logo

སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉེར་བརྒྱད་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-11-28 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ང་ལྔ་པ།
       ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་ལས་དོན་གྲོས་ཚོགས་ཨ་དུང་ས་ཁུལ་དུ་འཚོགས་རྒྱུ་བཀོད་སྒྲིག་བྱས་ཡོད་པས་ང་ཚོགས་འདུ་དེར་ཞུགས་པ་ཡིན། ཚོགས་འདུ་གྲོལ་བའི་ཉིན་དེའི་ཕྱི་དྲོ་ངལ་གསོའི་དུས་ཚོད་དང་སྟབས་ཁེལ་བས། རླངས་འཁོར་ཡོད་པའི་གོ་སྐབས་དང་བསྟུན་ནས་ངས་སྔོན་ལ་ཕ་ཡུལ་དུ་སྐོར་ཞིག་བརྒྱག་རྒྱུ་དང་། ཞོར་དུ་དར་རི་སྡེ་བར་མནའ་མར་སོང་བའི་གཅུང་མོར་ལྟ་བར་འགྲོ་རྒྱུའི་སེམས་ཐག་བཅད་པ་ཡིན།
       ཕ་ཡུལ་དུ་བསླེབས་པས། ཨ་ཁུ་ཡང་ཚུར་ཁྱིམ་དུ་བསླེབས། ཁོང་གིས་ང་གཅུང་མོར་བལྟ་རུ་འགྲོ་བ་ཤེས་རྗེས་ཁོང་ཡང་ང་དང་མཉམ་དུ་འགྲོ་རྩིས་བྱས། སྨྲས་པ་ཡིན་ན། ཁོང་གིས་ཀྱང་རང་གི་བུ་མོ་ཡུན་རིང་བར་མ་མཐོང་བས་དྲན་གྱིན་འདུག་ཟེར་བ་བཞིན་དུ་ངེད་གཉིས་མཉམ་དུ་གཅུང་མོ་ཚང་ལ་ཆས།
དར་རི་གྲོང་ཚོ་ནི་ཕ་ཡུལ་གྱི་ནུབ་རིའི་རྒྱབ་ངོས་ཀྱི་སྨད་རྒྱུད་དུ་ཆགས་ཤིང་། གལ་སྲིད་རྐང་ཐང་དུ་འགྲོ་བའི་དབང་དུ་བཏང་ན་སྤྱི་ལེ་བདུན་བརྒྱད་ཙམ་ལས་མེད་ཀྱང་། རི་བོ་གཟར་ལ་མི་ཕྱུགས་འགྲོ་སའི་སྟབས་བདེའི་ལམ་ཕྲན་ཞིག་ལས་མེད་པས། ང་ཚོ་རི་འདབས་ཀྱི་གནག་སྣུམ་གཞུང་ལམ་བརྒྱུད་དེ་སྐོར་ནས་སོང་། ལམ་བར་དུ་ཨ་ཁུས་ང་ལ་དར་རི་སྡེ་བའི་ངོ་མཚར་བའི་གཏམ་རྒྱུད་ཅིག་འདི་ལྟར་བཤད་བྱུང་།

       དར་རི་སྡེ་བ་ནི་གནས་དེར་ལོ་རྒྱུན་འབབ་པའི་སྨན་ཆུའི་ཆུ་མིག་མང་བས་དེ་ལྟར་ཐོགས་པ་སྟེ། ཆུ་མིག་དེ་དག་ནི་ཤར་རིའི་སྐེད་ནས་མར་ལྷུང་ལྷུང་དུ་འབབ་ཅིང་། སྡེ་བར་བསྐོར་ནས་ཆུ་ཕྲན་དུ་བཞུར། ལོ་རེའི་དགུན་དཔྱིད་ཀྱི་དུས་སུ། ཆུ་མིག་ལ་ཞེང་ཆེ་ཞིང་མཐུག་པོའི་དར་རི་ཆགས་ཤིང་། རྒྱང་རིང་ནས་བལྟས་ཚེ། གྲོང་ཚོ་དེ་ནི་མཛེས་ཤིང་སྡུག་པའི་དར་རིའི་ཁྲོད་དུ་གནས་ཡོད་པ་དང་མཚུངས།
       ཆུ་མིག་གི་ཡིད་དབང་འཕྲོག་ཤུགས་དེ་ལྟར་ཡིན་པ་ནི་དེའི་སྨན་ནུས་ལ་དེ་བས་རག་ལས་ཏེ། དེ་འཐུང་ན་ནད་རིགས་མང་པོ་བཅོས་ཐུབ་པ་ཡིན། བཤད་སྲོལ་ལ་དེ་གར་དེ་སྔ་སྨན་ཆུའི་ཆུ་མིག་བརྒྱ་དང་བཅུ་མེད་བརྒྱད་ཡོད་པ་དང་། ཆུ་མིག་དེ་དག་ནི་མི་གཡོ་བློ་བཟང་མའི་ཨ་མའི་མིག་ཆུ་ཡིན་པར་བཤད་ལ། མི་གཡོ་བློ་བཟང་མ་གནམ་ནས་བབས་ཏེ་གསེར་སྐེ་ས་ཆའི་གཞོན་ནུ་ཞིག་དང་གཉེན་སྒྲིག་བྱས་རྗེས། ཨ་མས་མོ་དྲན་དྲག་སྟེ་ཉིན་རེར་བཞིན་ཕྱོགས་གཅིག་ནས་ཕྲེང་བ་བགྲངས་པ་དང་། ཕྱོགས་གཅིག་ནས་བུ་མོ་མི་ཡུལ་དུ་བྱོན་སའི་ཕྱོགས་སུ་འཁོར་ཏེ་སྡུག་པས་ངུས། དེ་ལྟར་ཏག་ཏག་ཉིན་བརྒྱ་དང་བཅུ་མེད་བརྒྱད་ལ་ངུས་པས། སྤྱན་ཆུ་དང་རི་རྒྱུད་གཉིས་མཉམ་དུ་འདྲེས་ཤིང་། གནས་དེར་ཡན་ལག་བརྒྱད་ལྡན་གྱི་སྨན་ཆུའི་ཆུ་མིག་བརྒྱ་དང་བཅུ་མེད་བརྒྱད་བྱུང་ཞིང་། དེར་འཇིག་རྟེན་གྱི་ནད་རིགས་བརྒྱ་དང་བཅུ་མེད་བརྒྱད་གསོ་ཐུབ་པ་རེད། སྨན་ཆུ་འཐུང་བ་དང་བསྟུན་ནས་སྨན་བཅོས་བྱེད་མིའང་ཇེ་མང་དུ་སོང་ཞིང་། ཆུ་མིག་