ནུས་ཁོ་ཐག་རེད། ལྟས་ངན་འདིའི་དེ་ནི་རྒྱ་རྡོ་ཞིག་དང་འདྲ་བར་མར་འཕྱང་འདུག །ཉུང་མཐར་ཡང་ལྗིད་ཚད་རྒྱ་མ་དོ་ཙམ་ཡོད་སྲིད། ད་དུང་ཕར་གཡོ་ཚུར་གཡོ་བྱེད་བཞིན་འདུག་”ཅེས་ཟེར།
       ངས་སྐབས་དེར་དེར་འདུས་པའི་མི་ཚང་མས་ང་ལ་བལྟས་ཏེ་དགོད་ཀྱིན་པ་དྲན།
       ང་ཁོང་ཁྲོ་དྲག་པོ་ཞིག་ལངས་ཤིང་མིག་ཟུང་སྤྱད་དེ་ཁོར་སྡང་མིག་གིས་བལྟས།
       ཁོས་ང་རང་ཁོང་ཁྲོ་ལངས་པ་ཚོར་བས“ངའང་ས་འདིའི་ཕྱུགས་ནད་སྨན་པ་ཡིན། ཁྱོད་རང་ཁོང་ཁྲོ་མ་ལངས། ངས་ཁྱོད་ལ་བསྟོད་པ་བྱེད་ཀྱིན་ཡོད། ཁྱོད་ཀྱི་དེ་ཆེ་བས་རྐྱེན་གྱིས་ད་གཟོད་ཁྱོད་རང་གནམ་གྲུར་སྡོད་རྒྱུའི་བསོད་ནམས་ལྡན་པ་རེད། དེ་ལྟར་མིན་ཚེ་ཅིའི་ཕྱིར་ཁྲོམ་གཞན་རྣམས་སྡོད་མ་ཐུབ་”ཅེས་ཟེར།
       དེར་འདུས་ཀྱི་མི་ཚང་མ་བགད་ཅིང་། ང་རང་ལྷག་ཏུ་དོགས་མི་བདེ་བར་གྱུར་པས། ང་ཐད་ཀར་ཁ་ཕར་འཁོར་ཏེ་ཁོ་ཚོར་ཁ་ཡ་མ་བྱས།
       འདི་དག་ཚང་མ་ངས་འབྲོག་པ་ཚོར་མ་བཤད། ཉིན་ཧྲིལ་བོར། མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེ་དང་སྨན་གོས་དཀར་པོ་རལ་པོ་གྱོན་ཞིང་ཕྱུགས་ནད་སྨན་པ་ཞིག་གི་བཟོ་ལྟ་ཅན་དེ་ངའི་ཀླད་པའི་ནང་ཕར་འགུལ་ཚུར་འགུལ་བྱེད་ཅིང་། ཁོ་གཉིས་ཀྱི་བཟོ་ལྟ་ནི་ཤིན་ཏུ་དགོད་བྲོ་བ་ཞིག་སྟེ། ཇི་ལྟར་དེད་ཀྱང་འདེད་མ་ཐུབ།
       དེ་ཚོའི་ཁྲོད་ཀྱི་འབྲོག་པ་ཞིག་གིས་ངས་ཅི་ཞིག་ལ་བསམ་བློ་གཏོང་གིན་པ་ལྟ་བུའི་བཟོ་ལྟ་མཐོང་ཕྲལ། ང་ལ་རྡོག་ཐོ་ཞིག་བརྒྱབ་སྟེ། “ཁྱོད་ཀྱིས་ད་རུང་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། མ་མོ་དག་ལ་རིགས་རྒྱུད་ཀྱི་ས་བོན་འཇོག་རྒྱུ་དེ་ད་གཟོད་ཁྱོད་ཀྱི་འོས་བབས་ཀྱི་ལས་རེད”ཅེས་ཟེར།
       སྐད་ཆ་འདི་བཤད་པ་གནད་ཐོག་ལ་ཁེལ་བས་དེ་མ་ཐག་ངའི་དྲན་པ་གསོས་སོང་། དངོས་ནས། ངས་ད་གིན་བཤད་པ་ལྟར་མ་མོ་དག་ལ་རིགས་རྒྱུད་ཀྱི་ས་བོན་འཇོག་རྒྱུ་ནི་ངའི་འོས་བབས་ཀྱི་ལས་ཡིན་འདུག །སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེའི་བཤད་པ་བདེན་ཏེ། ང་ནི་མི་ཆེན་ཞིག་དང་འདྲ་བར་གནམ་གྲུ་སྤྱད་དེ་རྩྭ་ཐང་འདིར་སྐྱེལ་འོང་བ་ནི་གཞན་མ་ཡིན་པར། མ་མོ་དག་ལ་རིགས་རྒྱུད་ཀྱི་ས་བོན་འཇོག་རྒྱུའི་ཆེད་དུ་ཡིན་ཕྱིན། ངས་ཅིས་ཀྱང་དོན་འདི་ག་དུས་ཡིན་ཡང་སེམས་ལ་བརྟན་པོར་འཛིན་དགོས་ཏེ། གནམ་གྲུར་ཐེངས་གཅིག་བསྡད་པ་ལས་ངས་རང་ཚུལ་བརྗེད་མི་འོས་སོ། །
       ང་ནི་པེ་ཅིང་ཅི་ཕུ་རྟགས་ཅན་གྱི་རླངས་འཁོར་ཞིག་ཏུ་བཅུག་ཅིང་། སྤྲུག་གསིག་ཡུན་རིང་ཞིག་བྱས་རྗེས་གཞི་ནས་ས་ཆ་ཞིག་ལ་ཐོན།
       དེ་ནི་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་ཞིག་ཡིན་ལ། ཕྱོགས་བཞིར་རི་བོའང་མེད་པར་ཁོད་ཡངས་པ་ཞིག་སྟེ། ངས་དངོས་ནས་དེ་ནི་ཇི་ལྟ་བུའི་ས་ཆ་ཞིག་ཡིན་པ་ཞིབ་བརྗོད་བྱ་ཐབས་བྲལ།
       མི་ཞིག་གིས་ང་རླངས་འཁོར་ནས་ཕྱིར་པང་རྗེས་ཕྱི་རོལ་གྱི་དྲག་ཤུགས་ཆེ་བའི་ཉི་འོད་ཀྱིས་གཙེས་ཏེ་ངའི་མིག་ཀྱང་དབྱེ་མི་ཐུབ་པར་གྱུར།
       ཡུན་གྱིས་ངའི་མིག་ཕྱེ་ཞིང་རིམ་བཞིན་དེ་འདྲའི་ཉི་འོད་ལ་གོམས་བཞིན་པའི་ཚེ། ངས་ངའི་རྗེས་ཕྱོགས་ན་སོ་ཕག་དང་ཤིང་ཆའི་བཟོས་པའི་ཁང་ཤར་འགའ་ཡོད་པ་མཐོང་མོད། འོན་ཀྱང་བལྟས་ཡོང་ན་དེ་འདྲའི་བརྟན་པོ་ཞིག་མ་ཡིན་པར་འགྱེལ་ལ་ཉེ།ངའི་བསམ་པར་ཁོད་ཡངས་པའི་རྩྭ་ཐང་འདི་དང་ཁང་བ་འདི་དག་ནི་ཤིན་ཏུ་མི་འཚམ་སྙམ།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས་ཐ་མག་འཐེན་བཞིན་དུ་བ་ལྡུམ་གོར་རེ་ཕྱིར་ཕུད་ཅིང་སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེར། “ཁྱོད་ཀྱིས་ལྟས་ངན་འདི་ཉབ་བེ་ཉོབ་བེར་གྱུར་ཚུལ་ལ་ལྟོས་དང་། རྫ་དུག་ཕོག་སོང་བ་མིན་ནམ”ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས།“ཕལ་ཆེར་རྫ་དུག་ཕོག་སོང་བ་ཡིན་འདུག །དང་ཐོག་ང་འདིར་སླེབས་དུས་ཀྱང་མགོ་ཡུ་འཁོར་ཞིང་། ཡུན་རིང་པོ་ཞིག་ཏུ་རྫ་དུག་ཕོག་སོང”ཞེས་ཟེར།      
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེ་དགོད་བཞིན་དུ་“ཁྱོད་ཀྱིས་སྡེ་དཔོན་ཚང་གི་བུ་མོ་ཆུང་མར་བླངས་པ་ནས་བཟུང་། ངའི་མཐོང་ཚུལ་ལྟར་ན་ཁྱོད་ལ་ཚུར་སྣང་ཅི་ཡང་བྱུང་མེད་ཚོད་འདུག”ཅེས་ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེའང་བགད་ཅིང་། “འོན་ཀྱང་སྡེ་དཔོན་ཚང་གི་བུ་མོ་ཆུང་མར་བླངས་རྗེས་ངའང་ཕྱིར་འགྲོ་མ་ཐུབ་ལ། ཁྱོད་ཀྱིས་ལྟོས་དང་། དུད་འགྲོ་འདི་ལའང་མ་དོ་སྟེ། འདི་གནམ་གྲུར་བསྡད་དེ་ས་འདིར་སླེབས་འདུག”ཅེས་ཟེར།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས“གནམ་གྲུར་སྡོད་རྒྱུ་ཟེར་རམ། ངས་བལྟས་ན་འུ་ཅག་ལ་ཚེ་གང་ཡང་དེའི་བསོད་ནམས་མི་འདུག”ཅེས་ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས་དབུགས་རིང་ཞིག་ཕྱུང་རྗེས། “ཆོག་གི། ཆོག་གི། ད་དེའི་རབས་མི་བཤད། འུ་གཉིས་ཀྱིས་ནམ་ཞིག་ལ་ཁྲོམ་ལ་མ་མོ་ཚོར་སྦྱོར་སྡེབ་བྱེད་དུ་འཇུག་རྒྱུ་ཡིན”ཞེས་ཟེར།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས་“རེད་ཡ། ཡུལ་དཔོན་དང་ཧྲུའུ་ཅི་གཉིས་ཀྱང་བྲེལ་བ་ལངས་འདུག །ཁོ་ཚོས་སྡེ་བ་སོ་སོར་སྐུལ་སློང་བྱས་འདུག་ལ། སྡེ་བ་སོ་སོས་ཀྱང་ཆེས་ལེགས་པའི་མ་མོ་གདམས་ཏེ་སྦྱོར་སྡེབ་བྱེད་རྒྱུར་གྲ་སྒྲིག་བྱས་འདུག”ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེ་ཧ་ཧ་ཞེས་དགོད་བཞིན། “རེད་ཡ། རེད་ཡ། སྡེ་བ་སོ་སོའི་སྡེ་དཔོན་དང་ཧྲུའུ་ཅི་དག་ནི་ཆོས་ལུགས་ཀྱི་ཆོ་ག་ཆེན་པོ་ཞིག་སྤེལ་རྒྱུར་སྒུག་འདུག་པ་དང་འདྲ”ཞེས་ཟེར།
མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེའང་དགོད་ཙམ་བྱས་རྗེས། “རེད་ཡ། རེད་ཡ། འོན་ཀྱང་ད་རུང་ཉིན་འགར་སྒུག་སྟེ་ཁྲོམ་འདི་ལ་ངལ་ཞིག་གསོ་བར་ཆུག །གལ་ཏེ་ལྟས་ངན་འདི་ས་ཆུ་མ་འཕྲོད་པར་དོན་དག་འདྲ་བྱུང་ན་འགན་ཁུར་འུ་གཉིས་ཀྱི་ཕྲག་ན་ཡོད་པས། འུ་གཉིས་ཀྱིས་ཐེག་དཀའ་ནི་རེད”ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས་“དེ་རེད། དེ་རེད། དེས་ན་ཁྲོམ་ཁོར་ཉིན་འགར་ངལ་ལེགས་པོ་ཞིག་གསོ་རུ་ཆུགས་”ཞེས་ཟེར།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས་མཆུ་བར་དུ་སྡོམ་པའི་ཐ་མག་གི་སྣེ་མོ་སར་གཡུག་རྗེས། “ཡ། ཡ། འོན་ཀྱང་ངས་བལྟས་ན་ལྟས་ངན་འདིར་དངོས་ནས་བསོད་ནམས་ཆེ་སྟེ། མ་མོ་དེ་འདྲའི་མང་པོ་ཞིག་གི་ཁྲོད་ནས་ཆེས་ལེགས་པའི་མ་མོ་དག་གདམས་ནས་ཁོར་སྒུག་འདུག་”ཅེས་ཁ་གསག་གི་ཚུལ་གྱིས་བཤད།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས་ཁོར་ལྟ་བཞིན་ཁ་གསག་གི་ཚུལ་གྱིས་“ཅི་རེད། ཁྱོད་ཀྱིས་ཁོར་ཡིད་སྨོན་བྱེད་བཞིན་ཡོད་དམ། དེས་ན་སྐྱེ་བ་རྗེས་མར་ཁྱོད་ཀྱང་ཡུ་གུར་ནས་འདི་ལྟ་བུའི་ཁྲོམ་ཞིག་གི་སྐྱེ་བ་ལེན་རོགས་”ཞེས་ཟེར།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས་གདོང་མདོག་འཆོར་བཞིན་ནན་གྱིས་བཤད་དོན་“ལྟས་ངན་ཁྱོད་ཀྱིས་ཅི་ཞིག་ཟེར་རམ། རབས་ཡིན་ན་རྗེས་ཕྱོགས་ཀུ་རེ་དེ་འདྲ་མ་རྩེད་ན་བཟང་།”ཞེས་ཟེར།
   སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས་“དེ་ལ་སྐྱོན་ཅང་མི་འདུག་པས། གལ་ཏེ་སྐྱེ་བ་ལེན་རྒྱུའི་གོ་སྐབས་ཤིག་ཡོད་ན་ངས་ཁོ་ལྟ་བུའི་ཁྲོམ་ཞིག་གི་སྐྱེ་བ་བླངས་ན་འདོད། མ་མོ་དེ་འདྲ་མང་པོ་ཞིག་ཡོད་པར་མ་ཟད། ད་རུང་གནམ་གྲུར་ཡང་སྡོད་ཐུབ་”ཅེས་ཟེར།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས་ཁོར་སྡང་མིག་ཅིག་བལྟས་རྗེས།“དེས་ན་ཁྱོད་ཀྱིས་མྱུར་དུ་སྐྱེ་བ་ལེན་རོགས། ངས་ཁྱོད་ཀྱིས་སྐྱེ་བ་ལེན་ཐུབ་པར་སྨོན་ལམ་འདེབས་”ཟེར།
       ང་རང་ལྟས་ངན་འདི་གཉིས་ཀྱི་གླེང་མོལ་ལ་དགོད་ཁ་འཆོར་ཞིང་། ཡུད་ཙམ་རིང་བགད་རྗེས་ད་གཟོད་དགོད་མཚམས་བཞག་སྟེ། “ངས་སྐྱེ་བ་རྗེས་མར་ད་དུང་མིའི་སྐྱེ་བ་ལེན་དགོས་བསམས་ཡོད། གལ་ཏེ་ཁྱོད་ཀྱིས་ཁྲོམ་གྱི་སྐྱེ་བ་ལེན་བསམས་ཡོད་ན་ཨེ་གཉིས་བརྗེ་ཆོག །འདི་ལྟར་བྱེད་ན་ཕལ་ཆེར་སྐྱེ་བ་ལེན་རྒྱུ་ཅུང་སླ་”ཞེས་བཤད།
       ངའི་སྐད་ཆར་ཉན་རྗེས། ལྟས་ངན་དེ་ཁོང་ཁྲོ་རབ་ཏུ་འབར་ཏེ། ང་ལ་ཤུགས་ཀྱིས་རྡོག་ཐོ་ཞིག་བརྒྱབ་རྗེས། “ཁྱོད་ཀྱི་མགོའི་སྐྱེ་བ་བླངས་ཤོག །ཁྱོད་ཀྱིས་ད་དུང་མིས་སྐྱེ་བ་ལེན་འདོད་དམ། ཁྱོད་ཀྱིས་སྟོང་བསམ་ཆོངས། དུད་འགྲོ་ཞིག་གིས་མིས་སྐྱེ་བ་ལེན་དགོས་ན་སྐྱེ་བ་གང་མང་ཞིག་གི་དགེ་སྒྲུབ་འཛོམས་དགོས།”ཞེས་ཟེར།
       དེ་ནས་ངས་ཅི་ཡང་མ་བཤད། ངས་ཡང་བསྐྱར་བཤད་ན་ཁོས་སླར་ཡང་རྡོག་ཐོས་རྒྱག་ཁོ་ཐག་ཡིན། འོན་ཀྱང་ངའི་སེམས་སུ་དངོས་ནས་ཅུང་འདྲ་མཉམ་མ་ཡིན་སྙམ་སྟེ། ཁྲོམ་གྱི་སྐྱེ་བ་ལེན་དགོས་ཞེས་པ་དེ་ཁོས་བཤད་ཅིང་། ངས་འུ་གཉིས་བརྗེ་སྟེ་སྐྱེ་བ་ལེན་ཆོག་ཅེས་བཤད་པ་ཙམ་གྱིས་ཁོ་རབ་ཏུ་ཁྲོས་སོང་། དེ་ནི་ཕལ་ཆེར་ཁོ་རང་མིའི་རིགས་ཤིག་ཡིན་པའི་རྐྱེན་ཡིན་པ་འདྲའོ། །
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས་ངས་ཁ་མི་གྲག་པ་མཐོང་ཕྲལ། ང་ལ་ཅེར་ཏེ། “ཁྱོད་ཀྱིས་ལྟས་ངན་འདིར་ལྟོས་དང་། ད་གིན་ད་དུང་མིག་མདངས་ཟམ་མེ་ཟིམ་མེའི་ཚུལ་ཞིག་སྟོན་གྱིན་འདུག་མོད། ད་ལྟ་ཅུང་ཙམ་རྒྱུན་གཏན་དུ་གྱུར་འདུག་པས། འཕྲོད་གཤིས་ཅུང་ཡག་པོ་འདུག་”ཅེས་ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས་“འདིའི་ཕྱོགས་ནས་དུད་འགྲོ་འདི་དག་ངེད་ཅག་མི་ལས་ཁྱད་དུ་འཕགས་སོ། །”ཞེས་ཟེར།
       དེ་ནས། ཁོ་གཉིས་ཀྱིས་ང་ལ་བལྟས་ཏེ་དགོད་ཀྱིན་འདུག
       ངས་ཁོ་གཉིས་ཀྱི་ཚུགས་ཀར་ལྟ་བཞིན་ཅུང་ཙམ་འཚུག་པ་ཟ་འོང་བས། ཁོ་གཉིས་ལ་སྡང་མིག་གཅིག་བགྲད་པ་ཡིན།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས། “ཁྱོད་ཀྱིས་ང་ལ་སྡང་མིག་གིས་ཀྱང་མ་བལྟ། རྗེས་ཕྱོགས་ང་ཚོ་ལམ་ཁ་གཅིག་ན་ཡོད་པས་ཁྱོད་ཀྱི་འགན་ཁུར་ནི་མ་མོ་དག་ལ་སྦྱོར་སྡེབ་བྱ་རྒྱུ་དང་། ངེད་ཅག་གི་འགན་ཁུར་ནི་ཁྱོད་ཚོར་ཞབས་ཞུ་བཟང་བོ་ཞིག་བསྒྲུབ་རྒྱུ་སྟེ། མཐར་གཏུགས་ནས་བཤད་ན་ཀུན་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན།”ཞེས་ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས་ཉན་རྗེས་ཅུང་ཙམ་ངར་ལངས་ཏེ། “དེ་ལྟར་བཤད་ན་འུ་གཉིས་དུད་འགྲོ་ཞིག་ལའང་མ་དོའམ་”ཞེས་ཟེར།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེས།“ཚང་མས་ལས་ཀ་སྒྲུབ་པ་རེད། ལས་ཀ་བསྒྲུབ་པར་མཆོག་དམན་གྱི་དབྱེ་བ་མེད་དེ། ལྟས་ངན་འདི་གནམ་གྲུར་བསྡད་ནས་འདིར་འོང་སྟེ་མ་མོ་དག་ལ་སྦྱོར་སྡེབ་བྱ་རྒྱུའང་ལས་ཀ་བསྒྲུབ་རྒྱུའི་ཆེད་དུ་རེད། ཧེ་ཧེ་”ཞེས་ཟེར།
       སྨན་གོས་དཀར་པོ་རལ་པོ་གྱོན་པའི་ཕྱུགས་ནད་སྨན་པ་དེས་ད་ནི་ཅི་ཡང་མ་བཤད་པར་ང་ལ་ཅེར་འདུག
       ཟླ་ཕྱེད་ཀྱི་རྗེས་ནས། ང་རང་གནས་འདིར་རྩ་བ་ནས་འཕྲོད་པར་གྱུར།
       ཟླ་ཕྱེད་ཀྱི་རྗེས་ནས། གཞི་རྒྱ་ཆེ་བའི་སྦྱོར་སྡེབ་ཀྱི་མགོ་བརྩམས་སོང་།
       ངས་ཧ་ཅང་གསལ་བོར་དྲན་ཏེ། དེ་ནི་ནམ་མཁའ་གཡའ་དག་ཅིང་མཁའ་དབུགས་བསིལ་ཞིང་འཇམ་པའི་ནངས་མོ་ཞིག་ཡིན་ལ། རྟ་བདུན་དབང་བོ་སོ་མར་ཡར་འཕགས་ཤིང་། ཉི་འོད་རྩྭ་ཐང་དུ་འཕྲོས་ཏེ་གསེར་མདོག་གིས་བྲན་པ་དང་གཉིས་སུ་མ་མཆིས། མཁའ་དབུགས་ཁྲོད་རྩྭ་སྐམ་གྱི་དྲི་མ་ཞིག་གིས་ཡོངས་སུ་ཁྱབ་འདུག །ངས་ཤུགས་ཀྱིས་མཁའ་དབུགས་ཁམ་གང་རྔུབ་ཅིང་། རྩྭ་སྐམ་གྱི་དྲི་མ་དེ་དང་ཉི་འོད་གཉིས་ལྷན་དུ་ལུས་ཀྱི་གསེང་དུ་རྔུབ་སྟེ། རང་དབང་མེད་པར།“འདི་ནི་དངོས་ནས་སྦྱོར་སྡེབ་ལ་འཚམ་པའི་གནམ་གཤིས་ཤིག་རེད་ཨང་”ཞེས་བསམས་བྱུང་།
