འགྱུར་རྩོམ། ལོ་གསར།
རྩོམ་པ་པོ།:འཇམ་དཔལ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-20
ཀློག་གྲངས།:
ལོ་གསར།
ལི་པིན་གྱིས་བརྩམས།
འཇམ་དཔལ་གྱིས་བསྒྱུར།
མཚན་མོར། ཁེར་རྐྱང་ངང་ཡུལ་གཞན་གྱི་རི་གྲོང་གི་ཁང་ཆུང་ཞིག་གི་མལ་ཁྲིའི་སྟེང་དུ་ཉལ་དུས། ཁང་བའི་ཕྱི་རོལ་གྱི་ཤོག་སྦག་གི་སྒྲ་ཐོས་རྗེས། ང་ཡིས་འདས་ལོ་དང་ཐག་ཉེ་རུ་འགྲོ་བཞིན་ཡོད་པ་ཤེས། ཤོག་སྦག་གི་སྒྲ་ཡིས་རྒྱང་རིང་གི་རི་གྲོང་ལ་སྤྲོ་སྣང་གི་རྣམ་པ་ཚད་མེད་བསྣན་པས། སྐབས་དེར། ངའི་བསམ་བློ་རྒྱང་ཐག་རིང་བའི་བྱིས་དུས་ཀྱི་དུས་རབས་སུ་ལོག་སྟེ། བྱིས་དུས་ཀྱི་ལོ་གསར་སྐབས་ཀྱི་དྲོ་སྐྱིད་ལྡན་པའི་གཉེན་ཉེའི་བརྩེ་དུང་དང་། འཆམ་མཐུན་གྱི་བརྩེ་བ། ད་དུང་ལོ་གསར་གྱི་བྲོ་བ་ཟབ་མོ་བཅས་དྲན་བྱུང་།འཇམ་དཔལ་གྱིས་བསྒྱུར།
མཚན་མོ་ནུབ་ཀྱང་ཁང་བའི་ཕྱི་རོལ་གྱི་མེ་མདོག་གི་སྒྲ་སྔར་བཞིན་མང་པོ་ཡོད།བྱིས་པའི་དུས་སུ། ངས་སེམས་ནང་གུང་གསེང་བཏང་མ་ཐག་ང་མྱུར་དུ་ཕ་ཡུལ་དུ་ལོག་ནས་ལོ་ན་རྒས་པའི་ཨ་ཕ་དང་ཨ་མ་དང་མཉམ་དུ་ལོ་གསར་ལ་འགྲོ་རྒྱུའི་ལོ་གསར་བར་ད་དུང་ཉིན་འགའ་ཡོད་པས། ལོ་གསར་བར་ད་དུང་ཉིན་འགའ་ཡོད་པས། ཡུལ་མིས་ལོ་གསར་གྱི་ཆེད་དུ་སྔ་མོ་ནས་གྲ་སྒྲིག་བྱེད་བཞིན་པ་སྟེ། ཨ་ཕས་པད་མའི་ཞིང་ནང་ནས་པད་མའི་རྩ་བ་སྔོག་པ་དང་། རྨོ་མོ་དང་ཨ་མ་གཉིས་ཀྱིས་ཁང་པ་རེ་རེའི་གྲུ་ཟུར་གྱི་ཐལ་རྡུལ་གཙང་སྦྲ་བྱེད་པར་བྲེལ་ཞིང་། དེའི་རྗེས་ཁྱིམ་གྱི་ཉལ་གུར་དང་། མལ་ཐུལ། སྟན་བཅས་བཤིག་ནས་བཀྲུ་བ། ཐུད་ཟས་བཟོ་བ། ལོ་གསར་གྱི་ཕག་བཤའ་བ་བཅས་ཡོད།