གི་སྙན་གྲགས་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང་སྦྲགས། མི་ལ་ལས་ད་དུང་ཆུ་མིག་ཡོད་སར་ནད་རིགས་མི་འདྲ་བ་སྨན་བཅོས་བྱས་མྱོང་པའི་ཆུའི་ཕན་ནུས་གྱི་རྡོ་བརྐོས་ཡི་གེ་བསླངས་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ནད་པ་མང་པོ་སྦྲང་ཚོགས་བཞིན་འདུས་ཤིང་། རྡོ་རིང་གི་ཡི་གེ་ལྟར་ཆུ་འཐུང་ནས་སྨན་བཅོས་བྱེད་བཞིན་ཡོད། དེ་ལྟར་ཚང་མ་སྙན་གྲགས་ལ་ཡིད་ཆེས་ཀྱིས་བསླེབས་ཤིང་བློ་ཡིད་ཚིམ་ནས་ཕྱིར་ལོག་ངེས་རེད།
       དེའི་རྗེས་སུ། སྨན་པ་ཐབས་རྡུགས་ཤིག་གིས་དེ་གར་ནད་པ་མང་པོ་ལྷན་དུ་འཛོམས་ནས་ནད་གསོ་བྱེད་བཞིན་པ་མཐོང་བས། དེ་རུ་སྨན་བཅོས་བྱས་ཏེ་ཁེ་བཟང་རག་ཆེད་ཀུན་ལ་ཁོས་རང་ཉིད་ཀྱིས་ནད་བརྒྱ་སྨན་གཅིག་གིས་བཅོས་ཐུབ་ཅེས་འུར་མོད། ཁོའི་སྨན་བཅོས་ལག་རྩལ་ལ་བྱང་ཆ་མེད་པ་དང་། སྨན་པའི་ཀུན་སྤྱོད་ཧ་ཅང་ཞན་པའི་སྟེང་། འདི་རུ་ངོ་མཚར་ཆེ་བའི་ཆུ་མིག་འདི་འདྲ་མང་པོ་ཡོད་པས། སུ་ཞིག་ཁོའི་གཡོ་འོག་ཏུ་ཚུད་སྲིད་དམ། སྨན་པ་ཐབས་རྡུགས་ཀྱིས་གནས་ཚུལ་དེ་རྟོགས་པས་སེམས་ངན་སྐྱེས་ཏེ། ནམ་གུང་ལྷིང་འཇགས་ཤིག་གི་དུས་སུ་ཟླ་འོད་དང་བསྟུན་ནས་ཆུ་མིག་མང་པོའི་ནང་དུ་དུག་བཏབ་པས། ཕྱི་ཉིན་དུག་ཆུ་འཐུང་མཁན་མང་པོའི་ཚེ་སྲོག་དེ་ལྟར་འཕྲོག་པ་རེད། དུས་དེ་ནས་བཟུང་སུས་ཀྱང་སྨན་ཆུས་ནད་གསོ་བྱེད་མི་ཕོད་པར་གྱུར།
       མི་གཡོ་བློ་བཟང་མ་དགུང་དུ་གཤེགས་ནས་ཕྱིར་ལྷ་ཡུལ་དུ་ཕེབས་རྗེས། མི་ཡུལ་གྱི་གནས་ཚུལ་ཇི་བཞིན་མོའི་མིང་སྲིང་དག་ལ་བཤད། རླུང་སྤྲིན་འབྲུག་གློག་གི་གཙོ་འགན་འཁུར་མཁན་བཀྲ་ཤིས་ཚེ་རིང་མས་ཚུལ་དེ་ཐོས་རྗེས་ཁོང་ཁྲོ་གནོན་མི་ཐུབ་པར་གློག་འཁྱུག་ཐོག་རྒྱག་གི་འགོ་བརྩམས་ཏེ་སྨན་པ་ཐ་མལ་བ་དེ་བསད་ཅིང་། དུག་གཏོར་ཟིན་པའི་ཆུ་མིག་མཐའ་དག་མེད་པར་བཟོས་ལ། ད་དུང་དུག་གཏོར་མ་ཐུབ་པའི་ལྷ་ཆུ་དེ་དག་སྲུང་སྐྱོབ་བྱས་པ་རེད།
       ལམ་བདེ་ཞིང་ཡངས་ལ་རླངས་འཁོར་མགྱོགས་ཤིང་མྱུར་བའི་ཁར་ཨ་ཁུས་གླེང་མོལ་བྱས་པས་ང་ཚོ་དར་རི་སྡེ་བར་ཇི་ལྟར་བསླེབས་པའང་མ་ཚོར།
       ནུ་མོས་ང་ཚོ་མཐོང་བ་དང་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་ཆེས་བཟང་བའི་བཟའ་བཅའ་ཡིས་སྣེ་ལེན་གང་ལེགས་བྱས། ཟ་མ་རྒྱགས་ཚད་ཅིག་ཟོས་རྗེས་ངས་ནུ་མོའི་ཁྱོ་གར། ཁྱོད་ཚོའི་འདི་ཡི་ཆུ་མིག་ལ་སྙན་གྲགས་ཧ་ཅང་ཆེ། ང་ཚོ་སོང་ནས་བལྟས་ན་ཆོག་གམ་ཞེས་པར། ནུ་མོའི་ཁྱོ་གས་དེ་མུར་ང་ཚོ་ཆུ་མིག་ཡོད་སར་ཁྲིད།
       དེ་རུ་རས་གུར་དང་སོ་ཕག་གི་ཁང་བ་སྐར་ཚོགས་ལྟར་ཁྱབ་འདུག དེ་དག་ནི་ཐག་རིང་ནས་ཡོང་བའི་ཞིང་འབྲོག་པའི་གནས་སྐབས་ཀྱི་སྡོད་གནས་རེད། སོ་ཕག་གི་ཁང་པ་དེ་དག་ཁ་ཤས་ནི་སྨན་བླའི་ལྷ་ཁང་སོགས་ལྷ་མཆོད་ཀླུ་མཆོད་བྱེད་ས་ཡིན་ལ། ཁ་ཤས་ནི་ལས་ཁུངས་དང་ཁེ་བདག་ཆེན་མོར་གྲ་སྒྲིག་བྱས་པའི་ནད་ཁང་མཐོ་ཤོས་དག་ཡིན་ཞིང་། ད་དུང་ཁ་ཤས་ནི་ནང་མི་ནད་གཡོག་བྱེད་མཁན་ཚོས་སྤྱོད་པའི་ ཟ་ཁང་དང་ཚོང་ཁང་དག་རེད། ཆུ་མིག་ནི་ཕྱོགས་སོ་སོ་ནས་ཆིལ་ཆིལ་དུ་བཞུར་ཞིང་། འགྲམ་དུ་ཆུ་འཐུང་མཁན་དང་ཆུ་ལེན་པའི་མི་ཚོགས་ཀྱིས་གང་འདུག