logo

བདག་གིས་ལྷུག་རྩོམ་ཇི་ལྟར་བྲིས་པ་ཡིན། ཅི་ཞན་ལིན།

རྩོམ་པ་པོ།:འཇམ་དཔལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-02 ཀློག་གྲངས།:
བདག་གིས་ལྷུག་རྩོམ་ཇི་ལྟར་བྲིས་པ་ཡིན།
ཅི་ཞན་ལིན་གྱིས་བརྩམས།
འཇམ་དཔལ་གྱིས་བསྒྱུར།

 
       ང་རང་ཆུང་དུས་ནས་རྩོམ་ཡིག་ཙག་ཙིག་འབྲི་བར་དགའ། ངས་ལྷུག་རྩོམ་ཟེར་བ་དེ་བྲིས་ནས་ཀྱང་མི་ལོ༥༠ཕྱིན་ཚར། བྲིས་པ་ཉུང་ཞིང་ཆུ་ཚད་དམའ་ནའང་དེའི་ཁྲོད་དུ་མངར་སྐྱུར་ཁ་བསྐ་ཡི་ཚོར་བ་ཡོད་པ་དང་། ང་ལ་མྱོང་ཚོར་མི་ཉུང་བ་ཞིག་ཡོད་པའི་ངོས་འཛིན་བྱུང་། འཚོ་བ་ལྷིང་འཇགས་ཡིན་པའི་གནས་ཚུལ་འོག་རྒྱུན་པར་ལོ་གཅིག་དང་ཕྱེད་ཙམ་ལ་ཡང་རྩོམ་ཡིག་གཅིག་ཀྱང་ལེགས་འགྲུབ་བྱེད་མ་ཐུབ། དེའི་རྒྱུ་མཚན་ཧ་ཅང་གསལ་པོ་རེད། ཉིན་རྒྱུན་ལས་ཚོགས་འཚོག་པ་དང་། ལས་ཚོགས་གྲོལ་བ། སློབ་སྦྱོང་། སློབ་ཚན་འཚོག་པ། ཚོགས་འདུ་འཚོག་པ། མགྲོན་པོ་ལ་འཕྲད་པ་སོགས་ཁྱིམ་ནས་གཞུང་ལས་ཁང་དང་། གཞུང་ལས་ཁང་ནས་སློབ་ཁང་བར། སློབ་ཁང་ནས་ཕྱིར་ཡུལ་ལ་ལོག་པ་སོགས་གོ་བདེ་བའི་ཚིག་གིས་བཤད་ན།
       “སྣེ་གསུམ་དང་ཐིག་ཅིག”ཅེས་བཤད་ན་མི་ཆོག་རྒྱུ་ཅང་མེད། འདི་འདྲའི་སྣེ་དང་ཐིག་དེ་དག་ཚང་མ་སོས་དལ་ཞིང་བྲོ་བ་མེད་པ། ཕོག་ཐུག་མེད་ཅིང་སེམས་འགྱུ་ཞན་པ། འགྱུར་ལྡོག་ཆེན་པོ་མེད་ལ། བག་ཆགས་གསར་བའང་མེད། ཚོར་འདུ་མེད་ན་རྩོམ་ཡིག་གང་ཞིག་འབྲི་འདོད་པའི་བྲེལ་སྟབས་ཀྱི་ཀུན་སློང་དེ་ཡང་མེད་ལ། འདི་ལྟ་བུའི་དུས་སུ། ངས་རྩོམ་ཡིག་གང་ཡང་འབྲི་མགོ་མི་འཁྱོངས། ཅི་ཡང་འབྲི་མི་འདོད། དེ་ལྟར་མིན་ཚེ། ཨུ་ཚུགས་ཀྱིས་བྲིས་པའི་རྩོམ་ཡིག་དེ་ལ་ངེས་པར་བྲོ་བས་དབེན་པ་དང་། བརྗོད་བྱའི་སྙིང་བོས་དབུལ་ཞིང་སྔ་ས་ནས་ཕྱི་ལ་བཀྲམས་ཀྱང་། རང་གཞན་གཉིས་ཀར་གནོད། གནའ་ནས་བཟུང་སྟེ། དེ་ནི་ལུགས་དང་མཐུན་པའི་བརྗོད་བྱ་ཤིན་ཏུ་ཉུང་བའི་རྐྱེན་རེད། སུང་རྒྱལ་རབས་ཀྱི་རླབས་ཆེན་གྱི་སྙན་ཚིག་སྨྲ་བ་ཞིན་ཅཱ་ཞོན་གྱིས«གཡོག་ངན»ཞེས་འབོད་པའི་སྙན་ཚིག་ཅིག་བརྩམས་མྱོང་བ་སྟེ།
       གཞོན་དུས་སེམས་ཁྲལ་གྱི་བྲོ་བ་མི་ཤེས་པར། ཡང་ཐོག་ལ་འགོ་བར་སྤྲོ་བ་དང་། ཐོག་རིམ་ལ་འགོས་པར་མོས། ཚིག་གསར་རྩོམ་པའི་ཆེད་དུ་སེམས་ཁྲལ་ཡོད་པ་ནན་གྱིས་བཤད། ད་ལྟར་སྐྱོ་སེམས་ཀྱིས་ཁེངས་ཏེ་བཀའ་དྲིན་ཚོར་འདོད་ཀྱི་འདུན་པ་ཡོད་པར་མ་ཟད། ཉིན་འགྱངས་མེད་པར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས་བྱུང་སོང་།
       སྐྱོ་ངལ་ཡོད་ཁུལ་ཙམ་དུ་བཤད་ཅིང་། དེའི་བརྩེ་དུངས་ནི་རྫུ་བཅོས་དང་སྙིང་བོས་དབེན་པས་ན། བྲིས་པའི་རྩོམ་ཡིག་ཡིན་ཀྱང་རང་ལ་འགུལ་བ་སྟེར་མི་ཐུབ་ན།གཞན་ལ་སེམས་འགུལ་ཐེབས་སུ་འཇུག་པ་ལྟ་ཅི་དགོས།
       ངས་བཤད་པའི་ནང་དོན་ནི་ཨུ་ཚུགས་ཀྱིས་འབྲི་ཐབས་གཏན་ནས་མི་བྱེད་པ་དང་། ནད་མེད་ཀྱིས་རྫུན་གཏམ་མི་བཤད་རྒྱུ་ཅི་ཡོད།
       དེ་ཡང་ནད་གཞི་ཡོད་ལ་འཁུན་སྒྲའང་ཡོད་ན་ཡང་། ནད་གཞི་ཐོན་མ་ཐག་ཏུ་འཁུན་སྒྲ་མ་ཕྱུང་ཞིག སྒྲ་འདོན་པར་ཡང་ཐབས་རྩལ་དགོས་པ་ཞིག་རེད།
       གལ་ཏེ་སྐད་མཐོན་པོས་སྐད་ཅོར་བརྒྱབ་པ་ཡིན་ན་གནས་དེར་ནུས་པ་ཐོན་ཐུབ་ཀྱིན་མེད། ད་དུང་ཞིབ་ཚགས་ཀྱིས་ལྟ་ཞིབ་དང་བསམ་པ་ལྡོག་ཏུ་མེད་པར་ཉམས་སད་དང་ཕྱིར་ལྡོག་པའི་སྦྱོང་བརྡར་བྱེད་དགོས། མི་དང་བྱ་དངོས་ཡོད་ཚད་ལ་རྟོག་ཞིབ་ཕྲ་ཞིབ་བྱེད་པ་དང་། ཚོར་ཤེས་ཟབ་མོས་ཡོད་ཚད་ཟིན་པར་བྱ་དགོས། འཛམ་གླིང་སྟེང་ག་ས་གང་དུ་དབྱར་མཚོ་རྒྱས་པ་ལྟ་བུའི་ཚེ་སྲོག་བག་ལ་ཉལ་བ་དང་། གང་དུ་བྱ་འགུལ་སྤེལ་ན་མི་ཚོགས་ཀྱིས་ཁེངས་ཤིང་། ཁྱེད་ཀྱིས་སེམས་ཞིབ་མོས་ཞོར་ལྟ་བྱོས་དང་། གྲུབ་འབྲས་འཐོབ་ངེས་རེད། བུད་མེད་རྒན་པ་ཞིག་གི་གཉེར་མས་ཁེངས་པའི་གདོང་འཛུམ་དང་ཕྲུ་གུ་ཞིག་གི་ཀུ་ཤུ་སོས་པ་ལྟ་བུའི་མཁུར་ཚོས་ཟུང་གི་དམར་མདངས། ཞིང་པ་ཞིག་གི་ཤ་དྲེག་གིས་ཁེངས་པའི་ལག་པ་དང་། བཟོ་པ་ཞིག་གི་ལས་ཀའི་གྱོན་པའི་སྟེང་དུ་ཁེངས་པའི་སྣུམ་ཐིག སློབ་མ་ཞིག་གི་དཔེ་ཆ་ཀློག་འདོན་གྱི་སྒྲ དགེ་རྒན་ཞིག་གི་མཚན་མོའི་སྒེའུ་ཁུང་ལས་མཆེད་པའི་གློག་འོད། འདི་དག་ནི་རྒྱུན་དུ་མཐོང་བའི་སྣང་ཚུལ་ཞིག་ལས་མ་འདས་མོད། འོན་ཀྱང་དེ་ལ་མྱོང་ཚོར་ཟབ་མོ་ཞིག་མྱོང་ཐུབ་པ་མ་ཟད། ཡིད་འཕྲོག་པའི་ཚོར་བ་ཞིག་ཀྱང་སྐྱེས་ངེས། ཁྱེད་ཀྱིས་ངེས་པར་རྒྱུན་ལྡན་དང་གོམས་གཤིས་སུ་གྱུར་བ། སྤྱིར་བཏང་གི་སྣང་ཚུལ་དེ་དག་སེམས་སུ་བཞག་སྟེ་གོ་དོན་མཐིལ་རྟོགས་དང་མཉམ་འདྲེས་ཡོང་བར་བྱ་དགོས། སྦྲང་རྩི་གསོག་པའི་སྦྲང་མ་ཞིག་དང་འདྲ་བར། གྲ་སྒྲིག་འཐུས་ཚང་བྱས་ནས་ཕྱིའི་ཁམས་དང་ནང་སེམས་ཀྱི་བརྩེ་བ་གཅིག་ཏུ་འདྲེས་པས། སྟེ་ཧ་ཅང་དགའ་བའི་ཁར་ངས་སེམས་སུ“རང་སེམས་ལ“སྨྱུག་ཚིགས”ཤིག་གྲུབ་པར་བྱས་ན། ད་གཟོད་སྨྱུག་མ་དེ་རི་མོར་ཕབ། འདི་ལྟར་རྩོམ་ཡིག་བྲིས་ནས་ལེགས་པར་གྲུབ་ཚེ། གཞན་ཡིད་ཀྱི་དང་བ་ཅི་ལ་འདྲེན་མི་ཐུབ།
       ངས་བཤད་པའི་ནང་དོན་ནི་ཞིབ་ཚགས་ཀྱིས་ལྟ་ཞིབ་བྱེད་པ་དང་། ཡང་ཡང་བསམ་གཞིགས། དེ་ནས་ད་གཟོད་སྨྱུ་གུ་འགུལ་མགོ་རྩོམ་པ་དེ་ཡིན།