ང་ནི་ལོ་ན་ཆུང་བ་ཞིག་ཡིན་མོད། འོན་ཀྱང་ཨ་ཕ་དང་མཉམ་དུ་པད་མའི་རྩ་བ་བརྐོ་བ་དང་ཐུད་ཟས་བཟོ་བར་་དགའ། ཕག་བཤའ་སྐབས་མི་དར་མ་རྣམས་ལ་རོགས་བྱས་ནས་ཕག་གི་མཇུག་མ་འཐེན་པའམ་ཡང་ན་ཕག་གི་རྐང་པ་སྡོམ་གྱིན་ཡོད། ཆུ་ཟོམ་ནང་དུ་ཆུ་ཁོལ་ཁྱེར་ནས་དར་མ་རྣམས་ཀྱིས་ཕག་གི་ལུས་སྟེང་གི་སྤུ་འཁྲུད་པ་དང་། ཁོ་ཚོར་ཕག་གི་སྤུ་འབྲེག་ཏུ་འཇུག་གིན་ཡོད། ལོས་ཡིན། ངས་སྒྲུབ་པ་དེ་དག་ནི་དར་མ་ཚོའི་མིག་ལམ་ནས་རྩེད་མོ་རྩེ་བ་ཙམ་ཡིན་ནའང་། དུས་ཚོད་མང་པོར་ངས་འཁྲུག་ཆར་ལྟ་བཞིན་ཡོད།
སྐབས་དེར། ལོ་རེའི་ལོ་གསར་མ་ཐོན་གོང་གི་ཉིན་གཉིས་ལ། ཨ་ཕ་ཡོད་སའི་ཡུན་ཞིའི་ཀུང་སིའི་འདེམས་སྒྲུག་བཟོ་གྲྭས་ལྗང་མདོག་གི་བཅིངས་འགྲོལ་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་ཆེན་པོ་བསྐོར་ནས་བཟོ་བ་ཚོ་ཕ་ཡུལ་དུ་ལོ་གསར་བར་སྐྱེལ་གྱིན་འདུག་ལ། ཨ་ཕ་ཡང་ལྗིད་ཐེག་རླངས་འཁོར་ཆེན་པོར་བསྡད་དེ་ཁྱིམ་དུ་ལོ་གསར་བར་སྐྱེལ་གྱིན་འདུག སྤོ་བོ་དང་རྨོ་མོས་མི་ཚེ་གང་བོར་བུ་གཉིས་ལས་སྐྱེས་མེད་པ་སྟེ། གཅིག་ནི་ཨ་ཁུ་དང་གཞན་ཞིག་ནི་ཨ་ཕ་ཡིན། ཨ་ཕས་ཁྱིམ་དུ་ཞིང་བ་བྱེད་པ་དང་། ཨ་ཁུ་ནི་གྲོང་ཁྱེར་གྱི་བཟོ་གྲྭའི་ནང་བཟོ་པ་བྱེད་ཀྱིན་ཡོད། དུས་རྒྱུན་ལས་ཀར་བྲེལ་བ་ཆེ་བས། ཨ་ཁུ་ལོ་ལྟར་ལོ་གསར་དུས་གཞི་ནས་ཕ་ཡུལ་དུ་ལོག་སྟེ་གཉེན་ཉེ་དང་ལྷན་འཛོམས་བྱེད་ཀྱིན་ཡོད།
དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུར། གྲོང་ཁྱེར་དུ་བཟོ་བ་བྱེད་པ་ནི་འགྲིམ་འགྲུལ་མི་བདེ་བའི་ཕ་ཡུལ་གྱི་ངོས་ནས་བརྗོད་ན་ཧ་ཅང་དཀོན་པའི་བྱ་བ་ཞིག་ཡིན་པས། དེ་ནི་མི་མང་པོ་ཞིག་གིས་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། དེར་བརྟེན། ང་ཚོའི་ཁྱིམ་མི་ཡོངས་ཀྱི་གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་གྱི་ཨ་ཁུ་ཞིག་ཡོད་པར་ང་རྒྱལ་དང་གཟི་བརྗིད་ཆེན་པོ་སྐྱེས་ཀྱིན་ཡོད།