       ང་ནི་མིག་ཤེལ་གྱོན་འདུག་པ་དང་སྨན་གོས་དཀར་པོ་རལ་པོ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེ་གཉིས་ཀྱིས་གྲལ་ཤར་གཅིག་ཏུ་བསྟར་བའི་ར་སྐོར་ཞིག་གི་སྒོར་ཁྲིད་ཅིང་། ར་སྐོར་ནི་དུམ་བུ་མང་པོར་བགོས་འདུག་ལ་ངས་དེའི་ནང་དུ་མ་མོ་མང་པོ་ཞིག་འདུག་པ་མཐོང་བྱུང་།
       ང་ཚོ་སླེབས་པ་མཐོང་འཕྲལ་མི་མང་པོས་འུར་བརྒྱབ་བྱུང་། ངས་ཟླ་ཕྱེད་ཀྱི་སྔོན་ལ་ང་རང་བསུ་རུ་ཡོང་བ་དང་ང་ལ་ཁ་བཏགས་འཐེན་མྱོང་བའི་སྡེ་དཔོན་དག་ཀྱང་དེའི་གྲས་སུ་ཡོད་པ་ཚོར།
       ངས་མིག་ཤེལ་གྱོན་འདུག་པ་དང་སྨན་གོས་དཀར་པོ་རལ་པོ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེ་གཉིས་ལ།“ཁོ་ཚོས་འུར་འུར་ཟིང་ཟིང་གིས་ཅི་ཞིག་བྱེད་བཞིན་པ་རེད་”ཅེས་དྲིས།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་ཁྱད་མཚར་བའི་ངང་དགོད་བཞིན་དུ་ང་ལ“ཁོ་ཚོས་ཁྱོད་རྩོད་ཀྱིན་འདུག་”ཟེར།
       ངས་དོགས་པ་ཆེན་པོས་“ང་རྩོད་ཀྱིན་འདུག་གམ། ང་བརྩད་ནས་ཅི་བྱེད་དམ།”ཞེས་དྲིས།
       སྨན་གོས་དཀར་པོ་རལ་པོ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་མི་དགའ་དགའ་མདོག་གིས་“ཁོ་ཚོས་ཁྱོད་ཀྱི་ཐོག་དང་པོའི་སྦྱོར་སྡེབ་ཀྱི་གོ་སྐབས་རེག་རྒྱུ་རྩོད་ཀྱིན་འདུག་”ཅེས་ཟེར།
       ངས་སྔར་བཞིན་དོན་གྱི་གོ་བ་མ་ལོན་པར་“ཅི་ཟེར་རམ་”ཞེས་དྲིས།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་ཅུང་ཙམ་གཟབ་ནན་གྱིས་“འདི་ན་སྡེ་བ་མང་པོ་ཞིག་གི་སྡེ་དཔོན་མཆིས་ཤིང་། སྡེ་བ་སོ་སོའི་སྡེ་དཔོན་གྱིས་རང་རང་གི་སྡེ་བའི་ཆེས་བཟང་བའི་མ་མོ་ཁྲིད་འོང་སྟེ་ཁྱོད་དང་སྦྱོར་སྡེབ་བྱེད་པར་འཇུག་ཅིང་། ཁོ་ཚོ་སུ་ཡིན་ཡང་ཁྱོད་ཀྱིས་ཐོག་དང་པོར་ཁ་ཚོའི་སྡེ་བའི་མ་མོར་སྦྱོར་རྒྱུར་རེ་ཡོད་”ཅེས་ཟེར།
       ང་རང་དེ་མ་ཐག་གད་མོ་འཆོར་ཏེ། “ངའི་ཐོག་དང་པོ་དེ་ངེད་ཅག་ཡུ་གུར་ཕྱོགས་ཀྱི་མ་མོ་ལ་ཕུལ་བས། ངའི་ཐོག་དང་པོ་ནི་སྔ་མོ་ཞིག་ནས་མེད་ཚར་”ཞེས་བཤད།
       ཕྱུགས་ནད་སྨན་པ་གཉིས་ཧོན་ཐོར་ཏེ་ཡུན་རིང་ཙམ་དུ་རང་འཇགས་སུ་མ་བབས་ལ། མཇུག་མཐར། “ཅི་ཟེར། ཁྱོད་ང་ཚོའི་མདོ་དབུས་མཐོ་སྒང་དུ་སླེབས་ཏེ་ང་ཚོའི་མ་མོ་དག་དང་སྦྱོར་སྡེབ་བྱེད་པ་ནི་ཐོག་དང་པོ་མ་ཡིན་ནམ་”ཞེས་ཟེར།
       ང་སྔར་ལྟར་དགོད་བཞིན།“ཅི་ལ་ཡིན། ངས་མ་མོ་གྲངས་མེད་ཅིག་ལ་སྦྱོར་སྡེབ་བྱས་ཟིན་ལ། དེར་མ་ཟད་ངས་སྦྱོར་སྡེབ་བྱས་ཏེ་བཙས་པའི་ལུག་རྒྱུད་ཤིན་ཏུ་བཟང་ཕྱིན། ད་གཟོད་ང་རང་གདམས་རྗེས་གནམ་གྲུ་སྤྱད་དེ་འདིར་སྐྱེལ་ཡོང་བ་རེད་”ཅེས་བཤད།
       ཕྱུགས་ནད་སྨན་པ་གཉིས་གློ་བུར་དུ་རྨོངས་གཉིད་ལས་སད་པ་ལྟར་ང་ལ་ལྟ་བཞིན།“འོ། འོ། མ་གཞི་འདི་འདྲ་ཞིག་ཡིན་འདུག །ཁྱོད་གནམ་གྲུར་བསྡད་དེ་འོང་བ་ལའང་ཁག་མི་འདུག་”ཅེས་ཟེར།
       ངས་ཅུང་ཀུ་རེའི་ཚུལ་གྱིས། “ཡིན་ཡང་ངས་ད་དུང་ས་འདིའི་མ་མོ་དག་ལ་སྦྱོར་སྡེབ་བྱ་རྒྱུར་རེ་སྒུག་བྱས་ཡོད། དེས་ངར་བསླང་སྲིད་ཁོ་ཐག་ཡིན་”ཞེས་བཤད།
       ཁོ་གཉིས་ཀྱི་རྣམ་འགྱུར་ཤིན་ཏུ་གཟབ་ནན་ཡིན་ལ། ཁོ་གཉིས་ཀྱིས་ང་ལ་ལྟ་སྟངས་ཀྱི་མིག་མདངས་ཀྱང་ཡོངས་སུ་འགྱུར་འདུག་པ་ངས་ཚོར་བྱུང་ལ། ངས་ཁོ་གཉིས་ཀྱིས་ང་ལ་ལྟ་སྟངས་མི་འདྲ་བ་ཞིག་འཛིན་མགོ་བརྩམ་བྱུང་བར་ཡང་སྙམ་སོང་།
       ཁོ་གཉིས་ཀྱིས་སྡེ་དཔོན་དེ་དག་ཚུར་བོས་འོང་སྟེ། “ད་ལྟ་སྦྱོར་སྡེབ་བྱེད་ཆོག །ཁྱོད་ཚོའི་སུ་ཞིག་སྔོན་མ་བྱེད་དམ་”ཟེར།
       སྡེ་དཔོན་དེ་དག་དགོད་བཞིན་དུ་ཕྱུགས་ནད་སྨན་པ་གཉིས་ལ། “གསར་བུ། འཆུག་མི་རུང་། ངེད་ཅག་གིས་སྦྱོར་སྡེབ་བྱ་རྒྱུ་མ་ཡིན་ཏེ། ངེད་ཅག་གི་མ་མོ་ཁོ་དང་སྦྱོར་སྡེབ་བྱེད་དགོས་”ཞེས་བཤད་པར།
       ཚང་མ་གད་མོ་ཤོར་སོང་།
       སྐད་ཅུང་ཙམ་འགག་འདུག་པའི་སྡེ་དཔོན་ཞིག་གིས་འཇམ་པོའི་ངག་གིས“དེས་མ་ཚད། ང་ཚོ་ཚང་མ་ཕོ་རེད། ཕོ་ཡིས་ཕོ་ལ་ཇི་ལྟར་སྦྱོར་རམ”ཞེས་ཟེར།
       ཀུན་གྱི་དགོད་སྒྲ་སྔར་ལས་ཆེ་རུ་གྱུར།
       ཕྱུགས་ནད་སྨན་པ་གཉིས་ཅུང་ཙམ་དོགས་མ་བདེ་བར་གྱུར་མོད། འོན་ཀྱང་སྤོབས་པ་ཆེར་སྐྱེད་ཀྱིས་“ངེད་གཉིས་ཀྱིས་ཁྱོད་ཚོ་དང་སྦྱོར་རྒྱུ་མིན་པ་ལོས་ཤེས། ངེད་གཉིས་ཀྱིས་ཀྱང་ཐོག་མར་སྡེ་བ་སུ་ཡི་མ་མོ་ཁོ་དང་སྦྱོར་བར་འཇུག་ཅེས་པའི་དོན་ཡིན་”ཟེར།
       དེ་ནས་ཚང་མ་དགོད་རྒྱུ་མེད་པར། “ང་སྔོན་ལ་ཡོང་། ང་སྔོན་ལ་ཡོང་”ཞེས་འུར་བརྒྱབ་བྱུང་།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་སྡེ་དཔོན་དག་ལ་“ཁྱོད་ཚོ་སུ་ཡིན་ཡང་སྔ་མ་བྱས་ཏེ་ཁྲོམ་འདི་ལ་སྦྱོར་སྡེབ་བྱ་རུ་འཇུག་འདོད་པ་ངས་ཤེས་ཡོད། དེས་ན་འདི་ལྟར་བྱ། ང་ཚོས་རྒྱན་སྒྲུག་སྟེ་སྦྱོར་སྡེབ་བྱ་རྒྱུའི་གོ་རིམ་བསྒྲིག་འོང་”ཞེས་ཟེར།
       དེའི་ཁྲོད་ཀྱི་སྡེ་དཔོན་གཟུགས་ཐུང་ཞིག་གིས་སྡེ་དཔོན་གཟུགས་རིང་ཞིག་ལ། “གན། གན། ཁོས་ཡང་བསྐྱར་འུ་ཅག་གིས་ཡུ་གུར་གྱི་ཁྲོམ་འདི་ལ་སྦྱོར་སྡེབ་བྱ་དགོས་ཚུལ་འདྲ་ཞིག་བཤད་སོང་”ཞེས་ཟེར།
       སྡེ་དཔོན་གཟུགས་རིང་པོ་དེས་གཟུགས་ཐུང་བོ་དེར། “ད་རུང་འདི་འདྲ་ཞིག་བཤད་དེ། དུས་ཚོད་ག་འདྲར་སླེབས་འདུག །ངས་བལྟས་ན་མགྱོགས་པོར་རྒྱན་བླངས་ཏེ་རང་གི་མ་མོ་ཚོར་རྒྱུད་ཀྱི་ས་བོན་འཇོག་རྒྱུ་ནི་ད་གཟོད་གལ་ཆེ་བའི་དོན་དག་རེད་”ཅེས་ཟེར།
       སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་རྒྱན་གྱི་ཤོག་བྱང་གྲ་སྒྲིག་བྱས་ཤིང་། རྡོག་པོར་སྒྲིལ་ནས་དཀར་ཡོལ་ཞིག་ཏུ་བཞག་རྗེས་ཚུར་ཁྱེར་ཡོང་སྟེ་སྡེ་དཔོན་དེ་དག་ལ་ལེན་དུ་བཅུག
       རྒྱན་མ་ལངས་པའི་སྔོན་ལ་སྡེ་དཔོན་ཞིག་གིས་ཕྱུགས་ནད་སྨན་པ་གཉིས་ལ། “ཉིན་དེར་ང་ཁྱོད་ཚོར་འགྲོགས་ཏེ་ཁོ་ལེན་དུ་སོང་བ་མ་ཡིན་ནམ། ངས་ད་དུང་ཁོར་ཁ་བཏགས་ཀྱང་འཐེན། ངའི་གོ་ཐོས་ལྟར་ན་ཁོ་རྩྭ་ཐང་དུ་མ་སླེབས་པའི་སྔོན་ལ་ཤིན་ཏུ་ངར་བ་ཞིག་ཡིན་རབས་བཤད། འདིར་མ་ཐོན་གོང་ནས་ང་ཁོར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། དེའི་ཉིན་ཁོ་མཐོང་བ་ནས་བཟུང་དེ་བས་ཡིད་ཆེས་ཀྱིས་བརྟས་སོང་།”ཟེར།
       སྡེ་དཔོན་དག་གིས་ཁོར་ཅེར་འདུག
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་“ཁྱོད་ཀྱི་སྐད་ཆ་དེའི་རྒྱུ་མཚན་ཅི་ཡིན་”ཟེར།
       སྡེ་དཔོན་དེས་སྡེ་དཔོན་གཞན་དག་ལ་གཅིག་བལྟས་རྗེས། ཅུང་ཙམ་དོགས་མ་བདེ་བའི་ངང་“རྒྱུ་མཚན་ནི་ཐོག་མར་ང་ལ་སྦྱོར་དུ་གཞུག་ཨེ་ཆོག་ཅེས་པ་ཡིན་”ཞེས་ཟེར་བར།
       སྡེ་དཔོན་གཞན་དག་གིས་“མི་ཆོག །མི་ཆོག”ཅེས་འུར་བརྒྱབ་བྱུང་།
       སྡེ་དཔོན་དེས་ང་ལ་“ཁྱོད་ཀྱིས་ད་དུང་ང་རང་ཡིད་ལ་དྲན་གྱིན་འདུག་གམ། དེའི་ཉིན་ངས་ཆེད་དུ་ཁྱོད་ལ་ཁ་བཏགས་ཤིག་འཐེན་པ་ཡིན་ཏེ། ཁྱོད་ཀྱིས་ཁ་གྲག་སྟེ་ཐོག་མར་ང་ལ་སྦྱོར་རོགས་”ཟེར།
       ང་ཅུང་དགོད་འདོད་ཅིག་སྐྱེས་ཤིང་ཁོག་ནས་“ངས་མ་མོ་ཁོ་ན་ལ་སྦྱོར་རྒྱུ་ལས་ཁྱོད་ལ་ཇི་ལྟར་སྦྱོར་རམ།”ཞེས་ལབ།
       ཁོས་ཧ་ལམ་ངས་ཅི་ཞིག་བསམ་བཞིན་པ་ཚོར་སོང་བ་འདྲ་སྟེ། ཁ་གསབ་ཀྱི་ཚུལ་གྱིས་ “ད་རུང་ངའི་མ་མོ་དག་ནི་རྩྭ་ཐང་འདིའི་ཤ་ཤེད་ཆེས་བཟང་ཞིང་ཡིད་དུ་འོང་ཞེས་སྐད་གྲགས་ཀྱིས་ཁྱབ་ཡོད་”ཟེར།
       སྐབས་འདིར། དེ་དག་ལས་སྡེ་དཔོན་གཉིས་གསུམ་ཞིག་གིས་ཤུབ་ཤུབ་ངང་“ངེད་ཅག་གིས་ཀྱང་ཁོར་ཁ་བཏགས་འཐེན་མྱོང་། ངེད་ཅག་གི་མ་མོ་དག་ཀྱང་མི་དམན་”ཟེར།
       སྡེ་དཔོན་དེས་ད་སོ་མར་ཤུབ་ཤུབ་སྨྲ་བའི་སྡེ་དཔོན་དེ་ཚོར་གཅིག་ཅེར་རྗེས་སྐད་མགོ་ཇེ་དམའ་རུ་བཏང་སྟེ་ང་ལ་“ཁྱོད་ཀྱིས་ཡིད་ལ་མི་དྲན་ནམ། ངས་ཁྱོད་ལ་ཁ་བཏགས་འཐེན་པ་ནི་ཆེས་རིང་བ་དེ་ཡིན་”ཞེས་ཟེར།
       ཁོས་འདི་ལྟར་བཤད་རྗེས་ངས་ཀྱང་ཡིད་ལ་དྲན་བྱུང་སྟེ་དངོས་ནས་མི་ཞིག་གིས་ང་ལ་ཁ་བཏགས་སྲིད་དུ་རིང་བ་ཞིག་འཐེན་ལ། རྗེས་ནས་ཁ་བཏགས་དེ་ངའི་ལག་མགོར་དཀྲིས་ཏེ་ང་རང་ཐང་ལ་ཤུགས་ཆེན་ཞིག་ཀྱང་འགྱེལ།
       ངས་སྐབས་དེར་སེམས་ནས་“ལྟས་ངན་དེ་འདི་འདྲའི་ངན་པ་ཞིག་སྟེ་ང་ལ་ཁ་བཏགས་འདི་འདྲ་རིང་པོ་ཞིག་འཐེན་སོང་”ཞེས་སྡིག་དམོད་ཅིག་ཀྱང་བྱས་མྱོང་།
       སྐབས་འདིར་ལྟས་ངན་འདི་ངའི་གམ་དུ་མངོན་འདུག་ཀྱང་ང་རང་ཁོང་ཁྲོ་མ་ལངས་པར་སྡང་མིག་གིས་གཅིག་བལྟས་རྗེས། “སྡེ་དཔོན་འདི་འདྲ་མང་པོ་ཞིག་གིས་སྒུག་འདུག་པས། ངས་བལྟས་ན་རྒྱན་བླངས་ཏེ་སྔ་ཕྱི་བསྒྲིག་ན་བཟང་། འདི་ལྟར་བྱེད་ན་འདྲ་མཉམ་ཡང་རེད་”ཅེས་བཤད།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་ངའི་ཚིག་རྗེས་དེད་ནས་“ཀུན་གྱིས་མྱུར་དུ་རྒྱན་ལོངས། དུས་ཚོད་ཀྱང་སྔ་རྒྱུ་མེད་”ཅེས་ཟེར།
       སྡེ་དཔོན་དེས་ང་ལ་གཅིག་ཅེར་རྗེས། “ཧིན། ངས་ཁ་བཏགས་དེ་ཁྱོད་ལ་དོན་མེད་དུ་འཐེན་སོང་།”ཞེས་བཤད།
       ངས་ཀྱང་ཁོ་ལ་ཁ་ཡ་མ་བྱས།
       སྡེ་དཔོན་དག་གིས་རྒྱན་ལེན་མགོ་བརྩམས་ཤིང་། སྐར་མ་བཅུའང་མ་འགོར་བར་མཇུག་འབྲས་ཐོན་བྱུང་།
       མཇུག་འབྲས་ནི་ད་སྔོན་སྔ་མ་བྱེད་དེ་སྦྱོར་སྡེབ་བྱེད་དགོས་ཞེས་འུར་མཁན་གྱི་སྡེ་དཔོན་དེས་དང་པོ་བླངས་སོང་།
       ཁོས་ད་སྔོན་འུར་རྒྱག་གིན་འདུག་པའི་སྡེ་དཔོན་གཞན་དག་ལ་ལྟ་བཞིན་ཁྲེལ་དགོད་ཅིག་བྱས་ཏེ་ཅི་ཡང་མ་བཤད།
       སྡེ་དཔོན་གཞན་དག་གིས་ཀྱང་ཁོར་ཅེར་སྡོད་པ་ལས་ཅི་ཡང་མ་བཤད།
       ཁོ་ཚུར་འོང་སྟེ་ངའི་སྐེ་རུ་བཏགས་འདུག་པའི་ཐག་པ་དེས་འཐེན་བཞིན་“འགྲོ། སོང་སྟེ་སྦྱོར་སྡེབ་བྱོས། ད་ནི་ཁྱོད་ལ་བཤད་རྒྱུ་ཅང་མེད་ངེས་”ཟེར།
       ང་ལ་བཤད་རྒྱུ་ཅི་ཡང་མི་འདུག་པས། འགྲམ་དུ་ལངས་འདུག་པའི་ཕྱུགས་ནད་སྨན་པ་གཉིས་ལ་གཅིག་བལྟས།
       ཕྱུགས་ནད་སྨན་པ་གཉིས་ཀྱིས་ངའི་རྒྱབ་ལ་གཅིག་རྡེབ་རྗེས། “སོང་སོང་། མྱུར་དུ་སོང་སྟེ་སྦྱོར་རོགས། དུས་ཚོད་སྔ་རྒྱུ་མི་འདུག་”ཅེས་ཟེར།
       འདི་ལྟར་ང་ནི་ར་བས་ཡོངས་སུ་སྐོར་འདུག་པའི་ལུག་ར་ཞིག་ཏུ་ཁྲིད་སོང་།
       ང་ནང་དུ་འབྱོར་མ་ཐག་ཧད་སོང་། མཐོང་ལམ་ཡོད་ཚད་ན་ཤ་ཤེད་བཟང་ཞིང་ཡིད་དུ་འོང་ལ། ཚེ་སྲོག་གི་ལང་ཚོས་རབ་ཏུ་བརྟས་པའི་མ་མོ་ཏག་ཏག་རེད། ངས་སྔོན་ཆད་འདི་འདྲའི་ཤ་ཤེད་བཟང་ཞིང་འདི་འདྲའི་ཡིད་དུ་འོང་བའི་མ་མོ་མཐོང་མྱོང་མེད།
       མ་མོ་དེ་དག་གྲལ་ཤར་གཅིག་ཏུ་སྒྲིག་འདུག་ཅིང་། ཐག་རིང་ནས་ང་ལ་བལྟས་འདུག  །ངའི་ཚོར་སྣང་ལ་ང་ལ་བརྙད་རྐོ་བཞིན་པའི་རྣམ་པ་ཞིག་མངོན་འོང་བས་ལུས་ཀྱི་ཁྲག་ནི་ཐད་ཀར་མགོ་ནང་དུ་འཚང་ཞིང་། སྐད་ཅིག་ཉིད་ལ་མིག་ལམ་ཅུང་ཁྲལ་ཁྲུལ་དུ་གྱུར་སོང་།
       སྐབས་དེ་དུས་ང་ནི་དྲུས་རྩ་ལངས་པའི་དུས་ཀྱང་ཡིན་ཏེ། ནམ་རྒྱུན་དྲུས་རྩ་ལངས་པའི་དུས་ལ་ཐོན་སྐབས་སུ། ངའི་ཚོར་སྣང་ལ་ངའི་ལུས་སྟེང་ནས་གློ་བུར་དུ་ཁྲག་རྒྱུན་གཅིག་ཤུགས་ཀྱིས་འཕྱུར་ཏེ་ཕར་རྒྱུག་ཚུར་རྒྱུག་གིས་ང་རང་སྡོད་བཟོད་མི་བདེ་བ་ཞིག་ཏུ་གྱུར་ཅིང་། མི་རྣམས་ཀྱིས་སྐབས་འདི་འདྲའི་དུས་ཤིག་ལ་གནམ་གྲུ་སྤྱད་དེ་ང་རང་ས་འདིར་སྐྱེལ་ཡོང་བའང་རྐྱེན་འདིའི་དབང་གིས་ཡིན་སྲིད། དོན་དངོས་སུ། ད་རུང་ང་དང་རིགས་མཐུན་པ་མང་པོ་ཞིག་མེ་འཁོར་དང་། ལྗིད་འཁོར་ལ་བསྡད་དེ་ལམ་ཐག་རིང་བའི་ཡུ་གུར་ནས་ས་འདིར་སྙེག་བཞིན་མཆིས། ང་ནི་ང་རང་དྲུས་རྩ་ལངས་པའི་དུས་ལ་ཁོ་ཚོའི་ས་འདི་ནས་ཆེས་བཟང་བའི་མ་མོ་དག་དང་སྦྱོར་སྡེབ་བྱེད་དུ་བཅུག་སྟེ། རྗེས་སུ་སྦྱར་བའི་མཇུག་འབྲས་ཇི་འདྲ་ཡིན་པར་བལྟ་རྒྱུ་རེད།