       གསར་རྩོམ་བྱེད་པའི་སེམས་འགྱུ་ཡོད་ལ། བསམ་གཞིགས་ཀྱི་དུས་ཚོད་ཀྱང་བྱུང་ན། གང་འདྲ་བྱས་ནས་འབྲི་མགོ་རྩོམ་དགོས་སམ། ལྷུག་རྩོམ་ཞིག་འབྲི་བ་དེ་སྲིད་དོན་གླེང་བ་དང་མི་འདྲ། ཆབ་སྲིད་སྨྲ་བ་ལ་གཏན་ཚིགས་རང་བཞིན་དགོས་པ་ལས། དོན་མེད་ཀྱི་ཚིག་ཚོགས་འབྲི་མི་རུང་། ལྷུག་རྩོམ་ལ་ཡང་གཏན་ཚིགས་རང་བཞིན་ལྡན་དགོས། འོན་ཀྱང་དེ་ཙམ་གྱིས་མི་འདང་བར་ད་དུང་སྒྱུ་རྩལ་གྱི་རང་བཞིན་ལྡན་དགོས། གནའ་མིས“སྐད་ཆ་ཚིག་སྟོང་མང་པོ་བཤད་ཀྱང་སྤྱོད་གོ་མི་ཆོད”ཅེས་གསུངས་མྱོང་། ཡང་བཤད་རྒྱུར“སྙན་ངག་མ་བསླབ་ན་སྐད་ཆ་མི་ཤེས”ཞེས་ཟེར། ལྷུག་རྩོམ་འབྲི་ན་ཡང་རྩིས་ཐོ་འབྲི་བ་ནང་བཞིན་བྲོ་བ་ཅི་ཡང་མེད་པའི་ཐད་བཤད་བྱ་མི་རུང་། བྲོ་མེད་ཆོ་མེད་ནི་སྒྱུ་རྩལ་གྱི་དགྲ་བོ་ཆེན་པོ་ཡིན་པ་མ་ཟད།ལྷུག་རྩོམ་གྱི་དགྲ་བོ་ཆེན་པོ་ཡང་རེད། ཐོག་མར་ཚིག་གི་གདམ་གསེས་དང་ཚིག་གྲུབ་བཟོ་བ་ལ་ཡིད་འཇོག་བྱེད་དགོས། འཛམ་གླིང་གི་སྐད་ཡིག་ཚང་མར་སོ་སོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་རྒྱ་ཡིག་གི་ཁྱད་ཆོས་ལྷག་ཏུ་མངོན་གསལ་ཡིན། རྒྱ་ཡིག་གི་ཚིག་བརྗོད་ཀྱང་གཏན་འཁེལ་གཅིག་རྐྱང་མིན་པས། སྙན་ངག་པ་ཚོས་རྩལ་ཤུགས་འདོན་སའི་གནས་ཡོད་པར་བསམ། ངག་རྒྱུན་དུ་སུང་རྒྱལ་རབས་ཀྱི་དུས་སུ་ལྷུག་རྩོམ་མཁན་པོ་ཝང་ཨན་ཧྲི་ཡིས་སྙན་ཚིག་ཅིག་བྲིས་པ་དང་། དེའི་ནང་དུ་བྲིས་པའི“དཔྱིད་རླུང་ལྡང་ནས་འབྲི་ཆུའི་ལྷོ་རྒྱུད་དུ་སླེབས་པ”ཞེས་པ་ཁོས“དཔྱིད་རླུང་ཡང་བསྐྱར་འབྲི་ཆུའི་ལྷོ་རྒྱུད་དུ་ལྡང”ཞེས་པར་བཅོས། དག་བཅོས་ཐེངས་འགར་བྱས་རྗེས། མཐར“དཔྱིད་ཀྱི་རླུང་བུས་འབྲི་ཆུའི་ལྷོ་ལ་ལྗང་མདོག་དུས་བཟང་སླར་ཡང་བསུས།”ཞེས་པར་བསྒྱུར་བ་དང་། རང་ཉིད་ཀྱི་འདོད་བློ་ཁེངས་ཤིང་། ཀློག་པ་པོ་རྣམས་ཀྱང་ཡིད་ཚིམ་པར་གྱུར། “ལྗང་མདོག”དེ་ནི་མ་གཞི་གསལ་བཤད་ཀྱི་མིང་ཡིན་པ་དང་། རྒྱ་ཡིག་ཏུ་དེ་ནི་བྱ་ཚིག་ཏུ་བསྒྱུར་བ་རེད། ཡི་གེ་ཚིག་གཅིག་བཟོ་བཅོས་བརྒྱབ་ན་དོན་ཚང་མ་གསོན་ཉམས་ལྡན་པ་ཞིག་རེད། དཔེ་མཚོན་འདི་རིགས་ཀྲུང་གོར་ད་དུང་མང་པོ་ཡོད། ཡང་མིང་དུ་གྲགས་པའི“འདབ་ཆགས་རྫིང་ཁའི་སྡོང་བོར་མཚན་སྡོད་དང་། །ཟླ་དཀར་འོག་ནས་གྲྭ་ཤག་སྒོ་རྡུང་བ། ། ”སྔར་ནི་གྲྭ་ཤག་གི་སྒོ་མོ་ཕྱེ་བ་ཡིན་ཞིང་།“ཕྱེ”ཞེས་པའི་ཡི་གེ་ཧ་ཅང་དམའ་ཞིང་། སྐད་ཆེན་པོ་མི་ཡོང་བས“རྡུང”ཞེས་པར་བསྒྱུར་ཏེ་སྐད་ཆ་མ་ལུས་པར་ཡོངས་སུ་བཤད་བྱུང་། ཀྲུང་གོའི་སྐད་ཆའི་ནང་ནས་རྟག་པར་བཤད་པའི་བསམ་གཞིགས་གཏོང་བ་འདི་ལས་ཡོང་བ་ཡིན། ཡང་དཔེར་ན་དཔྱིད་འགོའི་མེ་ཏོག་བརྗོད་པའི་སྙན་ངག“འདང་གི་ཁ་བ་བུ་ཡུག་ཁྲོད། །མདུན་གྱི་སྡེ་བའི་མྱུག་མང་འབུས། །”ཞེས་པ་ལས། “མང”ཞེས་པ་འདི“གཅིག”ལ་བསྒྱུར་ན་ནང་དོན་འབུར་དུ་ཐོན་ཡོང་། ཀྲུང་གོའི་སྙན་ངག་པ་རྙིང་བ་རྣམས་ཀྱིས་སེམས་ཤུགས་ཆེན་པོ་ཡིག་འབྲུ་བཙོ་སྦྱང་བྱེད་པའི་སྟེང་དུ་བཀོལ་ཡོད། ངའི་སེམས་སུ་རྒྱལ་ཁབ་གཞན་གྱི་སྙན་ངག་པ་རྣམས་ཀྱིས་ཀྱང་ཚད་མི་འདྲ་བའི་སྟེང་ནས་འདི་ལ་སྟོབས་སྣོན་གྱིན་ཡོད་སྙམ། ལྷུག་རྩོམ་མང་ཆེ་བ་ནི་རིགས་འདིའི་ཁོངས་སུ་གཏོགས་པ་ཡིན། ཀྲུང་གོའི་གནའ་རབས་ཀྱི་སྙན་ངག་མཁས་པ་རྣམས་ཀྱིས་དུས་མི་འདྲ་བའི་སྐབས་སུ་བཏོན་པའི་གཞུང་ལུགས་མི་འདྲ་བ་སྟེ། ལ་ལས་ཕྱིའི་སྒེག་ཉམས་ལ་དང་དོད་དང་། ལ་ལས་ནང་གི་ཚོར་ཤེས་ཀྱི་འདོད་ཚུལ་བཟུང་ཡོད། ཕྱི་ཚུལ་ནས་བལྟས་ན་རྣམ་པ་སྣ་ཚོགས་ཡིན་ནའང་དོན་དངོས་ཐོག་ཁོ་ཚོར་ཐུན་མོང་གི་དམིགས་ཡུལ་ཡོད། ཁོ་ཚོ་ཚང་མས་ཡིད་དབང་འཕྲོག་པའི་སྙན་ངག་གསར་བ་འབྲི་འདོད་པ་ཡིན། ངས་ལྷུག་རྩོམ་ལའང་དེ་ཙམ་གྱིས་དམིགས་སུ་བཀར་མི་ཐུབ།
       ངའི་ནང་དོན་ནི། སྙན་ངག་ནང་བཞིན་ལྷུག་རྩོམ་ཞིག་འབྲི་དགོས།
       ཡིག་འབྲུ་བཙོ་སྦྱང་དང་ཚིག་བཙོ་སྦྱང་ཙམ་བྱས་ན་ཆོག་གམ་ཞེ་ན། ངའི་བསམ་པར་ད་རུང་མི་འདང་། དེ་བས་གཙིགས་ཆེ་བ་ནི་ཡིག་ངོས་བཙོ་སྦྱང་བྱ་དགོས། ཡི་གེ་སྦྱོང་བ་དང་ཚིག་སྦྱོར་གྱི་སྐོར་ལ་ཀྲུང་གོའི་གནའ་རབས་ཀྱི་རིག་རྩལ་གྱི་གཞུང་ལུགས་ཀྱི་གསུང་རྩོམ་ནང་དུ“སྙན་ངག་གི་སྐད་ཆ”ཞེས་པའི་རྩོམ་ཡིག་ཀྱང་འདུས་ཡོད་པས། གླེང་མོལ་ཧ་ཅང་ཆ་ཚང་བ་བྱས་ཡོད། ཡིན་ནའང་རྩོམ་ཡིག་བཙོ་སྦྱང་བྱ་རྒྱུའི་སྐོར་རྩོམ་ཡིག་སྒྲིག་གཞིའི་ཐད་ལ་དམིགས་དགོས་ཤིང་མདོར་བསྡུས་ན་ཧ་ཅང་མི་འདང་བ་ཞིག་རེད། ང་ཚོས་ཐ་ན་གནད་དོན་འདིར་རིག་པ་བ་ཚོས་དོ་སྣང་ཆེན་པོ་མ་བྱས་པ་འདྲ་ཞེས་བཤད་ཆོག དོན་དངོས་ཐོག་ངས་བལྟས་ན་གནད་དོན་འདི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
       ཡིག་ངོས་བཙོ་སྦྱང་གི་་ནང་དོན་ལ་རྒྱ་ཧ་ཅང་ཆེན་པོ་ཡོད། ཐོག་མར་མགོ་ཇི་ལྟར་རྩོམ་པའི་སྐོར་ཡིན།
       རྩོམ་ཡིག་འབྲི་རྒྱུའི་གོ་སྐབས་བྱུང་བའི་མིས་རྩོམ་ཡིག་གི་མགོ་རྩོམ་རྒྱུ་དཀའ་མོ་ཡིན་པ་ཤེས་ཀྱིན་ཡོད། གནའ་རབས་དང་དེང་རབས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་པ་རྣམས་ལ་ཡང་དེའི་ཐད་ཀྱི་ཉམས་མྱོང་ཐོབ་ཡོད། ཀྲུང་གོའི་གནའ་རྩོམ་དང་གནའ་བོའི་སྙན་ངག་ཁྲོད་དུ་གལ་ཏེ་སེམས་ཞིབ་མོས་ཉམས་ཞིབ་བྱས་ན། མགོ་རྩོམ་ཚུལ་བཟང་བའི་སྙན་ངག་བཟང་པོ་མི་ཉུང་བ་ཞིག་ཀློག་ཐུབ་བོ། །དཔེར་ན་ཚེན་ཧྲེན་གྱིས«ཀའོ་ཧྲི་ཞུའེ་དང་མཉམ་དུ་ཚི་འུན་དགོན་པར་འགོས་པའི་རི་མོ»ཞེས་པའི་ནང་གི་མགོ་རྩོམ་པའི་ཚིག་ནི“དར་རྒྱས་ཆེ་བ་དང་དབང་རྩ་འཁོལ་བའི་ངང་ཕོ་བྲང་དུ་བུད་པ་ཡིན”བྱིན་ཅན་མཆོད་རྟེན་མཁའ་རུ་བསྙེགས་པའི་ཟོལ། །སུམ་རྩེན་བརྒྱ་བྱིན་ཕོ་བྲང་འབིགས་སྙམ་བྱེད། །ཅེས་པ་ལྟ་བུ། རྩོམ་ཡིག་གི་ཉམས་འགྱུར་གྱིས་མཆོད་རྟེན་དེའི་བརྗིད་ཉམས་རྒྱས་ཤིང་གསོན་ཉམས་ལྡན་པའི་ངང་ནས་མཚོན་པར་བྱས་ཡོད་པས། ཁྱོད་ཀྱིས་མུ་མཐུད་མི་ལྟ་ཐབས་མེད་རེད། ལ་ལ་སོས་དལ་ཞིང་བག་ཕེབས་པ། ཆུ་བོ་ལྷུང་ལྷུང་འབབ་པ་ལྟར་མི་རྣམས་བསམ་གཞིགས་ཀྱི་ཀློང་དུ་འདྲེན་པར་བྱེད། དཔེར་ན་ཨོའོ་དབྱང་ཞིའུ་ཡིས་བརྩམས་པའི«དྲང་སྲོང་ལྡིང་ཁང་ལ་སྦྱར་བ»ཞེས་པའི་ཐོག་མའི་ཚིག་རྐང་དང་པོ་ནི་ཧོན་ཁྲུའུ་ཡི་མཐའ་སྐོར་ནི་རི་བོ་ཡིན་ནོ་ཞེས་པ་དེ་ཡིན་ལ། ཡིན་ནོ་ཞེས་པའི་ཚིག་དེ་སྙན་ཚིག་འདིའི་མགོ་མཇུག་བར་གསུམ་བསྐོར་བའི་ཚུལ་གྱིས་བཀོད་པས། ཕལ་ཆེར་ཁྱེད་ཀྱི་སེམས་པ་ཡང་དེས་དམ་དུ་སྦྲེལ་ནས། མུ་མཐུད་དུ་མི་བལྟ་ཐབས་མེད་ཀྱི་གནས་སུ་གྱུར་འགྲོ། ད་དུང་ངག་རྒྱུན་ཞིག་ལ། ཨོའུ་དབྱང་ཞིའུ་ཡིས«ཤང་ཀྲོའུ་ཡི་ཀྲིག་ཅིན་ཐང་ཟིན་བྲིས»རྩོམ་འབྲི་བྱེད་སྐབས། རྩོམ་གྱི་སྒྲིག་གཞི་ལ་ཉིན་མང་པོར་བསམ་བློ་བཏང་བ་དང་། རྩོམ་ཡིག་བྲིས་རྗེས་མི་མངགས་ཏེ་བསྐྱལ་ནས་སོང་། མཚམས་ཤིག་ལ་གློ་བུར་དུ་རྩོམ་མགོ་འཁྱོངས་མེད་པ་དྲན་ནས། མི་མངགས་ནས་ཉིན་མཚན་ལྟོས་མེད་དུ་མ་ཕྱིར་རྗེས་འདེད་བཏང་ནས་ཕྱིར་འཁྱེར་ཡོང་དུ་བཅུག་སྟེ། རྩོམ་གྱི་མགོ་འབྲི་ཚུལ་སླར་ཡང་བསྒྱུར་བ་འདི་ལྟར། ཡུལ་དཔོན་ནས་བརྩམས་ཞི་དྲག་བློན་རིགས་གྲས་སུ་བཙུད། །སྟོབས་འབྱོར་སྙན་གྲགས་ལྡན་དུས་རང་ཡུལ་བསྟི་གནས་བསྙེགས། །གཟི་བརྗིད་འདི་ཀོ་འཇིག་རྟེན་རྒྱུན་ལུགས་ཙམ་ལས་མ་འདས་པ། །གནའ་ནས་མ་ཉམས་ད་ལྟའི་བར་ཡང་འདི་འདྲ་ལགས། །ཞེས་རྩོམ་གྱི་མགོ་འབྲི་ཚུལ་འདི་ལྟ་བུ་ནི་སྤོབས་པ་ཡངས་ལ། རྩོམ་ལུས་ཡོངས་སུ་གསེར་རྒྱུན་གཡུ་ཡིས་སྤྲས་པ་ལྟ་བུ་ཡོད་པས། རྩོམ་གྱི་ལས་རིགས་ཡོངས་སུ་ཀུན་གྱིས་བསྔགས་བརྗོད་བྱེད་པའི་གཞི་རུ་གྱུར། དཔེར་བརྗོད་འདི་ལྟ་བུ་ད་དུང་བགྲང་གིས་མི་ལངས་ལ། འདི་དག་གི་ཐོག་ནས་ང་ཚོའི་གནའ་རབས་ཀྱི་ཡིག་མཁན་རྣམས་ཀྱིས་རྩོམ་ཡིག་གི་མགོ་རྩོམ་པར་ཇི་ལྟར་མཉམ་འཇོག་བྱས་པ་གསལ་བཤད་བྱས་ཡོད། རྩོམ་མགོ་ཡག་པོ་འཁྱོངས་ན་རྩོམ་ཡིག་ཧྲིལ་བོ་བཟང་བའི་ངེས་པ་ཞིག་མེད་ལ། རྩོམ་ལུས་བཙོ་སྦྱང་གི་ལས་ཀ་ནི་ཐོག་མའི་མགོ་རྩོམ་ས་ཙམ་རེད། དེ་ནས་རྩོམ་ཡིག་ཧྲིལ་བོའི་སྒྲིག་གཞིའི་ཐད་ད་དུང་སེམས་ཞིབ་མོས་ལས་སྣོན་གང་ལེགས་བྱེད་དགོས་ངེས་རེད། རྩོམ་ཡིག་ཧྲིལ་བོར་ཨ་ལོང་གཅིག་ཏུ་སྦྲེལ་བ་ནང་བཞིན་ནང་གནས་ཀྱི་གཏན་ཚིགས་རང་བཞིན་ཞིག་ཡོད་དགོས་ལ། ཚིག་དང་ཚིག་གི་བར། དུམ་མཚམས་ཀྱི་བར་དུ་འབྲེལ་བཟང་བོ་ཆགས་དགོས། མི་ལ་ལ་ཞིག་གིས་རྩོམ་ཡིག་ནང་ཡར་ལ་ཐོ་བ་ཞིག་བྲིས་ཡོད་པ་དང་། མར་ལ་དབྱུག་པ་ཞིག་བྲིས་ཏེ། མགོ་རྔ་ཐོད་ཐུག་པ་དང་འབྲེལ་མི་ཆགས་པ་ཞིག་བྲིས་པ་ཡིན་ན། དེ་ནི་ཡང་དག་པའི་ཐབས་ལམ་ཞིག་མ་ཡིན་ནོ། །རྩོམ་ཡིག་ཧྲིལ་བོའི་ཉམས་འགྱུར་ཕྱོགས་ནས་ཀྱང་གདངས་དབྱངས་གཅིག་རྐྱང་ལ་གཞོལ་མི་རུང་། རྩོམ་པ་པོ་རེ་རེ་ཚང་མར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་གཤིས། རྩོམ་གྱི་ཉམས་འགྱུར་དེ་རིགས་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས། དེ་ནི་ཕྱོགས་ཡོངས་ནས་བཤད་པ་ཙམ་ཡིན་ལ། རྩོམ་ཡིག་ཅིག་ལ་མཚོན་ན་ནང་དུ་འགྱུར་ལྡོག་མང་པོ་ཡོད་པ་ཡིན། ཀྲུང་གོའི་ལོ་ངོ་སྟོང་ཕྲག་འགའ་ཡི་རྩོམ་རིག་ལོ་རྒྱུས་ཐོག་རྩོམ་གྱི་ཉམས་འགྱུར་མི་འདྲ་མང་དུ་བྱུང་བ་སྟེ། «ལོ་རྒྱུས་དེབ་ཐེར»གྱི་བརྗིད་ཆགས་ཀྱི་ཉམས་དང་། ཝང་བེའི་བབ་ཆགས་ཀྱི་ཉམས། ཞུའེ་དང་སུའེ་ཡི་འཕྱོར་སྡུག་གི་ཉམས། ཏུའུ་ཕུའུ་ཡི་ཡིད་གདུང་ཟབ་བརླིང་གི་ཉམས། ལི་པེའི་འགག་མེད་ལྷོག་འགུལ་གྱི་ཉམས། «ཐོག་ཁང་དམར་པོའི་རྨི་ལམ»ཞིབ་ཚགས་ཕྲ་མཉེན་གྱི་ཉམས། «རུའུ་ལུགས་པའི་ལོ་རྒྱུས་ཕྱི་མ»ཡི་གསལ་ཞིང་བསྡུས་པའི་ཉམས་སོགས་གང་ལ་གང་འཚམ་གྱི་ཉམས་འགྱུར་གྱིས་ཀུན་ནས་ཕྱུག་ཡོད། ང་ཚོས་དོན་དངོས་འབྲི་སྐབས། རྩོམ་ཡིག་ཅིག་གི་ནང་དུ་ཉམས་འགྱུར་རིགས་མི་འདྲ་བ་ཁ་ཤས་མཉམ་དུ་འདྲེས་གང་ཐུབ་བྱས་ཏེ་མི་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པ་དགོས། ཀྲུང་གོའི་ཆ་ཚིག་དང་སྙན་ངག་ལ་བརྩི་འཇོག་དང་།འདི་ནི་ཀྲུང་གོའི་སྐད་ཆའི་ཁྱད་ཆོས་ལས་གྲུབ་པ་ཡིན་ལ། མི་རིགས་གཞན་གྱི་སྐད་ཆ་ལ་ལར་མེད་པ་ཞིག་ཀྱང་ཡིན། རྒྱ་མིས་ཀྱང་ཐོག་མ་ནས་སྣང་ཚུལ་དེ་རིགས་ལ་ཤེས་རྟོགས་ཡོད་པས་མ་ཡིན་ལ། དུས་ཡུན་རིང་པོའི་ལག་ལེན་བརྒྱུད་ནས་ཞིབ་འཇུག་ལག་སོན་བྱུང་བ་ཞིག་ཡིན། ང་ཚོས་ལྷུག་རྩོམ་འབྲི་བ་ནི་ཟུར་ཟའི་རྩོམ་ཡིག་དང་སྙན་ཚིག་འབྲི་བ་དང་མི་འདྲ། འོན་ཀྱང་གནས་ཁ་ཤས་སུ་ཚོད་ལྟའི་ངང་ནས་འོས་འཚམ་གྱི་བཀོལ་སྤྱོད་བྱས་ཆོག་པ་སྟེ། དེ་ལྟར་བྱས་ན་རྩོམ་ཡིག་གི་ཚིག་ཤུགས་འཕེལ་བར་རོགས་འདེགས་བྱེད་ཐུབ་པ་དང་། རྩོམ་ཡིག་གི་དབྱངས་འགྲོས་གསལ་ཞིང་ངར་ཤུགས་འཛོམས་པ་ཞིག་ཡོང་ཐུབ་པ་རེད།
       རྩོམ་ཡིག་གི་ལྟེ་བའི་ཆ་ཤས་བྲིས་ཚར་ནས་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་ཡང་དཀའ་གནད་ཅིག་ལ་འཕྲད་སྲིད། གོང་དུ་ངས་རྩོམ་ཡིག་གི་མགོ་རྩོམ་རྒྱུ་དཀའ་མོ་རེད་ཅེས་བཤད་ཟིན་པ་ལྟར། སེམས་རྣལ་མོས་རྩོམ་གྱི་ལས་ལ་འཇུག་པའི་མི་སུ་ཡིན་རུང་རྩོམ་ཡིག་གི་མཇུག་བསྡུ་བར་དཀའ་ལས་དེ་བས་མྱངས་དགོས་པའི་ངེས་ཤེས་ཟབ་མོ་ཡོད། གནད་དོན་དེར་གསལ་བཤད་བྱེད་རྒྱུར་སྟབས་བདེ་ཡོང་བའི་ཆ་ནས། ངས་ཀྲུང་གོའི་གནའ་གཞུང་རྩོམ་རིག་ནང་གི་དཔེར་བརྗོད་ཁ་ཤས་འཇོག་རྒྱུ་ཡིན། གོང་གི«དྲང་སྲོང་ལྡིང་ཁང་ལ་སྦྱར་བ»ཞེས་པའི་རྩོམ་གྱི་མཇུག་བྱང་ཏུ། “ཐའེ་ཧྲུག་སུ་ཡིན། ལུའུ་ལིན་ཡུལ་གྱི་ཨའོ་དབྱང་ཞིའུ་ལགས།”ཞེས་པ་ལྟར། “ལགས”ཞེས་པའི་ཚིག་གིས་མགོ་བརྩམས་པ་དང་། ཡང“ལགས”ཞེས་པའི་ཚིག་གིས་མཇུག་བསྒྲིལ། བར་དུ་ཡང“ལགས”ཞེས་པའི་ཚིག་འབྲུ་མང་པོ་ཡོད་པ་ནི་འདི་ལྟར་སྔ་ཕྱི་མཐུན་པར་སྡེབ་སྦྱོར་བྱས་ནས་ཧྲིལ་པོ་གྲུབ་པ་རེད། དཔེར་བརྗོད་གཞན་ཞིག་ནི་ཏུའུ་ཕུའུ་ཡི་མིང་དུ་གྲགས་པའི་སྙན་ངག«ཤེས་ལྡན་དབེན་གནས་པ་གཞོན་ནུ་བརྒྱད་པར་གདམས་པ»ཞེས་པའི་མཇུག་ཏུ“སང་ཉིན་ཕན་ཚུན་མཐོང་ལམ་རི་བོས་བཅད། །འཇིག་རྟེན་ཅི་བགྱིའི་ལས་ཀུན་ཆ་མ་འཚལ། །”