logo

ནག་བཟའ་བསོད་གཡང་གི་སྙན་ངག་བོད་འགྱུར་མ། སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།

རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར། ཡོང་ཁུངས།:མི་རིགས་ཀྱི་རྩོམ་རིག དུས་ཚོད།:2024-11-25 ཀློག་གྲངས།:
ཤོག་ངོས་སུ་བཞག་པའི་སེམས་པ།(སྙན་ཚོམ) 
ནག་བཟའ་བསོད་གཡང་གིས་བརྩམས།
སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།

ཉག་ཀ།
 
ཉག་ཀའི་རླུང་བུས། དབྱར་གྱི་དྲོད་སྣང་ཐེར་ཚལ་སྦར་ཚལ་དུ་བྱས།
དྲག་རླུང་འཛེགས་པའི་རི་རྩེར། ཁ་བས་རང་གི་སྟེང་ལ་རང་ཉིད་བརྩེགས།
མེ་ཏོག་གིས་གཏན་དུ་ངག་བསྡམས། རིགས་སྡེ་ཐར་ཐོར་དུ་གྱུར་ཏེ།
རླུང་བུའི་ཁྲོད་དུ་བབ་ཆགས་པར་བཞད།
གངས་རིས་སྨུག་སྤྲིན་གྱི་ཡོལ་པ་འཐེན།
ཚོད་མེད་དུ་ཞབས་བརྡོལ་བའི་སྣོད་ཀ་ཞིག་དང་འདྲ་བར།
ངས་ནི་དེའི་ཁྲོད་དུ་གོམ་པ་བརྒྱབ།
ནམ་མཁའ་སྟོང་པར་ལུས་པས་ཁྱད་དུ་འཕགས་པར་གྱུར།

ལྷ་མོའི་ཞལ་འབག།
 
འབག་དཀར་པོ་གྱོན་མཁན་དེས། ཐང་སྟོང་དུ་ཞབས་བྲོ་འཁྲབ།
བློས་དཔག་དཀའ་བ་ཞིག་ལ། ཁོས་ལེན་ཐེངས་རེ་རེར།
ངས་མདུན་དུ་གོམ་པ་གང་སྤོས་ཏེ། ང་རང་གི་རྣ་བ་བཙལ།
སྐད་སྒྲ་ལས་སྲོག་ཆགས་ཀྱི་སྤུ་དང་བྲག་རྡོ། ཁ་བའི་འདབ་མ་བཅས་འཐོར།
ཁོས་རླུང་བུའི་ཨམ་ཕྲག་ཉིད་མེས་པོའི་ཐབ་རྡོ་དང་མེ་སོན།
ད་དུང་སྲིད་པའི་སྐད་སྒྲ་ཡོད་རྒུས་གཏམས་པར་བྱས།

གོ་ཐོས་སུ།
 
ས་བོན་དང་གཙོད་ལ་ཤི་བ་སྔོན་དང་གསོན་པ་རྗེས་ཀྱི་དམ་ཚིག་འདུག
རྩྭ་ལྗང་དང་པོ་ལུང་མཐིལ་དུ་སྐྱེས་ཏེ་ལུང་འདབས་ཀྱི་རྟ་མཆོག་བསུས།
གཡུ་ནི་གསེར་གྱི་ལྗོན་པ་ལས་ཀྱང་རྩ་ཆེ་བར་རྨི་ལམ་ལས་སྐྱེས།
བསང་དུད་ཀྱི་ཀློང་དུ། དྲི་ཟ་རྣམས་ཏེ་རྣམ་ཤེས་འཁྱམ་པོ་ཇི་སྙེད་ཅིག
འཚང་ཁ་ཤིག་ཤིག་ཏུ་འདུས།

ཉི་འོད་འོག་གི་རྩྭ་རྩི་ཤིང་།
 
ཉི་འོད་ཀྱིས་འོད་རྣོན་པོ་ཕྱིར་བསྡུས་པ།
ལག་པའི་རྒྱབ་ཏུ་འཇམ་པོར་ལྷུང།
རི་རྒྱུད་ནི་ཞག་གཅིག་གིས་ཆར་ཐིགས་ཀྱིས་བྲན་པའི།
ཞོགས་པའི་ན་བུན་གྱིས་བསྐོར།
རམ་བུ་དང་སྐལ་བཟང་མེ་ཏོག། མེ་ཏོག་སེར་ཆེན་བཅས།
རིམ་པ་བཞིན་ཉི་འོད་དང་བསྡེབས།
རང་བྱུང་གི་འོད་སྣང་དེས།
རང་ལུས་ནས་སྐྱེས་པའི་སྨག་རུམ་ཇི་བཞིན།
མེ་ཏོག་དང་རྩི་ཤིང་མཐོ་རུ་བཏེགས།
འོད་ཐིག་གཅིག་གི་ཡང་ཟོར་མཐོ་རུ་བཏེགས།
འོད་དེ་མཛུབ་བར་ནས་མར་བཞུར་བའི་བར་དུ།
རང་ཉིད་འོད་ཀྱི་གྲིབ་མའི་ནང་ཕྱིར་བཀྱེད་པའི་བར་དུ།