       ངས་མི་རྣམས་ངར་ལངས་པའི་འབོད་སྒྲ་ཐོས་པས། ང་རང་དབང་མེད་པར་ཁ་ཕྱིར་འཁོར་ཏེ་ལྟ་དུས། ར་བའི་ཉེ་འཁོར་དུ་མི་རྣམས་འཚང་ཁ་ཤིག་ཤིག་གིས་ཁེངས་འདུག །སྐད་ཅིག་མར། ང་རང་ཅུང་ཙམ་མགོ་ཡུ་འཁོར་ཞིང་ངའི་མིག་ནི་རབ་རིབ་ཏུ་གྱུར་ཏེ། མི་དེ་དག་གི་གདོང་ཡང་གསལ་བོར་མ་མཐོང་། གློ་བུར་དུ། མི་ཞིག་གིས་“མགྱོགས་པོ་བྱོས། མགྱོགས་པོ་བྱོས། ཁྱོད་ལ་ཅི་མ་ཉན། ཁྱོད་ང་ཚོའི་མདོ་དབུས་མཐོ་སྒང་དུ་ཐོན་རྗེས་སྐྲག་སྟེ་མི་ནུས་སམ།”ཞེས་འུར་རྒྱག་བཞིན་པ་ཐོས།
       སྐད་ཆ་དེས་ང་རང་ཁོང་ཁྲོ་བསླང་ཞིང་། ང་དེ་མ་ཐག་རྣམ་རིག་རྒྱས་ཏེ་ཐད་ཀར་མ་མོ་དག་གི་ཕྱོགས་སུ་རྒྱུག
       ང་མ་མོ་དག་གི་ཕྱོགས་སུ་རྒྱུག་བཞིན་པའི་དུས་སུ་མི་རྣམས་ཀྱི་འབོད་སྒྲ་ཆད་མེད་དུ་སྒྲོག་འོང་བ་ཐོས་སོང་།
       འབོད་སྒྲ་དེ་དག་གིས་སྔར་ལས་ལྷག་ཏུ་ང་ལ་ངར་བསླང་ཞིང་། ང་ཁ་ཕྱིར་འཁོར་ཏེ་འབོད་སྒྲ་སྒྲོག་བཞིན་པའི་མི་དེ་དག་གི་ཚུགས་ཀར་མ་བལྟས་པར་མདུན་ཕྱོགས་སུ་རྒྱུག་རྐྱང་བྱས།
       མ་མོ་དེ་དག་གིས་ངའི་ཚུགས་ཀ་མཐོང་རྗེས་ཅུང་ཙམ་དངངས་སྐྲག་སྐྱེ་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་། ཁ་ཤས་ཤིག་ད་དུང་ལྷོད་གཡེང་བག་ཕེབས་ཀྱིས་དེ་རུ་ལངས་འདུག་ཅིང་། གཞན་རྣམས་ཐམས་ཅད་ལུག་རའི་ཕྱོགས་བཞིར་ཕྱོགས་ཤིང་ང་ལ་གཞའ་བཞིན་འདུག
       ང་ཐད་ཀར་ལྷོད་གཡེང་བག་ཕེབས་སུ་འདུག་པའི་མ་མོ་དེ་དག་གི་ཕྱོགས་སུ་རྒྱུག
       ང་ཚུར་རྒྱུག་འོང་བའི་རྣམ་པ་མཐོང་ཕྲལ། སྨོས་མ་དགོས་པར་ཁོ་ཚོའང་འདྲོགས་ཤིང་ཕྱིར་འཁོར་ཏེ་འབྲོ་གྲབས་བྱས། 
       ངས་ལུས་ལ་ཤ་ཤེད་རྒྱས་ཤིང་ཡིད་དུ་འོང་བའི་མ་མོ་ཞིག་གཟས་ཏེ་ཕར་རྒྱུག་ལ། མ་མོ་དེ་གྲུ་སྣེ་ཞིག་ལ་དེད་ཅིང་ལག་པ་གཉིས་མ་མོའི་རྒྱབ་ལ་བཞག  །དེ་ནས་ཅི་ཡང་ཤེས་མ་བྱུང་།
       ངའི་དྲན་པ་རིམ་གྱིས་ཇེ་གསལ་དུ་གྱུར་དུས། མ་མོ་ཁྱུ་འདིའི་བདག་པོ་སྟེ་སྡེ་དཔོན་དེས་དགའ་སྤྲོ་ཆེན་པོས། བཟང་གི། བཟང་གི། ཡུ་གུར་ནས་སླེབས་པའི་ཁྲོམ་འདི་དངོས་ནས་ངར་ཁོ་ཐག་ཅིག་རེད། ངར་ཁོ་ཐག་ཅིག་རེད། ཅེས་འུར་རྒྱག་གིན་པ་ཐོས་བྱུང་།
       ངས་མི་གཞན་དག་གི་ཉམས་འགྱུར་ལ་སྣང་འཇོག་ཅིག་བྱེད་དུས། མི་གཞན་དག་ཀྱང་ངར་ཤ་སློང་འདུག་པ་སྨོས་མ་དགོས་ལ། ལྷག་ཏུ་ཕྱུགས་ནད་སྨན་པ་དེ་གཉིས་ཏེ། ཁོ་གཉིས་ཧ་ལས་པའི་ངང་ང་ལ་བལྟས་འདུག་ཅིང་ཅི་ཞིག་བཤད་འདོད་ཀྱང་བཤད་མི་ཐུབ་པའི་བཟོ་ལྟ་ཞིག་མངོན་འོང་།
       ངས་ད་སོ་མར་སྦྱོར་སྡེབ་བྱས་པའི་མ་མོ་དེར་སྣང་འཇོག་ཅིག་བྱས་ཤིང་། མ་མོ་དེ་ད་དུང་གྲུ་སྣེ་དེ་རུ་འདུག་ལ། མངོན་ཆུང་གིས་ང་ལ་བལྟས་འདུག །མིག་མདངས་སུ་ཞི་དུལ་གྱི་ཉམས་ཀྱིས་ཁེངས་ཤིང་ལུས་སུ་མོ་རིགས་ལ་ཆེད་དུ་ལྡན་པའི་ཉམས་ཤིག་གིས་ཕྱུག་ཡོད།
       ངས་ཡང་བསྐྱར་མ་མོ་གཞན་དག་ལ་ལྟ་དུས། ཁོ་ཚོའི་རྣམ་འགྱུར་ཀྱང་ཧ་ལམ་འགྱུར་འདུག་སྟེ། ལྷག་པར་དུ་ད་སྔོན་གྱི་བརྙད་རྐོ་བའི་སྣང་ཚུལ་དེའང་ཡལ་འདུག །ཚུལ་འདིས་ང་ལ་ཤིན་ཏུ་སྐྱིད་སྣང་ཞིག་སྟེར་འོང་། ཐ་ན་ཁོ་ཚོས་ང་ལ་བལྟས་འདུག་པའི་མིག་མདངས་སུ་རེ་སྒུག་གི་ཉམས་ཤིག་འདུག་པའང་ངས་ཚོར་བྱུང་།
       ཉིན་འདིར་རྗེས་སུ་བྱུང་བའི་དོན་དག་རྣམས་ད་ནི་ངས་ཞིབ་ཀྱིས་བཤད་མི་འདོད། ཡང་དང་བསྐྱར་དུ་སྦྱོར་སྡེབ་བྱས་པ་སྟེ། བཤད་ཀྱང་དོན་སྙིང་ཅང་མི་འདུག
       དོན་དག་གཅིག་ནི་ངས་བལྟས་ན་བཤད་རིན་འདུག་སྟེ། བཤད་ཡོང་དུས་ཁྲིག་ཁྲིག་མེད་ན་ཁྱོད་ཚོས་དོན་སྙིང་ཅུང་ཙམ་ལྡན་པར་ཡང་སྙམ་སྲིད། ཕྱི་དྲོར་སླེབས་དུས། སྡེ་དཔོན་མི་ཉུང་བ་ཞིག་གིས་ང་ལ་མེ་ཏོག་ཆེན་པོ་རེ་བཏགས་ཤིང་ཁོ་ཚོ་སོ་སོས་མཐེབ་མོ་ཀེར་ཏེ་ང་ལ་བསྟོད་པ་བྱས། ངའི་བྲང་ཁ་དང་རྒྱབ་ཏུ་ཧ་ཅང་ལྟ་ན་སྡུག་པའི་མཚལ་མདོག་གི་མེ་ཏོག་དེ་རིགས་ཀྱིས་ཁེངས་ཤིང་། ཁོ་ཚོས་མཐེབ་མོ་ཡང་ཡང་ཀེར་གྱིན་པ་མཐོང་དུས་ངའི་སེམས་སུ་ཡིད་ཚིམ་པའི་ཚོར་བ་ཞིག་གིས་ཁྱབ་ཅིང་། མགོ་ཡུ་འཁོར་བའི་ཚོར་བ་ཞིག་ཀྱང་སྐྱེ་འོང་།
       ད་དུང་ཕྱུགས་ནད་སྨན་པ་གཉིས་ཀྱིས་ང་ལ་བཟུང་བའི་རྣམ་འགྱུར་ཡང་རྩ་བ་ཉིད་ནས་འགྱུར་འདུག །ལྷག་པར་དུ་སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་ཤིན་ཏུ་སེམས་འགུལ་ཐེབས་པའི་ངང་ང་ལ་ལྟ་བཞིན། “ཁྱོད་དངོས་ནས་ངར་བ་ཞིག་རེད། ཁྱོད་དངོས་ནས་ངར་བ་ཞིག་རེད།”ཟེར།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་ཡ་མཚན་པའི་ངང་ཁོར་ལྟ་བཞིན། “ཁོ་ངར་ཡང་ཁྱོད་དོན་མེད་པར་སེམས་འགུལ་ཐེབས་ནས་ཅི་བྱེད་”ཟེར།
       སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེའི་ངོ་མདོག་དམར་པོར་གྱུར་ཏེ། “ཅང་མིན་ཅང་མིན། ངས་ལྟས་ངན་འདི་ངར་བ་ཞིག་རེད་འདོད་པ་ཙམ་ཡིན་”ཟེར།
       མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པ་དེ་དགོད་ཙམ་བྱས་རྗེས་ཅང་མ་བཤད། ཉིན་དེའི་ཕྱི་དྲོར། ཁོ་ཚོས་ང་ལ་གསོ་ཆས་ཆེས་ལེགས་པོས་གསོས་ལ། ངས་འདི་དག་ཡོད་ཚད་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པར་འདོད་བྱུང་།
       དོན་དག་གཅིག་ནི་ངས་བསམ་ན་བཤད་རིན་འདུག་སྙམ། ཁྲོམ་ཞིག་ལ་མཚོན་ན་དོན་དག་འདི་ངས་ཚེ་གང་བོར་བརྗེད་མི་སྲིད།
       དོན་དག་འདིའི་བརྒྱུད་རིམ་ཡོད་ཚད་རྗེས་སུ་ངས་རིམ་གྱིས་ཕྱིར་དྲན་བྱས་པ་ཞིག་ཡིན།
       ཕྱི་དྲོ་གསོ་ཆས་ལ་རོལ་སྐབས། ངས་གློ་བུར་དུ་མ་མོ་དག་ལ་སྦྱོར་སྡེབ་བྱེད་དུས་སུ་ར་བའི་ཕྱི་རོལ་ན་ལུས་སྟོབས་རྒྱས་པའི་ཁྲོམ་ཁ་ཤས་ཀྱིས་ཐག་རིང་ནས་ང་ལ་ཅེར་འདུག་པ་དྲན་བྱུང་། ཁོ་ཚོ་ནི་འདི་གའི་བོད་ཁྲོམ་ཡིན་ཏེ་ངས་ཁོ་ཚོ་མཐོང་མྱོང་། སྐབས་དེར་ངའི་བསམ་པར། ཁོ་ཚོས་རྟག་པར་ང་ལ་ཅེར་དོན་ཅི་ཡིན་ནམ་སྙམ་པའི་སོམ་ཉི་ཅུང་ཙམ་སྐྱེ་མོད། འོན་ཀྱང་སྐབས་དེའི་ང་ལ་མཚོན་ན་གསར་ཐོན་མ་མོ་དག་ལ་སྦྱོར་སྡེབ་བྱེད་རྒྱུ་ཁོ་ནར་བྲེལ་ཏེ། ལུས་ཀྱི་སྟོད་སྨད་ཡོངས་རྫོགས་ངར་ཤུགས་ཀྱིས་       ཁེངས་འདུག་ཕྱིན་ཡར་མར་ལ་ཞིབ་འདང་རྒྱག་ཁོམ་ཞིག་ཅི་ལ་ཡོད།
       ཕྱི་དྲོར། ངས་གསོ་ཆས་ལེགས་ཤོས་དེ་ཟས་ཚར་རྗེས་སར་ཉལ་ཏེ་ངལ་གསོ་གྲབས་བྱེད་སྐབས། གློ་བུར་དུ་ཁྲོམ་དེ་དག་གིས་ངའི་མཐའ་བསྐོར།
       ཁོ་ཚོའི་མིག་མདངས་ལ་གདུག་རྩུབ་ཆེ་ཞིང་ང་ལ་ཅེར་འདུག་པའི་ཚུགས་ཀ་དེ་ཅུང་ཟད་འཇིགས་སུ་རུང་བ་ཞིག་རེད། སྐབས་འདིར། ཕྱུགས་ནད་སྨན་པ་དེ་གཉིས་ཀྱང་རང་གི་ཉལ་ཁང་དུ་ལོག་སྟེ་ངལ་གསོས་ཟིན། དྲང་མོར་བཤད་ན། ཁ་ཚོའི་ཚུགས་ཀ་མཐོང་དུས་ང་རང་ཅུང་ཙམ་སྐྲག་སྣང་ཞིག་སྐྱེ། འོན་ཀྱང་ངས་ཅིས་ཀྱང་སྐྲག་སྣང་ཕྲན་ཙམ་ཡང་སྐྱེ་མེད་པའི་ཟོལ་གྱིས་ཁོ་ཚོར་ཅེར་བཞིན། “ཁྱོད་ཚོས་ཅི་བྱེད་བསམ་ཡོད་”ཅེས་དྲིས།
       ཁོ་ཚོས་གདུག་རྩུབ་ཀྱི་མིག་མདངས་སྤྱད་དེ་ལྟས་འདུག་པ་ལས་ཅི་ཡང་མ་བཤད།
       ངའི་སེམས་སྔར་ལས་ཅུང་ཙམ་ཞུམ་པར་གྱུར་མོད་སྔར་བཞིན་ཁོ་ཚོར་ཅེར་ཏེ་“ངས་ད་སོ་མ་ཁྱོད་ཚོ་ར་བའི་ཕྱི་རོལ་ན་ཡོད་པ་མཐོང་སོང་”ཞེས་བཤད་མོད།
       ཁོ་ཚོས་སྔར་བཞིན་ཅི་ཡང་མ་བཤད།
       ངས་མིག་རྡེབ་ཙམ་བྱས་རྗེས། “ཁྱོད་ཚོས་ད་སྔོན་ར་བའི་ཕྱི་རོལ་ན་ཅི་བྱེད་ཀྱིན་ཡོད།”ཅེས་དྲིས་པར།
       མཐའ་མར་དེའི་ཁྲོད་ཀྱི་ལྟས་ངན་ཞིག་གིས་བཟོད་མ་ཐུབ་པར་“ངེད་ཅག་གིས་དེ་ན་ཅི་བྱེད་ཀྱིན་པ་ཁྱོད་ཀྱིས་ཤོད་དང་”ཞེས་ཁ་གྲག་བྱུང་།
       ངས“ངས་མི་ཤེས་”ཞེས་བཤད།
       ལྟས་ངན་དེས་ཡང་བསྐྱར་ཁ་གྲག་བྱུང་ལ་སྐད་གདངས་སུ་འཁོན་སེམས་ཀྱི་ཉམས་ཅུང་ཟད་འདྲེས་ཏེ་“གོང་གི་མ་མོ་དེ་དག་ཡོད་ཚད་ངེད་ཅག་གི་མ་མོ་ཡིན། ད་ལྟ་ཡོད་ཚད་སྐྱུགས་བྲོ་བ་ཁྱོད་ཀྱིས་བརླག་སོང་། རྗེས་ཕྱོགས་ངེད་ཅག་གི་བུ་རྒྱུད་རྣམས་བསླད་དེ་ར་མ་ལུག་ཏུ་འགྱུར་ངེས་”ཟེར།
       ངའང་ཅུང་ཁྲོས་ཏེ། “ང་རང་འགུལ་གྱིས་ས་འདིར་རྒྱུག་འོང་བའང་མིན། ཁྱོད་ཅག་གི་མིས་ཐད་འཕུར་གནམ་གྲུ་སྤྱད་དེ་ང་རང་ཐག་རིང་ནས་འདིར་དྲུད་འོང་བ་རེད། གལ་ཏེ་ཁྱོད་ཚོ་མི་དགའ་ན་རང་ཚོའི་བདག་པོ་འཚོལ་དུ་སོང་། འདི་ནི་ང་ལ་འབྲེལ་བ་སྤུ་ཙམ་ཡང་མེད་”ཅེས་ཁ་ནས་ཤོར།
       ཁོ་ཚོའི་ཁྲོད་ཀྱི་ལུས་བོངས་ཆེ་བའི་ཁྲོམ་ཞིག་གིས་“ད་རུང་འཆལ་གཏམ་ཅི་ཞིག་བཤད། རྒྱུག་ཅིག་”ཟེར།
       སྐད་ཆ་བཤད་མ་ཚར་གོང་ཁྲོམ་གཞན་རྣམས་མཆོངས་འོང་སྟེ་འཁྱོག་ཅིང་མཁྲེགས་པའི་རྭ་ཅོས་མཚམས་མེད་པར་ང་ལ་ཤུགས་ཀྱིས་སྣུན། ང་ལ་ཁོ་ཚོའི་རྣོ་ངར་ཆེ་བའི་རྭ་ཅོ་ལུས་སྟེང་ལ་གདབ་པའི་ཚོར་སྣང་ཐེངས་འགའ་སྐྱེ་བྱུང་ལ། ལུས་སྟེང་ནས་ན་ཟུག་ཅིག་སྐྱེ་སྟེ་ང་རང་སར་འགྱེལ་ནས་ཡར་ལངས་མ་ཐུབ།
       ངས་ན་ཟུག་ལ་བཟོད་བསྲན་བྱས་ཏེ་“ཁྲོམ་འདི་འདྲ་མང་པོ་ཞིག་གིས་ཡུ་གུར་ནས་སླེབས་པའི་ཁྲོམ་སྟེ་ང་གཅིག་པུར་ཐུབ་ཚོད་བྱེད་རྒྱུ་ནི་ཁྱོད་ཚོ་མདོ་དབུས་མཐོ་སྒང་གི་ཁྲོམ་དག་གི་འཇོན་ནུས་ཡིན་ནམ་”ཞེས་བཤད།
       ལུས་བོངས་ཆེ་བའི་ཁྲོམ་དེས་སྐད་ཅིག་བརྒྱབ་པས། ཁྲོམ་གཞན་རྣམས་ཀྱིས་མྱུར་དུ་ང་ལ་རྒོལ་མཚམས་བཞག་སོང་།
       ལུས་བོངས་ཆེ་བའི་ཁྲོམ་དེས་ཁྲོམ་གཞན་དག་ལ་ལྟ་ཞོར། “ཁོས་ནི་ང་ཚོས་ཁོར་ཐུབ་ཚོད་བྱེད་ཀྱིན་འདུག་ཟེར་བས། ང་ཚོས་གཅིག་རེ་གཅིག་རེ་བྱས་ཏེ་ཁེར་ཐུག་རྒྱག་”ཟེར་ཞིང་།དེ་ནས་ང་ལ་ལྟ་བཞིན་“ཅི་འདྲ་འདུག་”ཟེར།
       ངས་ན་ཟུག་བསྲན་བྱས་ཏེ་“ཆོག་གི་”ཞེས་བཤད།
       དེའི་ཁྲོད་ཀྱི་ཁྲོམ་ཞིག་གིས་མ་བསྐུལ་དང་ལེན་གྱིས་“ང་སྔོན་མ་བྱ་”ཟེར།
       ཁོས་གདུག་རྩུབ་ཆེ་བའི་མིག་གིས་ང་ལ་ཅེར་འདུག་ཅིང་ལུག་རའི་ཕྱོགས་གཅིག་ཏུ་ཕྱིར་བཀྱེད།
       ངའང་ལུག་རའི་ཕྱོགས་གཞན་ལ་ཕྱིར་བཀྱེད་དེ་ཁོར་ཅེར། བལྟས་ན་ཁོའི་ལུས་པོ་དེ་འདྲ་ཐང་བོ་ཞིག་མིན་མོད་འོན་ཀྱང་ཤ་ཤེད་ཤིན་ཏུ་བཟང་།
       ངེད་ཅག་གིས་ཕན་ཚུན་ལ་ཅེར་བཞིན་ཧ་ལམ་དུས་གཅིག་ཏུ་ཕ་རོལ་བོར་རྒོལ་སོང་བ་འདྲ།
       ངེད་ཅག་གི་ཐོད་པ་དང་རྭ་ཅོ་ལྷན་དུ་བརྡབས་ཏེ་ཡི་མུག་པའི་སྒྲ་ཞིག་གྲག་ཅིང་། ང་ཚོ་རྡུང་ཁ་རྒྱག་པའི་སྐབས་དེ་དུས་སུ་ངས་ཁོ་ངའི་འཐབ་ཡ་མི་ཉན་པ་ཤེས་རྟོགས་བྱུང་། ཁོ་ཁྱར་ཁྱོར་ངང་ཕྱིར་གོམ་པ་མང་པོ་ཞིག་བཀྱེད་མོད་འོན་ཀྱང་ང་ནི་སྔར་གནས་སུ་འགུལ་མེད་དུ་ལངས།
       ཁྲོམ་གཞན་ཞིག་གིས་ཁོ་ཕར་དེད་དེ་ཕྱིར་བཀྱེད་རྗེས་ཚུར་སྙེག་འོང་།
       ང་ཅུང་ཙམ་ཕྱིར་བཀྱེད་རྗེས་ཁོར་རྡུང་ཁ་རྒྱག་པར་སྙེག །ཁོའང་ང་ཡི་དོ་ཟླ་མ་ཡིན་ཏེ་ཁོ་ཧ་ལམ་སྔོན་མ་དེ་ལའང་མི་དོ། ཁོ་ཁྱར་ཁྱོར་ངང་ཐད་ཀར་སར་འགྱེལ་སོང་། ཁོའི་ཚུགས་ཀ་དེ་ཤིན་ཏུ་དགོད་བྲོ་ཞིང་གལ་ཏེ་གནས་གཞན་ཞིག་ཡིན་པའི་དབང་དུ་བཏང་ན་ང་སྔ་མོ་ནས་བཟོད་མ་ཐུབ་པར་དགོད་ཁ་ཤོར་སོང་། འོན་ཀྱང་འདི་ནས་ངས་ཁོ་ཚོར་ཁོང་ཁྲོ་སློང་མ་འདོད་པར་བཟོད་ཐུབ་སོང་།
       རྗེས་ཀྱི་འགའ་ཤས་ཀྱང་ངའི་ལག་འོག་ནས་ཕམ་སོང་། ཁོ་ཚོ་དབུགས་ལྷེམ་ལྷེམ་ངང་བལྟས་སོང་ན་ཧ་ཅང་མི་འདོད་པའི་བཟོ་ལྟ་ཞིག་མངོན་འོང་།
       མཇུག་མཐར། ལུས་བོངས་ཆེ་བའི་ཁྲོམ་དེ་མདུན་དུ་གོམ་གང་སྤོས་རྗེས། “ད་ནི་ཉོག་གཏམ་མི་མང་བར་ཤི་གསོན་ཐག་གིས་གཅོད་འོང་”ཟེར།
       ཁོའི་བཟོ་ལྟ་ཧ་ཅང་གདུག་རྩུབ་ཆེ་ལ། ཁོས་ངའི་མིག་མདངས་ལ་ཅེར་བཞིན་སྔར་ལས་གདུག་རྩུབ་ཇེ་ཆེར་གྱུར། ཁོའི་རྭ་ཅོ་གུག་དབྱིབས་ཅན་ཞིག་ཡིན་ལ་རྒྱབ་ཕྱོགས་སུ་བརྐྱངས་ཤིང་བལྟས་ན་ཤིན་ཏུ་སྲ་མཁྲེགས་ཅན་ཞིག་ཏུ་འདུག །ཁོའི་སྣ་ཕྲན་ཙམ་འདར་གྱིན་འདུག་ལ་སི་སི་ཞེས་དབུགས་ཤིག་གཏོང་བཞིན་མཆིས། ཁོའི་མཆུ་འདབ་མངོན་པར་རྫེ་ཞིང་འབྱར་བག་ཅན་གྱི་ཁ་ཆུ་ཞིག་ཀྱང་འཛག་བཞིན་འདུག