ང་བསྐོར་ནས་ཆུ་མིག་དྭངས་མོ་ཞིག་གི་འགྲམ་དུ་ཐོན་ཞིང་གཞན་པའི་ཚུལ་ལྟར་ལག་པ་གཉིས་ལྷན་དུ་སྦྱར་ཏེ་ཆུ་སྙིམ་པར་བཅུས་ཤིང་ཁམ་འགའ་འཐུང་། ཆུ་དེ་དྭངས་ཤིང་བསིལ་བ་ཞིག་རེད། ཐོག་མར་ཁར་འཇིབ་དུས་ཁ་སྦྲིད་པར་བྱེད་པའི་སྦི་རག་གི་བྲོ་བ་ཙམ་འདུག་ཅིང་ཤིན་ཏུ་མངར་པོ་འདུག སྡེ་བ་འདིའི་སྡེ་དཔོན་ནི་ཆུ་མིག་འདིའི་དོ་དམ་པ་ཡིན་ཞིང་ཁོང་གིས་ངོ་སྤྲོད་བྱེད་དོན། ཉེ་བའི་ལོ་ཤས་རིང་ལ་སྲིད་གཞུང་གིས་ཆེད་མཁས་རྩ་འཛུགས་བྱས་ཏེ་ཆུ་མིག་དེར་ཚན་རིག་དང་མཐུན་པའི་ཚད་འཇལ་གཏན་འཁེལ་དང་རྫས་འགྱུར་དཔྱད་ཞིབ་གཏན་འཁེལ་བྱས་པ་ལྟར་ན། དེ་གར་ཆུ་མིག་ཆེ་ཆུང31ཡོད་པ་དང་། ཉིན་རེར་ཆུ་བཞུར་ཚད་ཏུན་བདུན་བརྒྱ་དོན་བརྒྱད་དུ་ཟིན་ཡོད་ལ། ཆུའི་ནང་དུ་གཏེར་རྒྱུ་སྣ་ཁ་དགུ་ཡོད་པ་དེས་ནད་གཞི་མང་པོ་བཅོས་ཐུབ་པ་མ་ཟད། ད་དུང་རྩ་ཆེའི་རང་བྱུང་གཏེར་ཆུ་ཡིན་པས་གསར་སྤེལ་དང་བེད་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་འདུག་ཅེས་ངོ་སྤྲོད་བྱས་པ་རེད། ངས་དགོད་ཞོར་དུ། བེད་སྤྱོད་བྱས་ན་ཆོག་མོད་ཀྱང་། གསར་སྤེལ་བྱས་ན་དཀའ་ལས་ཆེན་པོ་ཡོད་དེ། ལྷའི་བཀའ་བཀྱོན་ཕོག་ངེས་ཅེས་པར། སྡེ་དཔོན་གྱིས་གནས་སྐབས་སུ་ངའི་བསམ་ཚུལ་མ་རྟོགས། ངས་འགྲེལ་བཤད་ངང་། ཆུ་མིག་འདི་དག་ནི་མི་གཡོ་བློ་བཟང་མའི་ཨ་མའི་མིག་ཆུ་རེད། ཡང་ཅིག་བཤད་ན་རིའི་འོག་ཏུ་མི་ངན་གྱིས་དུག་བཏབ་པའི་ཆུ་མིག་མང་པོ་ཡོད་པས། གལ་ཏེ་སེམས་ཆུང་མ་བྱས་པར་བཙོན་གྲོལ་བཏང་བ་ཡིན་ན། དེ་ནི་མི་དགེ་བའི་ཉེས་ཅན་དུ་མི་འགྱུར་རམ་ཞེས་པར། སྡེ་དཔོན་གློ་བུར་དུ་དངངས་ཤིང་གདོང་མདོག་ཀྱང་འགྱུར་ཏེ་དེ་ནི་དངོས་གནས་བདེན་འདུག་ཟེར། དེར་མཐུད་དེ་ངས་ཡང་སྡེ་དཔོན་ལ། ཁྱོད་ཚོས་མི་རྣམས་ལ་སྨན་ཆུ་འཐུང་དུ་བཅུག་ནས་ཚོང་བཙལ་བ་ལས་གཞན་ཁྱོད་ཚོས་གང་ལ་བརྟེན་ནས་དཔལ་འབྱོར་སྤེལ་བ་ཡིན་ནམ་ཞེས་དྲིས། སྡེ་དཔོན་གྱིས། ན་ནིང་ནས་འགོ་བརྩམས་ཏེ་ཟླ་དགུ་པའི་ཚེས་དགུ་ཉིན་འདི་རུ་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ཚོགས་ར་སྟེ་མེ་ཏོག་ཁྲོམ་ཚོགས་ཞེས་པ་ཞིག་སྤེལ་ལ། དེས་ཕྱོགས་གཅིག་ནས་ཆུ་མིག་གི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ལྗོངས་རྒྱུའི་ཡུལ་སྐོར་གྱི་ཡོང་འབབ་མཐོ་རུ་བཏང་བ་ཡིན་ཟེར། ཚུལ་དེར་ཁོ་བོ་སྤྲོ་བ་ཆེན་པོ་ཞིག་སྐྱེས་བྱུང་། ངས་ཁོ་ཚོས་གདན་འདྲེན་ཞུས་པའི་གཞས་པ་ཚང་མར་སྐད་གྲགས་དེ་ཙམ་མེད་པ་ཤེས་རྗེས་སྡེ་དཔོན་ལ། སང་ལོའི་མེ་ཏོག་ཁྲོམ་ཚོགས་སུ་གལ་ཏེ་དམིགས་བསལ་གྱི་གནས་ཚུལ་གཞན་མེད་ན། ངས་ཞིང་ཆེན་གྱི་མིང་དུ་གྲགས་པའི་གཞས་པ་དག་གདན་དྲངས་ནས་འདིར་འོས་འགན་རང་བཞིན་གྱིས་ཚང་མར་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་གར་སྟེགས་ཤིག་བསྐྲུན་ཆོག་ཅེས་པར། སྡེ་དཔོན་དང་གཅུང་མོའི་ཁྱོ་ཀ་གཉིས་དགའ་སྤྲོས་འཁེངས། ཨ་ཁུས་ཀྱང་གཞོགས་སུ། ཆོག་གི། སྐབས་དེར་ཐོན་ན་ངས་ཁྱོད་ཀྱི་ཕ་རྒན་ཡང་ཁྲིད་ནས་རི་གླུར་རོལ་མྱོང་བྱེད་དུ་ཡོང་ཆོག་ཅེས་ཟེར།
༥༥
       ཚེ་ལོ་རྫོང་རིག་གནས་ལོ་རྒྱུས་ཁང་གི་ཀྲུའུ་རིན་གཞོན་པའི་ལས་གནས་ཀྱི་འདུག་སྟེགས་སུ་ཨོང་ཤ་མ་དྲོས་གོང་ལ་ཡང་མགར་ཁྲི་ཡུལ་ཚོར་ལས་གནས་སྤར་བྱུང་། རྩ་འཛུགས་ཀྱིས། ཤང་འདིའི་ཧྲུའུ་ཅི་གཞོན་པ་ལས་ཁྱུར་ངལ་གསོ་བྱས་བྱུང་། ཁྱོད་ནི་ཤང་འདིའི་གནས་ཚུལ་ལ་རྒྱུས་མངའ་ཟབ་པས་ལས་སྟོང་འདི་ཁ་གསབ་བྱེད་དགོས་ཀྱི་འདུག་ཅེས་ཟེར། རྩ་འཛུགས་ཀྱི་ཁ་བརྡ་ནི་བཀའ་ཡིན་པས། ཁོས་ཆ་རྐྱེན་ཅི་ཡང་མེད་པར་བརྩི་སྲུང་བྱེད་རྒྱུ་ལས་ཐབས་གཞན་མེད།
       སྔོན་གྱི་ལས་ཁུངས་སུ་བསླེབས་རྗེས། ཐོབ་ཐང་ལ་འགྱུར་ལྡོག་བྱུང་བས། ཤང་གི་འགོ་ཁྲིད་དང་ལས་རོགས་ཚོས་ཀྱང་སྤྲོ་སེམས་འཁོལ་པོས་དགའ་བསུ་བྱས། ཁོས་ཆ་རྒྱུས་ཡོད་པའི་ངོ་གདོང་རེ་རེ་མཐོང་བ་ན། སེམས་སུ་ཚོར་སྣང་སྣ་ཚོགས་སྟེར། ཉིན་མོར་དགའ་བསུའི་མཛད་སྒོ་འཚོགས་པ་དང་མཚན་མོ་བཀོད་སྒྲིག་བྱས་པའི་ཉལ་ཁང་དུ་ཉལ་ནས་དེ་སྔའི་འདི་གར་བྱ་བ་སྒྲུབ་པ་དང་འཚོ་བ་སྐྱེལ་བའི་རྣམ་པ་ཕྱིར་དྲན་བྱས། ཁོ་ལ་ལས་གནས་སྤར་ཞིང་དབང་ཆ་ཐོབ་པའི་ཚོར་སྣང་ཅི་ཡང་མེད་པར། དེ་བས་སྟོང་འཇགས་ཀྱི་ཚོར་བ་ཞིག་གིས་སྙིང་ལ་གཙགས་ཡོང་། ཁོས་སྔོན་ཆད་གནས་འདིར་ཡུལ་དཔོན་གཞོན་པར་འགྲན་རྩོད་བྱེད་ཆེད་ཁ་སྐྱེངས་དགོས་པའི་གནས་ཚུལ་བྱུང་བའི་དོན་དེ་དྲན་བྱུང་སྟེ། སེམས་སུ་གལ་སྲིད་སྐབས་དེར་ཧྲུའུ་ཅི་ཨྱོན་གྱིས་རྨོངས་སེལ་མཛུབ་སྟོན་བྱས་པ་མིན་ན། གོང་དུ་ཞུ་གཏུགས་བྱས་ཚེ་མི་ཚེ་འདིར་འགོ་ཁྲིད་བྱེད་མ་ཐུབ་པ་ཡིན་སྙམ་ལ། གཞན་ཁོས་ད་དུང་ཡོས་ལན་དྲན་བྱུང་སྟེ། སྐབས་དེར། ཁོ་དང་ཡོས་ལན་གཉིས་གནས་འདིར་མཉམ་དུ་བྱ་སྒྲོ་སྤོ་ལོ་རྩེ་མྱོང་བ་དང་། ཁ་བརྡ་བྱས་མྱོང་ལ། གླུ་བླངས་མྱོང་ཞིང་། ཐ་ན་ཟ་འཐུང་མཉམ་རོལ་སྒོས་འཚོ་བ་ཧ་ཅང་སྐྱིད་པོ་སྐྱེལ་མྱོང་། འོན་ཀྱང་ཕྱིས་སུ་བསམ་ཡུལ་ལས་འདས་པའི་དོན་དག་འགའ་བྱུང་བས་མོས་དེར་བཟོད་ཐབས་བྲལ་ཞིང་གནས་འདིར་ཁ་བྲལ། གལ་ཏེ་མོས་ད་ལྟ་ང་ལ་འཇོན་ཐང་ཡོད་པ་མཐོང་ཚེ། དེ་ནི་ཅི་འདྲའི་དགའ་འོས་པའི་བྱ་བ་ཞིག་ཡིན་སྲིད་ཨང་སྙམ།
       ཉིན་གཉིས་པར། ཤང་ཨུས་ལས་བགོས་ཞིབ་ཕྲ་བྱས་པ་སྟེ། ཚེ་ལོས་ཏང་འཛུགས་ཀྱི་སྐོར་དང་། ལས་ཁུངས་སོ་སོའི་ལས་དོན། དེ་བཞིན་དྲུང་ཡིག་གི་ལས་ཀ་བཅས་ཀྱི་འགན་འཁུར་བགོས་པ་མ་ཟད། ཧྲུའུ་ཅི་ཨྱོན་གྱིས་ད་དུང་ཆེད་དུ་དྲུང་ཡིག་གི་བྱ་བའི་སྐོར་གླེང་བ་སྟེ། ཁོས་ཚེ་ལོར་སྨྲས་པ། ལོ་འདི་དག་རིང་ལ་ང་ཚོའི་ཡུལ་ཚོས་བྱ་བ་མང་པོ་བསྒྲུབས་ཤིང་གྲུབ་འབྲས་མི་དམན་པ་བླངས་མོད་ཀྱང་། ཏག་ཏག་ལ་གོང་ལ་ཞུ་འབུལ་བྱས་ཐུབ་མི་འདུག ཁྱོད་ཀྱིས་རང་གི་དམིགས་བསལ་གྱི་ཡོན་ཏན་འདོན་སྤེལ་གང་ལེགས་བྱ་དགོས་ལགས་ཞེས་གསུངས།
       ཚེ་ལོས་ཡ་ཡ་ཞེས་ཁས་བླངས་མོད་ཀྱང་། ཁོས་ཤེས་ཏེ། ཤང་གི་བྱ་བ་ནི་སྒྲུབ་ནས་འགྲུབ་དགོས་པ་ཞིག་ཡིན་པ་ལས་བྲིས་ནས་གྲུབ་པ་ཞིག་མ་རེད། གལ་ཏེ་དོན་དངོས་ཀྱི་གྲུབ་འབྲས་མེད་ན་སུས་ཀྱང་ཡིག་ཚགས་ལེགས་པོ་མི་འཁྱོངས་པ་དེ་རེད།
ང་དྲུག་པ།