ཞེས་པ་ལྟ་བུས་མི་རྣམས་ལ་སྐད་ཆ་བཤད་ཚར་ནའང་ཚོར་བ་ད་དུང་མ་འཛད་པའི་སྣང་བ་ཞིག་སྟེར། ཡང་དཔེར་ན་པའེ་ཅུའུ་དབྱིའི«སྐྱོ་གླུ་རིང་མོ»ལ་མཚོན་ནཡང་། ཀུན་རྫོབ་ཀྱིས་སྒྲོག་གིས་མ་བཅིངས་རང་སར་གྲོལ་ཅིང་། ལན་རེར་ནམ་མཁའ་ན་ཡོད་ཅིང་། མཚམས་རེར་ས་འོག་ན་གནས་པའི་ངང་ཚུལ་དུ་འདུག་ལ། དེའི་མཇུག་མཐའི་ཚིག་དུམ་ནི“གནམ་དང་ས་ནི་བསྐལ་བརྒྱར་བརྟན་ཡང་འཇིག་མཐའ་ཡོད། །ཤི་གསོན་བར་གྱི་ཡིད་གདུང་མཛད་པའི་མཐའ་མ་ངེས། །”ཞེས་པ་ལྟ་བུས་མི་ལ་རོ་བཅུད་མཛད་མཐའ་མེད་པའི་ཀུན་རྟོག་གི་ཡུལ་དངོས་ཤིག་རོལ་མྱོང་བྱེད་དུ་འཇུག་པ་ཡིན། ད་དུང་ཆེན་ཆི་ཡི་སྙན་ངག«རྒྱུགས་སྤྲོད་གནས་སུ་ཞང་ཆུའི་ལྷ་སྲིན་གྱི་རོལ་མོ་དཀྲོལ་བར་ཉན་པ»ལྟ་བུར་མཚོན་ན། མཇུག་གི་ཚིག་ནི“རོལ་དབྱངས་མཇུག་སྒྲིལ་མི་ནི་མི་མཐོང་ལ། །ཆུ་མོའི་གཞུང་དུ་སྔོ་ལྗང་རི་རྩེ་འགའ་ཞིག་མཐོང། །”ཞེས་པའི་ཚིག་དེ་ཡིན་ལ། དེའི་འགྲེལ་བཤད་སྐོར་ལ་རྩོད་པ་ཡོད་ཀྱང་། ང་རང་གི་ལྟ་ཚུལ་ལྟར་ན་མཇུག་འདི་ལྟ་བུ་ཞིག་ཡིན་པས། ཚོད་ལྟའི་སྙན་ངག་དང་འབྲེལ་བ་མེད། དེས་ཀློག་པ་པོ་དངོས་ནས་ཡུན་གནས་རྟག་བརྟན་གྱི་བསམ་བློའི་ཁམས་ཤིག་ཏུ་འདྲེན་པར་ངེས། གོང་དུ་ལྷུག་རྩོམ་མགོ་རྩོམ་པ་དང་། བར་གནས་ཀྱི་ཆ་ཤས་དང་མཇུག་སྒྲིལ་བ་བཅས་བཤད་པ་ཡིན། ང་ཚོས་ལྟ་སྟངས་ནན་ཏན་འཛིན་དགོས་པ་མ་ཟད། གཙོ་གནད་ཀྱི་གདངས་དབྱངས་དེ་རྩོམ་ཧྲིལ་བོའི་ཐོག་མཐའ་བར་གསུམ་དུ་འབྲེལ་དགོས་ལ། བྲིས་ནས་མཇུག་ཏུ་ཐོན་ན་སྔོན་མའི་ཆ་ལ་འབྲེལ་མི་ཆགས་པ་ཞིག་བྱེད་མི་རུང་། ངེས་པར་ལྷུག་རྩོམ་གང་ཞིག་འགྱུར་ལྡོག་ཡོད་ཅིང་ཆ་ཚང་བ། གཟབ་ནན་ཡིན་ལ་གསོན་ཉམས་ལྡན་པ། ནང་དོན་འཛོམས་ཤིང་ཞིབ་ཚགས་པ། གྲིམ་ལྷོད་ལྡན་ཞིང་རྒྱུགས་ཆེ་བ་བཅས་དག་ཅིང་ཆ་ཚང་ཞིག་ཏུ་འགྱུར་བར་བྱེད་དགོས། ངའི་བསམ་ཚུལ་ནི་མཉམ་སྒྲོག་རོལ་མོའི་གདངས་དབྱངས་ཤིག་གསར་རྩོམ་བྱེད་པ་ནང་བཞིན་ལྷུག་རྩོམ་ལེགས་པོ་ཞིག་འབྲི་དགོས་པ་དེ་རེད། བྲིས་ནས་མཚམས་འདིར་ཐོན་དུས། མི་ལ་ལ་ཞིག་གིས་ང་ལ་ལྷུག་རྩོམ་ཞིག་འབྲི་བ་ལ་ཡ་མཚན་རྒྱུ་ཅི་ཡོད། ཁྱོད་ཀྱིས་སྒྲིག་སྲོལ་དེ་འདྲ་མང་པོ་གཏན་ཁེལ་བྱས་པ་ནི་བསམ་བཞིན་དུ་མི་རྣམས་ལ་ཚོད་འཛིན་བྱས་པ་མ་ཡིན་ནམ་ཞེས་བརྗོད་ངེས། ངས་བསམ་ན་འདི་ནི་སྡོམ་ཁྲིམས་གང་ཞིག་ཀྱང་མ་རེད། རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གང་ཡིན་རུང་ཚང་མར་རང་ཉིད་ཀྱི་ཆོས་ཉིད་ཆ་ཚང་ཞིག་ཡོད་པས་ཆོས་ཉིད་ཅི་ཡང་མེད་ན་དེ་ཉིད་རྩོམ་རིག་སྒྱུ་རྩལ་དུ་འགྱུར་མི་སྲིད་པ་དེ་ཡིན། རྩོམ་རིག་སྒྱུ་རྩལ་རིགས་ཤིག་དང་རྩོམ་རིག་སྒྱུ་རྩལ་གཞན་ཞིག་བར་ཁྱད་པར་གནས་ཡོད་པ་ཡང་གཙོ་བོར་དེའི་ཆོས་ཉིད་མི་མཐུན་པར་རག་ལས་པ་དེ་རེད། འོན་ཀྱང་རྩོམ་རིག་སྒྱུ་རྩལ་མི་མཐུན་པའི་བར་དུ་ཡང་ཕན་ཚུན་དཔེ་ལྟ་དང་། ཕན་ཚུན་བློས་བསླངས་བྱས་ཆོག་ལ། དཔེར་བལྟས་པ་ཅི་ཙམ་ལེགས་ན་རྩོམ་རིག་སྒྱུ་རྩལ་གྱི་རིགས་ཀྱང་དེ་ཙམ་གྱིས་མདུན་དུ་འཕེལ་རྒྱས་འགྲོ་བ་རེད། རྒྱལ་ཁབ་གང་རུང་གི་རྩོམ་རིག་སྒྱུ་རྩལ་ལོ་རྒྱུས་ཀྱིས་འདིའི་ཐད་ལ་ར་སྤྲོད་བྱས་ཡོད།
       ཡང་མི་ལ་ལ་ཞིག་གིས“གནའ་དེང་གི་ལྷུག་རྩོམ་ཁྲོད་དུ། མི་ཉུང་བ་ཞིག་ནི་སྨྱུག་རྩེ་འགུལ་བ་ཙམ་གྱིས་རང་བཞིན་དུ་གྲུབ་པ་ཞིག་ཡིན་པ་ལས། ཁྱོད་ཀྱི་གོང་དུ་བཤད་པའི་དེ་འདྲའི་དཀའ་ངལ་རྙོག་འཛིང་ཆེ་བ་ཞིག་མ་ཡིན།”ཞེས་དྲི་བ་འདོན་སྲིད། ངས་བལྟས་ན་ལྷུག་རྩོམ་འདི་རིགས་དངོས་གནས་ཡོད་སྲིད་མོད། དེ་ནི་ཕྱི་ངོས་ནས་བལྟས་ན་སྨྱུག་རྩེ་འགུལ་བ་ཙམ་ལས་དོན་དམ་དུ་རྩོམ་པ་པོའི་བགྲང་ལས་འདས་པའི་སྦྱོང་བརྡར་བརྒྱུད་ཡོད་པ་དང་། ཆོས་ཉིད་མཐའ་དག་ཕྱི་ཚུལ་ནས་བལྟས་ན་ཆོས་ཉིད་ཅི་ཡང་མེད་པའི་ཚུལ་དུ་མངོན་ཡོད་པ་རེད། དོན་དངོས་སུ་འདི་ནི་ཆོས་ཉིད་གཞན་ཞིག་ཡིན་ལ། དེ་ནི་ཕལ་ཆེར་དཔག་པར་དཀའ་ལ་ཚད་རིམ་མཐོ་བའི་ཆོས་ཉིད་ཅིག་གི་རིགས་ཤིག་ཡིན།
       ངས་ལྷུག་རྩོམ་འབྲི་སྦྱོང་བྱས་པར་ལོ་ངོ50ལོ་རྒྱུས་ཡོད། གལ་སྲིད་ལྷུག་རྩོམ་རིགས་ཀྱི་སློབ་གྲྭ་ཞིག་གམ།ཡང་ན་སློབ་ཆེན་ཞིག ཐ་ན་ཞིབ་འཇུག་ཁང་ཞིག་ཡོད་པས་ན། ལོ་ཚད་ཀྱི་སྟེང་ནས་བལྟས་ན་ང་རང་སྔ་མོ་ཞིག་ནས་སློབ་མཐར་ཕྱིན་པ་ཡིན། འོན་ཀྱང་དོན་དངོས་ཐོག་ང་རང་ལ་སློབ་ཆུང་གི་ཆུ་ཚད་དང་མང་ན་སློབ་འབྲིང་གི་ཆུ་ཚད་ཙམ་ལས་མེད། ངས་གོང་དུ་བཤད་པའི་སྐད་ཆ་དེ་དག་ནི་ངས་ཡོངས་སུ་སྒྲུབ་ཐུབ་པ་ཞིག་མིན་ལ། དེ་ལས་ལྡོག་སྟེ་མང་ཆེ་བ་ནི་ངས་འབད་བརྩོན་བྱེད་པའི་དམིགས་ཡུལ་ཡིན་པ་དང་། གསལ་པོར་བཤད་ན་ངས་དེ་ལྟར་སྒྲུབ་བསམ་པ་དང་། ད་དུང་དེ་ལྟར་སྒྲུབ་ཐུབ་མེད་པ་དག་ཡིན། ངས་གཞན་གྱི་བརྩམས་ཆོས་ལ་ལྟ་དུས་ཀྱང་རྒྱུན་པར་ཚད་གཞི་དེ་དག་ལ་བསྡུར་ཞིབ་བྱས་པ་ཡིན། དེ་ལྟར་སྒྲུབ་པའི་མཐའ་འབྲས་ནི་རང་གི་ལྟ་ས་མཐོ་དྲགས་ལ་ཆུ་ཚད་ཞན་པ་ལས་མ་འདས། ལོ་ངོ50ཡི་དུས་ཡུན་རིང་པོའི་ནང་ངས་བྱ་བ་གཞན་སྒྲུབ་པར་སེམས་ཤུགས་གཅིག་ཏུ་སྒྲིམ་ནས་ལྷུག་རྩོམ་འབྲི་ཐུབ་ཀྱིན་མེད་ལ། ཞོར་དུ་འདིའི་ཕྱོགས་ལ་འཇུག་ཁུལ་བྱས་པ་ཙམ་ཡིན། འོན་ཀྱང་ལྷུག་རྩོམ་འབྲི་བའི་སྤྲོ་སྣང་ཐོག་མཐའ་བར་གསུམ་དུ་ཉམས་སུ་མྱངས་ལ། ཉམས་མྱོང་ཅུང་ཙམ་གསོག་འཇོག་བྱས་ཡོད་པ་ཚང་མ་རང་གཅིག་པུའི་ལྟ་ཚུལ་ཙམ་ཡིན་ཞེས་བཤད་ཆོག ཆེད་ལས་མཁས་པའམ་ལྷུག་རྩོམ་ནང་བྱན་ཆུད་ཡོད་པའི་མི་ཞིག་ལ་མཚོན་ན་ཆོ་མེད་ཀྱི་གཏམ་དང་རྒན་པོའི་དོན་མེད་མུ་ཅོར་སྨྲ་བ་ལྟ་བུ་ཡིན་སྲིད་མོད། འོན་ཀྱང་ང་རང་ལ་མཚོན་ན། དོན་དང་བྲོ་བ་གཉིས་ལྡན་ཡིན་ཆོག་ཆོག་གོ །«ལེ་ཙི•དབྱང་ཀྲོའུ་ལེའུ»ཞེས་པར་གཏམ་རྒྱུད་ཅིག་བཤད་ཡོད་པ་སྟེ།
