logo

«ལྷུག་རྩོམ་གཙོ་བོ»བཀླགས་པའི་མྱོང་ཚོར། འཇམ་དཔལ་གྱིས་བསྒྱུར།

རྩོམ་པ་པོ།:འཇམ་དཔལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-06 ཀློག་གྲངས།:
«ལྷུག་རྩོམ་གཙོ་བོ»བཀླགས་པའི་མྱོང་ཚོར།
ལའོ་ཧྲིག་གིས་བརྩམས།
འཇམ་དཔལ་གྱིས་བསྒྱུར།

[ནང་དོན་གནད་བསྡུས།] རྩོམ་འདིའི་ནང་དུ་ལྷུག་རྩོམ་གྱི་གནས་བབ་རྒྱ་ཆེ་བ་དང་།  སྒྲིག་གཞི་ཚགས་དམ་གྱི་དཔུང་མཐུག་པ། སྒྱུ་རྩལ་མཚོན་ཐབས་ཀྱི་འཁྲུག་ཆ་དོད་པ་བཅས་ཀྱི་ཐབས་ལམ་སྤྱད་དེ་གང་ནུས་ཅི་ནུས་ཀྱིས་དཔྱད་གླེང་བགྱིས་ཡོད།
[གནད་ཚིག] ལྷུག་རྩོམ་གྱི་གནས་བབ། སྒྲིག་གཞི་ཚགས་དམ་པ། སྒྱུ་རྩལ་མཚོན་ཐབས།

       ལའོ་ཧྲིག་གི«ལྷུག་རྩོམ་གཙོ་བོ»ཞེས་པ་ནི་ཐེན་ཅིན་མེ་ཏོག་རིག་རྩལ་པར་སྐྲུན་ཁང་གིས་པར་བསྐྲུན་བགྱིས་པའི«སྨྱུག་རྩེ་ནས་ལྷུག་རྩོམ་གླེང་བ»ཞེས་པའི་ནང་དུ་བསྡུ་ཉར་བྱས་ཡོད་པར་མ་ཟད། ཁོང་གི་ལྷུག་རྩོམ«མེ་ཏོག་འདབ་བརྒྱ་དཔེ་ཚོགས»ཞེས་པའི་ནང་དུ་ཡང་བསྡུ་ཉར་བྱས་ཡོད།
གཅིག ལྷུག་རྩོམ་གྱི་གནས་བབ་རྒྱ་ཆེ་བ།
       «ལྷུག་རྩོམ་གཙོ་བོ»ཞེས་པའི་རྩོམ་ཡིག་འདི་ནི་མ་གཞི་ཚིག་བསྡུས་ཤིང་དོན་ཟབ་ལ། ཁུངས་བཙུན་ཞིང་བབ་ཆགས་པའི་ལྷུག་རྩོམ་ཞིག་ཡིན་ཞིང་། རྩོམ་ཡིག་ཧྲིལ་བོར་ཡིག་འབྲུ་ཉིས་སྟོང་ལས་བརྒལ་མེད་ནའང་། དེའི་ནང་དུ་ལྷུག་རྩོམ་གྱི་གལ་ཆེའི་རང་བཞིན་དང་ཁྱད་ཆོས། ལྷུག་རྩོམ་འབྲི་བར་དཀའ་ཚེགས་ཆེན་པོ་མེད་པ་བཅས་གླེང་ཡོད། ལྷུག་རྩོམ་ནི་རྩོམ་རིག་བརྩམས་ཆོས་གཞན་དག་གི་རྨང་གཞི་ཡིན་པའི་ངོས་ཐད་ནས་ཁོང་གི་དགོངས་པ་གསལ་བོར་བཏོན་ཞིང་། ད་ལྟ་དམའ་འབྲིང་རྒྱའི་སྐད་ཡིག་གི་བསླབ་དེབ་ཏུ་བདམས་ཡོད་པར་མ་ཟད། སློབ་གསོའི་དོན་སྙིང་ལྷུག་བརྗོད་གནང་བའི་ཁྱད་དུ་འཕགས་པའི་ལྷུག་རྩོམ་ཞིག་ཀྱང་ཡིན།
       རྩོམ་པ་པོས་ཐད་ཀ་ཐད་སོར་དུ་རང་གྲུབ་ཚན་པ་གཉིས་ཀྱི་ཡིག་འབྲུ་བརྒྱ་ལྷག་གིས་ལྷུག་རྩོམ་གྱི་གལ་ཆེའི་རང་བཞིན་གསལ་བཤད་བྱས་ཡོད། དེ་ཡང་སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན་ཚིག་ལྷུག་སྙན་ངག་ནི་ལྷུག་རྩོམ་ཡིན་པར་མ་ཟད། འཕྲིན་ཡིག་དང་། ཉིན་ཐོ། ཟིན་བྲིས། སྙན་ཞུ། དཔྱད་བརྗོད། སྒྲུང་གཏམ། གཏམ་བརྗོད་ཟློས་གར་སོགས་ཀྱང་ལྷུག་རྩོམ་གྱིས་ལམ་ནས་འབྲི་བ་ཡིན། ང་ཚོའི་འཚོ་བའི་ཁྲོད་དུ་ལྷུག་རྩོམ་ནི་དུས་གཏན་དུ་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པའི་སྟབས་ཀྱིས་ང་ཚོ་ལ་ལྷུག་རྩོམ་ངེས་པར་འབྲི་དགོས་པའི་འགན་འཁྲི་ཞིག་ཀྱང་ཡོད།