སྐབས་དེར་ང་རང་ཆེས་དགའ་བའི་བྱ་བ་ནི། ལོ་མ་གསར་གོང་གི་ཉིན་གཉིས་ཀྱི་སྔོན་དུ། ཨ་ཕ་དང་མཉམ་དུ་ཁྱིམ་དང་བྲལ་ཚེ་སྤྱི་ལེ་གཉིས་ལྷག་ཙམ་གྱི་གྲོང་ཚོའི་སྒོ་ཁའི་གཞུང་ལམ་གྱི་འགྲམ་དུ་ཨ་ཁུ་བསུ་བར་སོང་བ་དེ་ཡིན། ངའི་ཕ་ཡུལ་དུ་ཁ་བ་འབབ་མི་སྲིད། འོན་ཀྱང་སད་འབབ་སྲིད། ལོ་གསར་ལ་ཐོན་ཡོད་མོད། འོན་ཀྱང་སྐབས་དེའི་གནམ་གཤིས་ཧ་ཅང་གྲང་བའི་ཚོར་བ་སྐྱེས། ང་ཚོ་ཞོགས་པ་ནས་གྲོང་ཚོའི་སྒོ་ཁ་ནས་ལངས་སྐབས། རུས་རྐང་གཟར་བའི་གྲང་རླུང་ངོ་གདོང་དུ་གཡུག་པས། སྣ་དང་། གདོང་། རྣ་བ། རྐང་ལག་བཅས་གྲང་བའི་ན་ཟུག་སྐྱེས་ངེས།
བཟོ་བས་ཁེངས་པའི་ལྗིད་ཐེག་རླངས་འཁོར་གཞུང་ལམ་གྱི་དཀྱོག་མཚམས་ནས་ཕྱིར་མངོན་དུས། སྤོ་བོ་དང་ཨ་ཕས་སེམས་འཚབ་པའི་མིག་གིས་ལྗིད་ཐེག་རླངས་འཁོར་ནང་དུ་ལངས་པའི་ཁྲོད་ནས་ཆ་རྒྱུས་ཡོད་པའི་ཨ་ཁུའི་ངོ་གདོང་འཚོལ་བཞིན་ཡོད། ལྗིད་ཐེག་རླངས་འཁོར་གཞུང་ལམ་གྱི་འགྲམ་དུ་བརྟན་པོར་བསྡད་རྗེས། ཨ་ཕ་དང་སྤོ་བོས་བྲེལ་འཚུབ་ངང་ལྗིད་ཐེག་རླངས་འཁོར་གྱི་རྒྱབ་སྒོའི་འགྲམ་ནས་སྒུག་པ་དང་། སྐབས་དེར་ཨ་ཁུས་རྒྱབ་ཁུག་ལྗིད་མོ་ཞིག་ཁུར་ཞིང་ལག་ཏུ་ད་དུང་ཁུག་མ་འབུར་བོ་གཉིས་ཁྱེར་ནས་རླངས་འཁོར་ནང་གི་འཚང་ཁ་ཆེ་བའི་མི་ཚོགས་ཁྲོད་ནས་ཤུགས་ཆེན་གྱིས་རླངས་འཁོར་གྱི་རྒྱབ་སྒོའི་ས་རུ་འཚང་སྟེ། ལུས་སྟེང་གི་རྒྱབ་ཁུག་དང་ལག་ནང་གི་དངོས་པོ་ཨ་ཕ་ལ་སྤྲད་རྗེས། རླངས་འཁོར་གྱི་སྒོ་རྒྱབ་ཏུ་བཀལ་བའི་ལྕགས་སྐས་བརྒྱུད་ནས་མར་བབས།
ཨ་ཁུ་རླངས་འཁོར་ལས་བབས་རྗེས། སེམས་འགུལ་ཆེན་པོས་སྤོ་བོ་ལ“སྤོ་བོ...”ཞེས་སྐད་ཅོར་བརྒྱབ། སྐབས་དེར་སྤོ་བོ་ཡི་གཉེར་མའི་ཁེངས་པའི་གདོང་ལ་སྤྲོ་སྣང་གི་འཛུམ་མདངས་མངོན། དེའི་རྗེས་སུ། ཨ་ཁུས་ཆེ་ཞིང་སྟུག་པོའི་ལག་པ་བསྲིངས་ནས་ང་ཡི་མགོ་ལ་དལ་མོར་བྱིལ་བྱིལ་བྱས། སྐབས་དེར་ངས་ཨ་ཁུའི་འཛུམ་མདངས་ནི་དེ་འདྲའི་ཞི་དུལ་དང་། འཇམ་མཉེན། བྱམས་བརྩེའི་རང་བཞིན་ལྡན་པ་མཐོང་བྱུང་ལ། ཨ་ཕས་ཨ་ཁུའི་ཁྱེར་ཡོང་བའི་དངོས་པོ་སྨྱུག་མའི་སླེ་བོ་ནང་དུ་བསྡུས་རྗེས་ཁྱིམ་དུ་ཁུར་ནས་ཡོང་།
ཁྱིམ་དུ་སླེབས་སྐབས། ཨ་ཁུ་ཐོག་མར་ཁྱིམ་གྱི་ནང་དུ་འཛུལ་བས། ཁྱིམ་གྱི་ཕྱི་ནང་གཉིས་ཀར་བྲེལ་བའི་རྨོ་མོ་མཐོང་སྐབས། ཨ་ཁུས་བྱམས་བརྩེའི་སྒོ་ནས་ཨ་མ་ཞེས་སྐད་བརྒྱབ། རྨོ་མོས་ཨ་ཁུའི་སྐད་ཐོས་རྗེས། ལག་པས་ལས་མཚམས་བཞག་སྟེ་ཁ་ཕྱིར་འཁོར་ནས་ཨ་ཁུ་ཡི་དགའ་སྤྲོའི་ཁ་ཡང་སུམ་མི་ཐུབ་པར་བལྟས་བྱུང་།
དེའི་རྗེས། ཨ་ཁུས་གྲོང་ཁྱེར་ནས་ཉོས་པའི་ཏན་ཞིམ་བླངས་ཏེ་ཚང་མར་བྲོ་བ་མྱོང་དུ་བཅུག ངས་ཏན་ཞིམ་བླངས་ནས་བྲེལ་འཚུབ་ངང་ཁམ་གང་སོ་བཏབ་པས། སྐད་ཅིག་ཉིད་དུ་ཚོར་བ་མངར་མོ་ཞིག་གི་ཁ་ནང་དུ་ཁྱབ་ལ། ཏན་ཞིམ་འདི་དག་སྐབས་དེའི་གྲོང་གསེབ་ནས་ཉོ་མི་ཐུབ། དེའི་ཕྱིར། ངའི་ཚོར་བ་ནི་སྐབས་དེའི་ཏན་ཞིམ་ནི་ཧ་ཅང་མངར་མོ་ཞིག་ཡིན།
དེའི་རྗེས་སུ། ཨ་ཁུས་ཁོའི་རྒྱབ་ཁུག་ལས་སྒྲ་ཕབ་འཕྲུལ་ཆས་ཤིག་བླངས་ཏེ། ཅོག་ཙེའི་སྟེང་དུ་བཞག་ནས་གློག་མནན་ཏེ་སྒྲ་ཐག་ནང་དུ་བཞག་རྗེས། མཛུབ་མོས་གཏོང་མཐེབ་མནན་པ་ན། སྐད་ཅིག་ཉིད་དུ་མཛེས་སྡུག་ལྡན་པའི་གླུ་དབྱངས་དེ་ཉིད་རྩྭ་ཁང་དམའ་ཞིང་རྙིང་པའི་ནང་དུ་གྲགས་བཞིན་འདུག་ལ། སྐབས་དེར། རྩྭ་ཁང་ཡོངས་སུ་དགའ་སྤྲོ་ཚད་མེད་ཀྱི་ཁེངས་པའི་རྣམ་པ་ཞིག་མངོན་བྱུང་།