       དེ་སྔ་སུང་རྒྱལ་ཁབ་ལ་ཞིང་པ་ཞིག་ཡོད་པར། རྒྱུན་དུ་མལ་གོས་ཧྲལ་ཧྲུལ་གོན་ཏེ་དགུན་ལ་ཉི་མ་འཁྱོལ་ཐབས་བྱེད། དཔྱིད་ཀ་ཤར་ནས་རྨོ་འདེབས་བྱེད་སྐབས། ཉི་མའི་ཚ་གདུགས་འོག་ཏུ་ལུས་ལ་དྲོད་ཁོལ་མྱངས་པར། གནམ་འོག་འདི་ན་ཁང་གཉིས་ཐོག་བརྩེགས་དྲོད་ཁོལ་ཅན་དང་། ཟ་འོག་དར་གོས་ཀྱི་གོན་པ། རི་དྭགས་རྩ་ཆེན་གྱི་པགས་རིགས་བཅས་ཡོད་པ་གཏན་ནས་མི་ཤེས་པར། ཆུང་མ་ལ“ཉི་མར་རྒྱབ་གཏད་ནས་བསྡད་ན་ཧ་ཅང་དྲོན་པོ་རེད། འདི་གཞན་གྱིས་ད་དུང་མི་ཤེས་པར་འདུག་པས། ཁྱོད་རྒྱུགས་ནས་རྒྱལ་བོའི་སྙན་ལ་ཞུས་དང་བྱ་དགའ་གཟིགས་བཟོས་གྱ་ནོམ་པ་འཐོབ་ངེས་རེད།”ཅེས་བཤད་པ་ནང་བཞིན་ཡིན།
       ད་ལྟ་ངས་ཞིང་པ་དེར་སློབ་སྦྱོང་བྱས་ཏེ་རང་གི་བསམ་ཚུལ་ཐ་དག་ཡི་གེར་ཕབ་ནས་རྩོམ་བཏུས་འདིའི་ནང་དུ་བཀོད་པ་ཡིན། ངའི་བསམ་ཚུལ་འདི་དག་མ་མཐའ་ཡང་ཞིང་པ་དེའི་ངང་ཚུལ་དང་ཕལ་ཆེར་ཡོངས་སུ་མཚུངས་མོད། འདིའི་ཐད་ང་ལ་བྱ་དགའ་བདག་རྐྱེན་ཐོབ་པའི་འདུན་པ་མེད་ལ། ཁས་ལེན་ནམ་དགག་པ་གང་རུང་ཞིག་ཐོབ་ནས། མདོ་མེད་ཆོ་མེད་ཀྱི་བྲིས་རྩོམ་གསར་བ་དེས་དགེ་སྐྱོན་གང་རུང་ཞིག་གམ་དགའ་སྤྲོ་དང་སྐྱོ་ངལ་གང་རུང་ཞིག་བསྣམས་ནས་ཀློག་པ་པོའི་ཁྲོད་དུ་ཐོན་འདོད་པ་ཁོ་ན་དེ་ཡིན། ངས་ཆུང་དུས་ནས་བཟུང་རྩོམ་ཡིག་འབྲི་སྦྱོང་བསླབས་ནས་ད་ལྟའི་བར་ལོ50ལྷག་འགོར་ནའང་། ལར་ནས་རང་ཉིད་རྩོམ་རིག་མཁས་པ་ཞིག་ཏུ་འགྱུར་བའི་སྟོང་བསམ་བཅངས་མྱོང་མེད་མོད། གོམས་གཤིས་ངན་པ་བསྒྱུར་དུ་མི་བཏུབ་པས། གོ་སྐབས་ཨེན་ཙམ་བྱུང་ཚེ་སྨྱུ་གུ་བཟུང་ནས་ཅི་ཞིག་འབྲི་བར་འདོད། དུས་ཡུན་རིང་ཙམ་འགོར་ཚེ་གྲངས་འབོར་ཡང་མི་ཉུང་བ་ཞིག་བསགས་ཡོད་པ་ཡིན། སྔོན་མར་བདག་གིས«ལང་ཚོའི་ལེའུ»དང་། «རྡོ་རྗེ་གདན་གྱི་དྲན་པའི་རི་མོ» «ཅི་ཞན་ལིན་གྱི་གསུང་རྩོམ་གཅེས་བསྡུས»བཅས་དཔེ་ཆ་གསུམ་སྤེལ་མྱོང་། འོན་ཀྱང་འདིའི་ཕྱོགས་ཀྱི་རྩོམ་ཡིག་རྣམས་བསྡུས་དེབ་དེ་གསུམ་གྱི་ནང་དུ་འགོད་མ་ཐུབ། ད་ལྟ་པེ་ཅིན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་ང་ལ་འདིའི་ཕྱོགས་ཀྱི་རྩོམ་ཡིག་ཚང་མ་བསྡུ་རུབ་བྱས་ནས་བསྡུས་དེབ་ཅིག་པར་བསྐྲུན་བྱེད་པའི་གྲོས་གཞི་བཏོན་པར། ང་ལ་དོན་འདིའི་ཐད་སྤྲོ་སེམས་ཅི་ཡང་མེད་ཟེར་ན་རྫུ་འཆོས་ཡིན་མོད། ང་ལ་སྤྲོ་སེམས་དེ་ཙམ་ཆེ་བ་ཡང་བྱུང་མ་མྱོང་། གཞན་པས་འཚོལ་སྡུད་ཀྱི་གྲོས་མགོ་བཏོན་པ་ལྟར་འཚོལ་སྡུད་བྱས་པ་ཡིན། འདི་ནི་རྩོམ་བཏུས་འདིའི་འབྱུང་ཁུངས་ཡིན།
       རྩོམ་བཏུས་འདིའི་ནང་གི་བྲིས་རྩོམ་ཚང་མ་ལྷུག་རྩོམ་གྱི་རིགས་སུ་གཏོགས། བདག་ནི་རྩོམ་ལུས་འདིའི་རིགས་ལ་དམིགས་བསལ་གྱི་དགའ་བོ་ཡོད། ངས«ལང་ཚོའི་ལེའུ་ཡི་གླེང་བརྗོད»ཅེས་པའི་ནང་གནད་དོན་འདི་གླེང་མྱོང་ལ། ད་བར་དུ་ངས་བསམ་འཆར་དེ་སྔར་བཞིན་སོར་འཇོག་བྱས་ཡོད། ཀྲུང་གོ་ནི་འཛམ་གླིང་ཐོག་ཡང་རྩེར་སོན་པའི་ལྷུག་རྩོམ་གྱི་རྒྱལ་ཁབ་ཅིག་ཡིན་ལ། ལོ་རྒྱུས་རིང་ཞིང་འཇོན་མི་མང་བ། རྩོམ་གྱི་གྲངས་འབོར་མང་བ། གྲུབ་འབྲས་རྒྱ་ཆེ་བ་བཅས་ནི་རྒྱལ་ཁབ་གང་གིས་ཀྱང་བསྒྲུན་དུ་མེད། འདིའི་རྒྱུ་མཚན་ནི་ཀྲུང་གོའི་སྐད་ཆ་དང་འབྲེལ་བ་ཡོད་ཤས་ཆེ། ཀྲུང་གོའི་རྒྱ་ཡིག་ལ་ཐུན་མོང་མ་ཡིན་པའི་དགེ་མཚན་གྱི་ཆ་ཡོད་དེ། མཚོན་ཐབས་ཆེས་སྟབས་བདེ་དང་། གོ་དོན་ཕུན་སུམ་ཚོགས་པ་ཞིག་ཡིན། དེང་གི་ཐ་སྙད་ཐོག་ནས་བཤད་ན་རྩོལ་བའི་ཚད་ཆེས་ཉུང་ལ་ཆ་འཕྲིན་བརྒྱུད་སྤྲོད་ཀྱི་ཚད་ཆེས་ཆེ་བ་ཡིན། གཞན་ཡང་དབྱངས་འགྲོས་དང་ཚིག་སྦྱོར་གྱི་ཐད་ནས་ཁྱད་ཆོས་དུ་མ་དང་ལྡན་པས། བརྩེ་དུང་མཚོན་པ་དང་དངོས་དོན་བརྗོད་པར་ལྷག་ཏུ་འཚམ། མཚམས་ལ་ལར་ཚིག་སྦྱོར་རབ་རིབ་ཡིན་སྲིད་མོད། དེ་ལ་རབ་རིབ་ཀྱི་མཛེས་ཉམས་ལྷག་ཏུ་ལྡན། “སྙན་ངག་ལ་བསྟན་དོན་འདི་ཡིན་ཅེས་རྣམ་གཅོད་དུ་སྨྲ་བ་མེད་ལ།”བརྩེ་དུང་མཚོན་པའི་རྩོམ་ཡིག་འབྲི་ཚེ། བྲིས་པའི་སྐད་ཆ་ཅི་འདྲའི་གསལ་ཞིང་ཐིངས་ན། དེ་ལས་ལྡོག་སྟེ་བསྡུས་ཤིང་དོན་བརྗོད་གཏིང་མི་ཟབ་པའི་སྣང་བ་སྟེར།
       ངས་ཅིའི་ཕྱིར་ལྷུག་རྩོམ་ཁོ་ན་འབྲི་བ་ཡིན་ཞེ་ན། ངས་ཀྱང་དེ་འདྲའི་གསལ་བོ་ཞིག་བཤད་མི་ཐུབ། ཡིད་ལ་སྔོན་ཆད་སློབ་འབྲིང་སྐབས་སུ། ངའི་གྲོགས་པོ་ཆུང་ཆུང་རྣམས་ཀྱིས་ང་ལ“སྙན་ངག་པ”ཞེས་འབོད་པ་དྲན་ཡོང་། སྐབས་དེར་ངས་ཀྱང་སྙན་ངག་བྲིས་མྱོང་མོད། མང་པོ་འབྲི་ཐུབ་མེད་ལ། བྲིས་པ་དེ་བས་ཀྱང་ཡག་པོ་མེད། དེ་ཡང“སྙན་ངག་པ”རུ་འགྱུར་དོན་ཅི་ཡིན་ནམ། ང་ལ་མཚང་མིང་འདོགས་མཁན་གྲོགས་པོ་ཆུང་ཆུང་དེ་དག་ཕལ་ཆེར་གནའ་སྔ་མོ་ནས་འདས་ཟིན་ལ། ད་ལྟ་འདིའི་སྐོར་གསལ་ཆ་ཡོད་མཁན་མེད། དེའི་ཁྲོད་གསང་ནས་མི་མངོན་པའི་དོན་ཞིག་འདུས་ཡོད་པ་འདྲ་སྟེ། ང་རང་དུས་རྒྱུན་བརྩེ་དུང་བརྗོད་པའི་རྩོམ་ཡིག་ལ་སྤྲོ་བ་དེ་ཡིན་སྲིད། «གནའ་བོའི་གསུང་རབ་ཀློག་པ»ཞེས་པའི་དེབ་རིགས་ཤིག་ཕྱིར་དྲན་བྱེད་སྐབས། ངའི་སེམས་པ་དེ་ཉིད་དངོས་གནས་ཡིད་དབང་འཕྲོག་པ་ནི་སི་མ་ཆན་གྱི«གྲོགས་རིན་ཨན་ལ་སྤྲིངས་པ»དང་། ཐའོ་ཡོན་མིན་གྱི«ཁམ་བུའི་མེ་ཏོག་གླིང་གི་བྱུང་བ་བརྗོད་པ» ལི་སྨི་ཡི«བརྩེ་སེམས་ཀྱི་ཆེ་བ་བརྗོད་པའི་ཞུ་འཕྲིན» ཧན་ཡུས་ཡི«བུ་བཅུ་གཉིས་ཀྱི་མྱང་འདས་ཞུ་ཚིག» ཨོའུ་དབྱང་ཞིའུ་ཡི«ལུང་ཀང་གི་སྟོང་འཇལ་རེའུ་མིག» སུའུ་ཧྲི་ཡི«ཁྲིའུ་པའེ་སྔོན་མའི་སྦྱར་བྱང» «ཁྲིའུ་པའེ་རྗེས་མའི་སྦྱར་བྱང» ཀོས་ཡིའུ་ཀོའང་གི«དཔེ་ཁང་གི་དྲན་ཐོ»སོགས་ཚིག་དང་ཡི་གེ་ནི་ཐེངས་བརྒྱར་ལྷང་ངེར་ཡོད། བདག་ལ་ད་དུང་ཕྱོགས་རིས་ཀྱི་ལྟ་ཚུལ་ཞིག་ཡོད་པ་ནི། ངས་བསམ་ན་ལྷུག་རྩོམ་ནི་བརྩེ་དུང་མཚོན་པ་གཙོ་བོར་བྱེད་དགོས་ལ། དངོས་དོན་བརྗོད་པར་ངེས་པར་དུ་བརྩེ་དུང་གི་ཆ་ཤས་ལྡན་དགོས། དཔྱད་བརྗོད་རྩོམ་ཡིག་ལ་མཚོན་ནའང་དེ་ཉིད་ངེས་པར་དུ་མེད་མི་རུང་ལ། དེ་ལས་ལྡོག་ཚེ་ལྷུག་རྩོམ་རྣལ་མ་ཞིག་ཏུ་འགྱུར་མི་སྲིད། སྐབས་འདིར་ངས“གམ་གྱི་བྱ་བ་ཕྲན་ཚེགས”ཟེར་བའི་གནད་དོན་འདི་གླེང་རྒྱུ་ཡིན། གལ་ཏེ་ངས་གོ་བ་བླངས་པ་འཆུགས་མེད་ན། བཅིངས་འགྲོལ་སྔོན་དུ། གམ་གྱི་བྱ་བ་ཕྲན་ཚེགས་འབྲི་བར་ངོ་རྒོལ་བྱེད་པའི་ཁ་གཡང་སྒྲོག་མཁན་ནི་ཡར་ཐོན་གྱི་རིག་རྩལ་ལས་ཀ་བྱེད་མཁན་འགའ་ཞིག་གིས་བཏོན་པ་ཡིན། ངས་བསམས་ན་སྐབས་དེར་ཁ་གཡང་འདི་ལྟར་བཏོན་པ་ནི་རྦད་དེ་ཡང་དག་པ་ཞིག་རེད་སྙམ་གྱིན་འདུག