        ཧྥ་རན་སིའི་ཟློས་གར་གྲགས་ཅན་མོ་ལེ་ཨེད་ཀྱི་སྤྲོ་གར«སྐུ་དྲག་ལ་མགོ་འཁོར་བའི་གྲོང་མི»ཞེས་པའི་ནང་གི་ཚན་པ་ཞིག་ཡོད་པར་ཤིན་ཏུ་བྲོད་པོ་འདུག་སྟེ། ཟློས་གར་འཁྲབ་གཞུང་ཁྲོད་ཀྱི་མཚན་ཉིད་རིག་པའི་དགེ་རྒན་གྱིས་སྐུ་ཞབས་རུའུ་ཨེར་ཏེན་ལ་བཤད་རྒྱུར“ལྷུག་རྩོམ་མ་ཡིན་པ་མཐའ་དག་ནི་ཚིགས་བཅད་སྙན་ངག་མིན་ལ། ཚིགས་བཅད་སྙན་ངག་མ་ཡིན་པ་དག་ནི་ལྷུག་རྩོམ་མིན”ཞེས་གསུངས་ལ། རུའུ་ཨེར་ཏེན་གྱིས་ཕྱིར་འདྲི་རྒྱུར་“དེས་ན་ང་ཚོས་ཤོད་ཀྱིན་པའི་སྐད་ཆ་ནི་རྩོམ་ལུས་གང་ཞིག་ལ་གཏོགས་དགོས་སམ”ཞེས་དྲིས། མཚན་ཉིད་རིག་པའི་དགེ་རྒན་གྱིས“དེ་ནི་ལྷུག་རྩོམ་དུ་གཏོགས”ཞེས་ལན་བཏབ། སྐུ་ཞབས་རུའུ་ཨེར་ཏེན་ནི་སྐབས་འདིར་ད་གཟོད་རྨོངས་གཉིད་ལས་སད་པ་ཇི་བཞིན་ཁ་ནས་བཤད་རྒྱུར་“དེས་ན་བདག་གིས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་ལྷུག་རྩོམ་བརྩམས་པ་དངོས་གནས་ཤེས་རྟོགས་བྱུང་མེད་པ་རེད”ཅེས་བཤད། གཏམ་གླེང་བྲོད་པོ་འདིས་གནད་དོན་གཉིས་གསལ་བཤད་བྱས་ཡོད་དེ། གཅིག་ནི་ཚིགས་བཅད་སྙན་ངག་མ་ཡིན་པ་དག་ནི་ལྷུག་རྩོམ་དུ་གཏོགས་པས། ལྷུག་རྩོམ་གྱི་སྤྱོད་སྒོ་ནི་ནམ་མཁའ་བཞིན་ཁོད་ཡངས་ཤིང་རྒྱ་ཆེ་བ་བསྟན་ཡོད་ལ། ཅིག་ཤོས་ནི་མི་ཡོད་ཚད་ཀྱིས་ལྷུག་རྩོམ་རྩོམ་ཤེས་པ་སྟེ། ལྷུག་རྩོམ་ནི་མི་རྣམས་དང་ཁ་འབྲལ་ཐབས་མེད་པ་དེ་ཡིན། བདག་གིས་སེམས་པར་སྐུ་ཞབས་ལའོ་ཧྲིག་ལགས་ཀྱིས་གླེང་བཞིན་པའི་ལྷུག་རྩོམ་ཡང་སྒྲ་ཡངས་འཇུག་གི་ལྷུག་རྩོམ་མིན་ནམ་བསམས་འོང་།
       གལ་ཏེ་ད་ལྟ་སྒྲ་དོག་འཇུག་གི་སྒོ་ནས་བཤད་ན། སྤྱིར་བཏང་དུ་ལྷུག་རྩོམ་ནི་སྙན་ངག་དང་། ཟློས་གར། སྒྲུང་གཏམ་ལ་སོགས་ཀྱི་རྩོམ་ལུས་ལ་གོ་དགོས་པ་ཡིན་ཏེ། དེའི་ནང་དོན་དང་རྣམ་པ་གཉིས་ཀའི་སྟེང་ནས་ཀྱང་ཚིག་ལྷུག་སྣ་མང་དང་འབོལ་རྩོམ། ཡུལ་སྐོར་ཟིན་ཐོ། མགྱོགས་བྲིས། ཆེད་བྲིས་བཅས་སུ་དབྱེ་བ་ཡིན།
གཉིས། སྒྲིག་གཞི་ཚགས་དམ་གྱི་དཔུང་མཐུག་པ།
       རྩོམ་པ་པོས་རང་གྲུབ་ཚན་པ་གསུམ་པ་དང་བཞི་པ། ལྔ་པའི་ནང་དུ་གསོན་ཉམས་ལྡན་པའི་དཔེར་བརྗོད་ཀྱི་ལམ་ནས་ལྷུག་རྩོམ་གྱི་རྩ་བའི་ཁྱད་ཆོས་གསལ་བཤད་བྱས་ཡོད་དེ། ལྷུག་རྩོམ་ཞེས་པ་ནི་བཙོ་སྦྱང་དང་ལས་སྣོན་བྱས་ཟིན་པའི་སྐད་ཆའི་ཉིང་ཁུ་ལ་གོ་དགོས་ཞེས་བརྗོད་པས། འདི་ནི་འབེན་གྱི་སྙིང་ཁར་ཕིགས་པ་ལྟ་བུའི་གནད་དུ་ཁེལ་བའི་ལྟ་ཚུལ་ཞིག་ཡིན་ཏེ། སྐུ་ཞབས་རུའུ་ཨེར་ཏེན་གྱིས་ལོ་ངོ་བཞི་བཅུ་ལྷག་ལ་ཁ་ནས་ལྷུག་རྩོམ་བརྩམས་རུང་ཡིད་ཀྱི་ཤེས་རྟོགས་བྱུང་མེད་ཅེས་བརྗོད་མྱོང་བར་མ་ཟད། མི་རེ་རེས་སྐད་ཆ་བཤད་ཤེས་ན་ལྷུག་རྩོམ་ཤར་ཤར་དུ་འབྲི་ཤེས་པར་འདོད་ཡོད།