       ང་ལས་ཁུངས་སུ་ལོག་རྗེས། དངོས་རྫས་གཏོང་ལེན་མི་སྣས་དུས་དེབ་ཅིག་བཅུག་ཡོད་པའི་འཕྲིན་ཡིག་ཅིག་ང་ལ་སྤྲད་བྱུང་། དེ་ནི་ཀྲུའུ་ཕིན་གྱིས་བསྐུར་ཡོང་བ་རེད། ནང་དུ་བྲི་ཤོག་གཅིག་ཡོད་པའི་སྟེང་དུ་ང་ལ་ཁམས་བདེའི་འཚམས་འདྲིའི་ཚིག་འགའ་བྲིས་རྗེས། ང་ལ་དུས་དེབ་ཁ་ཕྱེས་ནས་མོས་ངའི་བརྩམས་སྒྲུང«དཀའ་སྡུག་གི་ལོ་ཟླ»ཞེས་པ་དེའི་དཔྱད་བརྗོད་བྲིས་ཡོད་པར་ལྟོས་ཞེས་བྲིས་འདུག རྩོམ་དེ་ནི་མོ་ཡོད་པའི་སློབ་གྲྭའི་དུས་དེབ་སྟེང་སྤེལ་ཡོད་པ་ཞིག་རེད། ངས་མྱུར་དུ་ཤོག་ལྷེ་ཕར་སློག་ནས་བཀླགས་པ་ན། ཀྲུའུ་ཕིན་གྱིས་ངའི་བརྩམས་སྒྲུང་ཧྲིལ་བོར་དབྱེ་ཞིབ་དཔྱད་བརྗོད་བྱས་ཚར་འདུག་སྟེ། ལེགས་གྲུབ་བྱུང་བའི་ཆ་ལ་བདེན་ཁ་གནང་རྗེས་སྨྱུག་རྩེ་དེ་མུར་ཞན་ཆའི་ཕྱོགས་སུ་བསྒྱུར་འདུག ཁོང་གི་དགོངས་འཆར་ཡིན་ན། ངའི་རྩོམ་གྱི་སྐད་ཆར་ད་དུང་གསོན་ཉམས་མི་ལྡན་ཞིང་གནད་དུ་ཁེལ་མི་འདུག་ལ། ཞིབ་ཕྲའི་ནང་དོན་ཁག་གཅིག་གི་གསལ་བཤད་ཀྱང་ད་དུང་གནད་དུ་ཁེལ་མེད་ཚུལ་སོགས་བརྗོད་འདུག་པ་དེ་ནི་དོན་ཐོག་ཏུ་ཁེལ་འདུག་ཅིང་། ངའི་ལུས་ཀྱི་གསང་མིག་སྟེང་མནན་སོང་བ་དང་འདྲ་། ངའི་རྩོམ་རིག་གི་སྐད་ཆ་ནི་དངོས་གནས་ཕུན་སུམ་ཚོགས་པོ་དང་གསོན་ཉམས་མི་ལྡན་པ་ནི། ཡུན་རིང་གཞུང་ཡིག་བྲིས་པའི་ཤུགས་རྐྱེན་མི་ཉུང་ཁ་ཐེབས་ཡོད་པས་ཡིན་ལས་ཆེ། གལ་ཏེ་རྩོམ་རིག་གི་དེད་དཔོན་རྣམས་ཀྱི་བརྩམས་ཆོས་དང་བསྡུར་ན། དེ་ནི་བོང་སྦང་དང་གླ་རྩི་མཉམ་དུ་བཞག་པ་དང་གཉིས་སུ་མེད། ང་ལ་སྔོན་ཆད་གསར་རྩོམ་བྱེད་མི་ཕོད་པ་དང་གསར་རྩོམ་བྱེད་མི་འདོད་པའི་དུས་བྱུང་མྱོང་། རྗེས་སུ་བརྩམས་ཆོས་མང་པོར་བལྟས་པ་ན་རྩོམ་ཡིག་མང་ཆེ་བའི་སྐད་ཆ་ནི་ཐད་འབྲི་བྱས་པ་ཙམ་སྟེ། ཐད་འབྲི་བྱས་ནས་རིག་གནས་མེད་པའི་མི་འགས་གླེང་མོལ་བྱེད་པ་དང་ཀུན་ནས་མཚུངས། བརྩམས་ཆོས་དེ་དག་ད་དུང་བརྗིད་ཉམས་ངང་རྩོམ་རིག་གི་དཀྱིལ་སྙིང་དུ་གྱུར་བའི་དུས་དེབ་ཀྱི་ཕོ་བྲང་དུ་ཚུད་འདུག ཡུན་རིང་སོང་རྗེས། ངས་གནས་ལུགས་ཤིག་རྟོགས་པ་སྟེ། མ་གཞིར་རྩོམ་རིག་ནི་སྐད་ཆའི་ཆེད་མཁས་དག་གིས་སྒེར་བཟུང་བྱས་པའི་ཡུལ་ཁམས་ཞིག་མིན་པར། གལ་ཏེ་ཁྱོད་ཀྱིས་བཤད་པར་གནས་ལུགས་ཡོད་པ་དང་། བྱ་དངོས་གསར་བ་བྲིས་ཡོད་པ། ཁྱད་མཚར་གྱི་བསམ་བློ་ཡོད་པ། ཀློག་པ་པོ་དག་གི་མོས་པ་དང་མཐུན་པ་ཞིག་ཡིན་ཚེ། སྐད་ཆའི་ཐད་ནས་སྐྱོན་ཆ་ཕྲན་ཙམ་ཡོད་ཀྱང་། སྔར་བཞིན་རང་ཉིད་གནས་སའི་བར་སྟོང་ཞིག་རྙེད་ཐུབ་པ་ཡིན། དེ་ལྟར། ངས་སྔར་བཞིན་རང་དབང་གིས་གསར་རྩོམ་བྱེད་བཞིན་ཡོད། རེད་མོད་ཀྱང་ངས་ཀྱང་སྐད་བརྡ་ནི་རྩོམ་རིག་བརྩམས་ཆོས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན་པ་ཤེས་ཏེ། སྐད་བརྡར་དབང་མཛད་ན་རང་གི་བསམ་བློར་འཕུར་སྐྱོད་ཀྱི་གཤོག་ཟུང་བསྐྲད་པ་མ་ཟད། ཀློག་པ་པོ་རྣམ་པ་དངོས་སུ་དཔེ་ཀློག་གི་དབྱིངས་སུ་སྐྱེལ་ནས། མི་སྣ་དངོས་སུ་མཐོང་ཞིང་མི་སྐད་དངོས་སུ་ཐོས་པ་དང་འདྲ། སྙན་ཞིང་འཇེབས་པའི་སྐད་ཆ་ཡོད་ན་ད་གཟོད་དོན་དངོས་ཞིབ་འབྲི་བྱས་པའི་གནད་དོན་ཡང་ཐག་གཅོད་བྱེད་ཐུབ། གལ་ཏེ་བསམ་བཀོད་ཞིབ་ཅིང་ཕྲ་བའི་བརྩམས་ཆོས་ཤིག་ཉམས་འགྱུར་ལྡན་པའི་ཚིག་གིས་སྤུད་པ་ཡིན་ན། དེ་ནི་གོས་ཆེན་གྱི་སྟེང་དུ་མེ་ཏོག་བཀྲ་ཞིང་། མེ་ཏོག་གི་ཁྲོད་དུ་གོས་ཀྱིས་མཛེས་ལ། མེ་ཏོག་མའི་གོས་ཡོངས་གཅིག་ཏུ་བསྡུས་བཞིན་གཟི་འོད་འབར་བའི་འཛམ་གླིང་གི་བརྩམས་ཆོས་ལེགས་གྲས་ཤིག་ཡིན་ངེས། དེའི་ཕྱིར་དེ་ནི་བཤད་སླ་སྒྲུབ་དཀའ་ཞིག་མ་ཡིན་ནམ།