ལུག།
 
སྐྱེས་པ་ནས་རྩྭ་ལྗང་གི་གྲོགས་དང་བསྡོངས།
གཤིས་འཇམ་ཞི་དུལ་གྱིས་ཕྱུག
ཉིན་མཚན་རྟག་པར་གྲང་རླུང་བསགས་ཡོད་པས།
རི་རྩེ་རུ་རྒྱུག་མི་རུང།
དེ་དག་ནི་ལུག་སྟེ། ལུང་མཐིལ་དུ་འཚོ་ཞིང།
གཤོང་ས་ནས་ཆུ་བསྐྱིལ་དགོས།

རྟ་ཕོའི་རྨིག་རྗེས་ནས་རྩྭ་ལྗང་སྐྱེ།
དེ་ཚོར་བརྩེ་བ་ཡོད་ཀྱང་བརྗོད་དུ་མེད།
དེ་ཚོར་གཡོ་བར་བྱེད། མཁའ་དང་ས་གཞིའི་བར་དུ་གཡོ་བར་བྱེད།
རླུང་གིས་བསྐམས་པའི་ས་བོན་དང།
སྤྲིན་གྱི་ཡང་སྟེང་གི་རྟ་མཆོག་དང་ལྷན་དུ་གཡོ་བར་བྱེད།

དེ་ཚོ་ནི་རི་བོ་ཞིག་གནས་སྤོས་རྗེས་ཀྱི་རྗེས་ཤུལ་ཏེ།
སུ་ཡིས་མིག་ཟུང་བཙུམས་ཚེ།
དེ་ཡི་སེམས་པ་རྣལ་དུ་གནས་པ་དང་འདྲའོ། །
བོད་ཡུལ་དུ།
 
གཡོན་ཕྱོགས་སུ་རང་ཉིད་ངོ་མ་བཞག་པ་ལག་མཐིལ་ལས་ཀྱང་ཆུང།
གཡས་ཕྱོགས་སུ་བུ་མོ་ཞིག་གི་བཀའ་བཀོད་གྲང་མོ་ཞིག་མཆིས།

མི་ཞིག་གི་འགྲུལ་ལམ་ནི་ཉེན་ཁ་བརྒྱུད་པ་སྟེ།
ངེས་མེད་ཀྱི་དོན་མང་པོ་འདུག། ལམ་ཡིག་གཅིག་གིས།
དེ་སྔོན་གྱི་འཚོ་བ་དང་རྒྱབ་ལྗོངས་བྲིས་པར།
འདྲ་དང་མི་འདྲ་བའི་ཆ་གཉིས་ཀ་འདུག

རྡོ་ཕ་བོང་ཞིག་ལ་རྣ་གཅུ་དཀྲིས་ཏེ།
ཉི་འོད་ཀྱི་འོག་ནས་མགོ་བོ་འཁོར།
ཆིག་ལབ་དག་ཕྲེང་བར་སྦྲེལ་ཅིང།
ཞབས་བརྡོལ་བའི་འཇིག་རྟེན་ནས་ལྷན་པོ་བཙལ་ཏེ།
རྒྱུ་མཚན་ལ་ཞེ་མི་ཐོགས་པར།
བོར་ཟིན་པའི་ངོས་དེ་བསྒྲིབས་པར་བྱས།

ཡར་མཆེད་པའི་དགོད་སྒྲ་ཐོས་ཚེ།
ཤེས་ཚོར་གྱི་མཚར་སྣང་མདུན་དུ།
ཞལ་འཛུམ་པའི་རྗེ་བཙུན་སྒྲོལ་མ་ཞིག་བཞུགས་འདུག

ན་བུན་སྲབ་མོ་དལ་གྱིས་ཡལ་དུས།
གངས་དང་འཁྱགས་པ་ཞུ་སྟེ་ཆུ་མིག་དྭངས་མོར་གྱུར།
འབྲེལ་ཡོད་འོས་སྦྱོར།