       གལ་ཏེ་ཁ་ནས་བཤད་པའི་སྐད་ཆ་ཐམས་ཅད་གོ་རིམ་ལྡན་པ་དང་སྡེབ་སྒྲིག་ལེགས་པ། བསྡུས་ཀྱང་འཐུས་ཚང་བ། བསམ་གཞིག་ཅན་དུ་ལས་སྣོན་གང་ལེགས་བྱས་རྗེས་གཞི་ནས་ལྷུག་རྩོམ་ཞིག་གྲུབ་པ་ཡིན། རྩོམ་པ་པོས་བཤད་རྒྱུར་“ནམ་ཞིག་གི་ཚེ་ན་ང་ཚོའི་རིག་གནས་ཆུ་ཚད་ཡོངས་ཁྱབ་ཀྱི་མཐོར་འདེགས་བྱུང་ཚེ། མི་རེ་རེ་ནི་བཤད་འདོད་པ་ཡོད་ཚད་རྩོམ་ཤེས་པའམ་འབྲི་ཤེས་པའི་སྣང་ཚུལ་ཞིག་ཆགས་ནས་ཡིག་ཐོག་ཏུ་བཀོད་པ་དེ་ནི་ད་གཟོད་ལྷུག་རྩོམ་ལེགས་གྲས་ཤིག་ཏུ་བརྩི་བ་ཡིན”ཞེས་བཤད།
       རྩོམ་པ་པོས་དཔེ་མཚོན་ངལ་རྩོལ་བ་འགའ་ཤས་ཤིག་གིས་གཏམ་བཤད་དང་གློག་འཕྲིན་རྒྱང་སྒྲོག་གི་མཉམ་སྒྲོག་ལེ་ཚན་ལ་ཟུར་ཉན་བྱས་པ་དག་དཔེར་བརྗོད་དུ་དྲངས་ནས་ལྷུག་རྩོམ་གྱི་ཁྱད་ཆོས་གསལ་བཤད་བྱས་ཡོད་དེ། གཅིག་ནི་བསམ་བློ་ཡོད་པ་དང་བརྩེ་སེམས་མཆིས་པ། སྐད་ཆ་གསོན་ཉམས་ལྡན་པ། མི་སེམས་སྒུལ་བར་བྱེད་པ་དང་། གཉིས་ནི་ལྷུག་རྩོམ་འདི་ཉིད་མང་ཚོགས་ཅན་དང་ཐུན་མོང་ཅན་དུ་བསྒྱུར་ན་ཡིག་འབྲུ་རེ་རེ་དང་ཚིག་འབྲུ་རེ་རེར་བསམ་བློ་གཏོང་དགོས་པ་དང་། སྐད་ཆ་གསོན་ཉམས་ལྡན་པ། ཡིད་དབང་འཕྲོག་པར་བྱེད་པ་བཅས་ནང་སྒོས་སུ། ལྷུག་རྩོམ་གྱི་ཁྱད་རྟགས་ཞིབ་བརྗོད་བྱེད་པའི་རྩོམ་ཡིག་ཁྲོད་དུ་ཡང་འདི་ལྟར་སྡོམ་ཚིག་ཉིང་བསྡུས་ཤིག་བཀོད་ཡོད་དེ། “རྣམ་པ་ཅི་ལྟར་འགྱུར་ཡང་རུང་། །སྲོག་གི་དབང་བོ་རབ་ཏུ་བརྟན། །”ཞེས་པ་ནི་རྩོམ་ལུས་ཁོད་རྒྱ་ཡངས་ཤིང་འབྲི་ཐབས་སྣ་ཚོགས་མཆིས་པ་དང་། དེའི་སྒྲིག་གཞི་ནི་ཐིག་སྐུད་དམར་བོ་ཞིག་དང་འདྲ་བར་ཕྱོགས་མཚམས་གང་སར་འཐོར་བའི་མུ་ཏིག་བསྟར་ལ་བརྒྱུས་པ་ནང་བཞིན་བརྗོད་བྱའི་སྙིང་བོ་བསྡུས་ཤིང་བརྗོད་གཞི་ཉིང་འདུས་བྱས་ཡོད། སྐུ་ཞབས་ལའོ་ཧྲིག་གིས་དོན་སྟོན་དཔེ་མཚོན་གཉིས་གཞིར་བཟུང་ནས་ལྷུག་རྩོམ་གྱི་རྩ་བའི་ཁྱད་རྟགས་གསལ་བོར་བཏོན་པ་དེ་ནི་བལྟས་ཚོད་ཀྱིས་སྤྱིར་བཏང་ཞིག་དང་ཁ་བརྡ་གློད་པ་ཞིག་ཏུ་སྣང་ན་ཡང་། དོན་དངོས་སུ་གནད་དུ་ཁེལ་ཞིང་བརྗོད་སྙིང་འབུར་དུ་ཐོན་པར་རམ་འདེགས་མི་དམན་པ་ཐོན་ཡོད་ལ། ལྷུག་རྩོམ་དུ་འབོད་པ་འདིས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཡིད་ཀྱི་འགྱུར་བ་མཚོན་པར་བྱས་ཏེ་མི་སེམས་སྒུལ་བར་བྱེད་དགོས་པ་དང་ཆབས་ཅིག་ཏུ་ལྷུག་རྩོམ་གྱི་སྐད་ཆའི་ཚིག་སྦྱོར་ལ་དོ་སྣང་ཡག་པོ་བྱེད་དགོས། གལ་ཏེ་གཏིང་ཟབ་ཅིང་བསམ་བློ་གསར་བའི་གདུང་ཚོར་གྱི