       གདེང་འཇོག་གི་དཔྱད་བརྗོད་ལ་བལྟས་རྗེས། ངས་ཧ་གོ་བའི་ངང་དགོད་ཙམ་བྱས་རྗེས་ཀྲུའུ་ཕིན་ལ་ཁ་པར་བཏང་། ཀྲུའུ་ཕིན་གྱིས། ཁྱོད་ཀྱིས་དཔྱད་བརྗོད་ལ་བལྟས་སམ། དྲན་ཚུལ་ག་འདྲ་འདུག ཐུགས་བརྒྱལ་མ་བཞེངས་སམ་ཞེས་དྲིས་བྱུང་། ངས། ཁྱོད་ཀྱི་དཔྱད་བརྗོད་གནད་ལ་འཁེལ་འདུག ངས་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་ཞེས་ལན་བཏབ་པ་ཡིན།
༥༦
       ཚེ་བརྟན་སྒྲོལ་མ་གཉེན་སྒྲིག་གི་ཉིན་མོ་སླེབ་ལ་ཉེ། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་གྲོས་མོལ་བྱས་ཏེ་ཨ་མ་ཡང་བསུས་ཡོང་སྟེ་གཉེན་སྐྱེལ་རྒྱུ་བྱས། བུ་མོ་ནི་ཨ་མའི་ཁོང་གི་སྙིང་ཡིན་པས། སྔོན་ཁོ་མོ་མ་སྨད་གཉིས་ཀྱི་བར་དུ་གོ་འཛོལ་དང་མི་སྐྱིད་པའི་དོན་འདྲ་མིན་སྣ་ཚོགས་བྱུང་ཡོད་ནའང་། ཡང་ཨ་མ་ཡིན་པའི་ངོས་ནས་ད་ལྟ་བུ་མོ་ཧ་ཅང་དྲན་དྲག་ངེས་རེད། ཡིན་ཏེ། ཚེ་བརྟན་སྒྲོལ་མའི་ངོས་ནས་བཤད་ནའང་། མོ་གནས་ལ་འགྲོ་སྐབས་གལ་ཏེ་འཁྲིས་སུ་ཨ་མ་མེད་པ་ཡིན་ན་སེམས་སུ་ཧ་ཅང་སྐྱོ་ངེས་ཡིན། གལ་ཏེ་ཨ་མས་ཚ་བོ་ཁྲིད་ནས་ཡོང་བ་ཡིན་ན། ཚེ་ལོ་དང་གཡང་སྐྱིད་ཀྱིས་ད་དུང་ཡུན་རིང་མ་མཐོང་པའི་རང་གི་གཅེས་ཕྲུག་ཀྱང་མཐོང་སོང་བ་མ་ཡིན་ནམ།
       ཚེ་ལོས་མི་མངགས་ནས་གྱོས་མོ་དང་བུ་ཕྲུག་ལེན་དུ་སོང་། རླངས་འཁོར་ལས་སར་བབས་མ་ཐག་ཏུ་གྱོས་མོས་དོན་གྲུབ་སར་བཞག་ནས་ངེད་གཉིས་ལ་ཨ་ཕ་ཨ་མ་ཞེས་འབོད་དུ་བཅུག དོན་གྲུབ་གོམ་པ་ཁྱར་ཁྱོར་ངང་ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱི་མདུན་དུ་སོང་སྟེ། ཡ་མཚན་པའི་མིག་གིས་ཧྲིག་གེར་ལྟ་བ་དང་། རྒྱུས་མེད་ཀྱི་ཉམས་འགྱུར་མངོན་ཡོང་། གཡང་སྐྱིད་ཀྱིས་དེ་མཐོང་བ་དང་འཕྲལ་མར་དོན་གྲུབ་ཡར་བཀྱགས་ནས་པང་དུ་བསྡམས། ཚེ་བརྟན་སྒྲོལ་མས་ཨ་མ་སྐྱོར་ནས་ཁྱིམ་དུ་འཛུལ་བ་དང་ཨ་མར་འབྱར་ནས་ཡིད་སྐྱོ་བས་ངུས། དེའི་རྗེས་ཚང་མ་མཉམ་དུ་ཙོག་ནས་ཕྱོགས་གཅིག་ནས་ཟ་མར་རོལ་བ་དང་ཕྱོགས་གཅིག་ནས་ཚེ་བརྟན་སྒྲོལ་མ་གནས་ལ་སྐྱེལ་བའི་ཐོག་མའི་གྲ་སྒྲིག་གི་སྐོར་གླེང་། གཡང་སྐྱིད་ཀྱིས། མག་པའི་ཕྱོགས་ལ་ཕྱུ་བ་ཆ་ཚང་གཉིས་དང་། ཕྱི་ནང་གཉིས་འཛོམས་ཀྱི་སྤྱི་ལྭ་ཆ་ཚང་གཅིག ཀོ་ལྷམ་ཆ་གཅིག ཝ་ཞྭ་གཅིག གོང་འོག་ཁ་ཚར་བདུན་ཅན་གྱི་དངུལ་གྱི་རྣ་ལུང་ཆ་གཅིག དངུལ་ཕུབ་ཀྱིས་བརྒྱན་པའི་སྐྲ་ལུང་གཅིག སྒོར་རྐྱང་ལ་སྒོར་སྟོང་བཅས་གཏམ་ཡོད་ལ། འདི་ནས་རྫོངས་པར་གོས་འཁྲུད་འཕྲུལ་ཆས་དང་། གོས་སྒམ་ཆེན་པོ། གསེར་གྱི་མཛུབ་དཀྲིས་སོགས་ཁ་ཚང་འཛོམས་བྱུང་བས་ད་ཡང་ལས་ཀ་མང་པོ་མེད་ཅེས་སྨྲས།
       གྱོས་མོས་ཡིད་ཚིམ་པའི་ངང་། བཟང་གི། བཟང་གི། ཁྱོད་ཚོས་ཐག་གཅོད་བྱོས་དང་། བྱ་བ་ཅི་ཞིག་ཡིན་རུང་ངའི་སེམས་བདེ་སོང་ཞེས་ཟེར།
       ཉིན་འགའ་འདས་རྗེས། གཉེན་སློང་མཁན་བསླེབས་བྱུང་། ཚེ་ལོས་ཧྲུའུ་ཅི་ཨྱོན་གདན་འདྲེན་ཞུས་ཤིང་། ལས་ཁུངས་ཀྱི་འཇེམ་འཁོར་ཞིག་དང་ཡུལ་ཚོའི་མཁོ་སྤྲོད་ཁང་གི་ལྗིད་ཐེག་ཚོང་འདྲུད་རླངས་འཁོར་ཞིག་གཡར་ནས་རྫོངས་པ་རྣམས་དྲུད་ཅིང་། ཡང་ཕ་ཡུལ་དུ་སོང་ནས་འགྲུལ་བ་གལ་ཆེན་རྣམས་དྲུད་དེ་གཟི་བརྗིད་ངང་ཚེ་བརྟན་སྒྲོལ་མ་གནས་ཡུལ་ལ་སྐྱེལ།