ཛ་དྲག་ཆེ་བའི་འཐབ་རྩོད་ནང་དམག་དཔུང་གི་སེམས་ཤུགས་ལྷོད་གཡེང་དུ་གཏོང་བ་དང་། དམག་དཔུང་གི་དཔའ་སྟོབས་རྩ་བ་ནས་མེད་པར་གཏོང་བའི་རྩོམ་ཡིག་ནི་རང་དགར་བྱུང་མི་རུང་བ་ཞིག་ཡིན། སྐབས་དེར་མི་ཁ་ཤས་ཀྱིས་དངོས་ནས་གམ་གྱི་བྱ་བ་ཆུང་ཆུང་ཞིག་བེད་སྤྱད་ནས་མི་རྣམས་ཀྱི་དོ་སྣང་གི་སེམས་ཤུགས་ཚུར་འདྲེན་དང་། མི་རྣམས་ཀྱི་འཐབ་རྩོད་ཀྱི་སྤོབས་པ་རྩ་མེད་དུ་གཏོང་བར་བྱེད། གནས་ཚུལ་འདི་འདྲའི་འོག་ཏུ། གམ་གྱི་བྱ་བ་ཕྲན་ཚེགས་འབྲི་བར་ངོ་རྒོལ་བྱེད་པ་ནི་རྩོད་མེད་རང་བཞིན་དུ་གྲུབ་པ་ཞིག་ཀྱང་ཡིན་ནོ། །འོན་ཀྱང་ངས་བསམས་ན། དུས་དང་རྣམ་པ་ཀུན་ཏུ་ངེས་པར་དོན་དྲང་ཞིང་ཚིག་ནན་མོ་ཡིན་པའི་སྒོ་ནས་གམ་གྱི་བྱ་བ་ཕྲན་ཚེགས་འབྲི་བར་ངོ་རྒོལ་བྱེད་པ་ནི་མི་འགྲིག་པར་སྙམ། ད་ལྟའི་དུས་སྐབས་སུ། ལོ་རྒྱུས་ལས་ཐོབ་པའི་ཉམས་མྱོང་དང་། བསླབ་བྱ་གང་མང་མང་ཡིན་ལ། ང་ཚོས་གམ་གྱི་བྱ་བ་ཕྲན་ཚེགས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་དགོས་ངེས་རེད། “མི་བཞི་ཤོག་ཁག”གིས་མནར་གཅོད་མྱོང་བའི་དུས་སྐབས་དང་། དུས་སྐབས་དེའི་ཡར་སྔོན་གྱི་དུས་ཡུན་ངེས་ཅན་ནང་། རྩོམ་རིག་གར་སྟེགས་སུ་རྫུན་ཆེ་སྟོང་གསུམ་གྱི་རྩོམ་རིག་བརྩམས་ཆོས་སྐོར་ཞིག་བྱུང་ལ། ཁུངས་མེད་རྫུན་བཟོ་བྱས་པར་དོན་དངོས་ཀྱི་གཞི་འཛིན་ས་ཤིན་ཏུ་ཉུང་བས། “འབུར་ཐོན་གསུམ”གྱི“རྣམ་བཤད”ཅེས་པ་གཞིར་བཟུང་ནས་ནུས་ཤུགས་གང་ཡོད་བཏོན་ཏེ་འབུར་དུ་ཐོན་པ་གཙོར་བཟུང་བས། མཐར་འབུར་ཐོན་བྱས་པ་ར་མིན་ལུག་མིན་ཅན་དུ་གྱུར་པ་རེད། དེ་ལྟར་བསྒྲུབ་ན་བརྩེ་དུང་ངོ་མ་ཟེར་བ་སྟོན་མི་ཐུབ་པ་སྨོས་མི་དགོས་ལ། བརྩམས་ཆོས་ལ་ལ་སྐད་ཅིག་རིང་དར་རྒྱུགས་ཆེ་ཡང་དུས་ཡུན་རིང་མི་སྲིད། མི་སུ་ཞིག་གིས་ད་དུང་རྩོམ་ཡིག་འདི་དག་ལ་ལྟ་འདོད་དམ། རྩོམ་རིག་སྒྱུ་རྩལ་གྱི་སྙིང་བོ་ནི་བདེན་པ་ཡིན་ལ། གནའ་རབས་དང་དེང་རབས། རྒྱལ་ཁབ་ཕྱི་ནང་ཚང་མ་དེ་ལས་འདའ་མི་སྲིད། གལ་ཏེ་ནང་དོན་བདེན་པ་དང་དོན་དངོས་མིན་ན། ཇི་འདྲའི་དོན་རྐྱེན་ཆེན་པོ་ཞིག་འབྲི་དགོས་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་དང། འཛམ་གླིང་གི་དོན་ཆེན། འཇིག་རྟེན་ཁམས་ཀྱི་དོན་ཆེན་ལ་སོགས་པའི་ཚིག་རྣམས་ཇི་འདྲའི་ཕྱི་གསལ་ནང་གསལ་དང་། ཇི་འདྲའི་སྙན་འཇེབས་ལྡན་པ། ཇི་འདྲའི་སྤོབས་མཐོ་ཡང་གོ་མི་ཆོད་པ་དང་། གཞན་གྱི་ཡིད་སེམས་འགུགས་ཐབས་བྲལ། རྩོམ་རིག་བརྩམས་ཆོས་ཤིག་ཚད་འདིར་ལྷུང་དུས། དེ་ནི་དངོས་གནས་སྐྱོ་གར་ལྟ་བུ་ཞིག་ཏུ་གྱུར་བས། ང་ཚོ་བཤུལ་ལམ་འདི་འདྲ་ཞིག་ཏུ་གཏན་ནས་གོམ་པ་སྤོ་མི་རུང་། ང་ཚོར་སླར་ཡང་གམ་གྱི་བྱ་བ་ཕྲན་ཚེགས་ལ་ཕྱི་མིག་ཙམ་བལྟས་ཚེ། གནའ་དེང་རྒྱལ་ཁབ་ཕྱི་ནང་ཚང་མའི་རྩོམ་ཡིག་མི་ཉུང་བ་ཞིག་གིས་གམ་གྱི་བྱ་བ་ཕྲན་ཚེགས་བྲིས་ཡོད་ཀྱང་། དེ་དག་རྒྱལ་ཁབ་ཀྱི་དོན་ཆེན་དང་གནས་བབ་ཆེ་སར་འབྲེལ་བ་ཞིག་གཏན་ནས་མིན་པར་རྩོམ་པ་པོའི་བརྩེ་དུང་ནི་ལྷག་བསམ་ཟོལ་མེད་དང་བབ་ཆགས་ཤིག་ཡིན་ལ། སྐད་ཆ་ཡང་བསམ་བཞིན་བཙན་སྒྲིག་བྱས་པ་ཞིག་མིན་པས་ཀློག་པ་པོ་ལ་སེམས་འགུལ་ཐེབས་སུ་འཇུག་ཐུབ་པ་དང་། ཐ་ན་དུས་རབས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་ཀློག་པ་པོ་རྣམས་ལ་ཡང་སེམས་གཏིང་ནས་མཉམ་དུ་རོལ་མྱོང་བྱེད་དུ་འཇུག་ཐུབ། འདི་ལྟར་གམ་གྱི་བྱ་བ་ཕྲན་ཚེགས་བྲིས་པའི་རྩོམ་ཡིག་ལ་གདེང་འཇོག་ཚད་མཐོན་ཞིག་འཐོབ་མི་ཐུབ་བམ། བདག་གིས་གོང་དུ་དཔེ་དྲངས་པའི་གནའ་རྩོམ་དེ་དག་གང་ཞིག་བྲིས་པ་གམ་གྱི་བྱ་བ་ཕྲན་ཚེགས་མིན་ནམ། ཐ་ན་རྒྱ་ཆེའི་ཀློག་པ་པོས་དགའ་བོ་བྱེད་པའི་ཉེ་རབས་ཀྱི་རྩོམ་མཁན་དག་གིས་བྲིས་པའི་རྩོམ་ཡིག་ལས། དཔེར་ན། ལུའུ་ཞུན་གྱི་བརྩེ་བ་མཚོན་པའི་ལྷུག་རྩོམ་དང་། ཀྲུའུ་ཙི་ཆིན་གྱིས་བྲིས་པའི«རྒྱབ་གཟུགས།» «པད་རྫིང་གི་ཟླ་འོད»སོགས་རྩོམ་ཡིག་གྲགས་ཆེན་བྲིས་ཡོད་པ་ཚང་མ་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ནམ། ཐ་ན་ངས་གམ་གྱི་བྱ་བ་ཕྲན་ཚེགས་མེད་ཚེ་ལྷུག་རྩོམ་ལེགས་པོ་ཞིག་མེད་ཅེས་ཀྱང་བཤད་འདོད། གམ་གྱི་བྱ་བ་ཕྲན་ཚེགས་ཞེས་པའི་ནང་དོན་ཁྱབ་རྒྱ་ཧ་ཅང་ཆེ། བདག་གིས་གོང་དུ་དྲངས་པའི་གནའ་རབས་ཀྱི་མིང་དུ་གྲགས་པའི་བརྩམས་ཆོས་དག་ལས་བལྟས་ན་གཉེན་ཉེའི་བརྩེ་དུང་གིས་གལ་འགང་ཤིན་ཏུ་ཆེ་བའི་གོ་གནས་བཟུང་ཡོད། སྣེ་མང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་འཚོ་བའི་ནང་གི་གཉེན་ཉེ་དང་གྲོགས་པོ་ཤི་མ་གསོན་གྱི་སྐབས་སུ། མི་རྣམས་བརྩེ་དུང་དང་སེམས་འགུལ་ཆེས་ཐེབས་སླ་བ་ཡིན། གཞན་ཡང་མི་རྣམས་དུས་དང་རྣམ་པ་ཀུན་ཏུ་ཡིད་འོང་དང་། སྐྱོ་སྣང་། སེམས་འགུལ་གྱི་བྱ་དངོས་དང་འཕྲད་སྲིད་པས། དེ་དག་རྩོམ་དུ་འབྲི་རིན་ཡོད་པ་ཞིག་ཡིན། རང་བྱུང་ལྗོངས་དངོས་ཀྱི་ཞིབ་འབྲི་དེ་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་ལྷུག་རྩོམ་ནང་དུ་བསྡུར་ཚད་ཧ་ཅང་ཆེན་པོ་ཟིན་ཡོད། ང་ཚོས་རྩོམ་ཡིག་འདི་ལྟ་བུ་ཞིག་བཀླགས་ཚེ། ང་ཚོའི་བརྩེ་དུང་ལ་གཡོ་འགུལ་ཐེབས་སླ་བས། ང་ཚོ་རང་ཉིད་ཀྱིས་གཉེན་ཉེ་དང་གྲོགས་པོ་ལ་བརྩེ་དུང་ཅི་འདྲ་ཞིག་བཅངས་ཡོད་པ་དང་། ང་ཚོས་མི་བཟང་བོ་ཞིག་དང་ཡིད་འོང་གི་བྱ་དངོས་ཤིག་ལ་རྣམ་འགྱུར་ཅི་འདྲ་ཞིག་འཛིན་སྲིད་པ་སེམས་ནས་གསལ་བོར་ཤེས་ཐུབ། ཡུལ་ལྗོངས་བྲིས་པའི་རྩོམ་ཡིག་ལ་ཆ་མཚོན་ན། གལ་ཏེ་མེས་རྒྱལ་གྱི་རྣམ་པ་བྲིས་པ་ཞིག་ཡིན་ན། ང་ཚོས་མེས་རྒྱལ་ལ་དགའ་ཞེན་བྱེད་རྒྱུ་སེམས་ལ་འཁོར་སྲིད་པ་དང་།གལ་ཏེ་བྲིས་པ་ནི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཡིན་ན། ང་ཚོས་རང་བྱུང་ཁམས་ལ་དགའ་ཞེན་དང་འཚོ་བར་དགའ་ཞེན་བྱེད་པའི་བློ་སྒོ་འབྱེད་ཐུབ། འདི་འདྲའི་རྩོམ་ཡིག་གིས་ང་ཚོའི་བརྩེ་དུང་ལ་དྭངས་སྙིགས་འབྱེད་ཐུབ་པ་དང་། ང་ཚོའི་སེམས་ཁམས་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་བཅུག་ནས། ཆུང་ངུའི་ནང་དུ་ཆེ་བ་ཡོད་པ་དང་། ཆུང་ངུ་ལས་ཆེ་བ་མཐོང་ཐུབ་པ། སྤྱིར་བཏང་བ་ལས་བདེན་དོན་རྙེད་ཐུབ་པ། ཕྲ་ཞིང་ཞིབ་པ་ལས་སྙིང་བོ་ཞིག་རྟོགས་ཐུབ་པ་ཡིན་པས། འདི་འདྲའི་གམ་གྱི་བྱ་བ་ཕྲན་ཚེགས་ནི་ང་ཚོས་འབྲི་རིན་ཡོད་པ་ཞིག་མ་ཡིན་ནམ། ད་ལྟའི་དུས་སུ། དུས་རབས་འགྱུར་སོང་། ང་ཚོའི་མཐོང་རྒྱ་ཡང་དེ་དང་བསྟུན་ནས་རྒྱ་ཆེར་ཕྱིན་ཡོད། ང་ཚོའི་བརྩེ་དུང་ཡང་ཁྱབ་ཆུང་སའི་ཁོར་ཡུག་ཅིག་ཏུ་ལུས་ན་མི་འགྲིག་ལ། ང་ཚོས་བཟོ་གྲྭ་འབྲི་བ་དང་། ཞིང་སྡེ་འབྲི་བ། བཅོས་སྒྱུར་འབྲི་བ། ཡར་ཐོན་འབྲི་བར་འབད་པ་བྱེད་དགོས་ཀྱང་། མི་རང་གི་ཚོར་བ་དང་འབྲལ་ཐབས་མེད་ལ། ང་ཚོའི་རྣམ་པར་ཤེས་པ་ནི་བྱ་བ་ཕྲན་ཚེགས་དེ་དག་གི་ཕོག་ཐུག་བཟོས་ནས་འགུལ་འཁྱོམ་བྱེད། རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཡང་བྲིས་ཆོག་མོད། ནང་སེམས་ཀྱི་བརྩེ་བ་ནི་ངེས་པར་དུ་རྣམ་དག་ཡིན་དགོས། རྫུན་ཆེ་སྟོང་གསུམ་གྱི་རིགས་དེ་དག་ད་ནས་ང་ཚོས་ཡལ་བར་འདོར་དགོས་ལ། འདི་ནི་ངས་རྒྱུས་ལོན་བྱས་པའི་གམ་གྱི་བྱ་བ་ཕྲན་ཚེགས་ཞེས་པ་དེ་ཡིན། དེབ་འདིའི་ནང་བསྡུ་རུབ་བྱས་པའི་རྩོམ་ཡིག་ཐལ་མི་ཆེ་བར་ཚང་མ་འདི་ལྟ་བུའི་གམ་གྱི་བྱ་བ་ཕྲན་ཚེགས་དག་ཡིན་ལ། ངའི་རྩོམ་རྩལ་དང་ནུས་པ་ནི་ཐ་ཤལ་ཙམ་དུ་ཡིན་སྲིད། འོན་ཀྱང་ངས་རང་སེམས་ལ་དྲི་བ་བཏོན་ཚེ། ངའི་བརྩེ་བ་ནི་ལྷད་མེད་ཡིན་པ་དང་། རྣམ་འགྱུར་ནི་གཟབ་ནན་ཡིན་ཤག་ཤག་ཡིན་ལ། འདི་ཉོག་བཤད་གཏན་ནས་མིན། ངས་རྩོམ་ཡིག་ཅིག་འབྲི་བར་རྩ་བའི་ངེས་སྲོལ་ཞིག་ཡོད། དེ་ནི་ང་རང་ལ་སེམས་འགུལ་ཐེབས་པའི་བྱ་དངོས་ཤིག་མིན་ཚེ་ངས་གཏན་ནས་མི་འབྲི་བ་དེ་ཡིན། འདི་ནི་ངས་བྲིས་པའི་ལྷུག་རྩོམ་ཉུང་བའི་རྒྱུ་རྐྱེན་ཡང་ཡིན། ངས་རང་གིས་བྲིས་པའི་རྩོམ་ཡིག་དེ་དག་ཚང་མ་བཟང་པོ་ཡིན་ཞེས་གཏན་ནས་བཤད་མི་ཕོད་ལ། དེ་ཚོ་ཚང་མ་གད་སྙིགས་རེད་ཅེས་ཀྱང་དེ་བས་བཤད་མི་ཕོད། གལ་ཏེ་ངས་དངོས་གནས་གད་སྙིགས་ཡིན་པར་འདོད་ཚེ། སྔ་མོ་ཞིག་ནས་གད་སྙིགས་བླུགས་སྣོད་ནང་དུ་གཡུག་དགོས་པ་ལས། ཕྱི་རུ་བཀྲམས་ན་བསམ་གཟས་ནས་གཞན་ལ་གནོད་སྐྱེལ་བ་མ་ཡིན་ནམ། དེ་ནི་གཡོ་ཟོལ་ལྡན་པའི་ཁེངས་སྐྱུང་ཞིག་ཡིན་པས་ངས་དང་ལེན་བྱེད་ཐབས་མེད།
       ངའི་འདོད་ཚུལ་རྣལ་མ་ནི། རྩོམ་ཡིག་འདི་དག་དང་ཡང་ན་དེའི་ནང་གི་གཅིག་ཙམ་ད་དུང་མི་གཞན་ལ་ཕན་པ་ཞིག་ཡོད་སྲིད་སྙམ་ཞིང་། དེའི་ནང་གི་ཆེས་གལ་ཆེ་བ་ཞིག་སྟེ། བདག་གིས«ལང་ཚོའི་ལེའུ་ཡི་གླེང་བརྗོད»ཅེས་པའི་ནང་བརྗོད་ཟིན་པ་ནི། བཅིངས་འགྲོལ་སྔོན་རྗེས་གཉིས་སུ་བྲིས་པའི་ལྷུག་རྩོམ་དེ་དག་དེབ་འདིའི་ནང་དུ་བསྡུ་རུབ་བྱས་ནས། ཀློག་པ་པོ་རྣམས་ལ་དཀྱོགས་མཚམས་ཆེན་པོ་འདིའི་གཞོགས་གཉིས་ནས་བྲིས་པའི་རྩོམ་ཡིག་དབྱངས་འགྲོས་ཡོངས་སུ་མི་འདྲ་བ་མཐོང་དུ་བཅུག་ཏེ། གཅིག་མཚུངས་མིན་པའི་རྒྱུ་མཚན་ལ་བསམ་བློ་གཏོང་དུ་བཅུག་ནས་དེ་ལས་བློ་བསྐྱེད་འཐོབ་ཏུ་འཇུག་རྒྱུ་དེ་ཡིན། ཡིད་ཕངས་པ་ཞིག་ལ། ང་ཡི་རེ་བ་ཡག་པོ་དེ་རྩོམ་སྒྲིག་བྱེད་པའི་ཁྲོད་འགྲུབ་ཐབས་མ་བྱུང་། འོན་ཀྱང་ངའི་སེམས་མ་ཕམ་ལ། ད་ལྟ་དངོས་གནས་ཡོངས་འགྲུབ་བྱུང་སོང་བ་རེད། ང་རང་ལ་མཚོན་ནས་བཤད་ན་འདི་ནི་དགའ་འོས་པའི་དོན་ཞིག་རེད། དགའ་འོས་པའི་གནས་དེ་གང་རེད་ཅེ་ན། དེས་ང་ཚོ་སྤྱི་ཚོགས་རྙིང་པ་ནས་ཡོང་བའི་ཤེས་ཡོན་ཅན་དག“མཐོ་རིམ”་ཡིན་ནའང་འདྲ། རིམ་པ་གང་ཡིན་ནའང་འདྲ། བསམ་བློ་ངེས་པར་བསྒྱུར་བཀོད་བྱ་དགོས་པ་མ་ཟད། ད་དུང་བསྒྱུར་བཀོད་བྱེད་ཐུབ་པ་དེ་རེད། དོན་དག་འདི་ངས་བལྟས་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད། ད་ལྟའི་དུས་སུ། མི་རྣམས་ཀྱིས་བསམ་བློ་བསྒྱུར་བཀོད་བྱ་རྒྱུ་ཧ་ཅང་ཉུང་ཞིང་། བསམ་བློ་བསྒྱུར་བཀོད་གླེང་བ་ཙམ་གྱིས“གཡོན་ལྷུང་ཐལ་དྲག”ཡིན་པར་འདོད། འོན་ཀྱང་ངས་བསམ་པར་བསམ་བློ་བསྒྱུར་བཀོད་བྱ་རྒྱུ་དེ་ནི་དགོས་ངེས་ཤིག་རེད་སྙམ། ཕྱི་རོལ་འཇིག་རྟེན་གྱི་འགྱུར་ལྡོག་ཧ་ཅང་མགྱོགས་པ་དང་། གསར་བྱུང་གི་བྱ་དངོས་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པས། ང་ཚོའི་བསམ་བློ་ལ་བསྒྱུར་བཀོད་མ་བྱས་ན། དུས་རབས་ཀྱི་གོམ་སྟབས་དང་བསྟུན་པ་ཞིག་བྱེད་ག་ལ་ཐུབ། འདི་ནི་ངའི་ཉམས་མྱོང་གི་གཏམ་ཞིག་ཡིན་པ་ལས་ཁ་ཚིག་སྟོང་པ་ཞིག་གཏན་ནས་མིན། སེམས་ཞིབ་པའི་ཀློག་པ་པོ་རྣམས་ཀྱིས་དཔེ་ཆ་འདིའི་ནང་ནས་ངའི་བསམ་བློ་བསྒྱུར་བཀོད་ཀྱི་རྗེས་ཤུལ་ཚོར་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཁོ་ཚོས་བདག་གིས«ལང་ཚོའི་ལེའུ་ཡི་གླེང་བརྗོད»ནང་དུ་བྲིས་པའི་གནས་ཚུལ་དེ་དག་མཐོང་ཐུབ་པ་སྟེ། བཅིངས་འགྲོལ་མ་བྱས་སྔོན་ལ་མེས་རྒྱལ་དང་མི་དམངས་ཀྱི་མདུན་ལམ་མཐོང་མི་ཐུབ་པ་དང་། རང་ཉིད་ཀྱི་མདུན་ལམ་མཐོང་མི་ཐུབ་པས། བྲིས་པའི་རྩོམ་ཡིག་ལ་དབྱངས་འགྲོས་ཞན་ཞིང་ཚོར་འདུ་ལ་སྐྱོ་ངལ་ལྡན། བཅིངས་འགྲོལ་བྱས་རྗེས་རིམ་བཞིན་སྤྲོ་སྣང་གི་རྣམ་པས་ཁེངས་ཤིང་། བྲིས་པའི་རྩོམ་ཡིག་ལ་དབྱངས་འགྲོས་ཅུང་ཇེ་དྲག་ཏུ་ཕྱིན་ཡོད། བསམ་བློའི་བརྩེ་དུང་གི་འགྱུར་ལྡོག་ཕྲ་མོ་འདི་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། དེས་མ་མཐར་ཡང་ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལ་དེའི་ཁྱད་དུ་འཕགས་པའི་ཆ་ཡོད་ཅིང་། ང་ཚོས་དངོས་གནས་དེར་དགའ་པོ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱེད་ཐུབ། དེས་མི་ཞིག་གི་བསམ་བློའི་བརྩེ་དུང་ལ་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་ལྡོག་འབྱུང་དུ་འཇུག་པ་མ་ཟད། ཐ་ན་ལྷོ་སྣེ་དང་བྱང་སྣེ་ལྟ་བུའི་འགྱུར་ལྡོག་འབྱུང་ངེས། ད་ལྟ་མི་འགའ་ཞིག་གིས་སྤྱི་ཚོགས་རིང་ལུགས་ལག་ལེན་ལ་མི་འཇོན་ཞིང་། དེའི་ཁྱད་འཕགས་ཀྱི་རང་བཞིན་མཐོང་ཐུབ་ཀྱིན་མེད་པར་འདི་འདྲ་དང་དེ་འདྲ་རེད་ཟེར་གྱིན་འདུག ང་རང་ཉིད་ནི་བཤད་ཚུལ་དེ་དག་མི་འགྲིག་པར་བསྒྲུབ་པའི་དཔེ་གཞི་གསོན་པོ་ཞིག་ཡིན་ལ། འདི་ཡང་ངས་རང་སྟེང་ལ་དཔེ་བླངས་པ་ཡིན་ཅེས་བཤད་ན་མི་ཆོག་རྒྱུ་མེད།
       ཞིབ་ཚགས་ལྡན་པའི་ཀློག་པ་པོ་དག་གིས་ཕལ་ཆེར་ད་དུང་དཔེ་ཆའི་ནང་ནས་གནས་ཚུལ་ཞིག་མཐོང་ཐུབ་པ་སྟེ། བཅིངས་འགྲོལ་ཡར་སྔོན་གྱི་རྩོམ་ཡིག་ཁྲོད་དུ་མཐོང་མ་མྱོང་བའི་ཐ་སྙད་ཁ་ཤས་བྲིས་ཡོད་པ་དེ་ནི་ང་རང་གིས་གསར་གཏོད་བྱས་པ་ཡིན། ཕྱོགས་འདིའི་ཐད། སྐབས་དེར་ང་ལ་སྐྲག་སྣང་མི་ཤེས་པའི་སྤོབས་པ་ཆེན་པོ་ཞིག་ཡོད་ལ། བཅིངས་འགྲོལ་བྱས་རྗེས་དང་། ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་བྲིས་པའི་རྩོམ་ཡིག་ནང་ཕལ་ཆེར་ཐ་སྙད་གསར་པ་གང་ཡང་མེད། དོན་དངོས་ཐོག་ངའི་སྤོབས་པ་ཇེ་ཆུང་དུ་ཕྱིན་ནས་རྒྱུན་དུ་ཚིག་མཛོད་བཤེར་བ་དང་། རྟག་ཏུ་དྲན་པར་འཁོར་བའི་ཚིག་ལ་དོགས་པ་ཕྲན་བུ་ཡོད་ན། ཚིག་མཛོད་དེ་ཉིད་གཞི་འཛིན་སར་བྱེད་ཅིང་། ཚིག་མཛོད་དུ་མེད་པ་ཞིག་གཏན་ནས་རྩོམ་ཡིག་ཏུ་མི་འགོད་པས། དེ་ནི་སྣང་ཚུལ་ཡག་པོ་ཞིག་ཡིན་ནམ་སྣང་ཚུལ་ངན་པ་ཞིག་ཡིན་ཞེ་ན། ངས་གསལ་བོར་བཤད་མི་ཤེས། ད་ལྟ་མི་ཁ་ཤས་ཀྱིས་མིང་ཚིག་གསར་བཟོ་བྱེད་ཐབས་ལ་ངས་མོས་མཐུན་དེ་འདྲ་བྱེད་མི་ཕོད། ཐ་སྙད་འདི་དག་ཕར་བལྟས་ན་དེ་འདྲ་འབྱོར་མོ་ཞིག་མིན་ཡང་། ལོ་ངོ་སྟོང་ཕྲག་དུ་མའི་རྒྱ་ཡིག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་སྟེང་དུ། གལ་ཏེ་ཚིག་གསར་བ་ཞིག་ཀྱང་བཟོ་མི་ཐུབ་ན། རྒྱའི་སྐད་ཡིག་འཕེལ་རྒྱས་ཇི་ལྟར་གཏོང་ཐུབ་བམ། ཡར་ཐོན་ཇི་ལྟར་ཡོང་དགོས། ཡང་གཅིག་བཤད་ན། མི་ཚང་མས་རང་སྣང་གང་དྲན་བྱས་ནས་ཐ་སྙད་གསར་བཟོ་བྱས་པ་ཡིན་ན། སྐད་བརྡ་ནི་སྲིད་གཞུང་མེད་པའི་རིང་ལུགས་ཀྱི་དངོས་པོ་ཞིག་ཏུ་གྱུར་པ་མ་ཡིན་ནམ། སྐད་བརྡའི་ཐད་ནས་རྙོག་དྲ་ཆེན་པོ་མི་བཟོའམ།ངས་ད་ལྟ་གནད་དོན་འདི་ད་དུང་ཇི་ལྟར་ཐག་གཅོད་རྒྱུ་མི་ཤེས། མིག་སྔར་བཅིངས་འགྲོལ་མ་བྱས་སྔོན་གྱི་རྩོམ་ཡིག་ཁྲོད་ཀྱི་ཅུང་ཆ་མེད་རྒྱུས་མེད་ཡིན་པའི་ཐ་སྙད་དེ་དག་སོར་འཇོག་བྱས་ནས་ཀློག་པ་པོར་ཤན་འབྱེད་དགག་བཞག་བྱེད་དུ་འཇུག་རྒྱུ། ངས་གོང་དུ་མང་པོ་ཞིག་བྲིས་ནས་རང་ཉིད་ཀྱི་ད་ལྟའི་དྲན་ཚུལ་ཡོད་ཚད་ཕྱིར་བཏོན་པ་ཡིན། བསམ་ཚུལ་འདི་ཚང་མས་བལྟས་ན་ཇི་འདྲའི་ཡ་མཚན་དང་། ཐ་ན་ཇི་འདྲའི་བྱིས་བློ་ཡིན་པར་འདོད་ཀྱང་། རང་ཉིད་ཀྱིས་གནས་ལུགས་ལྡན་པ་ཞིག་རེད་སྙམ། དེ་འདྲ་མ་ཡིན་ན་ངས་ཀྱང་འབྲི་མི་སྲིད། འོན་ཀྱང་བདག་གིས་བཙན་གྱིས་ཀློག་པ་པོར་རྒྱུ་མཚན་ཡོད་པར་སྙམ་དུ་འཇུག་པ་ནི་གཏན་ནས་མིན། ལོ་ངོ50ལྷག་རིང་གི་གསར་རྩོམ་བྱས་པའི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན། རང་ཉིད་ཀྱི་སྨྱུག་རྩེ་ལས་ཐོན་པའི་རྩོམ་དེ་དག་འཚོལ་བསྡུ་བྱེད་ཐུབ་པ་མཐོང་བས་སེམས་ལ་སྤྲོ་བ་ཅུང་ཙམ་མི་སྐྱེས་ག་ལ་སྲིད། ཁ་བར་ཕབ་པའི་བྱ་རྗེས་ཙམ་དུ་སྣང་ཡང་། དེ་ནི་མི་ཡུལ་ལ་བཞག་པའི་རྗེས་ཤུལ་ཞིག་ཡིན་ནོ། །འདས་ཟིན་པའི་ལོ་ངོ50ནི་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་ཆེ་བའི་ལོ་ངོ50ཡིན། ང་ཚོའི་མི་རིགས་དང་ང་ཚོ་རང་ཉིད་ཚང་མ་ལམ་ཆེ་ཆུང་གང་ཡིན་རྡོག་པས་མནན་ནས་ཡོང་མྱོང་། གནས་ཚུལ་འདི་རིགས་བསྡུས་དེབ་འདིའི་ཁྲོད་མདོར་བསྡུས་ཙམ་བསྟན་ཡོད། ད་ལྟ་ང་ཚོའི་རྒྱལ་ཁབ་ཏུ་སྤྲིན་སྨུག་སེལ་ནས་ནམ་མཁའ་མཐོང་བ་དང་། ང་རང་ཉིད་ཀྱང་མི་ལོ་བདུན་ཅུར་སླེབས་ཡོད་མོད། ངས་ད་དུང་མར་ཁེ་སི་ལ་མཇལ་བའི་འཆར་གཞི་གཏན་འབེབས་བྱས་མེད། དེང་ཕྱིན། ངས་གོམས་གཤིས་སྒྱུར་དཀའ་བས། གལ་ཏེ་ང་ལ་དངོས་གནས་བསམ་ཚུལ་ཡོད་ཚེ། ངས་ནན་གྱིས་གླེང་འདོད་པ་ནི་བདེན་པ་ཞེས་པའི་ཡིག་འབྲུ་དེ་ཡིན། ངས་ད་དུང་མུ་མཐུད་དུ་འབྲི་རྒྱུ་རྒྱུན་འཁྱོངས་བྱེད་ངེས་ཡིན། ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ལ་ད་ལྟ་ད་དུང་དཀའ་ངལ་གང་མང་ཡོད་ནའང་། སྤྱིའི་འཕེལ་ཕྱོགས་སྤྱིའི་འཕེལ་ཕྱོགས་ཡར་རྒྱས་སུ་སོང་སྟེ་སྟོབས་འབྱོར་མངའ་ཐང་ཡང་རྒྱས་བཞིན་ཡོད་ན་ཡང་། ངས་རང་གི་ཐ་མལ་གྱི་སྨྱུག་རྩེ་འདིས་གོང་འཕེལ་ལ་བསྔགས་བརྗོད་དང་། ཚང་མ་མཉམ་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དབྱངས་ཆེན་འདི་ལ་མཉམ་རོལ་ཐུབ་པར་སྨོན་འདུན་བཅངས་ཡོད།
འབྲེལ་ཡོད་འོས་སྦྱོར།