་དྲི་མ་སྟུག་པས་ན་ཚད་དང་རན་པའི་སྐད་བརྡས་བརྩེ་སེམས་སྣུམ་པོ་ཞིག་གི་ཐབས་ལམ་སྤྱད་དེ་བསྟན་དོན་གང་ཡིན་གསལ་ལྷང་ངེར་ཕྱིར་མངོན་གང་ལེགས་བྱེད་དགོས་པ་ཡིན་ལ། ཀློག་པ་པོ་ཀུན་གྱིས་བཀླགས་མ་ཐག་ནས་ལྷུག་རྩོམ་གྱི་བརྗོད་བྱའི་སྙིང་བོ་རྟོགས་པས་ན། དེ་ནི་ལྷུག་རྩོམ་ལེགས་གྲས་ཤིག་ཏུ་བགྲང་ཆོག་པ་ཡིན་པས། གཏམ་གླེང་དང་ལྷུག་རྩོམ་མ་གཞི་ནས་མཚེ་མ་གཅིག་གིས་བྱིས་པ་ལྟར་མགོ་ཁུངས་གཅིག་ཏུ་གཏུག་དགོས་པ་ཡིན་ཏེ། གཟུགས་སྣང་རང་བཞིན་ལྡན་པའི་དཔེ་འགོད་ཀྱི་ལམ་ནས་བདེན་ཐུབ་ཅན་གྱི་གཏིང་ཟབ་པའི་གནས་ལུགས་ཤིག་གསལ་བཤད་བྱེད་དགོས་པ་དང་། དེར་མཐུད་ནས་རྩོམ་པ་པོས་རང་གྲུབ་ཚན་པ་དྲུག་པ་དང་བདུན་པ། བརྒྱད་པའི་ནང་དུ་སྔར་ལས་ཞིབ་ཕྲ་ལྡན་པ་དང་ཡང་དག་པའི་སྒོ་ནས་ལྷུག་རྩོམ་གྱི་འབྲི་ཐབས་གསལ་བཤད་བྱས་ཡོད།
       ཐོག་མར“ཞེད་སྣང་སྨྲ་བ”ལས་རྒྱལ་དགོས་པ་ཡིན་ཏེ། མི་ལ་ལ་ཞིག་གིས་ལྷུག་རྩོམ་ནི་གཏིང་དཔག་དཀའ་བའི་ལྐོག་གྱུར་གྱི་རིག་ཚན་ཞིག་ཏུ་བསམས་ནས་ཡིག་ཐོག་ཏུ་འགོད་པར་སྐྲག་སྣང་སྐྱེས་པ་ཡིན། དེའི་དབང་གིས། ང་ཚོས་དེར“ཞེད་སྣང་སྨྲ་བ”ཞེས་མགྲིན་དབྱངས་གཅིག་གིས་བརྗོད་པ་ཡིན་ལ། རྩོམ་པ་པོས་བཤད་རྒྱུར་མི་རེ་རེས་སེམས་ཁོང་ནས་ཐོན་པའི་སྐད་ཆ་བཤད་ཤེས་པ་ཡིན་ཏེ། མི་རེ་རེ་ལ་ལྷུག་རྩོམ་འབྲི་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལྡན་པར་མ་ཟད། དུས་རྒྱུན་དུ་ལྷུག་རྩོམ་འབྲི་བའི་གོ་སྐབས་ཀྱང་ཤིན་ཏུ་མང་སྟེ། འཕྲིན་ཡིག་འབྲི་བ་དང་ཉིན་ཐོ་འབྲི་བ། ཟིན་བྲིས་འགོད་པའི་ལམ་བུ་བརྒྱུད་ནས་ལྷུག་རྩོམ་འབྲི་བར་སྦྱོང་བརྡར་གྲངས་མེད་ལག་བསྟར་མཛད་ཀྱིན་ཡོད་ལ། རྩོམ་པ་པོས་རང་ཉིད་ཆུང་དུས་སུ་སྒེར་བཙུགས་སློབ་གྲྭ་ནས་སློབ་གཉེར་གྱི་ལས་ལ་རྡོ་རུས་ཐུག་པའི་ངང་དཀའ་བ་དང་ལེན་བྱེད་པའི་སྐབས་དེ་དག་ཏུ་ལྷུག་རྩོམ་འབྲི་བར་ལད་ཟློས་གང་མང་གནང་ཞོར་དུ་ལྷུག་རྩོམ་འབྲི་བའི་དཀའ་ཁག་གི་བཀག་རྡོ་ཆེན་པོ་རྨང་ནས་སེལ་བར་གསལ་བཤད་བྱས་ཡོད།
       དེ་ཡང་སྨྱུ་གུ་ལག་ཏུ་བསྣམས་མ་ཐག་ལྷུག་རྩོམ་འབྲི་བའི་ཁེངས་ཉམས་ཀྱི་ཆེ་ཚུགས་ཕྱིར་མངོན་བྱེད་མི་རུང་སྟེ། ལྷུག་རྩོམ་ནི་རྟོགས་དཀའ་ཞིང་བསམ་ཡན་གྱི་སྣང་ཚུལ་ཡ་མཚར་བ་ཞིག་མིན་པས། མི་རེ་རེ་ལ་ལྷུག་རྩོམ་འབྲི་བའི་མཐུན་རྐྱེན་འཛོམས་པོ་ཞིག་མཆིས་ན་ཡང་། དེའི་གནད་འགག་ནི་རྩོམ་ཡིག་འབྲི་སྦྱོང་གི་རྒྱུན་བསྐྱང་ཐུབ་མིན་ལ་རག་ལས་པ་ཡིན། གནད་དོན་དེས་ང་ཚོ་སྨྱུག་ཐོགས་པ་སུ་ཡིན་ཡང་རྩོམ་ཡིག་འབྲི་སྦྱོང་གི་ཕྱོགས་ལ་བློ་འབྱེད་ངེས་ཅན་ལྡན་པའི་སྒོ་གླེགས་རྡུང་བ་ལགས་ན། སློབ་མའི་ཁྲོད་དུ་ཡང་ལྷུག་རྩོམ་འབྲི་བར་འཇིགས་སྣང་སྐྱེས་ཀྱིན་པའི་ཚོར་བ་རྒྱུན་པར་འབྱུང་གིན་འདུག། སྐུ་ཞབས་ལའོ་ཧྲིག་གི་ནང་དོན་གོ་སླ་ཞིང་ཚིག་གི་སྡེབ་སྦྱོར་ལེགས་པའི་རྩོམ་ཡིག་འདི་དག་བཀླགས་ན་ཞེད་སྣང་སྐྱེས་པའི་བསམ་བློ་དེ་དག་ཡེ་ནས་གཙང་སེལ་བགྱིས་པ་མ་ཡིན་ནམ། དེའི་རྗེས་སུ“སྣང་ཆུང་སྨྲ་བ”དོར་དགོས་པ་ཡིན་ཏེ། མི་ལ་ལས་ལྷུག་རྩོམ་ལ་སྣང་ཆུང་གི་བྱ་བྱེད་དྲག་ཏུ་བཤམས་ཤིང་། ཁོ་ཚོས་བསམ་ཚོད་ཅིག་ལ། ཡིག་གྲངས་ས་ཡ་ལྔ་ལྷག་གི་སྒྲུང་གཏམ་མམ་ཡང་ན་ཟློས་གར་ཞིག་འབྲི་དགོས་པ་བྱུང་ཚེ། གནད་དོན་ཡོད་ཚད་ཐག་གཅོད་བྱས་ཟིན་པར་དགོངས་ནས་རིན་ཆེན་གསེར་ལས་ལྷག་པའི་དུས་ཚོད་མང་པོ་སྤྱད་ནས་ལྷུག་རྩོམ་འབྲི་སྦྱོང་བྱེད་མི་དགོས་པར་བསམས། བསམ་བློ་དེའི་རིགས་ལ་ང་ཚོས“སྣང་ཆུང་སྨྲ་བ”ཞེས་བརྗོད། དོན་དངོས་སུ་བསམ་ཚུལ་དེ་དག་མངའ་བ་ནི་འདོད་རྔམ་མཐོར་སྙེག་གི་སྐོར་ཞིག་དང་། དངོས་ཡོད་དང་ཁ་བྲལ་ན་སྒྲུང་གཏམ་རྩེ་གྲས་ཤིག་དང་ཟློས་གར་བཟང་བོ་ཞིག་ཅི་ལྟར་འབྲི་བར་དོགས་སློང་གནང་མཁན་འབའ་ཞིག་རེད། ང་ཚོ་སློབ་མའི་ཁྲོད་ན་ཡང་དེ་འདྲའི་བསམ་ཚུལ་གཅིག་མཚུངས་བཅངས་ནས་བརྩམས་ཆོས་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་གཅིག་འཕྲོར་གཅིག་གིས་མཐུད་དེ་གྲངས་མེད་ཅིག་བདེ་བླག་གིས་འབྲི་ཐུབ་བར་བསམས་ཀྱིན་ཡོད་པ་མ་ཡིན་ནམ། སྐུ་ཞབས་ལའོ་ཧྲིག་གིས་གསུང་ཚིག་ནན་མོ་དང་ཐུགས་ཁུར་ཆེན་པོའི་གཏམ་བཤད་འདི་ལྟ་གནང་ཡོད་དེ། “ལྷུག་རྩོམ་གྱི་རི་རྒྱལ་ལྷུན་པོ་ལྟ་བུའི་རྨང་གཞི་བརྟན་པོ་ཞིག་རང་རྒྱུད་དུ་བཞག་མེད་ཚེ། བརྩམས་ཆོས་ཅི་ཡང་ལེགས་འགྲུབ་འབྱུང་མི་ཐུབ”ཅེས་གསུངས་པ་བདེན་པའི་བརྡ་ལ་མགོ་བོ་ནང་དུ་འགུག་དགོས་བྱུང་། དེར་མཐུད་ནས“མཆོག་གྱུར་སྨྲ་བ”སེལ་དགོས་པར་འདོད་དེ། མི་ལ་ལ་ཞིག་གིས་ལྷུག་རྩོམ་གྱི་ཚིག་གི་སྡེབ་སྦྱོར་གྱི་ཆ་ལ་སྦྱངས་གོམས་མྱོང་བའི་མིང་གི་ཟུར་ཙམ་ཡང་མེད་པར་སྙན་ཚིག་འབྲི་བའི་ལས་ལ་རེམ་ཏེ་མགོ་བརྩམས་པ་ཡིན་ཞིང་། མི་ཕལ་མོ་ཆེ་ཡིས་སྙན་ཚིག་ནི་འགྲན་ཟླ་བྲལ་ཞིང་མཆོག་ཏུ་གྱུར་བ་ཞིག་ཏུ་དགོངས་པའི་བསམ་ཚུལ་དེའི་རིགས་ལ་ང་ཚོས“མཆོག་གྱུར་སྨྲ་བ”ཞེས་དྲན་ཡང་མྱོང་ལ་བརྗོད་ཀྱང་མྱོང་།  འུད་བརྗོད་དང་འཁྱོག་བཤད་ཀྱི་ཏིལ་འབྲུ་ཙམ་ཡང་མེད་པར་དོན་དངོས་སུ་སྙན་ཚིག་འབྲི་བར་ཤེས་ཡོན་ངེས་ཅན་ཞིག་ལྡན་དགོས་ཏེ། སྙན་ཚིག་ནི་ཆེ་བ་ཁྲི་ཐོག་དཔོན་པོ་ནས་དམན་ས་སྲང་མདོའི་སྤྲང་པོའི་ཡན་གྱི་སྐད་ཆ་ཀུན་གྱི་ཉིང་བཅུད་ཡིན་པས་སོ། །