       ཁོ་ཅུང་ཙམ་ཕྱིར་བཀྱེད་རྗེས་ངའི་ཕྱོགས་སུ་མཆོང་འོང་ཞིང་ངའང་གོམ་གང་ཕྱིར་བཀྱེད་རྗེས་གདོང་བསུས། ཀོབ་སྒྲ་ཆེན་པོ་ཞིག་དང་བཅས་ངེད་གཉིས་ཀྱི་མགོ་བོར་རྡུང་ཐུག་དྲག་པོ་ཞིག་ཐེབས་ཤིང་། ངས་ཤུགས་ཆེན་པོས་ཁོའི་མགོ་བོ་གཏད་ཅིང་ཁོས་ཀྱང་ཤུགས་ཆེན་པོས་ངའི་མགོ་བོ་གཏད་དེ་ཕན་ཚུན་ལ་གུ་ཡངས་ཕྲན་ཙམ་སྟེར་བའི་ཚུལ་ཡང་མི་འདུག  །ཁོའི་གྲོགས་པོ་ཚོས་ཁོར་འབོད་སྒྲ་སྒྲོག་བཞིན་འདུག
       གློ་བུར་དུ། ཁོ་གོམ་གང་ཕྱིར་བཀྱེད་དེ་ཡང་བསྐྱར་མཆོང་འོང་། ང་ཕྱིར་བཀྱེད་དེ་སྟོབས་ཤུགས་བསྡུ་ཁོམ་ཅང་མ་བྱུང་བར་གདོང་བསུས། ངེད་གཉིས་ཀྱི་མགོ་བོར་རྡུང་གཏུགས་དྲག་པོ་ཞིག་ཐེབས་ཤིང་ཕན་ཚུན་ལ་ཤུགས་བཏོན་ཡང་སྔར་བཞིན་རྒྱལ་ཕམ་དབྱེ་མ་ཐུབ།
       འབོད་སྒྲ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་ཁྲོམ་ཞིག་གིས་སྐད་གསེང་མཐོན་པོས། “ཁོས་ནུས་ཀྱིན་མི་འདུག །མྱུར་དུ་ཁོ་ཕམ་པར་ཐོངས་”ཟེར།
       ལུས་བོངས་ཆེ་བའི་ཁྲོམ་དེ་དལ་བུར་ལུག་རའི་ཕྱོགས་གཅིག་ཏུ་བཀྱེད་པས། ངའང་ལུག་རའི་ཕྱོགས་གཞན་དེར་བཀྱེད།
       ཁོ་ངའི་ཕྱོགས་སུ་མཆོངས་འོང་སྐབས། ངའི་ཚོར་སྣང་ལ་ཁོའི་ལུས་སྟེང་དུ་རླུང་འཚུབ་ཅིག་གིས་བསྐོར་འདུག་པས། ངས་ཀྱང་ལུས་སྟེང་གི་ཤུགས་ཡོད་ཚད་བཏོན་ཏེ་ཁོའི་ཕྱོགས་སུ་མཆོངས།
       ངེད་ཅག་གི་མགོ་བོ་རྡུང་ཐུག་བརྒྱབ་པའི་སྐད་ཅིག་མ་དེར་ངས་མགོ་རུས་གས་ཆག་བྱུང་བའི་སྒྲ་ཞིག་གསལ་བར་ཐོས་ཤིང་། དེ་ནས་ང་ཕྱོགས་གཅིག་ལ་འགྱེལ་སོང་། ལུས་བོངས་ཆེ་བའི་ཁྲོམ་ནི་དེ་ན་གཡོ་མེད་བརྟན་བརླིང་ངང་གནས་འདུག
       ཉེ་འཁོར་གྱི་ཁྲོམ་ཚོས་དགའ་འབོད་བྱེད་ཀྱིན་འདུག་ལ་དེའི་ཁྲོད་ཀྱི་གཅིག་གིས་“རེམ་རེམ། ཁོ་མྱུར་དུ་གསོད་ཅིག”ཟེར།
       ལུས་བོངས་ཆེ་བའི་ཁྲོམ་དེ་ཕྱིར་གོམ་པ་འགའ་བཀྱེད་རྗེས་ཡང་བསྐྱར་ངའི་ཕྱོགས་སུ་མཆོངས་གྲབས་བྱེད་སྐབས། ཕྱུགས་ནད་སྨན་པ་གཉིས་ཐོན་ཞིང་ཁོ་གཉིས་ཀྱིས་དབྱུག་པ་ཞིག་འཕྱར་ཏེ་ཤུགས་ཆེན་པོས་དེར་བརྒྱབ།
       ཁྲོམ་དེ་བྲེལ་ཚུབ་ལངས་ཤིང་སྨྱོས་པ་ལྟར་གྱུར་ལ་དབྱུག་པས་རང་གི་རྒྱབ་ལ་རྒྱག་གིན་པར་ཡང་མ་འཛེམ་པར་ཚམ་ཚོམ་མེད་པར་ང་དང་ཕྱུགས་ནད་སྨན་པ་གཉིས་ཀྱི་ཕྱོགས་སུ་མཆོངས།
       དྲང་མོར་བཤད་ན། སྐབས་དེར་ང་དངོས་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་ཅིང་། ངས་དངོས་ནས་ང་ཅུང་ཙམ་མིན་ན་ ལྔ་ལམ་དུ་ཞུགས་ཟིན་པར་འདོད། སྔོན་ཆད། མ་མོ་ཞིག་བརྩད་དེ་ངས་ཀྱང་ཁྲོམ་གཞན་ལ་འཛིང་རེས་བྱས་མྱོང་མོད། འོན་ཀྱང་འདི་འདྲའི་སྨྱོས་འདུག་པ་ལྟ་བུའི་ལྟས་ངན་ཞིག་ལ་འཕྲད་མ་མྱོང་།
       རྗེས་ནས་འབྲོག་པ་འགའ་ཡང་ཐོན་པས་གཞི་ནས་ཁོ་ཚོ་ཚང་མ་དྲུད་སོང་།
       ང་ལ་རྨས་སྐྱོན་ཆེན་པོ་ཞིག་ཐེབས་སོང་བས་སར་འགྱེལ་ཏེ་ཡར་ལངས་མ་ཐུབ།
       ཕྱུགས་ནད་སྨན་པ་གཉིས་བྲེལ་འཚུབ་ཆེན་པོ་སྐྱེས་ཏེ། ང་ལ་“ཁྱོད་ལ་དོན་དག་ཅི་ཡང་བྱུང་མི་ཉན། གལ་ཏེ་ཁྱོད་ལ་དོན་དག་ཅིག་བྱུང་ན་ངའི་གཉིས་ཀྱི་ཅ་ནེ་ལག་ནས་ཤོར་ངེས་ལ། ངའི་གཉིས་ཀྱི་མི་ཚེ་འདིའང་རྩ་བ་ནས་ཚར་སོང་”ཟེར།
       ངས་ན་ཟུག་ལ་བཟོད་བསྲན་བྱས་ཏེ། དབུགས་གཏོང་ལེན་བྱེད་ཞོར་ཁོ་གཉིས་ལ་སེམས་གསོའི་ཚུལ་གྱིས། “སེམས་བདེ་མོ་བྱོས། ང་ལ་དོན་དག་ཅུང་ཡོད་མི་སྲིད་ལ་ཁྱོད་གཉིས་ལའང་དོན་དག་ཡོད་མི་སྲིད་”ཅེས་བཤད།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་ངའི་མགོའི་རྨ་ཤུལ་ལ་ལྟ་བཞིན། སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེ་ལ་“ལྟས་ངན་འདི་དག་དངོས་ནས་རྡུག་རྩུབ་ཆེ་འདུག། གལ་ཏེ་འུ་གཉིས་དུས་ལྟར་ཐོན་མེད་ཚེ་ཧ་ལམ་ལྟས་ངན་འདིའང་དམར་གསོད་བྱ་ངེས། འདི་ཅིའི་ཕྱིར་ཡིན་ནམ། ཁོ་ཚོ་ཚང་མ་ཁྲོམ་ཡིན་པས་ཁོ་ཚོའི་བར་ན་ཞེ་འཁོན་ཟབ་མོ་ཅི་ཞིག་ཡོད་སྲིད་དམ་”ཟེར།
       སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་ང་ལ་གཅིག་བལྟས་ཤིང་ཡང་བསྐྱར་མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེར་ལྟ་བཞིན་“ཁྱོད་སྐྱེས་པ་ཞིག་གི་ལུས་ལངས་པ་དོན་མེད་རེད། འདིའང་མི་ཤེས་སམ། དེ་ནི་ཕྲག་དོག་བྱས་པས་རེད། ལྟས་ངན་འདིས་ཁོ་ཚོའི་མ་མོ་ཧམ་བཟུང་བྱས་པས་ཁོ་ཚོའི་ལ་རྒྱ་འཆོར་སོང་བས་རེད་”ཟེར།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པར་གཅིག་བལྟས་ཤིང་། ཡང་བསྐྱར་ང་ལ་གཅིག་བལྟས།
       སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་མུ་མཐུད་དུ་མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པར་“ཁྱོད་ཀྱང་སྐྱེས་པ་ཞིག་རེད། ཁྱོད་ཀྱིས་ཀྱང་འདང་ཞིག་རྒྱོབས་དང་། གལ་ཏེ་ཁྱོད་ཀྱི་རྒན་མོ་མི་གཞན་གྱིས་ཧམ་བཟུང་བྱས་ན། ཁྱོད་ཁོང་ཁྲོ་ལང་ངམ་”ཟེར།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་ད་གཟོད་ཁ་གྲག་སྟེ།“ཁྱོད་ཀྱིས་ཅི་ཟེར་”ཟེར།
       སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་ཁོར་བལྟས་ནས་དགོད་པ་ལས་ཅང་མ་བཤད།
       སྐབས་འདིར། ངས་ན་ཟུག་བསྲན་ཏེ་གདོང་ནས་བཙན་གྱིས་འཛུམ་ཞིག་ཕྱུང་སྟེ། “ངས་བསམ་ན་རྒྱུ་རྐྱེན་འདིའི་དབང་གིས་ཡིན་སྲིད་པས་ངས་འདང་རྒྱག་ངེས་”ཞེས་བཤད།
       སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་“ཁྱོད་ཀྱིས་ལྟོས་དང་། ཁོས་ཕམ་ཁ་མྱོང་འདུག་མོད། འོན་ཀྱང་ཁོས་རྒྱུ་རྐྱེན་ཅིའི་ཕྱིར་ཡིན་པར་འདང་ཕོག་འདུག། འདི་ཙམ་ལ་བལྟས་འོང་ན། ང་ཚོའི་མིའི་རིགས་ནི་ད་དུང་དུད་འགྲོ་འདི་དག་ལའང་མི་དོ།”ཟེར།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེ་ད་གཟོད་དགོད་བཞིན་དུ་སྨན་གོས་དཀར་པོ་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་ལ་“ངས་ཧ་གོ་སོང་། ངས་ཧ་གོ་སོང་། ངས་འདི་ལྟ་བུའི་གཏམ་རྒྱུད་མང་པོ་ཐོས་མྱོང་”ཟེར།
       དེ་ནས་ཡང་བསྐྱར་ང་ལ་ལྟ་བཞིན་“འདི་ལྟར་བཤད་ན་ཁྱོད་རྨས་ནས་འདི་འདྲར་བཟོས་པའང་དངོས་ནས་ཅུང་ཙམ་སྡུག་གྱོང་དུ་གྱུར་འདུག་སྟེ། དེ་རིང་མ་མོ་དེ་དག་གི་ཁྲོད་དུ་ཁྱོད་ཀྱི་རྫིག་ཉམས་ཆེ་ཚུལ་ལ་ལྟོས་དང་། དོ་ཟླ་གཅིག་ཀྱང་ཡོད་མི་སྲིད་པའི་བཟོ་ལྟ་ཞིག་འདུག་པའང་ང་རྒྱལ་ཆེ་དྲག་པས་རེད་”ཟེར།
       ངས་བཟོད་མ་ཐུབ་པར་དགོད་ཁ་འཆོར་ཞིང་། གཅིག་བགད་རྗེས་ལུས་ཡོངས་རྫོགས་གཟེར་བས། ཁ་ནས་“འབའ་་་་་་འབའ་་་་་”ཞེས་སྐད་ཅོར་བརྒྱབ་ཅིང་ཁ་ནང་ནས་ད་དུང་ཁྲག་དམར་ཡང་བརྡོལ་བྱུང་།
       སྨན་གོས་དཀར་པོ་རལ་བ་གྱོན་འདུག་པ་དེས་ངའི་ཚུགས་ཀར་ལྟ་བཞིན་མྱུར་དུ་“ཁྱོད་གཏན་ནས་འཆི་མི་ཉན། གལ་ཏེ་ཁྱོད་ཤི་སོང་ན་ངེད་གཉིས་དངོས་ནས་ཚར་སོང་”ཞེས་ཟེར།
       ཁོ་གཉིས་ཀྱིས་ཞིབ་ཚགས་ཀྱིས་ངའི་རྨ་ཁ་གཅུད་ཅིང་། ང་ལ་སྨན་བཅོས་བྱས།
       ཉིན་གཉིས་པར། ང་དྲག་སྐྱེད་ཆེན་པོ་བྱུང་འདུག་པ་འདྲ། ཕྱུགས་ནད་སྨན་པ་གཉིས་ཀྱིས་ང་སྒོར་ཁྲིད་དེ་ཉི་མར་ལྡེ། ཉི་འོད་དྲོད་ལམ་མེར་འདུག་ཅིང་ངའི་ལུས་སྟེང་དུ་འཕྲོས་ཏེ་ཟ་འཕྲུག་ཅུང་ཙམ་ཡང་ལངས་སོང་།
       སྡེ་དཔོན་དག་གིས་ངའི་གནས་ཚུལ་ཐོས་རྗེས་ཁོ་ཚོའང་རྒྱུག་འོང་སྟེ་ང་ལ་འཚམ་འདྲི་བྱས། ཁོ་ཚོས་ངའི་ཚུགས་ཀར་ལྟ་བཞིན་“ཁྱོད་རང་ཅི་འདྲ་འདུག །ད་རུང་ང་ཚོའི་མ་མོ་དག་ལ་སྦྱོར་སྡེབ་བྱ་ཐུབ་བམ་”ཟེར།
       ཁོ་ཚོའི་སྐད་ཆ་ཐོས་རྗེས་ང་རང་འཚུག་པ་ཟས་འོང་། དོན་དུ་ཁོ་ཚོ་རྒྱུག་འོང་སྟེ་ང་ལ་འཚམ་འདྲི་བྱས་པ་ནི་ངའི་རྨས་ལྕི་མིན་ལྟ་བ་མ་ཡིན་པར་ང་ལ་ཁོ་ཚོའི་མ་མོ་དག་ལ་སྦྱོར་སྡེབ་བྱ་རྒྱུའི་ནུས་ཤུགས་ཡོད་མེད་ལ་བལྟ་རུ་ཡོང་བ་རེད།
       ངས་ཁོ་ཚོར་ཁ་ཡ་མ་བྱས།
       ཁོ་ཚོས་ཡང་བསྐྱར་ཕྱུགས་ནད་སྨན་པ་གཉིས་ལ་“བལྟས་འོང་ན་ཁོ་རྨས་པ་ཅུང་ལྕི། ད་དུང་ངེད་ཅག་གི་མ་མོ་དག་ལ་སྦྱོར་སྡེབ་བྱ་ཐུབ་བམ་”ཟེར།
       ཕྱུགས་ནད་སྨན་པ་གཉིས་ཀྱིས།“ངེད་ཅག་གིས་ཞིབ་བཤེར་ཞིབ་ཚགས་བྱས་ཟིན། ཁོ་རྨས་པ་དེ་འདྲའི་ལྕི་མོ་མ་རེད། ཉིན་འགའ་འདས་ན་དྲག་སྐྱེད་འབྱུང་ལ་ཁྱོད་ཚོའི་མ་མོ་དག་ལ་སྦྱོར་ཐུབ་”ཟེར།
       སྡེ་དཔོན་དག་གིས་ཡིད་ཆེས་ལ་མ་ཆེས་པའི་མིག་མདངས་ཀྱིས་ང་ལ་བལྟས་འདུག
       ངས་ལྗིད་འཁོར་ཞིག་དལ་བུར་ཚུར་བཏང་འོང་ཞིང་ཁ་ལོ་བས་ཁ་བསྒགས་རྗེས་སྡེ་དཔོན་ཚོར་གླེང་མོལ་བྱེད་བཞིན་པ་མཐོང་བྱུང་།
       སྐབས་དེར། ངས་ལྗིད་འཁོར་གྱི་འཁོར་སྒམ་ནང་དུ་ལུག་འགའ་བཅུག་ཡོད་པ་ཚོར། དེ་ནས་ཞིབ་ཏུ་ལྟ་དུས་འཁོར་སྒམ་དུ་བཅུག་འདུག་པ་ནི་ཁ་སང་ང་ལ་སེམས་ཀྱིས་མ་བཟོད་པའི་ཁྲོམ་དེ་དག་རེད།
       ང་ཅུང་ཙམ་ཡ་མཚན་པས། མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེར་“འདི་ཅིའི་ཕྱིར་ཡིན་ནམ། ཁོ་ཚོ་ཅིའི་ཕྱིར་རླངས་འཁོར་དུ་བཅུག་སོང་”ཞེས་དྲིས།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་འདང་ཙམ་ཡང་མ་བརྒྱབ་པར་“འོ། ཁོ་ཚོ་ཟེར་རམ། ཁོ་ཚོས་ཁ་སང་ཁྱོད་ལ་གནོད་འཚེ་བཟོས་ཏེ་ས་འདིའི་སྒྲིག་ལམ་ལ་འགལ་སོང་། ཡུལ་ཚོ་སྲིད་གཞུང་གི་གྲོས་བསྡུར་བརྒྱུད་ཁོ་ཚོར་ཆད་པ་གཅོད་རྒྱུའི་ཐག་བཅད་དེ་ཁོ་ཚོ་རྫོང་མཁར་གྱི་བཤས་རྭར་འདྲུད་གྲབས་བྱས་ཏེ་བཙོང་རྒྱུ་རེད། གཞན་ཡང་། ཁོ་ཚོ་བསྐྱུར་ཡང་ད་བར་གོ་ཅུང་མི་ཆོད་པས།”ཟེར།
       ངའི་མགོའི་ནང་དུ་ཆོམ་སྒྲ་ཞིག་གྲགས་ཤིང་ནང་དུ་དངོས་པོ་གང་ཞིག་འབར་གས་བྱུང་བ་དང་འདྲ། དེ་ནས་ཅི་ཡང་ཐོས་མི་ཐུབ་པར་གྱུར།
       ངའི་དྲན་པ་སོས་རྗེས་ལྗིད་འཁོར་དེ་རྒྱང་རིང་དུ་བཏང་སོང་མོད། འོན་ཀྱང་ངའི་སྣང་བར་ངས་ཁྲོམ་དེ་དག་གསལ་བོར་མཐོང་ཐུབ་སྟེ། ཁོ་ཚོའི་ངོ་གདོང་གསལ་བོར་མཐོང་ཐུབ་ལ་ཐ་ན་ཁོ་ཚོའི་མིག་མདངས་ཀྱང་གསལ་བོར་མཐོང་ཐུབ། ངས་ཁོ་ཚོས་འཁང་རའི་མིག་མདངས་ཤིག་གིས་ང་ལ་བལྟས་འདུག་ལ། ཐ་ན་མིག་མདངས་ཁྲོད་འཁོན་སེམས་ཤིག་གིས་ཁེངས་འདུག་སྙམ།
       སྐབས་འདིར། ངའི་མིག་ཀོང་མཆི་མས་བརླན་ཞིང་། ངའི་བསམ་པར་ངས་ཁོ་ཚོ་འཇིགས་དངངས་ཀྱིས་ཁེངས་པའི་བཤས་རར་བརྫངས་སོང་སྙམ། གལ་ཏེ་ང་ས་འདིར་སླེབས་མེད་ཚེ། ངས་ཁོ་ཚོའི་ཚབ་བྱེད་པ་རྐྱེན་བྱས་ཏེ་ཁོ་ཚོ་བཤས་རར་བསྐྱལ་ཏེ་བཤའ་རུ་འཇུག་པའི་ལས་སྐལ་འདི་འདྲ་ཞིག་ལ་འཕྲད་མི་སྲིད་སྙམ།
       ངས་རྐང་བ་ཡར་བཀྱག་སྟེ་ཉེ་འཁོར་གྱི་མི་དག་ལ་ཕྲ་རེ་གཞུས་ཤིང་། ཕྲས་གཞུ་ཞོར་དུ་“སྐྱུག་བྲོ་བའི་མིའི་རིགས་ཁྱོད་ཚོ། ཁྱོད་ཚོས་ཅིའི་ཕྱིར་ཁོ་ཚོ་བཤས་རར་བསྐྱལ་བ་ཡིན། དགོས་དུས་རྡོ་རྗེ་དང་མི་དགོས་དུས་གདོན་རྫས་སུ་རྩིས། ཁྱོད་ཚོའི་མིའི་རིགས་ནི་འདི་འདྲ་ཞིག་ཡིན་ནམ་”ཞེས་འུར་བརྒྱབ།
       ངའི་ཉེ་འཁོར་གྱི་མི་དག་ངས་དངངས་སྐྲག་བསླང་སོང་།
       ཁོ་ཚོས་ཅེར་རེ་ང་ལ་བལྟས་འདུག་ཅིང་ཧ་ལམ་ངས་བཤད་པའི་སྐད་ཆར་འདང་རྒྱག་བཞིན་པ་འདྲ།
       ཉིན་འགའི་རྗེས་སུ། ངའི་རྨས་སྐྱོན་སངས་དྲག་ཏུ་གྱུར།
       ཉིན་འགའི་རྗེས་སུ། ངས་ཡང་བསྐྱར་སྡེ་བ་གཞན་གྱི་མ་མོ་དག་ལ་སྦྱོར་སྡེབ་བྱས།
       དེ་བས། རྗེས་ཀྱི་ཉིན་དག་གི་དོན་དག་ངས་ཡང་བསྐྱར་གླེང་མི་འདོད། ང་རང་ཅུང་སུན་འདུག
       སྦྱོར་སྡེབ་ནི་ཉིན་བཅོ་ལྔའི་རྗེས་ནས་མཇུག་རྫོགས།
       ཉིན་བཅོ་ལྔའི་རྗེས་སུ་མི་རྣམས་ཀྱིས་ང་ལ་ཡང་བསྐྱར་མཚལ་མདོག་གི་མེ་ཏོག་འགའ་བཏགས་བྱུང་ལ། སྨོས་མ་དགོས་པར་ལ་ལས་ང་ལ་ཁ་བཏགས་ཀྱང་ཕུལ། དྲང་མོར་བཤད་ན། གཞན་གྱིས་བལྟས་ན་དངོས་པོ་འདི་དག་ནི་བླ་ན་མེད་པའི་གཟི་བརྗིད་ཀྱི་མཚོན་རྟགས་ཡིན་མོད། འོན་ཀྱང་ང་ལ་མཚོན་ན་ད་ལྟ་འདི་དག་གིས་འདྲེན་ཤུགས་ཆེར་མི་ཐེབས། སྐབས་དེར། ངའི་རེ་བ་ཆེས་ཆེ་བ་ནི་གསོ་ཆས་རྒྱགས་ཚད་ཅིག་ཟོས་རྗེས་ཉིན་ཞག་གཉིས་རེར་གཉིད་སྐྱིད་པོ་ཞིག་ལ་རོལ་རྒྱུ་དེ་ཡིན།
       ངའི་སྤྱོད་པ་གཟེངས་སུ་ཐོན་པས། ཕྱུགས་ནད་སྨན་པ་གཉིས་ཀྱིས་ཀྱང་ལྷག་ཏུ་ང་ལ་གཟིགས་སྐྱོང་བྱེད་འོང་། ཁོ་ཚོས་ཟས་ཐུན་རེ་རེར་ང་ལ་ཆེས་བཟང་བའི་གཟན་ཆས་ཟ་རུ་འཇུག་ལ། ད་དུང་། ད་ལྟ་ཁྱོད་ཀྱི་འགན་ཁུར་ཧ་ལམ་འགྲུབ་ཚར་བས། ཁྱོད་རང་ཉིན་ཅི་ཙམ་ལ་ངལ་གསོ་འདོད་ན་དེ་ཙམ་དུ་ངལ་གསོས་ཆོག་ཟེར།
       ངའི་ལུས་པོ་ཤིན་ཏུ་ངལ་དུབ་འདུག་མོད་འོན་ཀྱང་སེམས་པ་ནི་ཧ་ཅང་སྤྲོའོ། །དྲང་མོར་བཤད་ན། གལ་ཏེ་ཡུ་གུར་ན་ཡོད་པའི་དབང་དུ་བཏང་ན། ང་ལ་འདི་འདྲའི་ཐོབ་སྐལ་ཞིག་ཡོད་མི་སྲིད་དེ། ང་རང་མདོ་དབུས་མཐོ་སྒང་དུ་སླེབས་རྗེས་ད་གཟོད་འདི་འདྲའི་ཐོབ་སྐལ་ཞིག་རག
       སྐབས་འདིར། ཁྲོམ་གཞན་དག་ཀྱང་འཕྲོ་རིམ་འཕྲོར་སླེབས་བྱུང་། ཁོ་ཚོ་ཡོད་ན། ངའི་འགན་འཁུར་ཇེ་ཡང་དུ་འགྲོ་ལ་གནོན་ཤུགས་ཀྱང་ཆུང་བར་འགྱུར་ངེས། སྤྱིར་བཏང་གི་མ་མོ་དེ་དག་ལ་མཚོན་ན། ཕྱུགས་ནད་སྨན་པ་གཉིས་ཀྱིས་གསར་དུ་སླེབས་པའི་ཁྲོམ་དག་མངགས་ཏེ་སྦྱོར་དུ་འཇུག་པ་ལས་ང་རང་གཏན་ནས་མི་མངགས། མི་ཚོས་ང་ལ་མེ་ཏོག་འདོགས་པ་དང་ཁ་བཏགས་རིང་པོ་རེ་འཐེན་པ་མཐོང་ཕྲལ། རིགས་མཐུན་པ་ཁོ་ཚོས་ང་ལ་ཕྲག་དོག་ཆེན་པོ་སྐྱེས་འོང་། གཞན་ཡང་། ང་ནི་ཐད་འཕུར་གནམ་གྲུར་བསྡད་དེ་འོང་ཞིང་ཁོ་ཚོ་ནི་མེ་འཁོར་དང་ལྗིད་འཁོར་ལ་བསྡད་དེ་སླེབས་པས། སེམས་པ་དེ་བས་མི་བདེ་བར་གྱུར་འདུག། ལྟས་ངན་མང་པོ་ཞིག་གིས་ང་ལ་ཁ་ཡ་བྱེད་འདོད་ལ་མི་འདོད་པའི་ཚུགས་ཀ་ཞིག་བསྟན་འོང་། སྤྱིར་བཏང་དུ་ངས་འདི་དག་སེམས་ལ་མི་འཛིན་མོད། འོན་ཀྱང་དུས་ཡུན་རིང་པོ་འདས་རྗེས་སེམས་ཀྱང་ཅུང་མི་བདེ་བ་ཞིག་ཏུ་འདུག་སྟེ། ཅིས་ཀྱང་རང་དང་རིགས་མཐུན་པས་སོ། །
       གཟའ་འཁོར་གཅིག་ལ་ངལ་གསོས་རྗེས་ང་རང་བདེ་ལ་བབས་སོང་།
       དེའི་ཉིན་ཉི་མ་ཧ་ཅང་དྲོ་བས་ང་སྒོར་བུད་དེ་ཉི་མར་ལྡེ་ཞིང་ཉི་མར་ལྡེ་བཞིན་ལྡེ་བཞིན་རླུང་བུ་ཞིག་ལྡང་འོང་ལ། རླུང་བུ་དེ་ཅུང་ཙམ་གྲང་བས་ང་དབང་མེད་དུ་འཁྱག་འདར་ཞིག་བརྒྱབ། ངས་སྐབས་འདི་འདྲ་ཞིག་ལ་རླུང་བུ་གྲང་མོ་ཞིག་གང་ཞིག་ནས་ཐོན་བྱུང་ངམ་སེམས་བཞིན་པའི་དུས་སུ། ཕྱུགས་ནད་སྨན་པ་གཉིས་ཐག་རིང་ན་ཚུར་སླེབས་ཀྱིན་འདུག
       ཁོ་གཉིས་ཀྱིས་ཐག་རིང་ནས་ལག་པ་གཡུག་གཡུག་ངང་ང་ལ་འབོད་བརྡ་བཏང་འོང་སྟེ། “འ་རོ། རོགས་པ། ཁྱོད་ངལ་གསོས་པའང་ཕལ་ཆེར་རན་པོ་བྱུང་འདུག་གམ་”ཟེར།
       ངས་བྱ་རྨྱང་ཞིག་བྱས་རྗེས་“ཕལ་ཆེར་མི་ཆོག་རྒྱུ་མེད། དེ་རིང་སྒོར་བུད་ནས་ལུས་པོ་ཐར་ཤ་ཞིག་བཅད་པ་ཡིན་”ཞེས་བཤད།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས། “སྟབས་ལེགས་འདུག། སྟབས་ལེགས་འདུག། དེ་རིང་ངེད་ཅག་ལ་འགན་ཁུར་འདུག །ང་ཚོ་མར་ནང་སྡེ་བར་གཅིག་འགྲོ་དགོས་སོང་”ཟེར།
       ངས་“འགན་ཁུར་ཅི་ཞིག་རེད་”ཅེས་དྲིས་པར། མིག་ཤེལ་གྱོན་པའི་ཕྱུགས་ནད་སྨན་པས་“སོང་ན་ཁྱོད་ཀྱིས་ཤེས་འོང་”ཟེར།
       ངས་ཡང་བསྐྱར་“ངེད་ཅག་ནི་སྡེ་བ་གང་ལ་འགྲོ་དགོས་”ཞེས་དྲིས་པར།
       སྨན་གོས་རལ་བ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་ཚིག་སྔ་རྩད་དེ་“འདྲི་རྒྱུ་མ་མང་། ཁྱོད་སོང་ན་ཤེས་འོང་”ཟེར།
       ངེད་ཅག་གིས་འཕྲུལ་རྟ་རྐང་གསུམ་ཅན་ཞིག་བཏང་སྟེ་མིང་མི་ཤེས་པའི་སྡེ་བ་དེར་སྐྱོད་སྐབས། ལམ་འདིའི་རྒྱུད་ཀྱི་མཛེས་ལྗོངས་ནི་བསམ་ཡུལ་ལས་འདས་པའི་མཛེས་སྡུག་ལྡན་པ་ཞིག་རེད། ཕྱུགས་ནད་སྨན་པ་གཉིས་ཀྱིས་ཁ་བརྡ་བྱེད་ཀྱིན་འདུག་ལ་ངས་ལམ་བར་གྱི་མཛེས་ལྗོངས་ཁོ་ནར་རོལ་བ་ཡིན། འདི་ནི་ང་ཐེངས་དང་པོར་འཕྲུལ་རྟ་རྐང་གསུམ་ཅན་ལ་བསྡད་པ་ཡིན། ང་ནང་དུ་བསྡད་པ་ན་ཚོར་བ་ཁྱད་མཚར་ཅན་ཞིག་སྐྱེས་འོང་ལ། ཚོར་བ་འདི་འདྲ་ནི་ཁ་སྔོན་ཐད་འཕུར་གནམ་གྲུར་སྡོད་སྐབས་ཀྱི་ཚོར་བ་ལས་ཀྱང་ཁྱད་མཚར་ཞིག་ཏུ་འདུག་མོད། འོན་ཀྱང་ངས་ཕྱུགས་ནད་སྨན་པ་གཉིས་ལ་བཤད་མེད་དེ་ང་ཁོ་གཉིས་ཀྱིས་འཕྱ་སྨོད་བྱེད་འོང་བར་སྐྲག་བྱུང་ལ། ད་དུང་ཆེ་འདོད་གྲགས་འདོད་ཀྱི་སེམས་ཁམས་ཤིག་ཀྱང་མངའ་སྟེ། ང་གནམ་གྲུ་ལ་ཐེངས་གཅིག་བསྡད་པས་ད་གཟོད་མི་རྣམས་ཀྱིས་ལྟ་སྟངས་གསར་བ་ཞིག་བཟུང་བྱུང་མོད། འོན་ཀྱང་འཕྲུལ་རྟ་རྐང་གསུམ་ཅན་དུ་ཧ་ལམ་ས་འདིའི་མི་ཡོད་ཚད་བསྡད་མྱོང་ཕྱིན། ངས་རང་ཉིད་ཀྱི་ཚོར་བ་རྣལ་མ་དེ་བཤད་མི་ཐུབ།
       ཉི་མ་མགོ་ཐོག་ཏུ་དཔྱངས་འོང་དུས་ང་ཚོ་སྡེ་བ་དེར་སླེབས་སོང་།
       ཕྱུགས་ནད་སྨན་པ་གཉིས་ཀྱིས་ང་ཐད་ཀར་ཁྱིམ་ཚང་ཞིག་ཏུ་ཁྲིད། ཁྱིམ་ཚང་དེའི་ལུག་ར་ནི་ཁོ་ཚང་གི་སྒོ་ཁར་འདུག་ཅིང་། ཕྱུགས་ནད་སྨན་པ་གཉིས་ཀྱིས་ལུག་རའི་ནང་གི་མ་མོ་བཅུ་གྲངས་ཤིག་ཡོད་པ་དེར་མཛུབ་མོས་བསྟན་ཏེ། “དེ་རིང་གི་ཁྱོད་ཀྱི་འགན་ཁུར་ནི་མ་མོ་འདི་དག་ལ་སྦྱོར་དགོས་”ཟེར།
       ངས་མ་མོ་དེ་དག་ལ་ལྟ་བཞིན་དགའ་སྤྲོ་ཅུང་ཙམ་སྐྱེ་འོང་ཞིང་། མ་མོ་དེ་དག་དངོས་ནས་ཡག་པོ་འདུག། ངས་མ་མོ་དེ་དག་གིས་ཀྱང་ཡ་མཚན་པའི་མིག་མདངས་ཀྱིས་ང་ལ་བལྟས་འདུག་པ་ཚོར་བྱུང་ལ། ངས་ཁོ་ཚོས་ང་ཤེས་ངེས་སྙམ་སོང་། 
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་ལུག་རའི་སྒོ་ཕྱེ་རྗེས་ང་རང་ལུག་རའི་ནང་སྐུལ་ཏེ་བཏང་རྗེས། “སོང་ང་སྲ་ལ་བྱོས་”ཟེར།
       ང་རང་མདུན་ཕྱོགས་སུ་རྒྱུག་གྲབས་བྱེད་སྐབས་ངའི་མགོ་བོར་དབྱུག་དུམ་ཞིག་གིས་གཞུས་པས། ང་ཅུང་ཙམ་མགོ་ཡུ་འཁོར་བའི་སྣང་བ་ཞིག་སྐྱེ་ལ། སར་མ་འགྱེལ་མོད། འོན་ཀྱང་ཁྱར་ཁྱོར་ལན་འགའ་བྱས་བྱུང་།
       སྐབས་དེར་ངས་ད་གཟོད་འབྲོག་པ་རྒན་པོ་ཞིག་གིས་དབྱུག་པ་སྦོམ་པོ་ཞིག་ཡར་འཕྱར་ཏེ་ཡང་བསྐྱར་ང་ལ་རྒྱག་གྲབས་བྱེད་པ་མཐོང་བྱུང་།
       ངས་གཟུར་གྲབས་བྱེད་སྐབས་སུ་ཕྱུགས་ནད་སྨན་པ་གཉིས་མཆོངས་འོང་། ཁོ་གཉིས་ཀྱིས་གཡས་གཡོན་ནས་འབྲོག་པ་རྒན་པོའི་དཔུང་བར་འཐམས་བཞིན། “ཁྱོད་སྨྱོས་འདུག་གམ། རྩ་འཛུགས་ཀྱིས་མངགས་འོང་བའི་ཁྲོམ་ལའང་རྡུང་ཕོད་དམ།”ཞེས་གཤེ་གཤེ་བཏང་།
       འབྲོག་པ་རྒན་པོ་དེ་ཁོང་ཁྲོ་མེ་ལྟར་འབར་ཏེ་“རྡུང་མི་ཕོད་པ་ཅི་ཡོད། ད་རུང་འདི་འདྲ་བྱེད་ན་ཁྱོད་ཚོ་ལའང་ལྷན་དུ་རྡུང་དགོས་འདུག”ཅེས་ཟེར།
       སྨན་གོས་དཀར་པོ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་“སྟབས་ལེགས་ཏེ་ཁྱོད་ད་དུང་སྡེ་དཔོན་ཞིག་ཏུ་འདུག །ཁྱོད་བཟུང་སྟེ་བཙོན་འཇུག་བྱ་རྒྱུར་མི་སྐྲག་གམ།”ཞེས་ཟེར་བས།
       ངས་གཞི་ནས་ཁོ་ནི་ས་འདིའི་སྡེ་དཔོན་ཡིན་པ་ཤེས་སོང་།
       ཨ་ཁུ་སྡེ་དཔོན་ཚོམ་ཙམ་བྱས་རྗེས་ “མི་སྐྲག །མི་སྐྲག །ང་ཅི་ལའང་མི་སྐྲག”ཅེས་ཟེར།
       དེ་ནས། ཡང་ང་ལ་མཛུབ་མོས་བསྟན་ཏེ་“ངས་ལྟས་ངན་འདི་ལ་གཏན་ནས་སྦྱོར་དུ་མི་འཇུག །ངས་བཙོག་དམེ་འདི་རིགས་ཀྱིས་ང་ཚོའི་མཆོག་ཏུ་གྱུར་པའི་རིགས་རུས་བརླག་ཏུ་འཇུག་མི་འདོད་”ཅེས་ཟེར།
       ཕྱུགས་ནད་སྨན་པ་གཉིས་ཀྱིས་ཨ་ཁུ་སྡེ་དཔོན་ལ་ལྟ་བཞིན་ཅི་བྱ་གཏོལ་བྲལ་དུ་གྱུར་འདུག
       ངས་མགོ་བོས་ཁོ་གཉིས་ལ་གཅིག་རྡུང་རྗེས། “འདི་ཅི་མ་ཉན། འདིའང་ཅི་འདྲའི་ཉེན་ཁ་ཆེ་བ་ལ། ཅུང་ཙམ་མིན་ན་ངའི་སྲོག་ཀྱང་ཤོར་སོང་།”ཞེས་དྲིས།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་“ལྟས་ངན་འདི་ང་ཚོའི་ས་འདིའི་ཆེས་ཨུ་ཚུགས་ཆེ་ཞིང་། ཆེས་རྙིང་ཞེན་ཅན་གཅིག་པུ་རེད། འུ་ཅག་མ་ཟེར། ཡུལ་ཚོའི་ཧྲུའུ་ཅི་དང་ཡུལ་དཔོན་སླེབས་ཏེ་ཁོར་ཁ་བརྡ་བྱས་མོད་ཀྱང་ཁོའི་རྣར་མི་འགྲོ།”ཞེས་ཟེར།
       ངས་ད་དུང་ཧ་དེ་འདྲ་མི་གོ་བས། “འདི་ཡང་སྙིང་ཅི་ཞིག་བྱས་སོང་།” ཞེས་དྲིས།
       སྨན་གོས་དཀར་པོ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེས་དབུགས་རིང་ཞིག་ཕྱིར་ཕྱུང་རྗེས། “གསལ་བོར་བཤད་ན་ཁོས་ཁོ་ཚོའི་སྡེ་བའི་མ་མོ་དག་ལ་ཁྱོད་ཚོ་གསར་དུ་སླེབས་པའི་ཁྲོམ་དག་གིས་སྦྱོར་དུ་འཇུག་མ་འདོད། ཁོས་ཁྱོད་ཚོ་ཁྲོམ་འདི་རིགས་གཏན་ནས་བློར་མི་འབབ་ཟེར་”ཞེས་ཟེར།
       ངའང་འཚིག་པ་ཟོས་ཏེ། “འགྲོ། དེས་ན་ད་རུང་བསྡད་དེ་ཅི་བྱེད། ངས་ཀྱང་ཁོས་ད་སྔོན་ང་ལ་སྡིགས་པ་གོ་སོང་། སྡིགས་པའང་དེ་འདྲའི་མི་སྙན་པས། ངའང་ཁོམ་སོང་ནས་འདིར་འོང་བ་མིན། ཅིས་ཀྱང་ངའང་ནམ་གྲུར་བསྡད་དེ་འདིར་འོང་། ཁྱོད་ཀྱིས་རྒད་པོ་ལྟས་ངན་འདི་ལ་ཁོ་གནམ་གྲུར་བསྡད་ཨེ་མྱོང་གཅིག་དྲིས། ཁོའི་སྤྱོད་ལམ་ལ་བལྟས་ན་འཁོར་བར་ཐེངས་འགའ་འཁོར་ནའང་གནམ་གྲུར་སྡོད་ཐུབ་པའི་ངེས་པ་མེད།”ཅེས་བཤད།
       སྐད་ཆ་དེ་བཤད་མ་ཐག་ངས་རང་ཉིད་ཀྱི་ཚིག་དེ་ཤིན་ཏུ་གཟན་པར་འདུག་སྙམ་སོང་མོད། འོན་ཀྱང་ཚིག་ཤོར་བ་འཛིན་ཐབས་བྲལ་བའི་མདའ་མོའི་དཔེ་རུ་སོང་བས། ཐད་ཀར་མགོ་འཕང་མཐོ་རུ་བཏེགས་ཤིང་། ཁེངས་ཉམས་ཆེན་པོའི་ཟོལ་གྱིས་འབྲོག་པ་རྒན་པོ་དང་ཕྱུགས་ནད་སྨན་པ་གཉིས་ལ་ཟུར་མིག་གིས་བལྟས།
       ཕྱུགས་ནད་སྨན་པ་གཉིས་ཀྱིས་“ཁྱོད་ཀྱིས་འདི་འདྲ་གཏན་ནས་བྱེད་མི་ཉན །ང་ཚོ་འདིར་འོང་བ་ནི་གོང་རིམ་གྱི་བཀོད་སྒྲིག་རེད། གལ་ཏེ་འགན་འཁུར་མ་འགྲུབ་ཚེ་འུ་ཅག་ཚང་མར་སྐྱིད་པོ་ཡོད་མི་སྲིད།”ཟེར།
       ཕྱུགས་ནད་སྨན་པ་གཉིས་ཀྱིས་སྐད་ཆ་བཤད་མ་ཚར་གོང་། འགྲམ་ནས་སྐད་སྒྲ་འཛེར་བོ་ཞིག་གྲགས་བྱུང་སྟེ། “ཁྱི་སྐྱག་ཁྱོད་ཚོ་ཕར་འགྲོའམ་མི་འགྲོ། གལ་ཏེ་ད་རུང་མི་འགྲོ་ཚེ། ངས་ཁྱི་རྒན་ལག་ནས་གཏང་རྒྱུ་ཡིན།”།ཞེས་ཟེར།
       ངས་ཁ་ཕྱིར་འཁོར་ཏེ་ལྟ་དུས། ལུས་སྟོབས་རྒྱས་པའི་གསར་བུ་ཞིག་གིས་བེའུ་ཞིག་གི་ཆེ་ཆུང་དང་མཉམ་པའི་འབྲོག་ཁྱི་ཞིག་ཁྲིད་དེ་ངེད་ཅག་ལ་ཅེར་ནས་འདུག། འབྲོག་ཁྱི་དེས་ངེད་ཚོའི་ཕྱོགས་སུ་ཐེངས་འགར་ཟུག་ཅིང་། ཟུག་སྐད་ཤིན་ཏུ་འཇིགས་ཡེར་བ་ཞིག་རེད།
       སྤྱིར་ང་རང་ཁྱི་ལ་ཤིན་ཏུ་སྐྲག་ཅིང་ལྷག་ཏུ་འབྲོག་ཁྱིར་སྐྲག་པས་རང་དབང་མེད་པར་ཕྱུགས་ནད་སྨན་པ་གཉིས་ཀྱི་ལྟག་རྒྱབ་ཏུ་ཡིབ།
       གསར་བུ་དེས་འཁྲིས་ཀྱི་ཨ་ཁུ་སྡེ་དཔོན་ལ། “ཨ་ཕ། ཁྱོད་སྔོན་ལ་ནང་དུ་སོང་ཞིག །གལ་ཏེ་ཁོ་ཚོ་ད་རུང་མི་འགྲོ་ཚེ་ངས་ཁྱི་རྒན་བཏང་ནས་ཁོ་ཚོར་རྨུག་ཏུ་འཇུག་”ཅེས་ཟེར།
       ཨ་ཁུ་སྡེ་དཔོན་གྱིས་མྱུར་དུ། “ཁྱོད་ཀྱིས་འདི་འདྲ་གཏན་ནས་བྱེད་མི་ཉན། ང་ཚོའི་ཡུལ་ནས་སུ་ཞིག་སྒོ་ཁར་སླེབས་ན་དེ་ནི་མགྲོན་པོ་ཡིན་ངེས་་”ཞེས་ཟེར།
       གསར་བུ་དེས། “ང་འདི་ལྟ་བུའི་མགྲོན་པོར་དགའ་རྒྱུ་མེད་”ཟེར།
       གནས་ཚུལ་ལ་བརྟག་ན་བཟང་རྒྱུ་མེད་པས། ངས་ཕྱུགས་ནད་སྨན་པ་གཉིས་ལ་“འུ་ཅག་མྱུར་དུ་སོང་བས་དགའ།”ཞེས་བཤད།
       ད་ནི་ཕྱུགས་ནད་སྨན་པ་གཉིས་ཀྱིས་ཀྱང་ཅང་མ་བཤད་པར་ང་རང་འཁོར་སྒམ་དུ་བཅུག་སྟེ་འཁོར་ལོ་རྐང་གསུམ་མའི་འཕྲུལ་སྒུལ་འཁོར་ལོ་སྒུལ།
       ཨ་ཁུ་སྡེ་དཔོན་གྱིས། “ཁྱོད་ཚོ་ནང་ལ་སོང་སྟེ་ཇ་འཐུང་རྗེས་གཟོད་འགྲོ་རོགས། དེ་འདྲའི་ཐག་རིང་ཞིག་ནས་རྒྱུག་འོང་རྒྱུ་སླ་མོ་ཞིག་ག་ལ་ཡིན།”ཟེར།
       འཕྲུལ་རྟའི་འཕྲུལ་སྒུལ་འཁོར་ལོ་ཅི་ནས་སྒུལ་ཡང་སྒུལ་མ་ཐུབ་པས། ངའང་བྲེལ་འཚུབ་ཀྱིས་ཅི་བྱ་གཏོལ་མེད་དུ་གྱུར།
       ཨ་ཁུ་སྡེ་དཔོན་གྱིས་ལག་གི་དབྱུག་པ་སར་གཡུག་སྟེ། ང་ལ་གཅིག་བལྟས་རྗེས། “ད་སྔོན་ང་རང་ཅུང་ཟད་ངར་ལངས་ཏེ་ཁྲོམ་འདི་ལ་རྡུང་མི་འོས། ངས་འདིར་འོང་བ་ནི་ཁོའི་འདོད་ཚུལ་མིན་པ་ཤེས།”ཞེས་ཟེར།
ངའི་མགོ་བོ་ཤིན་ཏུ་ན་ཞིང་། འཚིག་པ་གཏིང་ནས་ཟོས་ཏེ་ཁོར་ཁ་ཡ་མ་བྱས།