ང་དང་ནུ་བོ་གཉིས་ཀྱིས་ཐེངས་དང་པོར་སྒྲ་ཕབ་འཕྲུལ་ཆས་མཐོང་སྐབས། ཧ་ཅང་ཡ་མཚན་སྐྱེས་པས། ངེད་གཉིས་རྐུབ་སྟེགས་རིང་པོ་ཞིག་གི་སྟེང་དུ་སྤོར་ཏེ། ཅོག་ཙེའི་འགྲམ་དུ་མཉམ་བཙོག་གིས་མིག་ཀྱང་མ་རྡེབ་པར་སྒྲ་ཕབ་འཕྲུལ་ཆས་ལ་བལྟས་ནས་བསྡད། ངས་ལག་པ་བསྲིངས་ནས་སྒྲ་ཕབ་འཕྲུལ་ཆས་རེག་པའི་ཚོར་བ་ཅི་འདྲ་ཞིག་ཡིན་པར་བསམ་བློ་གཏོང་སྐབས། ཏག་ཏག་འགྲོ་བཞིན་པའི་ཨ་མས་མཐོང་རྗེས། ཁོ་མོས་མགྱོགས་མྱུར་ངང་ལག་པ་བསྲིངས་ནས་ངའི་ལག་མགོར་རྒྱག་ཞོར། སྐད་གདངས་ཆེན་པོས་གཤེ་གཤེ་གཏོང་རྒྱུར། ལག་པར་ཟ་འཕྲུག་མ་ལངས། གང་བྱུང་དུ་མ་རེག རེག་ན་ཐེད་ངེས། འཕྲལ་དུ་ང་རང་སྐྲག་ནས་མྱུར་དུ་ལག་པ་ཕྱིར་བསྐུམས་པ་ཡིན།
ལོ་གསར་སུམ་ཅུའི་ཉིན་མོར། ང་དང་ཨ་ཅེ། ནུ་བོ་བཅས་ཀྱིས་སྔ་མོ་ནས་ལྭ་བ་རྙིང་བ་དང་དོར་མ་གྲངས་མེད་བཙེམས་པ་ཡོད་ཚད་བརྗེས་པ་དང་། བྱབས་ཁྲུས་གཙང་མ་བྱས་པ་དང་ཨ་མས་ང་ཚོར་ཉོས་ཡོང་བའི་ལྭ་བ་དང་དོར་མ། ལྷམ་གསར་པ་བཅས་གྱོན་པ་ཡིན།
སྐབས་དེར། ང་རང་ཧ་ཅང་སྐྱིད་པོ་ཡིན། དགོང་མོར། སྤོ་བོ་དང་། ཨ་ཕ། ཨ་མ་བཅས་ཀྱི་རོགས་རམ་འོག་རྨོ་མོས་ཅོག་ཙེ་སྟེང་དུ་བཀང་བའི་ཚལ་རིགས་མང་པོ་ཞིག་བཟོས་པ་སྟེ། དྲི་ཞིམ་གྱི་ཤ་སིབ་དང་། ཉ་བཙོས་མ། བྱ་ཤ་སེར་པོ་བཙོས་མ། ཀེའུ་ཚལ་མེ་ཏོག་ཤ་བརྔོས་མ། སྒོག་ལོ་མ་ཤ་བརྔོས་མ། རྩིབ་རུས་པདྨ་བཙོས་མ། རྩིབ་རུས་ཤུ་རྩེ་བཙོས་མ། ཤ་ཁུ་སྔོ་ཚལ་བཙོས་མ། ཏོའུ་ཧྥུ་སྒོར་སྒོར་སོགས་ཡོད། དེ་དག་ནི་ང་ཚོ་ཁྱིམ་ཚང་གཅིག་གི་ངོས་ནས་བརྗོད་ན་ཧ་ཅང་དཀའ་བའི་བྲོ་བ་ཞིམ་པའི་ཟ་མ་ཞིག་ཡིན།
གང་ལགས་ཤེ་ན། ལོ་རབས་དེར་ཁྱིམ་ཚང་ཧ་ཅང་དབུལ་བས། རྒྱུན་པར་ཁྱིམ་དུ་ཟ་བ་ནི་ཞོག་ཁོག་མངར་མོ་དང་མ་རྨོས་ལོ་ཏོག་ཡིན། ལོ་གསར་བའི་ནང་དཀའ་ཁག་ཅི་འདྲ་ཆེ་རུང་རྨོ་མོས་ཕངས་མེད་ངང་ཅོག་ཙེའི་སྟེང་དུ་བཀང་བའི་ཟ་མ་ཕུན་སུམ་ཚོགས་པ་ཞིག་བཟོས་ཏེ། དུས་རྒྱུན་དུ་སྣུམ་དང་ཆུ་དཀོན་པའི་དབང་གིས་བཙའ་ཆགས་ལ་ཉེ་བའི་ཕོ་བ་དང་རྒྱུ་མ་ལ་རྟེན་འབྲེལ་ཞུས་པ་ཡིན། སྐབས་དེར། ཁྱིམ་དུ་བརྙན་འཕྲིན་མེད་པས། ད་ལྟ་དགོང་ཟས་ཟ་ཞོར་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོ་དགོང་ཚོགས་ལ་བལྟས་ཆོག་པ་དང་མི་འདྲའོ། །