       བསྐལ་བ་ཆགས་ནས་ད་ལྟའི་བར་དུ་རྩོམ་མཁན་མང་པོས་སྙན་ཚིག་བྲིས་པ་གསོན་ཉམས་ལྡན་ཞིང་ཡིད་དུ་འོང་ན་ཡང་འཕྲིན་ཡིག་བྲིས་པ་ཐམས་ཅད་ཅལ་ཅོལ་ཐམ་ཐོམ་ཞིག་རེད། རྩོམ་པ་པོ་ཁོང་གིས་བཤད་རྒྱུར“སྙན་ངག་བྲིས་པ་ལེགས་པོ་མ་འཁྱོངས་ཚེ་འགོད་མི་ཐུབ་པའི་སྐྱོན་ཙམ་དང་། འཕྲིན་ཡིག་ལེགས་པོ་འབྲི་མ་ཤེས་ཚེ་དོན་ཆེན་བརླག་འགྲོ་བ་ཡིན། དེའི་སྟབས་ཀྱིས་ལྷུག་རྩོམ་ལེགས་པོ་ཞིག་འབྲི་ཤེས་དགོས”ཞེས་རབ་ཏུ་སྨན་པའི་གསེར་གྱི་བདུད་རྩིར་འགྲན་པའི་ལེགས་བཤད་གསུངས་ཡོད། དེ་ཡང་གོམ་པ་རིམ་བགྲོད་བཞིན་དུ་ང་ཚོས་ལྷུག་རྩོམ་འབྲི་སྦྱོང་བསླབས་ནས་ཚིག་བསྡུས་ཤིང་དོན་ཟབ་པའི་ཕྱོགས་ལ་ཡིད་གཟབ་བྱེད་དགོས་པ་དང་། ང་ཚོ་སློབ་མའི་ཁྲོད་ན་ཡང་དེ་དང་དེ་ལྟ་བུའི་བསམ་ཚུལ་ལྡན་ཞིང་། ལྷུག་རྩོམ་ལེགས་པོ་འབྲི་ཚུལ་ཤེས་ཀྱིན་མེད་པར་སྙན་ཚིག་འབྲི་བའི་ལམ་དུ་ཞུགས་པ་ཡིན་པས། སྙན་ཚིག་ནི་ལྟོས་བཅས་ཀྱིས་ལྷུག་རྩོམ་དང་བསྡུར་ཚེ་ཚད་རིམ་མཐོ་ཞིང་ལྗིད་ཟུངས་མངའ་བའི་རྩེ་གྲས་ཤིག་ཏུ་བརྩིས་ཏེ་ཡིད་དུ་འོང་ཞིང་མཆོག་ཏུ་གྱུར་བར་བསམས། གནས་ཚུལ་འདི་དག་ལ་གཞིགས་ན་སློབ་མ་རང་སྟེང་ནས་ཞིབ་བསྡུར་བྱེད་པའི་དགོས་པ་ངེས་ཅན་ཞིག་ལྡན་པ་ཕྱི་གསལ་ནང་གསལ་རེད།
       རྩོམ་པ་པོས་རྩོམ་ཡིག་གི་མཇུག་མཐའི་རང་གྲུབ་ཚན་པའི་ནང་དུ་གསལ་བོར་བསྟན་འདུག་པ་སྟེ། ང་ཚོས་སྣང་ཚུལ་དེའི་རིགས་ལ་ལྟ་སྟངས་འདི་འདྲ་ཞིག་འཛིན་དགོས་ཤིང་། ལྷུག་རྩོམ་འབྲི་བར་འཇིགས་སྐྲག་སྐྱེས་མི་རུང་ལ་སྣང་ཆུང་ཡང་བྱེད་མི་རུང་། དེ་ནི་རྩོམ་ཡིག་གི་རང་གྲུབ་ཚན་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སྡོམ་ཆུང་ཡིན་ལ། རྩོམ་ཡིག་ཧྲིལ་བོའི་ཕྱོགས་སྡོམ་ཡང་ཅི་ལ་མིན། དེ་ལས་འདི་འདྲ་ཞིག་བསྟན་ཡོད་པ་སྟེ། ལྷུག་རྩོམ་ནི་རྩོམ་ལུས་གཞན་དག་འབྲི་བའི་རྨང་གཞི་དང་པོའི་ཁྲོད་ཀྱི་དང་པོ་ཡིན་པ་དང་། ལྷུག་རྩོམ་ལེགས་པོ་ཞིག་འབྲི་ཐུབ་ཚེ་ད་གཟོད་སྙན་ཚིག་འབྲི་བར་དཀའ་ཚེགས་ཆེན་པོ་མེད་སྟབས་ཕྱག་ཏུ་ཡོ་བྱད་ལེགས་པོ་ཞིག་བསྣམས་པ་དང་ཀུན་ནས་མཚུངས་པ་འདྲ། དེའི་སྟབས་ཀྱིས་ལྷུག་རྩོམ་འབྲི་སྦྱོང་བྱེད་པ་ནི་གནད་ཀྱི་དོན་པོར་མཐོང་ཞིང་ཤིན་ཏུ་འགངས་ཆེན་ཞིག་ཡིན།
གསུམ། སྒྱུ་རྩལ་མཚོན་ཐབས་ཀྱི་འཁྲུག་ཆ་དོད་པ།