       ཕྱིར་ཤང་དུ་ལོག་རྗེས། ཨྱོན་དགའ་སྤྲོའི་རྣམ་པས་ཁེངས་འདུག སེམས་སུ་ཐེངས་འདིར་ཨ་དུང་ཡུལ་གྱི་བོད་ཀྱི་གཉེན་སྟོན་ལ་ཞུགས་པས་གྲུབ་འབྲས་མི་ཉུང་བ་བླངས་ཡོད་པར་འདོད། ཉིན་ཞིག་ཁོས་ཚེ་ལོ་ཁོའི་ཁྱིམ་དུ་བོས་སོང་ཞིང་ངོ་མཚར་དོགས་གཞི་ཅན་གྱི་མཐོང་ཐོས་གསར་བ་སྐོར་ནས་ཁ་བརྡ་བྱས།
       ཨྱོན་གྱིས་སྨྲས་རྒྱུར། ཚེ་ལོ་ལགས། བག་གསར་གྱི་མདུན་རྒྱབ་གཉིས་ཀར་བཏགས་ཡོད་པའི་སྐྲ་ལུང་དང་མཚུངས་ཤིང་ཡང་དེ་ལས་ཀྱང་ཚེགས་ལྕི་མོས་གྲུབ་པའི་རྒྱན་ཆ་དེ་མིང་ལ་ཅི་ཟེར་རམ། ངས་སྔོན་ཆད་གཏན་ནས་མཐོང་མ་མྱོང་། ད་དུང་བག་གསར་རང་ཁྱིམ་ནས་ཕྱི་སྣུར་བྱས་ནས་ཕྱི་རུ་ཆས་འགྲོ་བ་དེས་ཅི་མཚོན་པ་ཡིན་ནམ་ཞེས་དྲིས།
       ཚེ་ལོས། མགྲོན་ཤུན་གྱིས་བརྒྱན་ཞིང་ཕྲག་གཉིས་སྟེང་འཁུར་ཡོད་པ་དེར་གཞི་མ་ཨ་རིས་ཟེར་གྱི་ཡོད། དེ་ནི་རྗེ་ཙོང་ཁ་པའི་ཨ་མས་ཁོང་མ་བཙས་སྔོན་ལ་བཏགས་པ་ཞིག་ཡིན། རྗེས་སུ་མོ་སྐུ་གྲོངས་རྗེས་མི་རྣམས་ཀྱིས་ཁོང་ལ་དྲན་གསོ་ཞུ་ཆེད་བག་མ་མནའ་མར་འགྲོ་སྐབས་ཀྱི་རྒྱན་གོས་ཤིག་ཏུ་བརྩི་ཡི་ཡོད། བག་མ་ཕྱི་སྣུར་བྱས་ནས་འགྲོ་དོན་ནི་ཕ་ཡུལ་དང་ཡུལ་མི་རྣམས་ལ་ཁ་གྱེས་མི་བཟོད་པའི་རྣམ་པ་མཚོན་གྱི་ཡོད་ཅེས་ལན་བཏབ།
       ཡང་ཨྱོན་གྱིས། ཁྱོ་ཀའི་ཕྱོགས་ནས་འགྲུལ་བ་ནང་ལ་བསུ་དུས་སྒོ་ཁར་རྡོ་བསྲེགས་པའི་སྟེང་དུ་ཤུག་ལོ་བདུག་ཅིང་། དེའི་སྟེང་དུ་ཆུ་ལྡུག་བཞིན་དུ་བག་གསར་དང་མག་གསར་གྱིས་ལག་པ་འཁྲུད་ཅིང་ངོ་གདོང་འཁྲུད་དོན་ཅི་ཡིན་ནམ་ཞེས་པར།
       ཚེ་ལོས། ལམ་བར་དུ་འཕྲད་པའི་མི་གཙང་བ་རྣམས་སེལ་བ་དང་། བག་མ་ཚེ་གང་བོར་བདེ་ཐང་གཙང་སྤྲ་ལེགས་ཤིང་། བཀྲ་ཤིས་བདེ་སྐྱིད་ཡོང་བའི་སྨོན་འདུན་མཚོན་པ་ཡིན་ཞེས་ཟེར།
       ཨྱོན་གྱིས། སྒོ་ཁར་སྐུ་མགྲོན་རྣམ་པར་སྒོར་འགའ་འབུལ་བ་དེ་ཇ་འཐུང་སྐབས་ཡང་ཕྱིར་སློང་དོན་ཅི་ཡིན་ནམ་ཟེར།
       ཨྱོན་གྱིས་སྨྲ་བ་དེ་ནི། སྐུ་མགྲོན་རྣམས་མག་པའི་ཁྱིམ་སྒོར་བསླེབས་པའི་ཚེ། གཉེན་ཚང་གིས་བསུ་གླུ་དང་འབེལ་གཏམ་གྱི་ཁྲོད་དུ་ཐོག་མར་སྐུ་མགྲོན་རྣམ་པར་གདན་དཀར་བཏིང་དགོས་པ་དང་། དེའི་སྟེང་དུ་ཤུག་ལོ་དང་ནས་འབྲུ་དང་སྒོར་འགའ་བཞག་ཡོད་པ་དེ་རེད། སྒོར་འགའ་དེ་གཉེན་ཚང་གི་ཁྱིམ་སྒོར་འཛུལ་དུས་ཞང་ཚང་གིས་འཁྱེར་དགོས་པ་དང་། ནང་ནས་ཇ་བཞེས་སྐབས་མ་སྲུ་རྣམ་པས་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་འོ་ཇ་ཟངས་པ་གང་སྐོལ་ཡོད་པ་དེ། མག་པ་དང་བག་གསར་གཉིས་ཀྱིས་ཐོག་མར་འཆུ་དགོས་མོད། འོན་ཀྱང་ཟངས་ཁ་འབྱེད་པར་འགན་འཁུར་བའི་མ་སྲུས། ནམ་ཟླ་ཧ་ཅང་འཁྱགས་པས། ཟངས་ཁ་འཁྱགས་པས་བསྡམས་བྱུང་། ཞིམ་མངར་འོ་ཇ་དཀར་པོ། འཐུང་བའི་སྟབས་ཀ་མི་འགྲིག་ཅེས་ཟེར་བ་ན། མ་སྲུ་གཞན་དག་གིས་ཀྱང་གཏམ་ལ་རམ་འདེགས་རྒྱབ་གནོན་བྱེད་པ་དང་། བསམ་གཟས་ནས་ཞང་ཚང་ལ་གུས་དངོས་སློང་བར་བྱེད་དེ། སྒོ་ཁར་འཁྱེར་བའི་སྒོར་འགའ་དེ་ཕྱིར་སློང་མ་ཚར་བར་དུ་ཟངས་ཁ་འབྱེད་དུ་མི་འཇུག་པ་དེ་རེད། ཨྱོན་གྱིས་དེའི་དོན་དེ་འདྲ་རྟོགས་མི་འདུག