ལོ་གསར་གྱི་ཚེས་སུམ་ཅུའི་དགོང་མོར། རྣ་བ་འོན་པར་བྱེད་པའི་ཤོག་སྦག་གི་འགད་སྒྲའི་ཁྲོད། ཁྱིམ་མི་གང་བོས་ཅོག་ཙེ་བསྐོར་ནས་ཟ་མ་ཟ་ཞོར་གྲོང་ཚོའི་ལོ་གཅིག་རིང་གི་དགའ་འོས་པའི་དོན་བྱ་དང་། ཁྱིམ་གྱི་ཐོན་སྐྱེད་དང་འཚོ་བའི་སྐོར་གྱི་ཁ་བརྡ་བྱེད་བཞིན་འདུག་ལ། ཚང་མར་ཆེས་སྤྲོ་བ་ཡོད་པ་ནི་ཨ་ཁུས་ཐག་རིང་གི་གྲོང་ཁྱེར་དང་བཟོ་གྲྭའི་ནང་གི་བྱ་གཞག་གསར་བའི་སྐོར་གླེང་བར་ཉན་རྒྱུ་དེ་རེད།
ཚང་མ་ཅོག་ཙེའི་འགྲམ་དུ་བསྐོར་ནས་དགའ་དགའ་སྤྲོ་སྤྲོ་བྱེད་པ་དང་། དུས་ལ་ངེས་པ་མེད་པར་གད་མོ་དགོད་སྒྲས་ཁེངས་ཤིང་། ང་ཚོས་ཞིམ་ཟས་ལ་བྲོ་བ་མྱོང་བ་དང་ཆབས་ཅིག་མཉམ་འཛོམས་ཀྱི་བདེ་སྐྱིད་དུས་ཚོད་ལོངས་སུ་སྤྱོད་བྱེད་བཞིན་ཡོད་ལ། ལྷག་པར་དུ་སྐབས་དེའི་སྤོ་བོ་དང་རྨོ་མོ་གཉིས་ནི་དུས་སྐབས་གང་ཞིག་ལས་ཀྱང་བདེ་ཞིང་སྐྱིད་པར་འདུག
དགོང་ཟས་ཟོས་རྗེས། ཨ་ཁུས་ང་དང་། ཨ་ཅེ། ནུ་བོ་བཅས་ལ་ལོ་གསར་གྱི་སྒོར་མོ་བྱིན། སྐབས་དེར་ཨ་ཕས་ང་ཚོ་རེ་རེ་ལ་ལོ་གསར་གྱི་སྒོར་མོ2རེ་བྱིན་པ་དང་། རྨོ་མོས་ང་ཚོ་རེ་རེ་ལ་ལོ་གསར་གྱི་སྒོར་མོ1རེ་མ་གཏོགས་བྱིན་མེད། ངའི་ཚོར་སྣང་ཞིག་ལ་མང་པོ་མང་པོ་བྱིན་ཡོད་སྙམ། གང་ལགས་ཤེ་ན། སྐབས་དེར་འཁྱགས་བག་བྱེ་རིལ་གཅིག་ལ་སྐར་མ་ལྔ་མ་གཏོགས་མི་དགོས་ལ། འབྲས་སྐུད་ཟ་ཁང་གི་འབྲས་ཕོར་གཅིག་ལ་ཟུར་གཅིག་སྐར་ལྔ་དང་འབྲུ་འཛིན་སྤ་སེ་ཤོག་གཉིས་བསྣན་ན་བཟའ་ཐུབ།