       འཕྲུལ་རྟ་རྐང་གསུམ་གྱི་འཕྲུལ་སྒུལ་འཁོར་ལོ་གཞི་ནས་སྒུལ་ཐུབ་སོང་བས། མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པས་ཨ་ཁུ་སྡེ་དཔོན་ལ།“ཅི་རེད། ད་ལྟ་ཁྱོད་སྐྲག་བཞིན་འདུག་གམ།”ཞེས་ཟེར།
       ཨ་ཁུ་སྡེ་དཔོན་གྱིས་ཅི་ཡང་མ་བཤད།
       འཕྲུལ་རྟ་རྐང་གསུམ་མས་རྣ་བར་གཟན་པའི་སྒྲ་ཞིག་སྒྲོག་བཞིན་ཨ་ཁུ་སྡེ་དཔོན་ཚང་དང་ཁ་གྱེས།
       ཕྱིར་སྙེག་པའི་ལམ་བར་དུ་ང་ལ་སྤྲོ་སྣང་གི་ཚོར་བ་སྤུ་ཙམ་ཡང་མེད་པར་གྱུར་ཅིང་། ངའི་ཡིད་དུ་ཕྱིར་ལམ་སྙེག་སྐབས་ཀྱི་ཉི་འོད་དེ་མིག་ལ་ཤིན་ཏུ་གཙེས་པ་ཁོ་ན་དྲན་འོང་།
       ལམ་བར་དུ་འཕྲུལ་རྟ་རྐང་གསུམ་དེར་བརྡབ་གསིག་ཐེབས་ཤིང་། ངའི་སེམས་སུ་“འཕྲུལ་རྟ་རྐང་གསུམ་ལ་བལྟས་ན་གནམ་གྲུ་ལ་བསྡད་པས་དགའ་ཨང་”བསམས་བྱུང་ལ། སྐབས་འདིར་ངའི་སེམས་སུ་བསམ་ཚུལ་དེ་འདྲ་ཞིག་ཇི་ལྟར་བརྡོལ་བྱུང་བ་ངས་ཀྱང་ཤེས་མ་བྱུང་།
       རྩྭ་ཐང་ནས་གཞི་རྒྱ་ཆེ་བའི་སྦྱོར་སྡེབ་ཀྱི་བྱ་འགུལ་འདི་ལྟར་མཇུག་རྫོགས་ལ། ངའི་ལུས་པོའང་གཙང་བཅོམ་ལན་གཅིག་ལ་འཕྲད་པ་ལྟར་སྟོང་སིང་སིང་ངང་ཅི་ཞིག་ཡོངས་སུ་བྲུས་ཚར་བའི་ཚོར་བ་ཞིག་གིས་གཏམས་ཡོད།
       ང་ལ་ཆེད་དུ་བཟོས་པའི་ལུག་ར་ཆུང་ངུ་དེའི་གྱང་ངོས་སུ་ཁ་བཏགས་དང་མཚལ་མདོག་གི་མེ་ཏོག་ཆེན་པོ་དག་གིས་ཁེངས་པ་སྟེ། སྔོན་ཆད་ང་ཡི་གཟི་བརྗིད་མཚོན་པའི་དངོས་པོ་འདི་དག་ད་ནི་ངས་མིག་གིས་ལྟ་ཙམ་ཡང་བྱེད་འདོད་མ་བྱུང་། ཡུལ་ཚོ་སྲིད་གཞུང་གིས་ཕྱུགས་ནད་སྨན་པ་གཉིས་ལ་གཟེངས་བསྟོད་བྱས་ཏེ་ཁོ་གཉིས་ཀར་བྱ་དགའི་དཔང་ཡིག་གནང་ཞིང་། ད་རུང་ཁོ་གཉིས་ཀྱི་བྲང་ཁར་མེ་ཏོག་ཆེན་པོ་རེ་བཏགས། ཁོ་གཉིས་ལ་རིན་པོ་ཆེ་ཅི་ཞིག་རག་བྱུང་བ་ལྟར་སོ་སོའི་ལག་ནང་གི་བྱ་དགའི་དཔང་ཡིག་བསྟན་ཏེ་གོང་གི་འགོ་ཁྲིད་ལ་གུས་འདུད་ཞུ་ཞོར་དང་། བྱ་དགའི་དཔང་ཡིག་སྟེང་གི་ཡི་གེར་ལྟ་ཞོར་བྱས་ཏེ་དགའ་སྤྲོ་ཚད་མེད་སྐྱེ་འདུག །བྱ་དགའི་དཔང་ཡིག་སྟེང་དུ་རུས་མིང་ལས་གཞན་ཡི་གེ་ཨ་ན་མ་ན་བྲིས་འདུག་སྟེ། “བློ་མཐུན་xxxགྱིས་ད་ལོའི་ལུག་རྒྱུད་གསར་བ་སྤེལ་བའི་ལས་ཀའི་ཁྲོད་དུ་སྤྱོད་ཚུལ་གཟེངས་སུ་ཐོན་ལ་གྲུབ་འབྲས་མངོན་པར་གསལ་བས། ཆེད་དུ་གཟེངས་བསྟོད་བྱས་ཏེ་སྐུལ་ལྕག་བཏང་བ་ཡིན།”ཞེས་གསལ་བ་ངས་མཐོང་བྱུང་ལ། མཇུག་ཏུ་ད་རུང་སྲིད་གཞུང་གི་མིང་དང་ཐམ་ག་དམར་པོའང་འདུག །ཕྱུགས་ནད་སྨན་པ་གཉིས་དགའ་སྤྲོ་ཚད་མེད་སྐྱེ་བའི་རྣམ་པ་མཐོང་དུས་ས་འདིའི་མ་མོ་དག་ལ་སྦྱོར་བ་སྤེལ་མཁན་ནི་ཕལ་ཆེར་ང་མ་ཡིན་པར་ཁོ་གཉིས་ཡིན་པ་ལྟར་སྣང་བས། ང་རང་སྲིད་གཞུང་སྡེ་ཁག་གི་བྱེད་སྟངས་དང་ཁོ་གཉིས་ཀྱི་སྤྱོད་ཚུལ་འདི་ལྟ་བུར་ཅུང་ཙམ་འཚིག་པ་ཟ་འོང་མོད། འོན་ཀྱང་སྐབས་འདིར་ང་ལ་དངོས་ནས་ཁོ་ཚོར་ཁ་ཡ་བྱ་རྒྱུའི་སྟོབས་ཤུགས་མི་འདུག་སྟེ། ང་རང་ཤིན་ཏུ་ཐང་ཆད་འདུག
       དགུན་ཁ་འདས་རྗེས་དཔྱིད་ཀ་སླེབས་བྱུང་། གནས་འདིའི་དགུན་ཁར་གྲང་ངར་ཤིན་ཏུ་ཆེ་སྟེ། དེ་ནི་ངས་སྔ་མོ་ནས་ཀྱང་ཐོས་མོད། གནས་འདིའི་དཔྱིད་ཀའང་དེ་ལྟར་གྲང་བ་ཡིད་ཀྱི་དགུ་ལའང་མ་ཤར་ཏེ། ད་སོ་མར་འདས་ཟིན་པའི་དགུན་ཁ་ལྟར་གྲང་ངོ་། །
       གྲང་ནས་དགུན་ཁ་དང་ཧ་ལམ་ཁྱད་པར་ཆེར་མེད་པའི་དཔྱིད་དུས་འདིར། མ་མོ་དག་གིས་ལུ་གུ་བཙའ་རེས་བཙའ་ཚུགས་བྱས་བྱུང་།
       མཇུག་འབྲས་ཤིན་ཏུ་བཙོག་སྟེ། མ་མོ་དག་གིས་བཙས་པའི་ལུ་གུ་ལས་ཕྱེད་ཙམ་ནི་གསོན་མ་ཐུབ་པར་འཆི་བར་གྱུར།
       རྩྭ་ཐང་གི་ལ་ལུང་ཀུན་ཏུ་ལུ་གུའི་རོས་ཁྱབ་འདུག །ལུ་གུ་ལ་ལ་བཙས་མ་ཐག་འཆི་བར་གྱུར་ཅིང་། མ་མོ་དེ་ཚོས་རང་ཉིད་ཀྱིས་བཙས་པའི་ལུ་གུར་གཅིག་བལྟས་ཤིང་། མིག་མདངས་ཁྲོད་སྙིང་རྗེའི་ཉམས་འགྱུར་སྤུ་ཙམ་ཡང་མི་འདུག་སྟེ། ལུ་གུ་དེ་དག་ཁོ་ཚོས་བཙས་པ་མིན་པ་ལྟར་སྣང་། ངའི་བསམ་པར་སྐབས་ལ་ལར་ཁོ་ཚོ་རང་ཉིད་ཀྱིས་བཙས་པའི་ལུ་གུར་ད་དུང་སུན་སྣང་ཅུང་ཟད་སྐྱེས་པ་འདྲ་སྟེ། གཅིག་བལྟས་རྗེས་དེ་མ་ཉིད་དུ་གྱེས་འགྲོ་ལ་ཕྱིར་མིག་ཙམ་ཡང་མི་བལྟ།
       སྤང་ཐོག་ཧྲིལ་བོར་ལུ་གུའི་རོས་ཁྱབ་འདུག་པ་མཐོང་དུས་ངའི་སེམས་སུ་ན་ཟུག་གི་ཚོར་བ་ཞིག་གིས་ཁྱབ་འོང་ཞིང་། དེ་དག་ནི་ཅིས་ཀྱང་རང་ཉིད་ཀྱི་ཤ་རུས་ལས་ཆད་པས་སོ། །
       རེ་ཞིག་ལ་ང་ནི་ཕལ་ཆེར་འདི་དག་ཡོད་ཚད་བཟོ་མཁན་གྱི་ཉེས་ཅན་གཏེ་བོ་ལྟ་བུར་གྱུར་ཅིང་། མི་རྣམས་ཀྱིས་ང་ལ་བཟུང་བའི་ལྟ་སྟངས་ཀྱང་རྦད་དེ་འགྱུར་འདུག །ད་ནི་ང་ལ་ཁ་བཏགས་འཐེན་མཁན་མེད་ལ། ང་ལ་མེ་ཏོག་འདོགས་མཁན་ཡང་མེད་པར་གྱུར། ང་ཡི་གསོ་ཆས་ཀྱང་ལྟས་ལྟས་རིག་རིག་ཏུ་སྔོན་ལ་མ་དོ། །
       ཡུལ་ཚོའི་འགོ་ཁྲིད་དག་ཐེངས་འགར་སླེབས་ཤིང་། ཁོ་ཚོས་ཕྱུགས་ནད་སྨན་པ་གཉིས་བོས་ཏེ་སྐད་གསེང་མཐོན་པོས་ཅི་ཡིན་གྱི་གནས་ཚུལ་དྲིས་ཤིང་། ཕྱུགས་ནད་སྨན་པ་གཉིས་ཀྱང་དངངས་སྐྲག་གིས་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ། ང་ཚོས་ཀྱང་ཅི་བྱུང་བ་མི་ཤེས་ཟེར།
       འགོ་ཁྲིད་དག་སྔར་ལས་ཀྱང་ཁོང་ཁྲོ་ལངས་ཤིང་། ཕྱུགས་ནད་སྨན་པ་གཉིས་ཀྱི་གཞུང་ཤག་གི་གྱང་ངོས་སུ་བཀལ་བའི་བྱ་དགའི་དཔང་ཡིག་གཤགས་ཏེ་སར་གཡུག་ཅིང་མཚམས་མ་ཆད་པར་རྡོག་བརྫིས་བྱས།
       ཕྱུགས་ནད་སྨན་པ་གཉིས་ཀྱིས་འགོ་ཁྲིད་དག་གི་གདོང་ལའང་ལྟ་མ་ཕོད་པར་མགོ་བོ་སྨད་དེ་དབུགས་རྔུབ་ལེན་བྱེད་ཀྱིན་གདའ།
       ངས་ཕྱུགས་ནད་སྨན་པ་གཉིས་ལ་ལྟ་བཞིན་སྙིང་རྗེ་ཚད་མེད་ཅིག་སྐྱེ་སྟེ་འགོ་ཁྲིད་དེ་དག་ལ་“འགོ་ཁྲིད་བློ་མཐུན། འདི་ནི་ཁོ་གཉིས་ཀྱི་སྐྱོན་མ་ཡིན་ཏེ། འདི་ཕལ་ཆེར་ངའི་གནད་དོན་ཡིན་པ་འདྲ།”ཞེས་བཤད།
       འགོ་ཁྲིད་དག་གིས་ཁ་ཕྱིར་འཁོར་ཏེ་ང་ལ་ཅེར་ཞིང་ཁོང་ཁྲོ་རབ་ཏུ་འབར་ཏེ་ཁ་ནས་ཚིག་ཀྱང་མ་ཐོན།
       མཇུག་མཐར། སེམས་ཁམས་ཅུང་ཙམ་ལྷོད་འཇགས་ཡིན་པའི་འགོ་ཁྲིད་གཅིག་གིས་འགོ་ཁྲིད་གཞན་དག་ལ་“ཁྱོད་ཚོས་ཤོད་དང་། ད་ཇི་ལྟར་བྱའམ། གོང་རིམ་གྱིས་ངེད་ཅག་གི་ས་འདི་ནི་རྫོང་ཡོངས་ཀྱི་ཚོད་ལྟ་བྱེད་སར་གཏན་འཁེལ་བྱས་ཏེ་ཁྱབ་སྤེལ་གཏོང་རྒྱུ་རེད། ད་ལྟ་འདི་འདྲ་ཞིག་ཏུ་གྱུར་འདུག་པས་འུ་ཅག་གིས་གོང་རིམ་ལ་ཇི་ལྟར་ཡར་ཞུ་བྱའམ།”ཞེས་ཟེར།
       བཤད་བཞིན་བཤད་བཞིན་སེམས་ཁམས་ཅུང་ལྷོད་འཇགས་ཡིན་པའི་འགོ་ཁྲིད་འདིའང་ངར་ལངས་བྱུང་།
       ངས་ཅི་ཞིག་བཤད་དགོས་པའང་མི་ཤེས། སེམས་སུ་“མ་གཞིར་ཁོ་ཚོའི་གོང་ནའང་ཁོ་ཚོར་དོ་དམ་བྱེད་མཁན་ཡོད་འདུག་”ཅེས་བསམས་སོང་།
       ཉིན་གཉིས་ཀྱི་རྗེས་སུ་པེ་ཅིང་ཅི་ཕུ་རྟགས་ཅན་གྱི་རླངས་འཁོར་ཞིག་འོང་སྟེ་ཕྱུགས་ནད་སྨན་པ་གཉིས་དྲུད་སོང་། འགྲོ་ཁར་ཁོ་གཉིས་ཀྱིས་གསོ་ཆས་སི་ཁུག་གང་ངའི་མདུན་དུ་གཡུག་བྱུང་ལ་ཅི་ཞིག་ཀྱང་མ་བཤད།
       ཁོ་ཚོ་སོང་རྗེས་ང་ལ་གཏན་ནས་སྦྱོར་སྡེབ་བྱེད་དུ་མི་འཇུག་པའི་ཨ་ཁུ་སྡེ་དཔོན་ཡང་ང་ལ་ལྟ་རུ་སླེབས་བྱུང་།
       ངའི་བསམ་པར་ཁོས་ང་མཐོང་ན་ངས་སྡིག་གྱོང་རེག་འདུག་ཚུལ་མཐོང་བའི་རྣམ་འགྱུར་ཞིག་གིས་ང་ལ་ལྟ་ངེས་སྙམ་མོད། འོན་ཀྱང་ཁོ་ནི་དེ་ལྟ་མ་ཡིན་པར། ཁོའི་གདོང་ཡོངས་གཟབ་ནན་གྱིས་དུས་ཡུན་རིང་པོ་ཞིག་ལ་ང་ལ་བལྟས་བསྡད་དེ་ཅི་ཡང་མ་བཤད། ངའི་བསམ་པར་ཁོས་ང་ལ་འཕྱ་སྨོད་བྱེད་ཀྱིན་འདུག་སྙམ་སྟེ་མགོ་བོ་གཞན་དུ་གཅུས།
       ཅུང་ཙམ་གྱི་རྗེས་སུ་ངས་ཁོས་འདི་ལྟར་བཤད་པ་ཐོས་པ་སྟེ། “གལ་ཏེ་དུས་སྐབས་དེར་འདི་ཚོས་ངའི་ཁར་ཉན་ཏེ་སྙིང་བོས་དབེན་པ་འདི་འདྲ་ཞིག་བསྒྲུབ་མེད་ན་འགྲིག་འདུག་ཨང་། ལུ་གུ་འདི་འདྲ་མང་པོ་ཞིག་འཆི་ལམ་དུ་བརྫངས་པའང་དོན་དུ་ཁྱོད་ལན་འདུག་སྙམ་ག་ལ་རུང་། རིགས་རྒྱུད་གསར་བ་གང་ཞིག་ཁོར་ཡུག་མི་འདྲ་བ་ཞིག་ལ་འཕྲོད་དགོས་ན་དུས་ཡུན་ངེས་ཅན་ཞིག་དང་བརྒྱུད་རིམ་ཞིག་ཀྱང་དགོས།”ཞེས་ཟེར།
       སྐད་ཆ་འདི་ང་རང་ས་འདིར་སླེབས་རྗེས་ཆེས་གནད་ལ་འཁེལ་བའི་ཚིག་གཅིག་པུ་རེད།
       དེ་ནས་ཁ་རོག་གེར་གྱུར་ཅིང་། དེའི་རྗེས་ནས་ངས་ཨ་ཁུ་སྡེ་དཔོན་ཕྱིར་ལོག་གྱིན་པའི་གོམ་སྒྲ་ཐོས་འོང་། ཁོའི་གོམ་སྒྲར་ཉན་དུས་ཅུང་ཙམ་ལྗིད་ཏིག་ཏིག་ཏུ་སྣང་ལ་མི་སེམས་ལ་ཅི་ཡིན་ཆ་མི་འཚལ་བའི་སྐྱོ་སྣང་གི་སེམས་ཁྲལ་རིགས་ཤིག་སྐྱེལ་འོང་།
       སྐབས་འདིར། ངའི་སེམས་ཁོངས་ནས་ཁོ་ལ་ཡིད་ཆེས་ཤིག་སྐྱེས་འོང་ཞིང་ང་ཁ་ཕྱིར་འཁོར་ཏེ་ལྟག་རྒྱབ་ནས་ཁོར་། “ལྦེ། ཨ་ཁུ་སྡེ་དཔོན། ངས་ཁྱོད་ལ་གཅིག་འདྲི། ང་ས་འདིར་མི་འཕྲོད་ན་ཁོ་ཚོས་ཅིའི་ཕྱིར་ང་རང་གནམ་གྲུ་སྤྱད་དེ་འདིར་དྲུད་འོང་སྟེ་ས་འདིའི་མ་མོ་དག་ལ་སྦྱོར་དུ་བཅུག་གམ་”ཞེས་བོས་ཏེ་དྲིས།
       ཨ་ཁུ་སྡེ་དཔོན་འགྲོ་མཚམས་བཞག་སྟེ། ཏབ་ཅིག་བསྡད་ཅིང་ཅི་ཞིག་ལ་འདང་རྒྱག་བཞིན་པ་འདྲ། དེ་ནས་དལ་མོར་ཁ་ཕྱིར་འཁོར་ཏེ་ང་ལ་ལྟ་བཞིན། “ཁྱོད་ཀྱིས་དངོས་ནས་ཁྱོད་རང་འདིར་འོང་དོན་མི་ཤེས་སམ་”ཞེས་ཟེར།
       ངས་མགོ་བོ་གཡུག་ཙམ་བྱས་ཤིང་། གདོང་ནས་ཅི་ཡིན་ཆ་མི་འཚལ་བའི་ཉམས་ཤིག་སྟོན་བཞིན་“མི་ཤེས་”ཞེས་བཤད།
       ཨ་ཁུ་སྡེ་དཔོན་གྱིས། “ཁྱོད་རང་སྙིང་མ་རྗེ།”ཞེས་ཟེར།
       ངས་སྔར་བཞིན་གདོང་ནས་ཅི་ཡིན་ཆ་མི་འཚལ་བའི་ཉམས་ཀྱིས་“ངས་དངོས་ནས་མི་ཤེས་”ཞེས་བཤད།
       ཨ་ཁུ་སྡེ་དཔོན་གྱིས་དབུགས་རིང་ཞིག་ཕྱིར་ཕྱུང་རྗེས། “དེ་ནི་ཁྱོད་ཀྱི་ལུས་སྟེང་གི་བལ་ནི་ངེད་ཅག་ས་འདིའི་བོད་ལུག་གི་བལ་ལས་ཅུང་བཟང་ཞིང་། རིན་གོང་ཅུང་བཟང་བས་རེད་”ཅེས་ཟེར།
       ཁོའི་སྐད་ཆ་དེ་ཐོས་རྗེས་ང་ཅུང་ཙམ་ཅི་བྱ་གཏོལ་བྲལ་དུ་གྱུར་ཅིང་། ཁོ་ཚོས་གནམ་གྲུ་སྤྱད་དེ་ང་རང་འདིར་དྲུད་འོང་བ་ནི་རྒྱུ་རྐྱེན་འདི་འདྲ་ཞིག་གི་ཆེད་དུ་ཡིན་པ་ནི་ངའི་ཡིད་ཀྱི་དགུ་ལའང་མ་དྲན་ཏེ། དངོས་ནས་བསམ་ཡུལ་ལས་འདས་པ་ཞིག་རེད།
       ཨ་ཁུ་སྡེ་དཔོན་དགོད་ཞོར་“གལ་ཏེ་རྒྱུ་རྐྱེན་འདི་འདྲ་ཞིག་གི་ཆེད་དུ་མིན་ན་ཁྱོད་འདིར་དྲུད་འོང་ངམ། ཁྱོད་ཀྱིས་ལྟོས་དང་། ཁྱོད་ཀྱི་བྱད་གཟུགས་ངེད་ཅག་བོད་ལུག་གི་ཁྲོམ་ལྟར་ཡག་རྒྱུ་མེད་ལ། ཉམས་ཀྱང་མེད་ལ་ཉབ་བེ་ཉོབ་བེར་འདུག་ཅིང་། ད་དུང་ཟ་རྔམ་ཡང་དེ་འདྲ་ཞིག་ཆེ།”ཞེས་ཟེར།
       ངས་ཅི་ཡང་མ་བཤད། ཨ་ཁུ་སྡེ་དཔོན་གྱིས་བཤད་པ་བདེན་ཏེ། བྱད་གཟུགས་ཟེར་ན་ང་དངོས་ནས་ས་འདིའི་བོད་ལུག་གི་ཁྲོམ་ལྟ་བུ་ཡག་རྒྱུ་མེད་ལ་དེ་ལྟ་བུའི་ཉམས་ཀྱང་མེད་ལ། ད་དུང་ངའི་ཟ་རྔམ་ཡང་དངོས་ནས་ཧ་ཅང་ཆེ་བས། འདིར་སླེབས་པ་ནས་བཟུང་ལྟོ་བ་གཏན་ནས་རྒྱག་རྒྱུ་མེད་པས། ཕྱུགས་ནད་སྨན་པ་གཉིས་ཀྱིས་ཀྱང་ང་ལ་ཟུར་ཟ་བྱས་མྱོང་།
       ངས་འདང་རྒྱག་གི་ཚུགས་ཀར་ལྟ་བཞིན་ཨ་ཁུ་སྡེ་དཔོན་གྱིས་དེ་ནས་ཅི་ཡང་མ་བཤད།
       ཁོ་བུད་སོང་། གོམ་པ་འགའ་སོང་རྗེས། འགྲོ་མཚམས་བཞག་སྟེ་མགོ་བོ་གཡུག་ཙམ་བྱས།
       དེ་ནས། ངའི་ཀླད་པའི་ནང་རབ་བེ་རིབ་བེར་གྱུར་ཏེ་ཕལ་ཆེར་གཉིད་མ་ཟད་ལྟ་བུར་གྱུར་ཅིང་། དེ་ལྟར་སྲོད་ཁའི་བར་དུ་གཉིད་ཟིན། དུང་བརྡ་ཞིག་གིས་ང་རང་ཚུལ་དེ་ནས་གཉིད་དཀྲོག་བྱུང་།
       ངས་མགོ་བོ་ཡར་བཀྱགས་ཏེ་ལྟ་དུས་པེ་ཅིང་ཅི་ཕུ་རྟགས་ཅན་གྱི་རླངས་འཁོར་དེ་མི་རིང་བའི་ས་ནས་བསྡད་བྱུང་། ཕྱུགས་ནད་སྨན་པ་གཉིས་ནང་ནས་ཕྱིར་ལྡིང་འོང་ལ། སླར་ཡང་ཁ་ཕྱིར་འཁོར་ནས་པེ་ཅིང་ཅི་ཕུ་རྟགས་ཅན་གྱི་རླངས་འཁོར་ནང་གི་མི་གང་དེར་གྱེས་བརྡ་གཏོང་བཞིན་འདུག
       པེ་ཅིང་ཅི་ཕུ་རྟགས་ཅན་གྱི་རླངས་འཁོར་སོང་རྗེས་ཁོ་གཉིས་ངའི་ལུག་རའི་ཕྱོགས་སུ་གཏད་དེ་སླེབས་བྱུང་།
       ཁོ་གཉིས་ཀྱི་སེམས་ཁམས་ནངས་མོའི་སྐབས་དང་བསྡུར་ན་བདེ་ལ་མི་འདྲ་བ་ཞིག་བབས་འདུག་པ་ངས་ཐག་རིང་ཐག་རིང་ནས་ཚོར་འོང་། ཁོ་གཉིས་ཀྱི་གདོང་ན་འཛུམ་མདངས་མངོན་མེད་མོད། འོན་ཀྱང་ནངས་མོའི་དུས་ཀྱི་སྐྱོ་གདུང་གི་རྣམ་པ་དེའང་མི་འདུག