       ཚེ་ལོས། དེ་ལྟར་བྱེད་པ་ནི་གཙོ་བོ་ཉིན་དེའི་དགའ་སྤྲོའི་མཁའ་དབུགས་བསྐྲུན་ཆེད་དེ། སྟོན་མོ་ཇེ་སྐྱིད་དུ་གཏོང་ཆེད་རེད། ཡང་ཅིག་བཤད་ན། མ་སྲུ་རྣམས་ཀྱིས་སྟོན་མོ་འདིའི་དོན་དུ་དཀའ་ལས་མང་པོ་མྱོང་བས། གུས་དངོས་འགའ་གནང་ན། དེ་ནི་ལས་ཀའི་གྲུབ་འབྲས་ལ་བརྩི་མཐོང་བྱས་པ་ཞིག་ཀྱང་རེད་ཟེར་བ་ན། ཨྱོན་གྱིས་ཀྱང་མགོ་ལྕོག་ལྡེམ་ལྡེམ་དུ་བདེན་སྙམ།
       ཨྱོན་གྱིས་ད་དུང་། ཁྱོད་ཚོའི་ས་ཆའི་བར་རྟགས་བརྒྱག་པ་ནི་ང་ཚོ་དང་གཅིག་འདྲ་རེད། ཕོ་མོ་ཕྱོགས་གཉིས་ཀས་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་གུས་དངོས་བཟུང་སྟེ། བར་བས་ཡར་རྒྱུགས་མར་རྒྱུགས་བྱས་ནས་གཉེན་ཟམ་འཕངས་བར་གླུ་དང་གཏམ་གྱིས་བསྟོད་ཅིང་བར་རྟགས་བརྒྱབ་ནས་བཀའ་དྲིན་ཞུ་བ་དེ་རེད། ཡིན་ནའང་གཉེན་ཚང་ནས་དགོང་ཟས་སྐབས་སུ“དམོད་མོའི་ཟས”ཟེར་བ་ཞིག་ཡོད་པ་དེ་ངས་ད་དུང་ཧ་མི་གོ་ཟེར།
       ཨྱོན་གྱིས་བཤད་བཞིན་པ་དེ་ནི། ཕྱི་ཉིན་དགོང་མོར་གཉེན་ཚང་ནས“ཕྱི་མ་ནང”བྱ་འགུལ་སྤེལ་དུས་ཀྱི་རྣམ་པ་དེ་རེད། སྐུ་མགྲོན་ཚོས་ཟས་འདི་རོལ་སྐབས། མག་པའི་ཕྱོགས་ཀྱི་མ་སྲུ་ཚོས་དྲ་མའི་ཕྱི་རུ་གླུ་ཁ་མཚར་ལེན་པ་སྟེ། ཟ་རྒྱུ་མ་གཏོགས་ལེན་རྒྱུ་མི་ཤེས་ཤིང་། འགྲོ་རྒྱུ་མ་གཏོགས་འཁྲབ་རྒྱུ་ཤེས་མི་འདུག་ལ་སོགས་ལེན་ལ། སྐུ་མགྲོན་ཚོས་ཀྱང་མ་སྲུ་ཚང་གི་ཞན་ཆ་བཙལ་ནས་སླར་ལན་སློག་ངེས་ཡིན། ཕན་ཚུན་ཤགས་འགྱེད་ཙམ་བྱས་རྗེས་སྐུ་མགྲོན་ཚོའང་ཕྱི་རུ་སོང་སྟེ་མ་སྲུ་ཚོ་དང་མཉམ་དུ་བྲོ་གར་འཁྲབ་ངེས། ངས། ཤགས་འབྱེད་འདི་ཡིས་ཕྱོགས་གཅིག་ནས་ཕོ་མོ་ཕྱོགས་གཉིས་ཀའི་གཏམ་དང་གླུ་ཡི་རིག་པའི་འགྲན་རེས་བྱས་པ་ཡིན་ལ། ཕྱོགས་གཅིག་ནས་སྐུ་མགྲོན་རྣམས་ལ་ཁོག་དཔུང་སློང་སྟེ་ཚང་མ་མཉམ་དུ་གླུ་ལེན་གར་རྩེ་བྱེད་པར་སྐུལ་བ་ཞིག་རེད་ཅེས་བཤད།
       ཨྱོན་གྱིས། ཁྱོད་ཚོའི་ལུགས་སྲོལ་འདི་ནི་རང་གིས་གསར་གཏོད་བྱས་པ་ཡིན་ནམ། ཡང་ན་སྲོལ་རྒྱུན་ལྟར་རེད་ཟེར།
       ཚེ་ལོས། སྲོལ་རྒྱུན་ལྟར་རེད་དེ། ད་ལྟའི་བར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཕྱིན་སོང་ཟེར།
       ཨྱོན་གྱིས་ད་དུང་ཧང་སངས་པའི་སྒོ་ནས། ངས་ཁོ་ཚོ་བོད་སྐད་ལ་བྱང་ཆ་དེ་འདྲ་མེད་པ་ཚོར་བྱུང་མོད། འོན་ཀྱང་ངས་ཀྱང་མི་ཤེས་པའི་བོད་ཀྱི་གླུ་ཚིག་དང་གཏམ་བཤད་དེ་དག་ཁོ་ཚོས་ཇི་ལྟར་ཡིད་ལ་བཟུང་བ་ཡིན་ནམ་ཞེས་དྲིས།
       ཚེ་ལོས་ཐད་ཀར་དུ། མཁྲེགས་སྐྱོར་མཁྲེགས་འཛིན་བྱས་པས་ཡིན་ཟེར།
       ཨྱོན་གྱིས་ཚོར་སྣང་ཟབ་མོ་སྒོས། ཨོ། ངོ་མ་ངོ་མཚར་ཆེ། གཉེན་སྒྲིག་གི་ལུགས་སྲོལ་དེ་དག་ཁྱོད་ཚོ་བོད་སྐད་དེ་ཙམ་མི་ཤེས་པའི་མི་རིགས་འདྲེས་སྡོད་ཀྱི་གྲོང་ཚོ་དེ་ནས་ཆ་ཚང་བའི་སྒོ་ནས་ཉར་ཚགས་བྱེད་ཐུབ་པ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད། བལྟས་ཡོང་ན་སྔོན་ཆད་ངས་ཁྱོད་ཚོ་བོད་སྐད་དེ་འདྲ་མི་ཤེས་པའི་སྤུན་ཟླ་དག་ལ་གོ་བ་ལོག་པའི་ལྟ་ཚུལ་གྱིས་ཚད་དམའ་མོས་ཚོད་དཔོག་དང་མཐོང་ཆུང་བྱས་འདུག་ཅེས་ཟེར།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།