ལག་ཏུ་ཨ་ཁུ་དང་རྨོ་མོས་སྤྲད་པའི་ལོ་གསར་གྱི་སྒོར་མོ་བཟུང་ཡོད་པས། སེམས་སུ་དྲོ་སྐྱིད་ཀྱི་ཚོར་བའི་ཁེངས་ཤིང་། དགའ་སྤྲོ་ཧ་ཅང་ཆེན་པོ་སྐྱེས་འདུག བྱིས་པའི་དུས་སུ། ང་རང་ཆེས་དགའ་བའི་མི་ནི་ཨ་ཁུ་ཡིན། ཁོ་བོ་ང་རང་ཕྲུ་གུ་ཆུང་ངུའི་སེམས་ནང་གི་གོ་གནས་ནི་སྤོ་བོ་དང་། རྨོ་མོ། ཐ་ན་ཨ་ཕ་དང་ཨ་མ་བཅས་ལས་བརྒལ་ཡོད།
ལོ་མང་འདས་རྗེས། སྤོ་བོ་དང་། རྨོ་མོ། ཨ་ཁུ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཚེ་ལས་འདས་སོང་མོད། འོན་ཀྱང་བྱིས་པའི་དུས་ཀྱི་ལོ་གསར་གྱི་དྲོད་ཁོལ་དང་སྤྲོ་སྐྱིད་ལྡན་པའི་རྣམ་པ་དེ་ངའི་མི་ཚེ་གང་བོར་བརྗེད་པར་དཀའ་ཞིང་། ད་དུང་ཨ་ཁུའི་གཤིས་ཀ་འཇམ་པོ་དང་བྱམས་བརྩེ་ལྡན་པའི་འཛུམ་མདངས་དེ་ངའི་སེམས་གཏིང་དུ་རྡོ་བརྐོས་རི་མོ་ཇི་བཞིན་ཤིན་ཏུ་གཏིང་ཟབ་པས། ལོ་ཟླའི་འཁོར་ལོ་ཇི་ལྟར་འཁོར་ནའང་རྗེས་ཤུལ་ཟབ་མོ་དེ་ཉིད་གསུབ་མི་ཐུབ།
གློ་བུར་དུ། རི་སྡེ་ཆུང་ཆུང་གི་ཁྱིམ་ཚང་ཞིག་ནས་ཇི་ལྟར་ཐོན་པའང་མ་ཤེས་པར་ས་ཁི་སིའི་འཛམ་གླིང་གི་གླུ་དབྱངས་གྲགས་ཅན«ཁྱིམ་དུ་ལོག»ཅེས་པ་ཐོས་བྱུང་བས། མཛེས་སྡུག་ལྡན་པའི་དབྱངས་འགྲོས་དེ་མཚན་མོའི་མཁའ་དབྱིངས་སུ་གྲགས་ཤིང་། ང་རང་ཡུལ་གཞན་གྱི་ཁང་ཆུང་གི་མལ་ཁྲིའི་སྟེང་དུ་ཉལ་ནས། རང་དབང་མེད་པར་སྙན་ཞིང་འཇེབས་པའི་དབྱངས་འགྲོས་དེའི་ཁྲོད་དུ་འཐིམས་པ་དང་བསྟུན་ནས་ཕ་ཡུལ་དྲན་པའི་བརྩེ་དུང་དྲག་པོ་ཞིག་གིས་ཆད་མེད་ལྷོད་མེད་ངང་ནང་སེམས་སྐྱོམ་པར་བྱས།
མཚན་མོ་ནུབ་ཀྱང་ཁང་བའི་ཕྱི་རོལ་གྱི་ཤོག་སྦག་གི་འགད་སྒྲ་སྔར་བཞིན་ཆེ་ཞིང་། ང་ཡིས་སེམས་ནང་ནས་གུང་གསེང་བཏང་མ་ཐག་མྱུར་དུ་ཕ་ཡུལ་དུ་ལོག་སྟེ་ལོ་ན་རྒས་པའི་ཕ་མ་དང་མཉམ་དུ་ལོ་གསར་ལ་འགྲོ་བའི་ཁོག་རྩིས་རྒྱག་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།