       ཁོ་གཉིས་ཉེ་སར་སླེབས་སྐབས་ངས་རྒྱང་ནས་“ཁྱོད་གཉིས་ཕྱིར་སླེབས་བྱུང་ངམ།”ཞེས་དྲིས་།
       ཁོ་གཉིས་ཀྱིས་མགྲིན་གཅིག་ཏུ། “ཕྱིར་བུད་ཡོང་། ཕྱིར་བུད་ཡོང་།”ཞེས་ཟེར།
       ཁོ་གཉིས་ཀྱི་སྐད་གདངས་ཁྲོད་དུ་འགེབས་ཐབས་བྲལ་བའི་སྤྲོ་སྣང་ཞིག་གིས་ཁྱབ་འདུག
       ངས་བསྲན་མ་ཐུབ་པར་ཡང་སྙིང་ཅི་ཞིག་བྱས་སོང་། ཞེས་དྲིས།
       ཁོ་གཉིས་ཀྱིས་ཀྱང་བསྲན་མ་ཐུབ་པ་ལྟར། “གོང་རིམ་གྱིས་གསུངས་བྱུང་སྟེ། འུ་ཅག་གི་གནད་དོན་མ་ཡིན་ལ། འུ་ཅག་ལ་གནད་དོན་ཅི་ཡང་མི་འདུག”ཅེས་ཟེར།
       ང་རང་སྔར་ལས་ཅི་ཡིན་འདི་ཡིན་མེད་པར་གྱུར་ཏེ། “ཡང་སྙིང་ཅི་ཞིག་བྱས་སོང་ངམ།”ཞེས་ཡང་བསྐྱར་ཐེངས་ཤིག་དྲིས།
       ཁོ་གཉིས་ཀྱིས་གཞི་ནས་“གོང་རིམ་གྱི་ཆེད་མཁས་པས་གསུངས་བྱུང་སྟེ། འུ་ཅག་གིས་སྦྱོར་སྡེབ་ཀྱི་དུས་ཚོད་ནོར་ཏེ་ལུ་གུ་དཔྱིད་མགོར་བཙས་སུ་བཅུག །གལ་ཏེ་དུས་ཚོད་རྩིས་པ་འཚམ་ཚེ་གནད་དོན་འདི་ལྟ་བུ་འབྱུང་མི་སྲིད་ཟེར།”ཞེས་ཟེར།
       ང་རང་ཉིད་ཀྱང་ལྷོད་ལ་བབས་སོང་།
       གཅིག་ནས་ཁོ་གཉིས་ཀྱིས་རྒྱུ་མཚན་འདི་འདྲ་ཞིག་རྙེད་རྐྱེན་དང་ཡང་ཕྱོགས་གཞན་ཞིག་ནས་ཁོ་གཉིས་ཀྱིས་ང་ལ་བཟུང་བའི་ལྟ་སྟངས་ཀྱང་འགྱུར་འདུག
       མ་ཤི་བའི་ལུ་གུ་དེ་དག་ཧ་ལམ་ཡོད་ཚད་གསོན་ཐུབ་སོང་།
       ཁོ་ཚོའི་བྱད་གཟུགས་ལ་བལྟས་འོང་ན་ཅུང་ཡ་མཚན་ཞིག་སྟེ། ང་ཚོའི་ཡུ་གུར་ཕྱོགས་ཀྱི་ལུ་གུར་མི་འདྲ་ལ་མདོ་དབུས་མཐོ་སྒང་འདི་ཕྱོགས་ཀྱི་ལུ་གུར་ཡང་མི་འདྲ། འབྲོག་པ་ཚོས་དགོད་བྲོ་བའི་མཚར་གཏམ་ཏག་ཏག་བསྒྲིགས་ཏེ་ཁོ་ཚོའི་བྱད་གཟུགས་ལ་འཕྱ་སྨོད་བྱེད་བཞིན་མཆིས།
       ཕྱི་ལོར་ངའི་དྲུས་རྩ་ལངས་པའི་དུས་ལ་སླེབས་དུས་ང་རང་སླར་ཡང་སྡོད་གཟོད་མི་བདེ་བར་གྱུར་ཅིང་། ངས་ས་འདིའི་མ་མོ་དག་ལ་སྦྱོར་སྡེབ་ཀྱི་དགའ་བདེར་རོལ་རྒྱུ་ནི་སྐོམ་པ་ཆུ་འདོད་དུ་གྱུར་མོད། འོན་ཀྱང་། ཏག་ཏག་སྐབས་འདི་ལ་ཕྱུགས་ནད་སྨན་པ་གཉིས་ཀྱིས་རས་མཐུག་ཡུག་གཅིག་ཁྱེར་འོང་སྟེ་ངའི་ཁོག་སྨད་དམ་པོར་དཀྲིས་བྱུང་།
       ང་རང་མ་མོ་དེ་དག་གི་དཀྱིལ་དུ་ཕར་རྒྱུག་ཚུར་རྒྱུག་བྱས་མོད། འོན་ཀྱང་ཕན་པ་ཅི་ཡང་མ་བྱུང་བས། ངས་ཁུ་བ་འོག་གི་རས་མཐུག་སྟེང་དུ་འཛག་དགོས་སོང་། ཕྱུགས་ནད་སྨན་པ་གཉིས་ཀྱིས་ངའི་ཚུགས་ཀར་ལྟ་བཞིན་ལྐོག་ན་ཧབ་ཆ་རྒྱག་བཞིན་མཆིས་ལ། ངའི་བསམ་པར་སྔོན་ཆད་ང་དང་སྦྱོར་མྱོང་བའི་མ་མོ་དེ་དག་གིས་ཀྱང་ང་ལ་འཕྱ་བཞིན་འདུག་སྙམ་ཞིང་། ངས་ཀྱང་ངའི་ཚུགས་ཀ་དགོད་བྲོ་བ་ཁོ་ཐག་རེད་སྙམ་ལ། ང་ལ་དམའ་འབེབས་ཚད་མེད་ཅིག་ཐེབས་འདུག་པར་ཡང་སྙམ།  
       ངའི་ལུས་སྟེང་གི་ཁྲག་དམར་མཚམས་མི་ཆད་པར་སྟོད་དུ་འཚང་ཞིང་། ངའི་སྣང་བར་ངའི་མིག་ནང་དུ་ཁྲག་གིས་ཁེངས་འདུག་ལ། ངའི་མགོ་བོའང་མྱུར་དུ་འགད་སྲིད་སྙམ། ངས་ལུས་སྟེང་གི་ཤུགས་ཡོད་ཚད་བཏོན་ཏེ་ཕྱུགས་ནད་སྨན་པ་གཉིས་ཀྱི་སར་མཆོངས་ཤིང་། ཕྱུགས་ནད་སྨན་པ་གཉིས་ཀྱིས་ངའི་ཚུགས་ཀ་མཐོང་ཕྲལ་བྲེལ་འཚུབ་སྐྱེས་ཏེ། ཁ་ནས་“ལྟས་ངན་འདི་སྨྱོས་སོང་། སྨྱོས་སོང་།”ཞེས་ཟེར་བཞིན་རྐང་བ་བཏེགས་ཏེ་ཕྱིར་བྲོས་མོད། འོན་ཀྱང་ཅུང་མ་འགོར་བར་ངའི་རྡུང་ཁ་ཐེབས་པས་ཁ་གནམ་ལ་འཁོར་ཏེ་འགྱེལ། ཁོ་གཉིས་ཀྱིས་འབྲོ་མི་ཐུབ་པ་མཐོང་ཕྲལ། སར་བཙོག་སྟེ་ང་ལ་ཞུ་བ་བྱེད་བྱུང་སྟེ་“ཁྱོད་ལ་ཞུ་བ་བྱེད། ཁྱོད་ལ་ཞུ་བ་བྱེད། འདི་འདྲ་མི་བྱ་རོགས། ངེད་གཉིས་ལའང་ཐབས་མེད་པར་འདི་འདྲ་བྱས་པ་ཡིན། གཞན་གྱིས་དུས་སྐབས་འདིར་ཁྱོད་ལ་སྦྱོར་སྡེབ་བྱེད་དུ་མ་བཅུག་པས་ད་གཟོད་འདི་འདྲའི་ཇུས་གཞི་ཞིག་ལག་བསྟར་བྱེད་དགོས་སོང་། ཐབས་འདིའང་མི་དེ་དག་གི་ཡིད་ལ་འཆར་བ་རེད། ངེད་གཉིས་ཀྱིས་འདི་འདྲའི་ཡིད་རྟོན་མི་རུང་བའི་ཐབས་ཤེས་ཤིག་འཐེན་སྲིད་དམ། མི་དེ་ཚོ་ཁོ་ནས་ད་གཟོད་ཡིད་རྟོན་མི་རུང་བའི་ཐབས་ཤེས་འདི་འདྲ་ཞིག་ཡིད་ལ་འཆར་བ་རེད། ངེད་གཉིས་ནི་ཕྱུགས་ནད་སྨན་པ་ཡིན་པས། མི་དང་དུད་འགྲོ་སུ་ཡིན་ཡང་རང་བྱུང་གི་ཆོས་ཉིད་དང་བསྟུན་དགོས་ཤིང་། གལ་ཏེ་རང་བྱུང་གི་ཆོས་ཉིད་དང་འགལ་ན་དེ་ནི་དངོས་ནས་དུད་འགྲོ་ལའང་མི་དོ་བ་ངེད་གཉིས་ཀྱིས་ཤེས།”ཞེས་ཟེར།
       ཁོ་གཉིས་ཀྱི་ཚུགས་ཀ་དེ་ཧ་ཅང་སྙིང་རྗེ་བ་ཞིག་ཡིན་ལ་ཁོ་གཉིས་ཀྱིས་བཤད་པ་ལའང་གནས་ལུགས་ཅུང་ཙམ་མཆིས་པས། ངས་མུ་མཐུད་དུ་ཁོ་གཉིས་ལ་ལན་ཆགས་བཟོ་རྒྱུའི་རྒྱུ་མཚན་ཅི་ཡང་མི་འདུག །འོན་ཀྱང་ཁོ་གཉིས་ཀྱིས་མཇུག་ཏུ་བཤད་པའི་“དེ་ནི་དངོས་ནས་དུད་འགྲོ་ལའང་མི་དོ་”ཞེས་པའི་ཚིག་དེས་ང་རང་མི་བདེ་བ་ཞིག་ཏུ་བཟོས་སོང་། དེ་ནི་མིའི་རིགས་ཀྱིས་སེམས་ཀྱི་གཏིང་ནས་ངེད་ཅག་དུད་འགྲོ་རྣམས་ལ་མཐོང་ཆུང་གི་མངོན་ཚུལ་ཞིག་ཡིན་པ་ངས་ཤེས་མོད། འོན་ཀྱང་ཐབས་ཤེས་ཅི་ཞིག་ཡོད་དམ། མིའི་རིགས་ལ་མ་གཞི་ནས་ཧ་ཅང་མཐོ་རིམ་གྱི་སྲོག་ཆགས་རིགས་ཤིག་གི་མཚན་ཉིད་སྦྱར་འདུག་ཨང་།
       སླར་ཡང་ཟླ་བ་གཉིས་འདས་རྗེས་ད་གཟོད་གཞི་རྒྱ་ཆེ་བའི་སྦྱོར་སྡེབ་ཀྱི་མགོ་ཚུགས། དྲུས་རྩ་ལངས་པའི་དུས་སྐབས་གཞི་ནས་གཟིར་བའི་རྐྱེན་གྱིས། ངའི་ཁྲག་རྒྱུན་དུ་སྡོད་བཟོད་མི་བདེ་བའི་ཚོར་བ་དེ་སྔ་མོ་ནས་ཡལ་ཟིན་པས། ངས་ཁ་གཏད་བཅག་པ་ཙམ་བྱེད་པ་ནི་གཞུང་དོན་ཞིག་འགྲུབ་ཐབས་བྱས་པ་ལྟར་རོ། །
       རྗེས་སུ། ལུ་གུ་གསོན་པའི་འཕར་ཚད་ཤིན་ཏུ་མཐོན་པོར་སླེབས་པས། ཡུལ་ཚོའི་འགོ་ཁྲིད་དག་ཤིན་ཏུ་དགའ་འདུག་ལ། ཕྱུགས་ནད་སྨན་པ་གཉིས་ཀྱང་ཤིན་ཏུ་དགའ་འདུག
       ཁོ་གཉིས་ཀྱིས་སྔར་གཤག་ཟིན་པའི་བྱ་དགའི་དཔང་ཡིག་དེ་ཕྱིར་སྒྲིག་ཅིང་འབྱར་ཆུའི་སྦྱར་རྗེས་པར་སྒྲོམ་དུ་བཅུག་སྟེ་སླར་ཡང་གྱང་ངོས་སུ་བཀལ།
       གོང་རིམ་གྱི་འགོ་ཁྲིད་ཀྱང་ངེད་ཅག་གི་སར་ཕེབས་ཏེ་བྱ་བར་རྟོག་དཔྱོད་བྱས། ཁོ་ཚོས་ཡུལ་ཚོའི་འགོ་ཁྲིད་ལ་བསྟོད་བསྔགས་བྱེད་ལ། སྡེ་བའི་ལས་བྱེད་མི་སྣ་དང་། ད་དུང་ཕྱུགས་ནད་སྨན་པ་གཉིས། ཡུལ་ཚོའི་འགོ་ཁྲིད་དག་གིས་ཀྱང་མཚམས་མ་ཆད་པར་ངོ་དགའ་སྤྲེལ་ལད་ཀྱིས་འདི་དག་ཡོད་ཚད་ནི་གོང་རིམ་གྱིས་ཁོ་ཚོར་ཡང་དག་པའི་མཛུབ་སྟོན་གནང་བས་རེད་ཅེས་བཤད་པས། བལྟས་འོང་ན་གོང་རིམ་གྱི་འགོ་ཁྲིད་དག་ཀྱང་ཤིན་ཏུ་དགའ་འདུག
       གོང་རིམ་གྱི་འགོ་ཁྲིད་ཀྱིས་ད་དུང་ང་ལ་མཚལ་མདོག་གི་མེ་ཏོག་ཆེན་པོ་ཞིག་བཏགས།
       ང་ལ་མཚལ་མདོག་གི་མེ་ཏོག་ཆེན་པོ་དེ་འདོགས་མཁན་གྱི་འགོ་ཁྲིད་དེས་ང་ལ་མེ་ཏོག་འདོགས་ཞོར་དང་། འདི་འདྲའི་གྲུབ་འབྲས་ལེགས་པོ་ཞིག་ཐོབ་པར་ཁྱོད་རང་དགའ་འདུག་གམ། ཁྱོད་རང་ང་རྒྱལ་སྐྱེས་ཡོད་དམ་ཞེས་འདྲི་ཞོར་བྱས་མོད།
ངས་ཅི་ཞིག་བཤད་དགོས་པའང་མ་ཤེས་པས། ཁོར་ལྟ་བཞིན་ཁ་མ་གྲགས།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེ་ངའི་འཁྲིས་སུ་རྒྱུག་འོང་སྟེ། “ཁོ་ལོས་དགའ། ཉིན་འདི་གཉིས་ལ་ངས་ལྟ་དུས་ཁོ་དགའ་སྟེ་རྒྱུན་དུ་གཉིད་ཀྱང་ཁུགས་ཀྱིན་མི་འདུག་”ཅེས་ཟེར།
       ངས་དངོས་ནས་ཁོར་ཕྲ་ཞིག་བརྒྱབ་ན་འདོད་དེ། ཉིན་འདི་གཉིས་ལ་ང་དགའ་སྟེ་གཉིད་ཀྱང་ཁུགས་ཀྱིན་མེད་པ་ཁོས་ནམ་ཞིག་ལ་མཐོང་བ་ངས་མི་ཤེས། ཉིན་འདི་གཉིས་ལ་ང་རང་གཉིད་ཧ་ཅང་སྐྱིད་པོ་བྱུང་ཞིང་། ཕལ་ཆེར་ཤིན་ཏུ་ཐང་ཆད་པའི་རྐྱེན་ཡིན་པ་འདྲ།
       འགོ་ཁྲིད་ཀྱིས་ཀྱང་ང་ལ་ལྟ་སྟངས་ཇི་འདྲ་ཞིག་མཆིས་པར་ཁ་ཡ་མ་བྱས་པར། ཁ་ཕྱིར་འཁོར་ཏེ་གཞན་དག་ལ་ཁ་བརྡ་བྱེད་ཀྱིན་འདུག
       ཐེངས་འདིར། དེ་སྔོན་སྦྱོར་སྡེབ་བྱེད་རྒྱུ་འགོག་མཁན་ཨ་ཁུ་སྡེ་དཔོན་ལ་ཕམ་ཁ་ཆེན་པོ་ཞིག་ཐེབས་པར་རྩིས་ཆོག་སྟེ། ཁོས་གོང་རིམ་གྱི་མཛུབ་སྟོན་ལག་བསྟར་མ་བྱས་པས། སྡེ་དཔོན་གྱི་གོ་གནས་ལས་ཕབ་ཅིང་། ཁོའི་གོ་གནས་དེ་ཁོ་ཚོའི་སྡེ་བའི་གསར་བུ་ཞིག་གིས་ཚབ་བྱེད། གསར་བུ་དེས་མགྱོགས་མྱུར་ངང་གོང་རིམ་གྱི་མཛུབ་སྟོན་ལག་བསྟར་བྱས། ཉིན་འགའ་ལས་མ་འགོར་བར། ཁོས་མི་སྣ་རྩ་འཛུགས་བྱས་ཏེ་ཁོ་ཚོའི་སྡེ་བའི་མ་མོ་དག་འདིར་དྲུད་འོང་ནས་ཡུ་གུར་གྱི་ཁྲོམ་གཞན་དག་དང་སྦྱོར་དུ་བཅུག  །ངས་ངའི་ལུས་ཕུང་བདེ་བོ་མི་འདུག་ཅེས་བཤད་དེ་ཐེངས་འདིའི་སྦྱོར་སྡེབ་ལ་མ་ཞུགས། སྐབས་དེར་ངའི་ལུས་ཕུང་དངོས་ནས་ཀྱང་དེ་འདྲ་བདེ་བོ་མི་འདུག །འོན་ཀྱང་ང་རང་དངོས་ནས་ཀྱང་ཐེངས་འདིའི་སྦྱོར་སྡེབ་ལ་ཞུགས་ཀྱང་མ་འདོད། ཅི་ཡིན་ཆ་མ་འཚལ་མོད། ངའི་ཟླ་བོ་དེ་དག་སྤྲོ་བས་རབ་ཏུ་མྱོས་འདུག་ལ་སྦྱོར་སྡེབ་བྱས་ཚར་རྗེས་ད་དུང་དགའ་སྤྲོ་ཚད་མེད་ཀྱིས་ཉིན་འགའ་ལ་འུར་བརྒྱབ།
       དོན་དག་ཅིག་ཞུ་རྒྱུ་ཞིག་ལ། ཨ་ཁུ་སྡེ་དཔོན་གྱིས་ཁོ་ཚང་གི་མ་མོ་དག་ལ་ངའི་ཟླ་བོ་ཚོར་གཏན་ནས་སྦྱོར་དུ་མ་བཅུག །སྐབས་དེར་སྒོ་ཕྱུགས་ནི་དུད་ཚང་ལ་འགན་གཙང་ལེན་བྱེད་དུ་བཅུག་པས། ཡུལ་ཚོའི་འགོ་ཁྲིད་དག་ལའང་ཁོའི་འདོད་པ་ལྟར་བྱེད་དུ་འཇུག་རྒྱུ་ལས་ཐབས་ཅི་ཡང་མ་བྱུང་། ང་ཐེངས་འདིའི་སྦྱོར་སྡེབ་ལ་མ་ཞུགས་པ་ཐོས་འཕྲལ་རྗེས་སུ་ཨ་ཁུ་སྡེ་དཔོན་ཆེད་དུ་ང་ལ་ཐེངས་གཅིག་ལྟ་རུ་སླེབས། ཁོས་ཅི་ཡང་མ་བཤད་པར་ང་ལ་ཡུད་ཙམ་ཅེར་རྗེས་བུད་སོང་།
       དེའི་རྗེས་ཀྱི་ལོ་ངོ་གཉིས་ལ་ཕལ་ཆེར་སྔོན་དང་ཁྱད་པར་ཆེར་མི་འདུག །སྦྱོར་སྡེབ་སྔར་བཞིན་སྤེལ་བཞིན་མཆིས་ལ་ལུ་གུའི་གསོན་ཚད་ཀྱང་གཏན་འཇགས་སུ་གནས། ལོ་གཉིས་ཀྱི་རྗེས་སུ། ལུ་གུ་དེ་དག་ཀྱང་ཆེར་སོན་ཞིང་། རྒྱུ་སྤུས་ལེགས་བཅོས་བྱས་ཟིན་པའི་ལུག་དེ་དག་གིས་ཀྱང་བལ་དཀར་ཐོན་སྐྱེད་བྱས་བྱུང་། ངེད་ཅག་ཡུ་གུར་གྱི་ཁྲོམ་དང་སྦྱོར་སྡེབ་བྱས་ཏེ་ཐོན་པའི་ལུག་གི་བལ་ནི་དངོས་ནས་སྔར་གྱི་བོད་ལུག་དག་མའི་རྒྱུད་ལས་ཐོན་པའི་བལ་དང་བསྡུར་ན་ཐོན་འབབ་ཆེ་ལ། ཁ་དོག་ཀྱང་ཅུང་དཀར་ཞིང་ལྷད་མེད་པ་ཞིག་གོ། ལོ་དེར་རྒྱུ་སྤུས་རྩེར་སོན་གྱི་བལ་གྱི་རིན་གོང་ཧ་ཅང་བཟང་ལ་འབྲོག་དམངས་ཀྱི་ཡོང་འབབ་ཀྱང་ཧ་ཅང་བཟང་།
       རྫོང་ཐོག་གི་རླུང་འཕྲིན་དང་། ཞིང་ཆེན་གྱི་ཚགས་པར། ཐ་ན་བརྙན་འཕྲིན་ལས་ཀྱང་དོན་དག་འདི་བརྒྱུད་སྒྲོག་བྱས་ཤིང་། ས་ཆ་མང་པོ་ཞིག་གིས་ང་ཚོའི་ས་འདི་གྲུབ་འབྲས་ལེགས་པའི་མིག་དཔེ་ཞིག་ཏུ་བརྩིས་ཏེ་ས་གནས་གཞན་པར་ཁྱབ་སྤེལ་བྱེད་མགོ་ཚུགས་ལ། ཕལ་ཆེར་མདོ་དབུས་མཐོ་སྒང་གི་ལུག་རྒྱུད་དེ་རྒྱུད་གཞན་ཞིག་ཏུ་གཙང་སྒྱུར་བྱ་དགོས་པ་དང་འདྲ་བས། བལྟས་འོང་ན་དངོས་ནས་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་གིས་ཁེངས་འདུག །གོ་ཐོས་ལྟར་ན་ཡུ་གུར་ནས་ཡང་བསྐྱར་སྔར་ལས་མང་བའི་ཁྲོམ་དྲུད་ཡོང་འདུག་ཟེར་ལ། འོན་ཀྱང་ངས་ཤེས་པ་ལྟར་ན་ཐེངས་འདིར་ཚང་མ་མེ་འཁོར་དང་ལྗིད་འཁོར་ལས་དྲུད་འོང་ཞིང་། ཐད་འཕུར་གནམ་གྲུ་ལས་དྲུད་འོང་བའི་ཁྲོམ་གཅིག་ཀྱང་མི་འདུག །འདི་ཙམ་ལ་བལྟས་ན། ང་ནི་ས་འདིའི་ཁྲོམ་དག་ལས་ཆེས་བསོད་ནམས་ཅན་གཅིག་པུ་རེད། འོན་ཀྱང་ད་ལྟ་ངས་ཀྱང་འདི་ལ་ང་རྒྱལ་སྐྱེས་རིན་ཡོད་པ་ཞིག་རེད་འདོད་མ་བྱུང་།
       རྗེས་སུ། ངའི་གོ་ཐོས་ལྟར་ན་ཡུལ་ཚོ་དང་སྡེ་བའི་ལས་བྱེད་པ་མང་པོ་ཞིག་ཨ་ཁུ་སྡེ་དཔོན་གྱི་སར་སོང་སྟེ་ཁ་ཏ་བྱས་པར་བཤད་མོད། འོན་ཀྱང་ཨ་ཁུ་སྡེ་དཔོན་སྔར་བཞིན་ཨུ་ཚུགས་ཀྱིས་ཐོག་མའི་བསམ་འདུན་ལ་འགྱུར་བ་བཏང་མི་འདུག །འདིའི་སྟེང་ནས་ང་ཁོ་ལ་ཧ་ཅང་ཡི་རངས་སྐྱེས། རྗེས་སུ། ཕྱུགས་ནད་སྨན་པ་གཉིས་ཀྱིས་ཐ་ན་ངའང་ཨ་ཁུ་སྡེ་དཔོན་ལ་ཁ་ཏ་བྱེད་པར་མངགས་འདོད་བྱུང་མོད། འོན་ཀྱང་ང་མ་སོང་བས། ཕྱུགས་ནད་སྨན་པ་གཉིས་ཤིན་ཏུ་ཡིད་ཆད་དེ་ཁྱོད་འགྱུར་འདུག་ལ་སྔོན་ཆད་དང་མི་འདྲ་ཟེར། ངས་རང་ཉིད་འགྱུར་ཡོད་མེད་མ་ཤེས་ལ། ང་རང་དངོས་ནས་འགྱུར་ཡོད་ལས་ཆེ།