       «ལྷུག་རྩོམ་གཙོ་བོ»ནི་མ་གཞི་རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལེགས་ཤིང་གོ་སླ་བ། སྒྲིག་གཞི་ཚགས་དམ་ཞིང་བབ་ཆགས་པའི་ལྷུག་རྩོམ་ཞིག་ཡིན་པ་བསྙོན་དུ་མེད་པར་མ་ཟད། རྩོམ་པ་པོའི་ལྟ་གྲུབ་ནི་ཆུ་ལམ་བརྒྱུད་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་འབུར་དུ་ཐོན་ཞིང་ཡིད་ཀྱི་འགྱུར་བ་ལྷུག་པོར་མཚོན་པར་བགྱིས་ཏེ་ཀློག་པ་པོ་དང་མཉམ་དུ་ཁ་བརྡ་གློད་པ་དང་འདྲ་བར་སྙན་ཆ་དོད་པོ་ལྡན་ཞིང་མཚར་ཉམས་གསལ་བོ་མི་འདུག་པར་དངོས་ཡོད་དང་མཐུན་པའི་ཕལ་སྐད་ཁོ་ན་ཡིན་པར་ངེས།
       སློབ་མ་ཐམས་ཅད་ཀྱིས་ཡིད་ཀྱི་མཆོག་གསུམ་ནི་ཐོས་བསམ་སྒོམ་གསུམ་ལས་སྐུ་ཞབས་ལའོ་ཧྲིག་གི«ལྷུག་རྩོམ་གཙོ་བོ»ཞེས་པར་མྱོང་རོལ་ཐེངས་གཅིག་བྱས་པ་ཡིན་ཚེ། ཁོ་ཚོ་ལ་སློབ་ཁྲིད་བྱེད་པའི་ཞོར་དུ«སྨྱུག་རྩེ་ནས་ལྷུག་རྩོམ་གླེང་བ»ཞེས་པའི་དཔེ་ཆ་བལྟ་བར་རྟིང་སྐུལ་ཚ་ཤོས་བགྱིས་ནས་སློབ་མའི་ཤེས་བྱའི་ཁྱབ་ཁོངས་རྒྱ་སྐྱེད་བྱེད་ཆོག་པར་མ་ཟད། རྩོམ་འབྲིའི་ཆུ་ཚད་ངེས་ཅན་ཞིག་མེད་པའི་སློབ་གྲོགས་རྣམས་ལ་མིང་གྲགས་ཅན་གྱི་རྩོམ་ཡིག་ཁ་ཤས་བདམས་ནས་ཞིབ་བལྟ་ནན་བལྟ་བྱ་བར་བཅུག་ཆོག་སྟེ། ཆིན་མུའུ་ཡི«ལྷུག་རྩོམ--མུ་མཐའ་མེད་པ»དང་ཞུའུ་ཁྲིའི«ལྷུག་རྩོམ་གླེང་བ» ཁུ་ལེན་གྱི«ལྷུག་རྩོམ--རྩོམ་རིག་གི་སྐྱ་དམག་རུ་ཁག»སོགས་ཀྱི་མཚོན་པའི་གནད་དུ་ཁེལ་བའི་ལྷུག་རྩོམ་གྱི་གལ་ཆེན་རང་བཞིན་དང་སྤྱོད་སྒོ་ཡངས་པ། རྩོམ་པ་མཐར་ཆགས་སུ་འགྲོ་སླ་བ་གསལ་བོར་བརྗོད་ཡོད། ཆིན་མུའུ་ཡིས་བཤད་རྒྱུར། ལྷུག་རྩོམ་གྱི་ཁྱབ་ཁོངས་ནི་མུ་མཐའ་བྲལ་ཞིང་ཟད་མཐའ་མེད་པ་ཞིག་ཡིན་ཏེ། རྩོམ་ལུས་གཞན་དག་གང་གི་ཁོངས་སུ་མི་གཏོགས་པ་ཐམས་ཅད་རྩོམ་རིག་གི་ཉིང་བཅུད་ལྡན་པའི་ཡིག་ཚོགས་ཅུང་ཉུང་བའི་ལྷུག་རྩོམ་གྱི་ཁྱབ་ཁོངས་ཁོ་ན་ཡིན། དེ་ནི་རིག་རྩལ་རང་བཞིན་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་དཔྱད་རྩོམ། རང་བྱུང་ཚན་རིག་གི་འབྲེལ་བ་ངེས་ཅན་ལྡན་པའི་སྣ་མང་རྩོམ་རིག་དེ་དག་ཡོད་ཚད་རྩོམ་རིག་གི་ཁོངས་སུ་གཏོགས་པར་བཅུག་པ་ཡིན་པས། མི་བུ་སྒེར་གྱི་ཡིད་འགྱུར་མཚོན་པའི་སྙན་ཚིག་དང་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་ལ། ཡིད་འགྱུར་ལྷུག་རྩོམ་དང་འབྲེལ་བའི་སྙན་ཚིག་དང་བར་ཁྱད་ཆེན་པོ་ལྡན་ན་ཡང་། དེ་དག་གི་གྲས་སུ་ངོ་མཚར་བའི་གཏམ་རྒྱུད་ཅིག་གི་ནང་དོན་བསྲེས་ནས་སྒྲུང་ཐུང་དང་མཉམ་པོར་བཞག་ཀྱང་ཆོག