       སླར་ཡང་ལོ་ངོ་གསུམ་འདས་ཤིང་གནས་ཚུལ་ལ་འགྱུར་ལྡོག་མི་འདྲ་བ་ཞིག་བྱུང་། ངེད་ཅག་གི་རྒྱུད་པའི་རྒྱུ་སྤུས་ལེགས་བཅོས་བྱས་ཟིན་པའི་ལུག་གི་བལ་གྱི་རིན་གོང་དེ་འདྲ་ཞིག་མ་ཡིན་ལ། རྒྱུ་སྤུས་ལེགས་བཅོས་བྱས་ཟིན་པའི་ལུག་ནི་སྔོན་གྱི་བོད་ལུག་དང་བསྡུར་ན་ཟ་རྔམ་ཆེ་བས། སྒོ་ཕྱུགས་ཀུན་གྱི་འཚོ་གནས་ལའང་ཤུགས་རྐྱེན་བཟོས།
       གོང་རིམ་གྱི་འགོ་ཁྲིད་ལ་ལས་བསམ་ཞིབ་བྱེད་མགོ་ཚུགས་ཏེ་མིས་ཐབས་ཀྱིས་ཕྱུགས་རྒྱུད་བསྒྱུར་ཚུལ་ནི་ཕལ་ཆེར་ནོར་འདུག་པ་འདྲ་ཟེར་མོད། འོན་ཀྱང་ཁོ་ཚོས་ཀྱང་ཕལ་ཆེར་ནོར་འདུག་ཟེར་བ་ཙམ་ལས་རྩ་བ་ནས་ནོར་འདུག་ཟེར་གྱིན་མེད།
       འབྲོག་པ་ཁ་ཁེར་གྱིས་ཀྱང་ལེ་བདའ་བྱས་བྱུང་སྟེ། རྒྱུ་སྤུས་ལེགས་བཅོས་བྱས་ཟིན་པའི་ལུག་དག་ལས་ཐོན་པའི་བལ་ལ་རིན་གོང་མེད་པར་མ་ཟད། ལྟོ་ཆས་ཟོས་པ་ཡང་ཤིན་ཏུ་མང་བས་གསོ་རྒྱུ་དཀའ་ཟེར་ཞིང་། ཐ་ན་ལ་ལས་ང་ཚོའི་རྒྱུད་པའི་རྒྱུ་སྤུས་ལེགས་བཅོས་བྱས་ཟིན་པའི་ལུག་ཤ་ཟོས་ན་བྲོ་བ་ཡ་མཚན་ཞིག་མཆིས་ལ་ཞིམ་རྒྱུ་མེད་ཟེར་བ་དེས་ངེད་ཅག་ཁྲོམ་དག་ལ་ཁོང་ཁྲོ་བསླང་ཞིང་། ཚང་མས་ལྷན་གཅིག་ཏུ་ཁ་ཟས་གཅོད་པའི་ཐབས་ཀྱིས་གཏམ་བརྗོད་འདི་རིགས་ལ་ངོ་རྒོལ་བྱས་མོད། འོན་ཀྱང་ངེད་ཅག་གིས་ཁ་ཟས་བཅད་ན། ཁོ་ཚོ་ལྷག་ཏུ་དགའ་བ་འདྲ་སྟེ། དེ་ལྟར་བྱས་ན་ཏག་ཏག་གཟན་རྩ་མང་ཙམ་གྲོན་ཆུང་བྱ་ཐུབ་ཟེར། ང་ཚོའི་ནང་ཁུལ་དུ་ཁ་ཐོར་མགོ་ཚུགས་ཤིང་། ཁྲོམ་ལ་ལས་འདི་ལྟར་བྱས་ན་སྙིང་བོ་གཏན་ནས་མི་འདུག་ཟེར་བཞིན། རྩྭ་རར་གཟན་རྩྭ་བཟའ་བར་བྲོས་སོང་། དེ་བས། ཟས་བཅད་ཀྱི་བྱ་འགུལ་མུ་མཐུད་ནས་རྒྱུན་མ་བསྐྱང་། སྐབས་འདིར། ང་རང་ཉིད་ཀྱི་རིགས་མཐུན་རྣམས་ལ་ཡིད་ཆད་ཞིག་ཀྱང་སྐྱེས་འོང་།
       སྐབས་འདིར། ལྡོག་སྟེ་བོད་ལུག་གི་བལ་ལ་རིན་གོང་ལྡན་མགོ་ཚུགས་ཤིང་། ཐག་རིང་གི་ཕྱི་རྒྱལ་དུ་འཚོང་ཐུབ་ཟེར་བས། འབྲོག་པ་མང་པོ་ས་གཞན་ལ་རྒྱུག་སྟེ་བོད་ལུག་རྣལ་མ་ཉོས་འོང་ཞིང་ས་འདིའི་རྒྱུ་སྤུས་ལེགས་བཅོས་བྱས་ཟིན་པའི་མ་མོ་དག་ལ་སྦྱོར་དུ་བཅུག་སྟེ་རིགས་རྒྱུད་ཕྱིར་སྡེབ་པར་འདོད་པས། ངའི་ཟླ་བོ་དེ་དག་རང་བཞིན་གྱིས་ཕམ་བྱུང་ལ། ང་ལ་ཅིས་ཀྱང་ཕམ་བྱུང་བའི་སེམས་ཚོར་ཅང་མེད་པར། འཇིག་རྟེན་གྱི་དོན་དག་ནི་སུས་ཀྱང་བཤད་དཀའ་ལ་གསལ་ཆ་མི་འདུག་འབའ་ཞིག་བསམས་སོང་།
       སྐབས་འདིར། ཨ་ཁུ་སྡེ་དཔོན་ནི་ངེད་ཅག་གི་ས་འདིའི་གནད་འགག་གི་མི་སྣ་ཞིག་ཏུ་གྱུར་ལ། རྫོང་གི་རླུང་འཕྲིན་དང་། ཞིང་ཆེན་གྱི་ཚགས་པར། བརྙན་འཕྲིན་ལས་ཀྱང་ཁོ་རང་སྒྲོག་སྤེལ་བྱས། བརྙན་འཕྲིན་ལས་ངས་ཁོའི་གཟུགས་བརྙན་ཙམ་མཐོང་ཞིང་། རྒྱུས་མེད་ཀྱི་སྐད་ཅིག་གིས་མཚམས་མ་ཆད་པར་ཁོའི་གནས་ཚུལ་ལབ་ཀྱིན་འདུག །རྗེས་སུ་ངས་གཞི་ནས་ཁོ་རང་ཉིད་ཀྱི་སྐད་ལན་གཅིག་ཐོས་བྱུང་། ཐེངས་དེར་ཁོ་རང་ཞིང་ཆེན་དུ་གདན་དྲངས་ཏེ་གཟེངས་བསྟོད་ཚོགས་འདུ་ཞིག་ལ་ཞུགས་པ་རེད། ངས་བརྙན་འཕྲིན་ལས་གསར་འགོད་པ་ཞིག་གིས་ཁོར་“ཨ་ཁུ་སྡེ་དཔོན་ལགས། ལོ་དེ་དག་ལ་ཁྱོད་ཀྱིས་ཅིའི་ཕྱིར་རང་ཉིད་ཀྱི་མ་མོ་དག་ལ་ཡུ་གུར་ནས་ཐོན་པའི་ཁྲོམ་དག་གིས་སྦྱོར་རྒྱུ་བཀག་པ་རྒྱུན་འཁྱོངས་བྱས་པ་ཡིན།”ཞེས་འདྲི་བཞིན་པ་མཐོང་།
       ཨ་ཁུ་སྡེ་དཔོན་གྱིས་ཁོར་ཅེར་བཞིན་“ང་རང་སྔ་མོ་ཞིག་ནས་སྡེ་དཔོན་ཞེས་པ་དེ་མ་ཡིན་པས་ཁྱོད་ཀྱིས་ང་ལ་སྡེ་དཔོན་ཞེས་མ་འབོད་”ཅེས་ཟེར།
       གསར་འགོད་པ་ཐེ་ཚོམ་ཞིག་སྐྱེས་ཞོར་“དེས་ན་ཁྱེད་རང་མཐོང་རྒྱ་ཡངས་པའི་རྒན་པོ་ཞིག་གི་ཚུལ་གྱིས་ཁྱེད་ཀྱིས་ད་དུང་ཚིག་འགའ་གསུང་རོགས་གནང་”ཞེས་བཤད།
       ཨ་ཁུ་སྡེ་དཔོན་གྱིས་བརྙན་མིག་ལ་གཅིག་བལྟས་ཤིང་སླར་ཡང་གསར་འགོད་པར་གཅིག་བལྟས་རྗེས་དོགས་མི་བདེ་བའི་ཉམས་ཀྱིས་“ང་ལ་མཐོང་རྒྱ་ཅང་མེད། ང་ལ་དངོས་ནས་མཐོང་རྒྱ་ཅང་མེད་”ཅེས་ཟེར།
       གསར་འགོད་པ་ཅུང་བྲེལ་འཚུབ་སྐྱེས་ཏེ་“དེས་ན་ཁྱེད་ཀྱིས་བསམ་ཚོད་རེ་གཉིས་གསུང་རོགས། བསམ་ཚོད་ཙམ་གསུང་རོགས་”ཞེས་ཟེར།
       རྒན་པོས། “བརྙན་འཕྲིན་ནས་སྐད་ཆ་བཤད་ན། ཀུན་གྱིས་མཐོང་ཐུབ་རྒྱུ་རེད་ལ།”ཞེས་ཟེར།
       གསར་འགོད་པ་དགའ་སྤྲོའི་ངང་“མཐོང་ཐུབ། མཐོང་ཐུབ། ཁྱེད་ཀྱིས་མྱུར་མོར་གསུང་རོགས།”ཟེར།
       ཨ་ཁུ་སྡེ་དཔོན་གྱིས། “དེས་ན་ལྷག་ཏུ་བཤད་མི་ཉན། ཀུན་གྱིས་མཐོང་ཐུབ་ས་ཞིག་ནས་སྦྱོར་སྡེབ་ལྟ་བུའི་ཚུལ་མིན་གྱི་དོན་དག་འདི་འདྲ་བཤད་ཅི་ལ་ཉན། གལ་ཏེ་ང་ཚོའི་སྡེ་མི་ཞིག་གིས་མཐོང་ཚེ་ང་རང་ཕྱིར་ལོག་ས་ཡོད་མི་སྲིད།”ཅེས་ཟེར།
       གསར་འགོད་པས་ཨ་ཁུ་སྡེ་དཔོན་ལ་ཅེར་ཞིང་། སྐབས་དེར་བརྙན་འཕྲིན་ལས་གཟུགས་རིས་གཞན་ཞིག་འཆར་བྱུང་།
       སྡེ་བའི་འབྲོག་པ་དང་ཉེ་འཁོར་གྱི་སྡེ་བའི་འབྲོག་པ་ཁ་ཁེར་ཡང་འདུག་སྟེ། ཁོ་ཚོས་རང་རང་གི་རྒྱུ་སྤུས་ལེགས་བཅོས་བྱས་ཟིན་པའི་མ་མོ་དག་ཁྲིད་དེ་ཨ་ཁུ་སྡེ་དཔོན་ཚང་ལ་སླེབས་ཤིང་། ཁོའི་བོད་ཀྱི་ལུག་རྒྱུད་རྣལ་མའི་ཁྲོམ་དག་གིས་ཁོ་ཚོའི་མ་མོར་སྦྱོར་རྒྱུ་ཞུ་བ་བྱས་མོད། ཨ་ཁུ་སྡེ་དཔོན་གྱིས་དང་ལེན་མ་བྱས་པར་འདི་ལྟར་བྱས་ཏེ་བཙས་པ་ནི་ལྷག་ཏུ་ར་མ་ལུག་ལྟ་བུར་འགྱུར་ངེས་ཟེར། ཀུན་གྱིས་བཤད་ན་རྒད་པོ་འདི་ཤིན་ཏུ་ཡ་མཚན་ཞིག་སྟེ། རྩ་ཞིག་མི་ཚང་ཟེར་མོད། འོན་ཀྱང་ཨ་ཁུ་སྡེ་དཔོན་གྱིས་གཞན་གྱིས་ཅི་བཤད་ལ་ཁ་ཡ་མི་བྱེད་པར་རང་གི་བསམ་ཚོད་ལྟར་བྱས།
       རྗེས་སུ། ང་ཡི་རིགས་མཐུན་དག་སྔ་ཕྱི་བྱས་ཏེ་བཙོངས་ཟིན། ཁོ་ཚོ་སྔ་ཕྱི་བྱས་ཏེ་རྫོང་ཐོག་གི་བཤས་རར་བཙོངས།
       ཤུལ་དུ་ལུས་འདུག་པའི་ང་ཡི་རིགས་མཐུན་དག་གི་སེམས་ཤུགས་རབ་ཏུ་ཉམས་ཤིང་། བལྟས་ན་འཆི་རྒྱུར་སྒུག་འདུག་པ་དང་འདྲ།
       ངས་ཐེངས་ཁ་ཤས་ལ་ཕྱུགས་ནད་སྨན་པ་གཉིས་ལ་“ངེད་ཅག་ཁྲོམ་དག་གི་ཤའི་བྲོ་བ་མི་ཞིམ་ལ་སྲ་མོ་ཡིན་ཕྱིན་ཟ་མཁན་མེད་པས། ངེད་ཅག་མ་ཚོངས་”ཞེས་བཤད།
       ཕྱུགས་ནད་སྨན་པ་གཉིས་ཀྱིས། “ཁྱོད་རང་མ་བཙོང་ན་ཡག་པོ་འདུག །ཤ་ཞིམ་མི་ཞིམ་ཁྱོད་ཀྱིས་སེམས་ཁུར་བྱེད་མི་དགོས། ཅི་བྱས་ཀྱང་ཟ་མཁན་ཡོད་ངེས། ཡང་གཅིག་བཤད་ན། གྲོང་ཁྱེར་གྱི་མི་དེ་དག་ལ་ཁྱོད་ཀྱིས་ཁྱི་ཤ་ཞིག་ལུག་ཤའི་ཟོལ་གྱིས་བཙོངས་ཀྱང་། ཁོ་ཚོས་དངོས་མི་ཟིན་པས་ད་དུང་འདིའི་དབྱེ་བ་འབྱེད་ཐུབ་བམ་”ཞེས་ཟེར།
       ང་ཁ་རོག་གེར་བསྡད་ཅིང་སེམས་ཁོངས་ནས་སྐྱོ་ངལ་སྐྱེ་བ་ལས་ཐབས་གཞན་མ་བྱུང་། ངའི་སེམས་སུ་“འདི་ནི་མི་དང་སྒོ་ཕྱུགས་ཀྱི་ཁྱད་པར་ཏེ། སྒོ་ཕྱུགས་ནི་ཅིས་ཀྱང་མིའི་དབང་བསྒྱུར་ངེས་ཨང་”བསམས་སོང་།
       སྟོན་མཇུག་གི་ནངས་མོ་ཞིག་ལ། ཕྱུགས་ནད་སྨན་པ་གཉིས་ཀྱིས་མི་ཞིག་ཁྲིད་འོང་སྟེ་ངའི་ལུག་རར་འཛུལ་བྱུང་། ངས་མི་དེ་མཐོང་མ་ཐག་དེ་ནི་བཤན་པ་ཞིག་ཡིན་པ་ཤེས། ཁོའི་ལུས་སྟེང་ནས་ཁྲག་དྲི་སྟུག་པོ་ཞིག་ཁྱབ་འོང་དུས་ངས་དེ་མ་ཐག་དེ་ནི་ང་ཡི་རིགས་མཐུན་ཚོའི་ཁྲག་དྲི་ཡིན་པ་ཚོར་ལ། ངས་དོན་དག་ཅི་ཞིག་འབྱུང་རྒྱུ་ཡིན་པ་ཚོར་བྱུང་།
       ཕྱུགས་ནད་སྨན་པ་གཉིས་ཀྱིས་ང་ལ་བལྟས་འདུག་པ་ལས་ཅི་ཡང་མི་བཤད། ཁོ་ཚོར་བཤད་རྒྱུ་ཞིག་ཡོད་མོད། འོན་ཀྱང་བཤད་ཐུབ་ཀྱིན་མེད་པ་ལྟ་བུའི་བཟོ་ལྟ་ཞིག་བསྟན་བྱུང་།
       ངའི་སེམས་སུ་འཇིགས་པ་སྤུ་ཙམ་ཡང་མེད་པར་ཁོ་གཉིས་ལ་གཅིག་བལྟས་རྗེས། “ཁྱོད་ཚོས་ང་རང་བཤས་རར་བཙོང་རྒྱུ་ཡིན་ནམ་”ཞེས་དྲིས།
       མིག་ཤེལ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེ་ཐེ་ཚོམ་ཞིག་སྐྱེ་ཞིང་། དེ་ནས། “གོང་གི་བཀོད་སྒྲིག་ལྟར་ན་ང་ཚོའི་ས་འདིའི་ཡུ་གུར་ནས་དྲུད་འོང་བའི་ཁྲོམ་ཡོད་ཚད་བཙོང་དགོས་ཟེར་”ཞེས་ཟེར།
       ང་གཅིག་བགད་རྗེས། ཟུར་ཟའི་ཚུལ་གྱིས། “གནམ་གྲུར་དྲུད་འོང་བའི་ཁྲོམ་ངའང་འདུས་སམ་”ཞེས་བཤད།
       སྨན་གོས་དཀར་པོ་གྱོན་འདུག་པའི་ཕྱུགས་ནད་སྨན་པ་དེར་ངས་ཟུར་ཟ་བྱས་པར་ཡང་ལྟ་སྟངས་ཅི་ཡང་མི་འདུག་པ་ལྟར་“ཁྱོད་རང་ཁྲོམ་གཞན་དང་མི་འདྲ་བ་ནི་ང་ཚོས་ཤེས་ཡོད་ལ། སྐབས་དེར་བྱས་རྗེས་ཤིན་ཏུ་ཆེ་བའང་ང་ཚོས་ཤེས་ཡོད། འོན་ཀྱང་ད་ནི་ཡོད་ཚད་འགྱུར་འདུག་པས། ངེད་ཅག་ལའང་ཐབས་བཀོད་མི་འདུག་”ཅེས་ཟེར།
       ཁོས་ཅིའི་ཕྱིར་རྒྱུན་དུ་འདི་འདྲའི་སྨན་གོས་དཀར་པོ་རལ་བ་ཞིག་གྱོན་འདུག་པ་དེར་ང་རང་རྟག་ཏུ་སོམ་ཉིར་ཚུད་པས། ངས་“ཁྱོད་ཀྱིས་ཅིའི་ཕྱིར་རྒྱུན་དུ་འདི་འདྲའི་སྨན་གོས་དཀར་པོ་རལ་བ་ཞིག་གྱོན་ཏེ་མི་བརྗེ་བ་ཡིན་”ཞེས་དྲིས།
       ཁོ་ཅུང་ཙམ་བསམ་ཡུལ་ལས་འདས་ཤིང་། ཕལ་ཆེར་ངས་བཤད་པ་ཧ་མ་གོ་བ་ལྟར་“ཅི་ཟེར་རམ་”ཞེས་དྲིས།
       ངས། “ཁྱོད་ཀྱིས་ཅིའི་ཕྱིར་རྒྱུན་དུ་འདི་འདྲའི་སྨན་གོས་དཀར་པོ་རལ་བ་ཞིག་གྱོན་ཏེ་མི་བརྗེ་བ་ཡིན་ཞེས་དྲིས་པ་ཡིན་”ཞེས་བཤད།
       ཁོས་ཕལ་ཆེར་ད་སོ་མ་ཧ་གོ་སོང་བ་ལྟར་“འོ། དེ་ཅང་མིན། གྱོན་ནས་ལོབས་སོང་བས་ཡིན་”ཞེས་ཟེར།
       ངས་ཀུ་རེ་དང་གཟབ་ནན་གཉིས་འདྲེས་ཀྱིས་“གལ་ཏེ་ཆོག་ན། ངའི་བཙོངས་རིན་གྱིས་ཁྱོད་ལ་སྨན་གོས་དཀར་པོ་སོ་མ་ཞིག་ཉོ་རོགས། འདི་ནི་རལ་བ་ཐུ་ལ་ཤིན་ཏུ་རྙིང་འདུག་”ཅེས་བཤད།
       ཁོ་ཧ་ལམ་ཅུང་ཙམ་སེམས་འགུལ་ཐེབས་པ་འདྲ་བས། “བཀའ་དྲིན་ཆེ། བཀའ་དྲིན་ཆེ། ཡིན་ཡང་སྒོར་མོ་འདི་ད་དུང་ངེད་ཅག་གིས་གོང་ལ་སྤྲོད་དགོས་པས། ངེད་ཅག་ལ་འབྲེལ་བ་མེད།”ཅེས་ཟེར།
       དེ་ནས། བཤན་པས་ང་རང་ཕྱི་རོལ་དུ་དྲུད།
       ངས་ངོ་རྒོལ་ཅི་ཡང་མ་བྱས་པར་ཁོའི་རྗེས་དེད་ནས་སོང་། བཤན་པས་ང་ལ་གཅིག་བལྟས་ཤིང་ཁོ་ཧ་ལམ་ཅུང་ཡ་མཚན་སྐྱེ་སྟེ། “ཁྱོད་ལ་ཅིའི་ཕྱིར་ངོ་རྒོལ་ཙམ་བྱེད་པའི་ཚུགས་ཀའང་མི་འདུག་”ཅེས་ཟེར།
       ངས་ཅི་ཡང་མ་བཤད།
       ཕྱི་རོལ་གྱི་འདྲུད་འཐེན་འཁོར་ལོའི་ནང་དུ་ངའི་རིགས་མཐུན་འགའ་འདུག །བལྟས་ན་ཁོ་ཚོ་ཤིན་ཏུ་སྐྱོ་བཞིན་པའི་ཚུགས་ཀ་ཞིག་མངོན། ངས་ཁོ་ཚོར་བརྡ་རེ་བསྟན་མོད་འོན་ཀྱང་ཁོ་ཚོར་ང་ལ་ཁ་ཡ་བྱེད་འདོད་ཀྱང་མེད་པ་འདྲ།
       བཤན་པས་ང་རང་ཁོ་ཚོའི་དཀྱིལ་དུ་འཕངས་སོང་། ང་རང་བརྟན་པོར་འདུག་ཁོམ་ཙམ་ཡང་མ་བྱུང་བར་འདྲུད་འཐེན་འཁོར་ལོ་བཏང་སོང་། ངས་ཁ་ཕྱིར་འཁོར་ནས་གཅིག་བལྟས་མོད་ཕྱུགས་ནད་སྨན་པ་གཉིས་མ་མཐོང་།
       འདྲུད་འཐེན་འཁོར་ལོ་ཅུང་ཙམ་བསྐྱོད་རྗེས་ཕལ་ཆེར་མི་ཞིག་གིས་བོས་ཏེ་བཀག་བྱུང་བ་འདྲ་ལ། དེ་ནས། ཕྱི་རོལ་ཏུ་བཤན་པས་མི་ཞིག་ལ་གླེང་མོལ་བྱེད་ཀྱིན་པ་ཐོས་འོང་།
       ཅུང་ཙམ་འགོར་རྗེས། བཤན་པ་འཁོར་སྒམ་དུ་འཛེགས་འོང་སྟེ་ང་རང་པང་སྟེ་ཕྱི་རོལ་དུ་གཡུག་གྲབས་བྱས་པས། ང་ཅུང་ཙམ་བྲེལ་འཚུབ་སྐྱེས་ཏེ་བཤན་པར། “ཁྱོད་ཀྱིས་ཅི་ཞིག་བྱ་རྒྱུ་”ཞེས་དྲིས།
       བཤན་པས“ཅང་མི་བྱ། གཞན་གྱིས་ཁྱོད་ཉོས་སོང་བས་ད་ནི་མར་སོང་ཞིག”ཟེར།
       བཤན་པས་ང་རང་ཕྱི་རོལ་དུ་གཡུག་སོང་།
       འདྲུད་འཐེན་འཁོར་ལོ་བཏང་རྗེས་ངས་ཨ་ཁུ་སྡེ་དཔོན་ཤུལ་ན་ལངས་འདུག་པ་མཐོང་།
       ང་ཅུང་ཙམ་སོམ་ཉིའི་ཁེངས་བཞིན་ཨ་ཁུ་སྡེ་དཔོན་ལ་བལྟས་ཏེ་བསྡད།
       ཨ་ཁུ་སྡེ་དཔོན་ཚུར་སླེབས་ཏེ་ངའི་སྐེ་ལ་སྐུད་པ་དམར་པོ་ཞིག་བཏགས་རྗེས་ཁ་བཏོན་ཚར་རིང་པོ་ཞིག་ཀྱང་བཏོན་སོང་།
       ངས་ཅི་ཡིན་ཆ་མི་འཚལ་བའི་ངང་ཨ་ཁུ་སྡེ་དཔོན་ལ་བལྟས་ཏེ་བསྡད།
       ཨ་ཁུ་སྡེ་དཔོན་གྱིས། “དེ་རིང་ནས་བཟུང་ཁྱོད་རང་ཚེ་ཐར་དུ་བཏང་བས། རྩྭ་ཐང་འདི་ན་སུ་ཞིག་གིས་ཀྱང་ཁྱོད་ལ་ཅི་ཡང་བྱ་མི་སྲིད།”ཅེས་ཟེར་ལ་ངས་སྔར་བཞིན་ཧ་མ་གོ་བའི་མིག་མདངས་ཀྱིས་ཁོ་ལ་བལྟས་བསྡད།
       ཨ་ཁུ་སྡེ་དཔོན་གྱིས་རྒྱང་རིང་གི་དཀར་སིང་སིང་གི་གངས་རི་དེ་སྟོན་བཞིན་“བུད་ལ་སོང་”ཟེར།
 
པདྨ་ཚེ་བརྟན་ལགས་ཀྱི་བརྩམས་སྒྲུང་ཕྱོགས་སྒྲིག«ལུག་གཅིག་ལྔ་བའི་ལམ་དུ་བརྫངས»ཞེས་པའི་དེབ་ལས་བདམས་ཏེ་བསྒྱུར།
འབྲེལ་ཡོད་འོས་སྦྱོར།