       ཡིན་ནའང་། ལྷུག་རྩོམ་ཐུང་ངུ་དག་གི་ནང་དོན་དང་རྣམ་པ་དག་ནི་དེ་དག་དང་ཁྱད་པར་ངེས་ཅན་ཞིག་ལྡན་ཞིང་དེ་དག་ལ་དངོས་ཡོད་དོན་དག་ཞིབ་འབྲི་དང་ཡང་ན་དངོས་བྱུང་ཞིབ་བརྗོད་དང་དཔྱད་བརྗོད་ཟུང་འབྲེལ་བྱས་ནས་གསོན་ཉམས་དོད་པོའི་ཆ་དེ་ལྷང་ལ་འབུད་པར་བགྱིས་ཡོད། དེ་དག་གི་རྣམ་པ་འདྲ་མིན་སྣ་ཚོགས་འདུག་ན་ཡང་ལྷུག་རྩོམ་གྱི་ཁོངས་སུ་གཏོགས་པ་ཤ་སྟག་ཡིན། ཆིན་མུའུ་ཡིས་གསོན་ཉམས་ལྡན་པའི་དཔེ་འགོད་རབ་དང་རིམ་པ་མང་པོ་བཀོད་པ་འདི་ཡིས་ལྷུག་རྩོམ་གྱི་ཁྱབ་ཁོངས་གུ་ཡངས་ཤིང་རྒྱ་ཆེ་བ་གསལ་བཤད་བྱས་ཡོད་ལ། ཁུའུ་ལེན་གྱིས་ཀྱང་བཤད་རྒྱུར“ལྷུག་རྩོམ་ནི་རྩོམ་རིག་ཡོད་ཚད་ཁྲོད་ཀྱི་ཚིག་སྦྱོར་ལ་རང་དབང་ལྡན་ཞིང་འཆིང་རྒྱ་ལས་གྲོལ་བ་ཞིག་ཡིན”ཞེས་གསུངས་པ་བདེན་པར་འཁུམས། “དེ་ནི་གྲི་ཐུང་ཞིག་དང་འཕེན་མདུང་ཞིག་ཏུ་སྣང་ཐུབ་པར་མ་ཟད། འཇིག་རྟེན་གྱི་གོམས་སྲོལ་ཐད་ཀྱི་རི་མོ་ཞིག་ཀྱང་བྱེད་ཆོག མི་རྣམས་ཀྱི་དགའ་བདེ་དཔལ་ལ་རོལ་བ་དང་ལུས་སེམས་ཀྱི་ངལ་དུབ་སེལ་བའི་མཚན་མོའི་རོལ་དབྱངས་ཤིག་ཀྱང་ཡིན་ཆོག” ད་དུང “དེས་དགའ་འབོད་དང་བསྟོད་བསྔགས། ངར་སྐད་སྒྲོག་པ། རྡུང་རྡེག་ཀྱང་ཡིན་ཆོག དེ་མིན་ལྷུག་བརྗོད་དང་གཏམ་ཉོག དགའ་སྐྱོ་ཆགས་སྡང་གི་ཚིག་སྦྱོར་ཡིན་ཀྱང་ཆོག དེ་ནི་བརྗིད་ཉམས་དྲག་པོ་ལྡན་པའི་རླུང་ནག་དང་ཉ་གང་ཟླ་བའི་འོག་གི་གཙང་ངོས་སུ་ཕར་ཚུར་བསྐྱོམས་པའི་ཆུ་རྒྱུན་ཞིག་ཀྱང་ཡིན་ཆོག” ང་ཚོས་སློབ་མ་རྣམས་ལ་ཡེ་གེ་འདི་དག་གསལ་དག་སྙན་གསུམ་གྱི་ཀློག་ཏུ་བཅུག་པ་ན་སློབ་མའི་མཐོང་ཐོས་མྱོང་གསུམ་ཡངས་པོར་བསྐྱེད་པར་བྱས་པ་མ་ཡིན་ནམ། ལྷུག་རྩོམ་ནི་དངོས་གནས་རྩོམ་རིག་གི་སྐྱ་དམག་རུ་ཁག་ཅིག་དང་འདྲ་ཞིང་། སྐུ་ཞབས་ལའོ་ཧྲིག་གི«ལྷུག་རྩོམ་གཙོ་བོ»བསླབས་པའི་རྗེས་ནས་སློབ་མ་ལ་ཉིན་ཐོ་འབྲི་རུ་འཇུག་དགོས། ཉིན་ཐོ་འབྲི་སྐབས་ཐབས་ལམ་རྣམ་པ་སྣ་ཚོགས་སྤྱད་ཆོག་སྟེ། ཁུའུ་ལིན་གྱིས་གསུངས་པ་ནང་བཞིན་སློབ་གྲོགས་རྣམས་ཀྱི་ལྟ་ཞིབ་ཀྱི་ནུས་པ་དང་འཚོལ་སྡུད་ཀྱི་ནུས་པ། རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་ཐུབ།
       དམའ་འབྲིང་གི་སྐད་ཡིག་བསླབ་དེབ་ཁྲོད་དུ་ཡིད་ཀྱི་བརྩེ་བ་དང་ཚིག་གི་རྗོད་པའི་མཛེས་པ་ཉིས་ཆ་ནས་ཁྱད་དུ་འཕགས་པའི་ལྷུག་རྩོམ་ཁ་ཤས་བདམས་བཀོད་བྱས་པར་སློབ་གྲོགས་རྣམ་པར་དམིགས་ཡུལ་དང་འཆར་གཞི་ངེས་ཅན་ལྡན་པའི་སྒོ་ནས་ལྷུག་རྩོམ་འདི་དག་གི་ཁྱད་ཆོས་ཞིབ་འཇུག་བྱེད་པར་སྣེ་ཁྲིད་བྱེད་ཐུབ་པར་མ་ཟད། དེར་མཐུད་ནས་རང་ཉིད་ཀྱི་ལྷུག་རྩོམ་འབྲི་སྦྱོང་གི་བརྒྱུད་རིམ་ཁྲོད་ནས་ལད་ཟློས་སྒྱུ་རྩལ་ལ་ནང་བྱན་ཆུད་པ་ཇི་བཞིན་གསར་བཏོད་ཀྱི་བཤུལ་ལམ་རིང་མོར་ཤར་མར་གཞུག་ཆོག་གོ །
འབྲེལ་ཡོད་འོས་སྦྱོར།